Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 98

Văn bản gốc(Tây Tạng)

Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། མ་དྷྱཱ་མ་ཀ་ཧྲྀ་ད་ཡ་ཀཱ་རི་ཀཱ། བོད་སྐད་དུ། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གིས་
དེ་ཉིད་རབ་བརྟག་མིན། །རྣམ་ཤེས་བྱ་མིན་གཞི་མ་ཡིན། །མཚོན་མིན་བརྟག་མིན་རིག་བྱ་མིན། །སྐྱེ་འཇིག་མེད་ཅིང་བདེ་བ་དང་། །རྣམ་བརྟག་མ་ཡིན་སྣང་བ་མེད། །མཚན་མ་མེད་ཅིང་གསལ་
བྱེད་མེད། །གཉིས་མིན་གཉིས་མེད་མ་ཡིན་དང་། །ཞི་དང་བློ་འཇུག་སྤངས་པ་དང་། །ཡི་གེ་མེད་པ་ཡི་གེ་ཡིས། །ཐུགས་རྗེ་ཉིད་ཀྱིས་བསྟན་མཛད་པ། །སྟོན་པ་མ་ནོར་ཉིད་གསུང་བ། །དེ་
ལ་གུས་པར་ཕྱག་འཚལ་ལོ། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཀྱིས། །བྱང་ཆུབ་ཆེན་པོར་བློས་བྱས་རྣམས། །དེ་ཉིད་བདུད་རྩིར་གཟུང་བའི་ཕྱིར། །ནུས་པས་ཅུང་ཞིག་བརྗོད་པར་བྱ། །བྱང་
ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་བརྟུལ་ཞུགས་ཡང་དག་བརྟན། །དེ་ཉིད་ཤེས་པ་ཚོལ་བ་ནི། །དོན་ཀུན་སྒྲུབ་པའི་སྤྱོད་པ་ཡིན། །བྱམས་པ་དང་ནི་སྙིང་རྗེ་དང་། །ཤེས་པ་ཆེན་པོས་

བརྒྱན་པ་ཡི། །སངས་རྒྱས་ས་བོན་བྱང་ཆུབ་སེམས། །དེ་ཕྱིར་མཁས་པས་དེ་མི་གཏང་། །བློ་ལྡན་སྙིང་སྟོབས་ཆེ་བ་དང་། །གཞན་གྱི་སྡུག་བསྔལ་མི་བཟོད་ཅིང་། །ཡང་དག་
བརྩོན་འགྲུས་བརྩམས་པ་དང་། །མཐུ་དང་ལྡན་ཞིང་མཁས་པས་ནི། །ཤེས་རབ་སྣང་བ་མེད་པ་ཡི། །འཇིག་རྟེན་ཀུན་ལ་བལྟ་བྱས་ནས། །འཁོར་བ་མི་གཙང་ས་འོག་ནས། །བདག་ཉིད་བརྒལ་བས་
བསྒྲལ་བར་རིགས། །གང་ཞིག་ཤེས་རབ་མཚོན་རྣོན་གྱིས། །འཆིང་བ་ཀུན་བཅད་གྲོལ་གྱུར་པ། །སྙིང་རྗེའི་བདག་ཉིད་ལྡན་པ་ཡིས། །གང་ཕྱིར་མགོན་མེད་སྡུག་བསྔལ་བ། །འཁོར་བའི་བཙོན་ར་མི་
བཟད་པར། །འདོད་ཆགས་ལ་སོགས་སྒྲོག་གིས་བཅིངས། །བག་མེད་པ་ཡི་ཆང་འཐུངས་ནས། །གཏི་མུག་གཉིད་ཀྱིས་ལོག་པ་དང་། །རྣམ་པར་རྟོག་པའི་ཆོམ་རྐུན་གྱིས། །དགེ་ཚོགས་མ་ལུས་བརྐུས་
པ་དག །གལ་ཏེ་གྲོལ་བར་མི་བྱེད་ན། །མཐུ་ལྡན་མཐུ་ནི་ཅི་ལ་ཕན། །གང་ཞིག་ལག་པའི་མཐུས་བསྒྲུབས་པ། །འདོད་པས་བསྐྱེད་པའི་བདེ་ཆུང་ཡང་། །གཅིག་པུ་གདུ་བས་ཟ་བྱེད་པ། །དེ་ཡང་མཁས་པས་

སྨད་འགྱུར་ན། །འཁོར་ལོས་སྒྱུར་དང་དབང་པོ་དང་། །ཚངས་པ་ལ་ཡང་རབ་བཀོད་པ། །སྲེད་པ་རྣམ་པར་གཅོད་པ་དང་། །ཐབས་ཀྱི་སྒོ་ནས་ཐུན་མོང་བ། །ལེན་དང་ཟད་དང་མཐར་ཐུག་དང་། །སྡུག་ལ་སོགས་པས་མི་འགྱུར་ཞིང་། །སྡུག་བསྔལ་མ་ལུས་ཞི་བྱེད་པའི། །
དེ་ཉིད་དོན་རྟོགས་བདུད་རྩི་ཅི། །གཞན་ཡང་སྔོན་ཆད་ཉོན་མོངས་པའི། །གདོན་གྱིས་བརླམས་པ་བདག་གིས་ནི། །རྨ་ལ་འགྱུར་བྱེད་འདེབས་པ་བཞིན། །སྡུག་བསྔལ་ནད་པ་གང་སྡུག་བྱས། །སྐྱེ་བ་གཞན་དུ་གང་དག་གིས། །བྱམས་དང་བསྙེན་བཀུར་ཕན་པ་བྱས། །དེ་
ལ་ལན་དུ་ཕན་གདགས་པ། །མྱ་ངན་བཟླ་ལས་གཞན་ཅི་ཡོད། །གཞན་དོན་བྱེད་ལས་བྱུང་བ་ཡི། །དགའ་བས་སེམས་དགའ་མཁས་པ་དག །རལ་གྲི་རབ་ཏུ་འབར་འདྲ་བའི། །སྲིད་པ་དག་གིས་གནོད་མི་འགྱུར། །ཚུལ་ཁྲིམས་འཆལ་པ་མི་བྱེད་པས། །ངན་འགྲོའི་
སྒོ་ཀུན་བཅད་པའི་ཕྱིར། །སྟོང་ཉིད་ལྟ་བ་གོམས་བྱས་པས། །ཉོན་མོངས་འཇུག་པ་བཅོམ་ཕྱིར་རོ། །མཁས་པ་བསོད་ནམས་བྱས་པ་ཡིས། །འགྲོ་དྲུག་བསྐྱེད་ཚལ་དུས་སྟོན་ལྟར། །མཐོང་བ་སྲིད་པའི་བཙོན་ར་ཡིས། །སྐྲག་པར་འགྱུར་བ་ཡོད་མ་ཡིན། །སྐྱོན་མཐོང་ཕྱིར་ནི་
སྲིད་པར་མིན། །བརྩེ་ཕྱིར་མྱ་ངན་འདས་མི་གནས། །གཞན་དོན་བསྒྲུབ་ཕྱིར་བརྟུལ་ཞུགས་ཅན། །སྲིད་པ་ན་ཡང་གནས་པར་བྱེད། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་དང་གཉིས་མིན་མི་དམིགས་པའི། །མཁས་པ་གར་ཡང་མི་གནས་ཤིང་། །སྲིད་པ་ན་ཡང་
གནས་པར་བྱེད། །བྱང་ལག་རིན་ཆེན་བདུན་ཕྱུག་ཅིང་། །ཡོན་ཏན་དཔག་མེད་འབྱུང་བའི་གནས། །ལྷ་དང་ལྷ་མིན་ཕྱག་བྱས་པ། །དམ་ཆོས་འཁོར་ལོ་བསྐོར་བརྙེས་ཤིང་། །མུ་ཏིག་འཕོ་འདྲའི་གྲགས་པ་དང་། །སྟོན་ཟླ་ཉ་བའི་དྲི་མེད་པའི། །འོད་ཟེར་ལྟ་བུའི་གསུང་དག་
གིས། །ཕྱོགས་བཅུ་དག་ནི་རྒྱས་མཛད་ལ། །དཀོན་མཆོག་གསུམ་གདུང་གནས་བྱའི་ཕྱིར། །ཡོན་ཏན་འབྱུང་གནས་དམ་པའི་སྲས། །ལྷ་ཀླུ་ལ་སོགས་སྤྱི་གཙུག་གིས། །བསྟན་པ་མཆོད་པ་བཞག་མཛད་དེ། །རང་དང་གཞན་དོན་མཛད་པའི་ཕྱིར། །དེ་དག་མྱ་ངན་འདས་ལེགས་

འདས། །དེ་ལས་གཞན་གང་ལུས་བཅུད་ཆད། །དེ་ཡང་མྱ་ངན་འདས་པ་ཡིན། །ཝ་ནི་གླང་ཆེན་དྲེགས་པ་ཡི། །གླད་པ་འགེམས་ཤིང་དབྱེ་མི་སེམས། །གདོལ་པ་རྒྱ་མཚོའི་མཐས་ཀླས་པའི། །ས་ཡི་དཀྱིལ་འཁོར་བསྐྱང་མི་སེམས། །དེ་བཞིན་སེམས་ཅན་
དམན་པ་ཡང་། །ཟབ་ཅིང་བླ་མེད་རྒྱ་ཆེ་བ། །ཡོན་ཏན་བགྲང་འདས་འབྱུང་བའི་གནས། །སངས་རྒྱས་ཉིད་ལ་རེ་བའང་མེད། །གཞལ་ཡས་རྨད་བྱུང་བསམ་མི་ཁྱབ། །སྣང་བ་ཐམས་ཅད་ཟིལ་གནོན་པ། །རྫོགས་སངས་ཡོན་ཏན་རིན་ཆེན་ལ། །སུ་ཞིག་ཡིད་ཀྱིས་སེམས་མི་
བསྐྱེད། །གཞན་དོན་བྱེད་པ་དཔའ་བ་དང་། །སྐྱེས་བུ་ཆེན་པོའི་ཚུལ་ལྡན་པ། །སུ་ཞིག་འཁོར་མཐའ་མེད་པར་ཡང་། །ཉིན་གཅིག་ལྟ་བུར་གནས་མི་བྱེད། །མཁས་པ་གང་ཞིག་འདས་གྱུར་ཀྱང་། །གང་གིས་གཏམ་གཞི་འཕེལ་འགྱུར་བ། །འཕགས་པ་གཞན་དོན་མཛད་
རྣམས་ཀྱི། །ལམ་གྱི་རྗེས་སུ་འཇུག་མི་བྱེད། །སུ་ཞིག་ཆུ་ཤིང་དབུ་བ་ལྟར། །སྙིང་པོ་མེད་པའི་ལུས་འདི་དག །གཞན་ཕན་རྐྱེན་དུ་སྒྲུབ་བྱེད་པས། །ལྷུན་པོ་སྙིང་པོར་སྒྲུབ་མི་བྱེད། །ཡ་རབས་སྙིང་རྗེ་ལྡན་པས་ནི། །སྐད་ཅིག་རེ་རེ་རྒ་ཤི་དང་། །ནད་ཀྱི་གཞིར་གྱུར་ལུས་དག་ནི། །
གཞན་ལ་བདེ་སྐྱིད་གཞིར་བྱེད་དོ། །དམ་ཆོས་སྒྲོན་མ་དང་བཅས་ལ། །མི་ཁོམ་བརྒྱད་སྤངས་ཁོམ་པ་འདི། །སྐྱེས་བུ་ཆེན་པོའི་སྤྱོད་པ་ཡིས། །འབྲས་བུ་ཡོད་པར་བྱ་བའི་རིགས། །དབུ་མའི་སྙིང་པོ་ལས་བྱང་ཆུབ་ཀྱི་སེམས་མི་གཏོང་བའི་ལེའུ་སྟེ་དང་པོའོ།། །།དེ་ལྟར་
འགྲོ་ལ་ཕན་པའི་ཕྱིར། །བྱང་ཆུབ་ཆེན་པོར་བརྟན་བླངས་པ། །ཚུལ་དང་མཐུན་པའི་ལམ་ཉིད་དུ། །རབ་ཏུ་ཞུགས་པ་རྣམ་པར་མཛེས། །དེ་ནི་བྱམས་པ་གནོད་མེད་དང་། །སྙིང་རྗེ་ཕན་པ་བསྒྲུབ་པ་ཡིས། །དམ་ཆོས་རྟོགས་པ་ངོམས་མེད་དང་། །ཆོས་སྦྱིན་པ་ལ་སེར་སྣ་མེད། །
དྲང་དང་ང་རྒྱལ་བཅོམ་པ་དང་། །ཡིད་ཀྱིས་དེ་ཉིད་བལྟ་བ་དང་། །གཞན་སྐྱོན་རྟོག་ལ་ལོང་བ་དང་། །རང་སྐྱོན་འབྱུང་བས་འཇིགས་པ་ཡིན། །རྩོད་དང་འཇིག་རྟེན་འདུ་འཛི་དང་། །འཇིག་རྟེན་རྒྱང་པན་རྒྱབ་ཀྱིས་ཕྱོགས། །ཡོན་ཏན་མེད་ལའང་ཡོན་ཏན་གྱི། །རྒྱུན་རྣམས་སྐྱེ་

བར་རྟག་ཏུ་གུས། །སྙིང་རྗེས་བསྐྱེད་པའི་སྦྱིན་པ་དག །སྐྱེ་བོའི་ཚོགས་རྣམས་ཐམས་ཅད་ཀྱི། །སྡུག་བསྔལ་ཆུ་བོ་ཀུན་ཞིའི་ཕྱིར། །ཐམས་ཅད་མཁྱེན་ཉིད་འདོད་པ་སྐྱེད། །ཚུལ་ཁྲིམས་དྲི་མེད་ཆུས་ཁྲུས་དང་། །བཟོད་པའི་སེ་རལ་ཕྲེང་དཀར་དང་། །བརྩོན་འགྲུས་རལ་པའི་
ཁུར་བཅིངས་དང་། །བསམ་གཏན་ཤེས་པ་ལྷུར་ལེན་ཏེ། །བློ་མིག་ལེགས་པར་བྱེ་བ་དང་། །བསྟན་བཅོས་འཇིག་རྟེན་ཤེས་ལ་མཁས། །ངོ་ཚ་ཁྲེལ་ཡོད་གོས་དང་ནི། །དེས་པའི་སྐ་རགས་འཆིང་བ་ཡིན། །སྙིང་རྗེའི་པགས་པ་གནག་འཆང་ཞིང་། །དད་པ་དྲི་མེད་རིལ་བ་
དང་། །དྲན་པས་དབང་པོའི་སྒོ་བསྲུངས་ཤིང་། །བརྟན་པའི་སྦ་སྟེགས་སྟན་ལ་འདུག །ཐེག་པ་ཆེན་པོ་དགའ་ཆེན་གྱི། །དཀའ་ཐུབ་ནགས་ཚལ་ཡང་དག་བསྟེན། །བསམ་གཏན་དགའ་བའི་འབྲས་བུ་ཟ། །དྲན་པ་ཉེར་གཞག་སྤྱོད་ཡུལ་ཅན། །ཟབ་ཅིང་རྒྱ་ཆེ་མདོ་སྡེའི་མཐའ། །
འདོན་ཅིང་སྡིག་པ་བཅོམ་པ་དང་། །བདེན་པ་གཉིས་ལ་བརྟེན་པ་ཡི། །རྟེན་ཅིང་འབྲེལ་འབྱུང་ཉི་བཤད་ཟློས། །སྒྲུབ་པའི་མེ་ཏོག་བསྔགས་ལྡན་པ། །ཕྱོགས་རྣམས་ཀུན་དུ་དྲིས་ཁྱབ་པས། །རྫོགས་པའི་སངས་རྒྱས་ཉི་མ་ལ། །ཉིན་གཅིག་བཞིན་དུ་བསྙེན་བཀུར་བྱེད། །སོ་སོར་རྟོག་པའི་
མེ་ཐབ་ཏུ། །མི་དགེའི་ཀུན་དུ་རྟོག་པ་སྲེག །བླ་མེད་གོ་འཕང་ཐོབ་བྱའི་ཕྱིར། །དེ་ལྟར་ཐུབ་པའི་བརྟུལ་ཞུགས་སྤྱོད། །དབུ་མའི་སྙིང་པོ་ལས་ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།གང་ལ་ཤེས་པའི་མིག་ཡོད་པ། །དེ་ལ་མིག་ཡོད་གཞན་མ་ཡིན། །
དེས་ན་གང་ཕྱིར་བློ་ལྡན་དག །དེ་ཉིད་ཤེས་པ་ཚོལ་བ་བརྩོན། །བློ་ལྡན་འཇིག་རྟེན་གསུམ་པོ་དག །ཐོགས་མེད་མཐོང་བ་ལོང་བས་ཀྱང་། །བལྟ་འདོད་ཐག་རིང་ཆ་ཕྲ་དང་། །བསྒྲིབས་པའི་དོན་ཡང་མཐོང་བར་འགྱུར། །མིག་སྟོང་པ་ཡང་བློ་མེད་ན། །མིག་དང་ལྡན་པ་མ་ཡིན་ཏེ། །མཐོ་རིས་
དང་ནི་བྱང་གྲོལ་གྱི། །ལམ་དང་ལམ་མིན་མི་མཐོང་ཕྱིར། །ཤེས་རབ་མིག་བྱེ་མཐོང་བ་དང་། །མ་མཐོང་ཁྱད་པར་འདོད་པ་ཡི། །འབྲས་བུ་རེ་བ་དུག་ཚེར་གྱི། །སྦྱིན་པ་སོགས་ལ་འཇུག་མི་བྱེད། །སྙིང་རྗེས་ཐམས་ཅད་མཁྱེན་པའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པ་ཡི། །སྦྱིན་

ལ་སོགས་ལ་བརྩོན་བྱེད་ཅིང་། །དེ་ལ་འང་ཡིད་ནི་གནས་མི་བྱེད། །ཤེས་རབ་བདུད་རྩི་ངོམས་བྱེད་དང་། །སྒྲོན་མ་སྣང་བ་ཐོགས་མེད་དང་། །ཐར་པའི་ཁང་བཟངས་ཐེམ་སྐས་དང་། །ཉོན་མོངས་བུད་ཤིང་སྲེག་པའི་མེ། །བློ་གྲོས་དེ་ཡང་བདེན་གཉིས་ལ། །ལྟོས་
ནས་རྣམ་པ་གཉིས་སུ་འདོད། །ཡང་དག་དོན་རྟོགས་རྗེས་མཐུན་ཕྱིར། །ཡང་དག་ཀུན་རྫོབ་ཤེས་པ་ཡིན། །སྦྱིན་དང་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་རྣམས་ཡོངས་སུ་རྫོགས་བྱེད་དང་། །རྒྱུ་དེ་དག་གི་འབྲས་བུ་དང་། །འབྲེལ་དང་མཚན་ཉིད་ལ་སོགས་ཤེས། །བྱམས་དང་སྙིང་རྗེ་
བསྒོམ་པ་དང་། །སེམས་ཅན་སྡུད་དང་སྨིན་བྱེད་དང་། །སྐྱེ་མཆེད་བཅུ་གཉིས་བརྟེན་པ་ཡི། །ཤེས་རབ་བརྡར་བཏགས་ཤེས་པར་བྱ། །རྟོག་པའི་དྲ་བ་མ་ལུས་པ། །དགག་པ་སྒྲུབ་པར་བྱེད་པ་དང་། །ཞི་དང་སོ་སོ་རང་རིག་དང་། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །གཅིག་ཉིད་ཐ་དད་
ཉིད་བྲལ་དང་། །མཁའ་ལྟར་དྲི་མེད་དེ་ཉིད་ལ། །འཇུག་པ་མེད་པས་འཇུག་པ་ཡི། །ཤེས་རབ་དོན་དམ་ཤེས་པ་ཡིན། །ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །དེ་ཉིད་ཁང་བཟངས་ཐོག་འཛེག་
པ། །ཡང་དག་ཀུན་རྫོབ་ཐེམ་པའི་སྐས། །མེད་པར་རུང་བ་མ་ཡིན་པ། །གང་གི་ཕྱིར་བ་དེ་ཕྱིར་རོ། །མཁས་པས་སེམས་ནི་མཉམ་གཞག་ཕྱིར། །མངོན་པར་བརྩོན་པ་ཉིད་དུ་བྱ། །དེ་བཞིན་ཐོས་བྱུང་ཤེས་པ་ལ། །དེ་ལས་གཞན་ཤེས་རྒྱུ་ཕྱིར་རོ། །ཇི་ལྟར་ཆུ་རྙོག་གཡོ་བ་ལ། །བཞིན་ནི་
མཐོང་བར་མི་འགྱུར་བ། །དེ་ལྟར་སེམས་མཉམ་མ་བཞག་དང་། །སྒྲིབ་པས་བསྒྲིབས་ལ་དེ་ཉིད་དོ། །ཡིད་ཀྱི་གླང་པོ་ལོག་འགྲོ་བ། །དམིགས་པའི་ཀ་བ་བརྟན་པོ་ལ། །དྲན་པའི་ཐག་པས་ངེས་བཅིངས་ནས། །ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ། །རྒོད་པ་མི་རྟག་ལ་སོགས་པ། །ཡིད་ལ་བྱེད་པས་
ཞི་བར་བྱ། །ཞུམ་པ་དམིགས་པ་རྒྱ་ཆེན་དག །བསྒོམ་པས་སྤང་བ་ཉིད་དུ་བྱ། །གཡེངས་པས་གཡེང་བའི་མཚན་མ་ལ། །ཉེས་དམིགས་བལྟ་བས་བསྡུ་བར་བྱ། །ཞུམ་པ་ཡང་ནི་བརྩོན་འགྲུས་ཀྱི། །ཕན་ཡོན་མཐོང་བས་གཟེངས་བསྟོད་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་གི །རྫབ་དྲིས་སྦགས་

ཤིང་མ་བསྡམས་པ། །མི་སྡུག་བྱམས་པ་རྟེན་འབྱུང་བའི། །ཆུ་དག་གིས་ནི་བཀྲུ་བར་བྱ། །དབེན་ཞིང་མི་གཡོ་ཞི་བ་དང་། །དམིགས་པ་དག་ལ་གཞོལ་བ་དང་། །ལས་སུ་རུང་ཞིང་མཉེན་ཤེས་ནས། །དེ་ལ་ལེགས་པར་བཏང་སྙོམས་བྱ། །བློ་གྲོས་མཉམ་གཞག་འོག་ཏུ་ནི། །ཐ་སྙད་སྒོ་ནས་
གཟུང་བྱ་ཡི། །ཆོས་རྣམས་དངོས་པོ་འདི་དག་ལ། །ཤེས་རབ་ཀྱིས་ནི་འདི་ལྟར་བརྟག །བློ་ཡིས་རྣམ་པར་དཔྱད་པ་ན། །འདི་དག་དོན་དམ་ཡོད་དམ་ཅི། །གལ་ཏེ་ཡིན་ན་འདི་དེ་ཉིད། །གལ་ཏེ་གཞན་ན་དེ་བཙལ་བྱ། །ཕྱོགས་སུ་ལྷུང་བས་སེམས་གདུངས་པས། །ཞི་བ་ནམ་ཡང་
རྟོགས་མི་འགྱུར། །འདུས་བྱས་འདུས་མ་བྱས་ཆོས་ནི། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་སོ། །ཉོན་མོངས་སྒྲིབ་པ་སྤང་བའི་ཕྱིར། །ཉན་ཐོས་རྣམས་ལ་རབ་ཏུ་བཤད། །ཉོན་མོངས་ཤེས་བྱའི་སྒྲིབ་དྲི་མ། །སྤང་ཕྱིར་སྙིང་རྗེ་ལྡན་རྣམས་ལ། །རག་ཕྱིར་དང་པོ་ཁོ་ནར་ནི། །གཟུགས་ཀྱི་ཕུང་
པོ་བརྟག་པར་བྱ། །དེ་ལའང་དང་པོར་འབྱུང་བ་རྣམས། །ཇི་སྐད་བསྟན་པའི་གཏན་ཚིགས་ཀྱིས། །འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་བྱས་ཕྱིར་དང་། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། །ས་ནི་སྲ་བའི་ངོ་བོ་མིན། །འབྱུང་བ་ཉིད་ཕྱིར་རླུང་བཞིན་
ནོ། །ས་ཡིས་ལས་ནི་འཛིན་མ་ཡིན། །བྱས་པ་ཉིད་ཕྱིར་ཆུ་བཞིན་ནོ། །མེད་ཀྱང་གལ་ཏེ་དེ་ཉིད་དུ། །ས་ཡི་དངོས་ཉིད་སྲ་སྙམ་ན། །རྣལ་འབྱོར་པ་དག་དེ་ལ་ནི། །འབྱུང་དང་འབྱིང་བ་མི་རིགས་སོ། །བསམ་གཏན་པ་ཡི་བསམ་གཏན་མཐུས། །ས་ནི་གཤེར་བ་ཉིད་མི་རིགས། །ངོ་
བོ་ཉིད་ལ་འགྱུར་མེད་ཕྱིར། །ཡང་ན་དེ་སྲ་ཉིད་མ་ཡིན། །དེ་བཞིན་ཆུ་དང་མེ་རླུང་དག །གཤེར་ལ་སོགས་པའི་དངོས་ཉིད་མིན། །དེ་དག་ལས་ཀྱང་སྡུད་པ་དང་། །སྨིན་དང་གཡོ་བར་བྱེད་མི་རིགས། །རླུང་ལ་སོགས་པ་ཀུན་རྫོབ་ཏུ། །ཡོན་ཏན་མཉམ་པར་མི་འདོད་མིན། །ལུས་
ཀྱི་དབང་པོས་དམིགས་ཕྱིར་དང་། །འབྱུང་བ་ཡིན་ཕྱིར་ས་བཞིན་ནོ། །ས་ལ་སོགས་པ་རྫས་ཡོད་མིན། །ཚོགས་པའི་ཡན་ལག་མིན་མེད་ཕྱིར། །གང་དག་ཇི་སྐད་བསྟན་པ་དེ། །རྫས་ཡོད་མ་མཐོང་ནགས་ཚལ་བཞིན། །ས་ལ་སོགས་པ་ཡུལ་གྱི་བློ། །

དེ་ཡང་རྫས་ཡོད་མ་ཡིན་འདོད། །རྒྱུ་དང་བཅས་ཕྱིར་འཇིག་པའི་ཕྱིར། །ནགས་ཚལ་ལ་སོགས་བློ་བཞིན་ནོ། །ས་ལ་སོགས་པ་སྟོན་པའི་སྒྲ། །བརྗོད་པ་རྫས་སུ་མི་འདོད་དེ། །མཉམ་པ་ཡིན་ཕྱིར་དམག་ལ་སོགས། །སྟོན་པའི་སྒྲ་དག་མི་འདོད་བཞིན། །པལ་
ཤ་པན་དྷ་ལ་སོགས་པ། །ནགས་ཚལ་རྩོམ་པ་ཡིན་མི་འདོད། །རྒྱུ་ལྡན་ལ་སོགས་གཏན་ཚིགས་ཀྱིས། །དཔེར་ན་རྩ་བ་ལ་སོགས་བཞིན། །ཡན་ལག་ཅན་གྱི་ནགས་ཚལ་ནི། །པ་ལ་ཤ་ལ་སོགས་བརྩམས་མིན། །དེ་དག་རེ་རེར་མ་རྫོགས་ཕྱིར། །ཡལ་ག་ལ་སོགས་གང་
ཡིན་བཞིན། །ནགས་ཚལ་སྒྲ་ནི་མ་ངེས་པ། །དུ་མའི་རྫས་གྲངས་འཇུག་མ་ཡིན། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །བུམ་བཟངས་ལ་སོགས་སྒྲ་བཞིན་ནོ། །གང་ཕྱིར་གཟུགས་ནི་དོན་དམ་དུ། །མིག་གི་དབང་པོའི་གཟུང་བ་མིན། །བསགས་ཕྱིར་དཔེར་ན་སྒྲ་བཞིན་དང་། །
འབྱུང་ལས་གྱུར་ཕྱིར་དེ་ཉིད་བཞིན། །གཟུགས་ནི་མིག་གིས་བཟུང་མིན་ཏེ། །འབྱུང་ལས་གྱུར་ཕྱིར་རང་གཟུགས་བཞིན། །བདེ་ལ་སོགས་འབྱུང་རྒྱུ་ཕྱིར་དང་། །བརྗོད་བྱ་ཡིན་ཕྱིར་རོ་སོགས་བཞིན། །དེ་བཞིན་གཟུགས་ནི་འབྱུང་འགྱུར་མིན། །འབྱུང་ཕྱིར་མེ་ལ་སོགས་པ་བཞིན། །རྒྱུ་ལྡན་
ལ་སོགས་གཏན་ཚིགས་ཀྱི། །ཡང་ན་སེམས་བཞིན་ཤེས་པར་བྱ། །དེས་ནི་ཁ་དོག་དབྱིབས་དང་ནི། །བསགས་དང་ཕྲ་དང་རགས་སོགས་ཀྱི། །དབྱེ་བས་གཟུགས་ཀྱི་མཚན་ཉིད་དག །ཇི་སྙེད་རྣམ་པར་བརྟགས་པ་རྣམས། །ཇི་ལྟར་རིགས་པའི་སྦྱོར་བ་ཡིན། །བཀག་པར་ཁོང་དུ་ཆུད་པར་
བྱ། །སྒྲ་དང་དྲི་དང་རོ་དང་རེག །དགག་པའི་ཚུལ་ཡང་དེ་བཞིན་ནོ། །མིག་གི་དབང་པོ་དོན་དམ་དུ། །གཟུགས་ལ་ལྟ་བ་མ་ཡིན་ཏེ། །སེམས་དང་སེམས་བྱུང་ལས་གཞན་ཕྱིར། །དཔེར་ན་རི་བོའི་དབང་པོ་བཞིན། །ཡང་ན་མིག་ནི་དོན་དམ་དུ། །གཟུགས་ལ་ལྟ་བ་མ་ཡིན་ཏེ། །རྣམ་
ཤེས་དངོས་མེད་མི་སྐྱེའི་ཕྱིར། །པགས་པ་དག་ལ་སོགས་པ་བཞིན། །མིག་ནི་གཟུགས་ཀྱི་ཡུལ་ཅན་མིན། །རང་གི་གཟུགས་ལ་མི་འཛིན་ཕྱིར། །ཉན་ལ་སོགས་པའི་དབང་པོ་དང་། །གཟུགས་ཅན་ཡིན་ཕྱིར་རོ་སོགས་བཞིན། །དེ་བཞིན་ལྟ་པོ་མིག་མེད་པ། །དཔེ་ཡང་མེད་པས་

མཐོང་མ་ཡིན། །བལྟ་བའི་ངོ་བོ་ཉིད་ཡིན་པས། །ཇི་ལྟར་གཟུགས་ལ་བལྟ་བར་རིགས། །བལྟ་བའི་ངོ་བོ་ཉིད་མིན་པས། །ཇི་ལྟར་གཟུགས་ལ་བལྟ་བར་རིགས། །གལ་ཏེ་ལྟ་པོ་ཉན་པོ་ན། །ཅི་ཕྱིར་དེ་ནི་ཉན་པོར་འགྱུར། །དེ་ཤེས་ཉིད་དང་རྟག་མི་འདོད། །བསྒྱུར་རུང་ཁྱད་པར་ཡིན་
པའི་ཕྱིར། །གཅིག་ཉིད་མ་ཡིན་ཚུལ་གཉིས་ཕྱིར། །ལུས་གཞན་དག་གི་གཟུགས་བཞིན་ནོ། །དེ་བཞིན་མིག་གི་དབང་པོ་ནི། །གཟུགས་ལ་དམིགས་པའི་བྱེད་མི་འདོད། །ཡིད་བྲལ་ཉིད་ན་ལྟ་པོ་ལས། །གཞན་ཕྱིར་ཉན་ལ་སོགས་པ་བཞིན། །དེ་ནི་ལྟ་པོ་ཉིད་མི་
རིགས། །མིག་ལ་སོགས་ལ་ལྟོས་པའི་ཕྱིར། །ཡིད་བཞིན་ཡོངས་སུ་འགྱུར་ཕྱིར་དང་། །དེ་བཞིན་གཟུགས་བརྙན་འཆར་ཕྱིར་རོ། །ལྟ་པོ་ཇི་ལྟར་ཡིད་དང་འདྲ། །དབང་པོ་གཞན་གྱིས་མི་མཐོང་ཕྱིར། །ཡིད་ནི་ཡང་དག་ཉིད་དུ་ན། །ལྟ་བར་མི་འདོད་
བདག་བཞིན་ནོ། །དེ་ནི་ལྟ་མིན་ཚོགས་པ་དག །རྫས་སུ་མེད་ཕྱིར་དེ་ཉིད་བཞིན། །བྱེད་པོ་ཉིད་རུང་ཆོས་གཞན་དག །མངོན་པར་འགྲུབ་ཕྱིར་དྲིལ་བུ་བཞིན། །མིག་ནི་འོད་ཟེར་ལྡན་མི་རིགས། །དབང་པོ་ཡིན་ཕྱིར་དབང་གཞན་བཞིན། །མཚན་མོ་རྒྱུ་བའི་མིག་འབྲས་
སྣང་། །དབང་པོ་སྣང་བ་མ་ཡིན་ནོ། །མིག་ནི་བདེ་སོགས་བདག་ཉིད་མིན། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །མིག་ནི་ཀུན་ཏུ་སོང་མིན་ཏེ། །གཡོ་ཕྱིར་དེ་འབྲས་ལ་སོགས་བཞིན། །ཡང་ན་མིག་ནི་ཀུན་འགྲོ་མིན། །གཞན་དོན་ཉིད་ཕྱིར་བུམ་པ་བཞིན། །
གཟུགས་དམིགས་འགྱུར་བའི་རྒྱུ་ཡིན་ཕྱིར། །དཔེར་ན་གཟུགས་བཞིན་དེ་བཞིན་ནོ། །མིག་ནི་མེ་དང་ལྡན་མ་ཡིན། །དབང་པོ་ཡིན་ཕྱིར་ལྤགས་སོགས་བཞིན། །འབྱུང་ཆེན་དང་སོགས་བདག་ཉིད་ནི། །མེ་ཤས་ཆེ་བ་མ་ཡིན་ནོ། །མིག་ནི་ཡུལ་དང་ཕྲད་མ་ཡིན། །
དབང་པོ་ཡིན་ཕྱིར་ཡིད་བཞིན་དང་། །རྒྱུ་ཕྱིར་རྒྱུ་དང་ལྡན་པའི་ཕྱིར། །ཡང་ན་གཟུགས་ལ་སོགས་པ་བཞིན། །སྣ་སོགས་ཡུལ་ཕྲད་འཛིན་མི་འདོད། །ཕྱི་དོན་མངོན་སུམ་འཛིན་ཕྱིར་དང་། །འདས་དང་མ་འོངས་མི་འཛིན་ཕྱིར། །དཔེར་ན་མིག་གི་དབང་པོ་བཞིན། །སྒྲུབ་དང་འདྲ་བར་

བཀག་པའི་ཕྱིར། །ལུས་ལ་སོགས་པ་མ་ངེས་མིན། །མིག་རྣ་ཡིད་ཀྱི་མཚན་ཉིད་གསུམ། །ཡུལ་དང་མ་ཕྲད་འཛིན་མ་ཡིན། །ལྟ་བ་ཇི་ལྟར་རྒྱས་བཤད་པས། །ཉན་དང་སྣོམ་དང་མྱང་བ་དང་། །ལུས་ཀྱི་དབང་པོ་གསལ་བ་དག །
ངེས་པར་ཁོང་དུ་ཆུད་པར་བྱ། །སྒྲ་དང་དྲི་དང་རོ་དང་རེག །དགག་པའི་ཚུལ་ཡང་དེ་ཡིན་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །ཚོར་བ་དོན་དམ་ཉིད་དུ་ན། །མྱང་བའི་བདག་ཉིད་ཡིན་མི་རིགས། །རྣམ་ཤེས་མཚུངས་པར་
ལྡན་པའི་ཕྱིར། །དེ་ལས་གཞན་པའི་སེམས་བྱུང་བཞིན། །བདེ་བ་ཕན་འདོགས་མི་འདོད་དེ། །རེག་ལས་བྱུང་ཕྱིར་དེ་གཞན་བཞིན། །སྡུག་བསྔལ་གནོད་པའི་བདག་ཉིད་མིན། །གཏན་ཚིགས་བསྟན་པས་ཤེས་པར་བྱ། །སྡུག་མིན་བདེ་མིན་མི་འདོད་དེ། །འབྲས་བུ་སྲེད་ཕྱིར་
གཞན་བཞིན་ནོ། །རྣམ་ཤེས་ངོ་བོ་ཉིད་ཀྱང་ནི། །དགག་པ་སྨྲ་བར་འདོད་ཕྱིར་རོ། །འདུ་ཤེས་འདུ་བྱེད་རྣམ་གཉིས་དག །དེས་ནི་རྣམ་པར་བཤད་གྱུར་ཏེ། །མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །རྣམ་ཤེས་དོན་དམ་ཉིད་དུ་ན། །དངོས་པོ་རྣམ་རིག་དངོས་
ཉིད་མིན། །དམིགས་དང་བཅས་ཕྱིར་འདུ་ཤེས་བཞིན། །ཡང་ན་འཇིག་ཕྱིར་མར་མེ་བཞིན། །ཕུང་པོ་ལྔ་པོ་རྣམ་དཔྱད་པའི། །སྒྲུབ་པ་ཇི་སྐད་བསྟན་པ་དེས། །ཕུང་པོ་རྣམས་ཀྱི་ཁམས་ཤེས་བྱ། །སྐྱེ་མཆེད་རྣམས་ཀྱང་ཤེས་པར་བྱ། །སྐྱེ་སོགས་འདུས་བྱས་ཉིད་ཀྱིས་ནི། །
མཚན་ཉིད་མཚན་གཞི་ཉིད་མི་རིགས། །འདུས་བྱས་ཡིན་ཕྱིར་རྟོགས་བྱའི་ཕྱིར། །དེ་ལས་གཞན་པ་ཉིད་བཞིན་ནོ། །དངོས་རྣམས་མཚན་ཉིད་ཡོད་པའི་ཕྱིར། །ངོ་བོ་ཉིད་ཡོད་ཉིད་མི་འདོད། །དེ་ཕྱིར་གཏན་ཚིགས་དོན་མ་གྲུབ། །དོན་འགལ་ཉིད་དུའང་གྱུར་པ་ཡིན། །ས་ཡི་
མཚན་ཉིད་ས་ཉིད་ཀྱིས། །སྲ་བ་ཉིད་དུ་མཚོན་མི་རིགས། །ལུས་ཀྱི་རྣམ་ཤེས་རྒྱུ་ཡིན་ཕྱིར། །མེ་ཉིད་ཀྱིས་ནི་མི་རིགས་བཞིན། །གླང་གི་མཚན་ཉིད་གླང་ཉིད་ཀྱིས། །ནོག་དང་ལྐོག་ཤལ་སོགས་མི་འདོད། །ཁྱད་པར་ཅན་གྱི་བློས་བརྟག་ཕྱིར། །དཔེར་ན་བོང་བུའི་མཚན་ཉིད་

བཞིན། །གཅིག་ན་ཇི་ལྟར་མཚན་ཉིད་ཡིན། །དེས་ནི་དེ་ཉིད་མི་མཚོན་ཕྱིར། །གཞན་ན་ཇི་ལྟར་མཚན་ཉིད་ཡིན། །གཞན་གྱིས་གཞན་ཉིད་མི་མཚོན་ཕྱིར། །མ་སོང་བ་ལ་དོན་དམ་དུ། །འགྲོ་བ་ཡོད་པར་མི་འདོད་དེ། །ལམ་ཡིན་ཕྱིར་དང་འགྲོ་མེད་ཕྱིར། །དཔེར་ན་མ་འོངས་
ལམ་བཞིན་ནོ། །འགོམ་ལ་དོན་དམ་ཉིད་དུ་ན། །འགྲོ་བ་ཡོད་པ་མ་ཡིན་ཏེ། །སོང་དང་མ་སོང་མ་གཏོགས་པར། །འགོམ་པ་རྟག་ཏུ་མེད་ཕྱིར་རོ། །འགོམ་པ་སོང་དང་མ་སོང་བར། །བརྗོད་པ་མིན་ལའང་འགྲོ་མེད་དེ། །ལམ་ཡིན་ཕྱིར་ན་འདས་པ་བཞིན། །ཡང་ན་
མ་འོངས་ལམ་བཞིན་ནོ། །འགྲོ་མ་གྲུབ་ཕྱིར་འགྲོ་པོ་མེད། །དེ་ཕྱིར་དེ་ནི་འགྲོ་མི་འདོད། །འགྲོ་པོ་མིན་པར་འགྲོ་མི་རིགས། །འགྲོ་དང་བྲལ་ཕྱིར་སྔོན་བཞིན་ནོ། །རང་ལས་གཞན་པའི་དོན་འབྲེལ་ལ། །འགྲོ་པོ་སྙམ་པའི་བློ་འདི་འདོད། །བློ་དང་སྒྲ་རྗེས་འཇུག་པའི་ཕྱིར། །དབྱུག་
ཅན་བཞིན་མིན་རྗེས་འགྲོ་མེད། །རྒྱུན་ཆགས་ཡུལ་གཞན་འབྱུང་བ་ཡི། །འདུ་བྱེད་རྒྱུན་ལ་བརྟེན་ནས་ནི། །མེ་ལ་སོགས་བཞིན་འཁྲུལ་པའི་འགྲོ། །དེ་ཡང་ཀུན་རྫོབ་དེ་ཉིད་མིན། །སེར་སྐྱ་པ་ཡིས་རྣམ་བརྟགས་པའི། །འགྲོ་པོ་དོན་དམ་ཉིད་མི་རིགས། །ཚོགས་པ་རྫས་སུ་མེད་
ཕྱིར་དང་། །ཡང་ན་གཡོ་བ་མེད་ཕྱིར་རོ། །གལ་ཏེ་ཚོགས་པ་རྫས་ཡོད་དེ། །ཚོགས་བྱེད་མ་བཟུང་གཟུང་མེད་ཕྱིར། །དེ་ཡི་བདག་བཞིན་དེ་མི་རིགས། །དེ་དག་རྫས་སུ་མེད་ཕྱིར་རོ། །བྱ་བ་ལྷག་མ་དགག་པ་ཡང་། །ཕྱོགས་དེས་རབ་ཏུ་བསྟན་པ་ཡིན། །གལ་ཏེ་དངོས་ཉིད་ཡོད་འདོད་
དེ། །འཁོར་དང་ཐར་པ་ཡོད་ཕྱིར་ན། །གང་ཚེ་ཇི་ལྟར་རྣམ་བརྟགས་པ། །དེ་དག་རང་བཞིན་རྣམ་དཔྱད་ན། །ངེས་གཟུང་མེད་པ་དེ་ཡི་ཚེ། །ཇི་ལྟར་བཅིངས་ཤིང་གང་ནས་ཐར། །ངོ་བོ་ཉིད་ཡོད་མ་ཡིན་པ། །སྒྱུ་མ་རྨི་ལམ་ལྟ་བུ་དང་། །རང་གི་རྒྱུ་དང་རྐྱེན་དབང་ལས། །བདག་
ཉིད་ཁྱད་པར་འཐོབ་ལ་འཐད། །མིང་དང་གཟུགས་ནི་དོན་དམ་དུ། །འཁོར་བར་རིགས་པ་མ་ཡིན་ཏེ། །འདུས་བྱས་ཡིན་ཕྱིར་ཕྱི་རོལ་གྱི། །ས་ལ་སོགས་པ་མི་འདོད་བཞིན། །མིང་གཟུགས་དོན་དམ་ཉིད་དུ་ན། །ཇི་ལྟར་ཡང་ནི་ཐར་མི་འགྱུར། །སྐྱེ་དང་ལྡན་ཕྱིར་འཇིག་པའི་

ཕྱིར། །ཕྱི་རོལ་ཆུ་ལ་སོགས་པ་བཞིན། །གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་པར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་རི་དང་འདྲ། །ཡང་ན་གང་ཟག་གང་ཟག་མིན། །རྒྱུ་དང་ལྡན་ཕྱིར་བུམ་པ་བཞིན། །
སྐྱེ་དང་ལྡན་ཕྱིར་འཇིག་པའི་ཕྱིར། །ཤེས་བྱ་ཡིན་ཕྱིར་འོང་བ་བཞིན། །གང་ཟག་བརྗོད་དུ་མེད་ཕྱིར་བས། །རྫས་སུ་ཡོད་པར་མི་འགྱུར་སྟེ། །དྲི་དང་དཀར་སྔོར་བརྗོད་མེད་པའི། །མོ་གཤམ་བུས་ནི་མ་ངེས་འགྱུར། །དེ་ལྟར་ཕུང་པོ་བདག་མེད་ཅིང་། །སྲོག་མེད་སེམས་ཅན་ཡོད་མིན་པ། །
མཁས་པས་གཟུ་བོའི་བློ་དག་གིས། །ཅི་རིགས་པར་ནི་ཤེས་པར་བྱ། །ལུས་དང་དབང་པོའི་ཚོགས་རྣམས་ལ། །དེ་ཉིད་དུ་ན་བདག་མེད་འདོད། །རྒྱུ་དང་ལྡན་ཕྱིར་ཀ་བ་བཞིན། །ཡང་ན་བསགས་ཕྱིར་གྲོག་མཁར་བཞིན། །དྲན་པ་དང་ནི་ངོ་ཤེས་དང་། །ཤེས་སྐྱེ་ལ་སོགས་གཏན་
ཚིགས་ཀྱི། །བདག་ཡོད་ཉིད་དུ་དམ་འཆའ་བ། །གཏན་ཚིགས་རྣམས་ནི་མ་གྲུབ་ཉིད། །གལ་ཏེ་དབང་བཅས་ལུས་ལ་ནི། །བདག་ཡོད་ཉིད་དུ་སྒྲུབ་བྱེད་ན། །གཏན་ཚིགས་ཐུན་མོང་ཉིད་མི་འགྱུར། །རྗེས་སུ་འགྲོ་བ་མེད་ཕྱིར་རོ། །གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་
གདགས་པའི་ཕྱིར། །སེང་གེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། །ཅི་སྟེ་རྣམ་ཤེས་ཡུལ་ལ་ནི། །དོན་བཞིན་གཞན་ལ་སྒྲུབ་བྱེད་ན། །རྟག་དང་ཀུན་འགྲོ་སོགས་བྲལ་ཕྱིར། །འགལ་བ་ཉིད་དུ་འགྱུར་བ་ཡིན། །དེ་ཕྱིར་གང་ལའང་དོན་དམ་དུ། །བཅིངས་དང་ཐར་
པ་ཡོད་མི་འདོད། །སོང་དང་མ་སོང་འགོམ་པ་ཡིས། །དེ་བཞིན་སེམས་ལ་ལྷག་མ་བཤད། །གང་ཚེ་སེམས་ནི་འགག་པ་ལ། །མངོན་དུ་ཕྱོགས་ཤིང་སྐྱེས་པའི་ཚེ། །གང་ལ་གང་གིས་ཆགས་པར་འདོད། །ཆགས་པ་འགགས་ལའང་མི་འདོད་དོ། །གལ་ཏེ་སྐྱེ་བཞིན་ཆགས་ཞེ་ན། །
དེ་ཅི་གལ་ཏེ་སྐྱེ་མངོན་ཕྱོགས། །མ་སྐྱེས་པ་ལ་དེ་མི་འདོད། །གཞི་མེད་བྱ་བ་མི་ལྡན་ཕྱིར། །སྐྱེ་བཞིན་སྐྱེས་དང་མ་སྐྱེས་པར། །བརྗོད་པ་མིག་ལའང་ཆགས་པ་མེད། །བརྗོད་མེད་སེམས་ཀྱང་ཆགས་མིན་ཏེ། །བརྗོད་དུ་མེད་ཕྱིར་འདོད་ཆགས་བཞིན། །གལ་ཏེ་སེམས་ནི་ཆགས་པ་ཡི། །

རྣམ་པར་ཤེས་པ་ཆགས་འདོད་དེ། །ཤེལ་ལ་ཚོན་ཆགས་བློ་བཞིན་ན། །དེའི་བློ་ཇི་ལྟར་ཆགས་ཉིད་ཡིན། །དེ་ལྟར་ཆགས་པ་མེད་པའི་ཕྱིར། །འདོད་ཆགས་རྟོག་པ་ཀུན་རྫོབ་ཡིན། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ཅི་རིགས་པར་ནི་ཤེས་པར་བྱ། །དངོས་པོ་རྫས་ལ་རྟེན་
རིགས་ན། །དེ་ཡང་དེ་ལས་དབྱེར་ཡོད་མིན། །དེ་ཕྱིར་འདོད་ཆགས་ཇི་བཞིན་དུ། །སེམས་ལའང་ཆགས་པ་འཐད་མི་འགྱུར། །འདོད་ཆགས་ཆགས་ལས་གཞན་མི་རིགས། །ཆགས་པ་མ་བཟུང་གཟུང་མེད་ཕྱིར། །ཆགས་པ་ཉིད་བཞིན་ཐ་དད་ན་འང་། །དེས་ནི་མི་ཆགས་གཞན་བཞིན་ནོ། །
དངོས་པོ་རྣམ་པར་རིག་པའི་སེམས། །འདོད་ཆགས་ལས་གཞན་ཡོད་མིན་ཏེ། །དམིགས་པ་ལ་སོགས་མཚུངས་ཕྱིར་དང་། །ཐ་དད་རྒྱུ་གཞན་མེད་ཕྱིར་རོ། །དེ་ཕྱིར་འདུས་པ་གཅིག་རང་ཉིད། །སྐྱེས་ལ་ལྟོས་ནས་འདུས་པ་ཅན། །ཐ་དད་བསྟན་པ་ཉིད་འདོད་དེ། །མེ་ཏོག་
རྒྱས་པས་ཤིང་བཞིན་ནོ། །དེ་སྤངས་ཕྱིར་ནི་མྱ་ངན་འདས། །མི་རིགས་དེ་ཉིད་མི་འཐད་ཕྱིར། །མྱ་ངན་འདས་པ་དོན་དམ་དུ། །དངོས་དང་དངོས་མེད་མཚན་ཉིད་མིན། །གལ་ཏེ་མྱ་ངན་འདས་དངོས་ན། །དངོས་པོ་ཡིན་ཕྱིར་དེ་འདུས་བྱས། །གཉེན་པོ་མ་ཡིན་འདུས་བྱས་ཕྱིར། །དཔེར་ན་
འདུས་བྱས་འགགས་པ་བཞིན། །གལ་ཏེ་དངོས་མེད་གཞན་བརྟེན་འགྱུར། །དངོས་པོ་མེད་ཕྱིར་ཞིག་པ་བཞིན། །དེ་ནི་གཉེན་པོར་མི་འདོད་དེ། །གཞན་ལ་བརྟེན་ཕྱིར་ཞིག་བཞིན་ནོ། །དེ་ནི་འདུས་མ་བྱས་མི་རིགས། །དགག་པ་གོང་དུ་བསྟན་པའི་ཕྱིར། །གྲངས་ཅན་དག་གིས་རབ་བརྟགས་
པའི། །གྲོལ་བའི་སེམས་ལས་ཁྱད་ཅི་ཡོད། །ཉོན་མོངས་རྣམ་རྟོག་གཙུབ་ཤིང་ལས། །བྱུང་བ་རང་གི་ངང་ཟད་པ། །དེ་ལ་བསགས་པ་ཡོད་མིན་པས། །གང་ཟག་ཁྱོད་ཐར་མི་ཟད་འགྱུར། །སྐྱེ་བ་མེད་ལ་རྟོག་པ་ཡང་། །དེ་བཞིན་མེད་ཕྱིར་ཚུལ་ཉིད་མཚུངས། །ཟད་པ་ཅན་ནམ་ཟད་མེད་
ན། །གང་གི་ཟད་པས་ཐར་པ་སྨྲོས། །རང་བཞིན་སྟོང་ཉིད་རྟོགས་པའི་ཕྱིར། །དེ་ཡི་བློ་ཡང་ཟློག་གྱུར་པས། །ཟད་མེད་མི་ཟད་ཆོས་ཉིད་འཐོབ། །ཐོབ་པ་མེད་པའི་ཚུལ་གྱིས་སོ། །ཡང་དག་ཇི་བཞིན་ཡོངས་རྟོག་པ། །བདག་ལ་ཕན་པ་འདོད་པ་དག །ལྟ་ངན་ནད་དྲི་ངན་བསྒོས་པའི། །

སྒྲེགས་པའི་ཚིག་ལ་རྟེན་མི་བྱེད། །ཕྱིན་ཅི་ལོག་དག་ཡོད་པའི་ཕྱིར། །འདོད་ཆགས་ཡོད་པར་མི་རིགས་ཏེ། །འདོད་ཆགས་བཞིན་དུ་བརྟགས་པའི་ཕྱིར། །རྟོག་པ་དེ་ཡང་ཀུན་རྫོབ་པ། །སེམས་དང་སེམས་ལས་བྱུང་བ་ཡི། །ངོ་བོ་ཉིད་ཕྱིར་སྔར་བཀག་ཕྱིར། །
གང་གི་དེ་ནི་ཆགས་འགྱུར་བའི། །འདོད་ཆགས་ཆགས་པའི་དངོས་ཉིད་མེད། །དེས་ནི་སྡང་དང་རྨོངས་ལ་སོགས། །སོ་སོར་བཤད་པ་བྱས་པར་འགྱུར། །དེ་ལྟར་བཅིངས་ཐར་མ་གྲུབ་ཕྱིར། །ངོ་བོ་ཉིད་མེད་གཡོ་བ་མེད། །ས་ནི་དོན་དམ་ཉིད་དུ་ན། །ས་ལས་གཞན་མིན་
ཉིད་མི་འདོད། །རྒྱུ་དང་ལྡན་ཕྱིར་རླུང་བཞིན་དང་། །དངོས་པོ་ཡིན་ཕྱིར་ཤེས་པ་བཞིན། །ས་ལས་དོན་དམ་ཉིད་དུ་ན། །ཆུ་ནི་གཞན་པར་མི་བཟུང་སྟེ། །སྐྱེ་དང་ལྡན་ཕྱིར་རྫས་ལས་ནི། །ས་གཞན་མིན་པ་ཇི་བཞིན་ནོ། །ས་ལ་སོགས་པ་སྒྲ་བློ་དང་། །ལས་དང་མཚན་ཉིད་ཐ་དད་
པས། །དེ་དག་གཞན་ཉིད་མི་འདོད་དེ། །བསྒྲུབ་བྱའི་ཆོས་དང་མི་ལྡན་ཕྱིར། །གཟུགས་ཀྱི་བདག་ཉིད་མི་གཞན་ཡང་། །ཐ་སྙད་ཡོད་ཕྱིར་མ་ངེས་འགྱུར། །ཡོངས་སུ་བརྟགས་པ་མ་གྲུབ་ཕྱིར། །དེ་དོན་མ་གྲུབ་ཉིད་དུ་འགྱུར། །སྒྲ་སོགས་བྱེ་བྲག་ཐ་དད་ཀྱང་། །དེ་ཕྱིར་དེ་དག་འཁྲུལ་
པར་འགྱུར། །ཁྱད་པར་བརྗོད་པར་གྱུར་ཀྱང་ནི། །འགལ་བས་ངེས་པར་ཟློག་པར་འགྱུར། །གཉི་ག་ཉིད་ཀྱང་མི་རུང་སྟེ། །འགལ་ཕྱིར་མེ་ལ་གྲང་དྲོ་བཞིན། །གཞན་དང་གཞན་མིན་ཕྱོགས་དགག་པ། །བསྟན་ཕྱིར་དེ་ཡང་བཟང་པོ་མིན། །གཉི་གའི་བདག་ཉིད་ཉིད་ཡིན་ཡང་། །ཀུན་ལ་
གྲགས་པའི་ཆ་དཔེར་བསྟན། །དེས་ན་གཞན་ལ་དཔེ་མེད་པ། །རབ་ཏུ་སྐྱེ་བར་མི་འགྱུར་རོ། །དེ་ནི་ལྟོས་ནས་འགྲུབ་པ་སྟེ། །གཉིས་ལས་གང་ཡང་རུང་བ་ཞིག །སྔར་མ་གྲུབ་ན་མི་འགྲུབ་ཕྱིར། །ཡིད་ཀྱིས་རྣམ་པར་བརྟགས་པར་ཟད། །གཉི་གར་སྨྲ་བ་ཐམས་ཅད་ལ། །དགག་པའི་
ཚུལ་ཡང་དེ་ཉིད་དོ། །དེ་ལྟར་འདི་སྐད་བསྒྲུབ་བསྟན་པས། །ངོ་བོ་ཉིད་ཡོད་ཉིད་མ་གྲུབ། །དེ་ལྟར་འདུས་བྱས་ཆོས་དེ་དག །བསྡུ་བས་རྣམ་པར་བརྟགས་པ་ཡིན། །འདུས་མ་བྱས་ནི་འགོག་གཉིས་དང་། །ནམ་མཁའ་དང་ནི་དེ་བཞིན་ཉིད། །སོ་སོར་བརྟགས་ཏེ་འགོག་པ་ནི། །

དོན་དམ་དུ་ན་དངོས་པོ་མིན། །རྟག་དང་རང་བཞིན་མི་འགྱུར་ཕྱིར། །མོ་གཤམ་བུ་ཡི་གཟུགས་བཞིན་ནོ། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། །དེ་བཞིན་ལས་ཀྱང་མེད་ཕྱིར་དང་། །འདུས་བྱས་མ་བསྡུས་ཕྱིར་དང་ནི། །འགག་པ་མེད་པའི་ཕྱིར་ཡང་ངོ་། །གང་གི་འབྲས་བུར་
གང་འདོད་པ། །དེ་ནི་དེའི་རྒྱུ་མ་ཡིན་ཏེ། །མ་སྐྱེས་ལ་སོགས་གཏན་ཚིགས་ཀྱིས། །གླང་ཆེན་གླད་ཀྱི་རྭ་བཞིན་ནོ། །མ་སྐྱེས་རྒྱུ་དང་ལྡན་པ་ཡི། །འབྲས་བུར་མི་འདོད་ཤེས་པར་བྱ། །འབྲས་བུ་ཡིན་ཕྱིར་སྦྲང་རྩི་ནི། །མཁའ་མིན་སོགས་རྒྱུ་ལྡན་མིན་བཞིན། །དེས་ནི་ནམ་མཁའ་
དེ་བཞིན་ཉིད། །ཕྱོགས་དང་དུས་དང་བདག་ལ་སོགས། །འདུས་མ་བྱས་པ་ཇི་སྙེད་པ། །བཀག་པར་མཁས་པས་ཤེས་པར་བྱ། །རྫས་དང་གཙོ་བོ་སྲོག་ལ་སོགས། །མུ་སྟེགས་བརྟགས་པའི་ཤེས་བྱ་དག །རིགས་དང་ལུང་ལ་མཁས་རྣམས་ཀྱིས། །ཅི་རིགས་པར་ནི་དགག་
པར་བྱ། །རང་དང་གཞན་གྱིས་གྲུབ་པའི་ཕྱིར། །དངོས་པོ་རྣམས་ལ་བདག་བཏགས་པ། །མཁས་པས་བདག་མེད་རྟོགས་བྱ་ཞིང་། །དེ་ཉིད་ཤེས་པའི་བདུད་རྩི་བཏུང་། །ཡང་ན་རྣམ་རྟོག་དྲ་བ་ཡི། །རྒྱུན་འབྲེལ་དེ་དག་ལ་སོགས་པ། །དངོས་པོ་སྐྱེ་བར་འཛིན་བརྟེན་པས། །
ནན་གྱིས་བྱིས་པ་འཁྲུག་པར་བྱེད། །གང་ཚེ་མཁས་པ་རིག་སྒྲོན་གྱིས། །ཡང་དག་ཇི་བཞིན་ཡོངས་རྟོགས་པ། །དེ་ཚེ་སྐྱེ་བཀག་དེ་ཞི་བས། །སྤྲོས་པ་ཉེ་བར་ཞི་བར་འགྱུར། །དེ་ལ་རེ་ཞིག་བདག་སྐྱེ་བ། །ཀུན་རྫོབ་ཏུ་ཡང་མི་རིགས་ཏེ། །བདག་ཉིད་ཡོད་ཕྱིར་དཔེར་བྱ་ན། །
ཞོ་ནི་བདག་ལས་མི་སྐྱེ་བཞིན། །དངོས་རྣམས་བདག་ལས་མ་སྐྱེས་ཏེ། །དངོས་པོ་ཡིན་ཕྱིར་སྐྱེས་བུ་བཞིན། །མ་སྐྱེས་པ་ལ་བདག་མེད་དེ། །མ་སྐྱེས་ཕྱིར་ན་མཁའ་མིན་བཞིན། །ནམ་མཁའི་མེ་ཏོག་མེད་པའི་དོན། །མཁའ་ལ་སོགས་པར་ཁྱོད་འདོད་པ། །དེ་དག་ནམ་མཁའི་མེ་
ཏོག་མིན། །དེ་ཕྱིར་ཁོ་བོའི་ཕྱོགས་མེད་མིན། །གལ་ཏེ་རྒྱུ་ལ་འབྲས་བདག་ཡོད། །དེ་ལས་དེ་ནི་སྐྱེ་སྙམ་ཞིང་། །དངོས་རྣམས་དེ་ལས་སྐྱེ་བ་ནི། །བདག་ལས་སྐྱེ་བ་ཉིད་འདོད་ན། །དེ་ལ་གཞན་མིན་བདག་བཞིན་ན། །རྒྱུ་ནི་རྒྱུ་མིན་ཉིད་དུ་འགྱུར། །མ་སྐྱེས་ཕྱིར་ནི་རྒྱུ་མིན་པ། །ཅི་ཞིག་

ཡིན་ཞིང་གང་གི་རྒྱུ། །འབྲས་བུ་བདག་ཉིད་ཉིད་ཡིན་ན། །རྒྱུར་བརྟགས་པ་ནི་དོན་མེད་འགྱུར། །དེ་ཉིད་ལས་ནི་དེ་སྐྱེ་ན། །བསྐྱེད་དང་བསྐྱེད་བྱ་གཅིག་ཏུ་འགྱུར། །གལ་ཏེ་འོ་མ་ཞོ་ཉིད་དུ། །གནས་པས་གནོད་པ་མེད་སྙམ་ན། །ཕ་ནི་བུ་ཉིད་མི་འགྱུར་
བས། །གནོད་པ་མེད་པ་མ་ཡིན་ནོ། །མི་མཐུན་ཕྱོགས་ནི་མེད་པའི་ཕྱིར། །གཏན་ཚིགས་འགལ་བ་ཉིད་མི་འདོད། །དེ་ལྟར་རེ་ཞིག་དངོས་པོ་རྣམས། །བདག་ལས་སྐྱེ་བར་མི་རིགས་སོ། །ངོ་བོ་ཉིད་ནི་མེད་པའི་ཕྱིར། །གང་ཞིག་གང་ལས་གཞན་དུ་འདོད། །གླང་རུ་དང་ནི་རི་རྩེ་ལས། །
རྟ་རུ་གཞན་དུ་མི་འདོད་བཞིན། །མིག་ལ་སོགས་པ་རྐྱེན་གཞན་རྣམས། །དོན་དམ་དུ་ན་མིག་སོགས་ཀྱི། །རྣམ་ཤེས་སྐྱེད་པར་བྱེད་མ་ཡིན། །གཞན་ཕྱིར་རྩི་སྐྱང་ལ་སོགས་བཞིན། །གཟུགས་ཀྱི་བློ་ལ་སོགས་པ་དག །བརྗོད་འདོད་མི་སོགས་རྒྱུ་ཅན་མིན། །གཞན་ཕྱིར་སྔ་ན་
མེད་པའི་ཕྱིར། །དཔེར་ན་བུམ་སྣམ་ལ་སོགས་བཞིན། །མ་སྐྱེས་པ་ཡི་གཞན་ཉིད་ནི། །ཀུན་རྫོབ་ཡིན་པས་དོན་དམ་མིན། །གཞན་ལས་སྐྱེ་བ་ཉིད་ཀྱང་ནི། །རིགས་པ་མ་ཡིན་གཟུང་བར་བྱ། །སྐྱེས་པ་བརྗོད་དུ་མེད་པ་ལ། །སྐྱེ་བ་དོན་མེད་ཉིད་དུ་འགྱུར། །མ་སྐྱེས་པ་ལ་སྐྱེ་མེད་
དེ། །མ་སྐྱེས་ཕྱིར་ནི་མཁའ་མིན་བཞིན། །སྐྱེ་བཞིན་སྐྱེ་བར་འདོད་པ་ལ། །བརྒལ་ཞིང་བརྟག་པ་མཚུངས་པར་འགྱུར། །བརྗོད་དུ་མེད་ལ་འང་དེ་མེད་དེ། །བརྗོད་དུ་མེད་ཕྱིར་གཞན་བཞིན་ནོ། །ཡང་ན་མིག་ལ་སོགས་པ་དག །བརྟགས་པའི་བདག་ཉིད་ཉིད་ཀྱིས་སྟོང་། །བྱས་པའི་ཕྱིར་
དང་འཇིག་པའི་ཕྱིར། །དཔེར་ན་སྒྱུ་མའི་འོ་མ་བཞིན། །བསྒྲུབ་དང་མཚུངས་པར་བཀག་པའི་ཕྱིར། །ཅིག་ཤོས་ཀྱི་ནི་ཐེ་ཚོམ་མེད། །སྒྱུ་མའི་བདག་ཉིད་མ་བརྟགས་པའང་། །ཡང་དག་ཏུ་ན་ལོག་པར་འདོད། །ལ་ལའི་འདོད་ཆགས་རྒྱུ་ཡིན་ཕྱིར། །དཔེར་ན་བརྟགས་པ་
དེ་ཉིད་བཞིན། །གྲགས་པའི་ཆས་ནི་དེ་གྲུབ་ཕྱིར། །ཁོ་བོའི་དཔེ་ནི་མེད་མ་ཡིན། །ཡང་ན་མིག་ལ་སོགས་པ་ནི། །ཡང་དག་ཏུ་ན་དངོས་ཉིད་སྟོང་། །བྱས་པ་ཉིད་ཕྱིར་འཇིག་ཉིད་ཕྱིར། །བདུད་ཀྱིས་སྤྲུལ་པའི་སངས་རྒྱས་བཞིན། །དངོས་པོ་རྣམས་ཀྱི་དངོས་ཉིད་གང་། །ཡང་

དག་ཏུ་ན་དངོས་དེ་མེད། །བྱས་ཕྱིར་དཔེར་ན་ཆུ་ཡི་ནི། །ཚ་བ་ཉིད་དང་བརྟན་ཉིད་བཞིན། །དངོས་རྣམས་རང་གི་བདག་ཉིད་དུ། །སྐྱེ་བར་འཐད་པ་མ་ཡིན་པས། །གཞན་གྱི་དངོས་པོར་མི་སྐྱེ་སྟེ། །བ་ལང་བོང་བུར་མ་མཐོང་བཞིན། །རྒྱུ་ལ་སོགས་པའི་རྐྱེན་གཞན་ལས། །སྐྱེ་བ་
ཀུན་རྫོབ་ཐ་སྙད་ཡིན། །དེ་ཕྱིར་ཁས་བླངས་གནོད་པ་མེད། །དེ་དག་ཡང་དག་ཉིད་མ་ཡིན། །ཡོད་ལ་རྐྱེན་རྣམས་མི་རིགས་ཏེ། །མེད་ལའང་མི་རིགས་ཡོད་མེད་ཕྱིར། །དེ་ལས་གཞན་བཞིན་རྐྱེན་མ་སྐྱེས། །རྐྱེན་རྣམས་སུ་ནི་ཇི་ལྟར་འགྱུར། །རྒྱུ་ནི་འབྲས་བུ་བསྐྱེད་
མ་ཡིན། །དེ་ཡིས་སྟོང་ཕྱིར་དེ་གཞན་བཞིན། །སྐྱེ་བར་འདོད་པའང་དེས་བསྐྱེད་མིན། །སྔ་ན་མེད་ཕྱིར་དེ་གཞན་བཞིན། །དེས་ནི་སྐྱེས་དང་མ་སྐྱེས་དང་། །སྐྱེས་བཞིན་སྐྱེད་པ་མི་བྱེད་དེ། །ཉེས་པ་བསྟན་ཕྱིར་མ་སྐྱེས་པའི། །རྒྱུ་ནི་ཡང་དག་ཉིད་མ་ཡིན། །སྐྱེས་པ་དམིགས་
དང་མི་ཕྲད་དེ། །སྐྱེས་ལའང་སྐྱེ་བ་དོན་མེད་ཕྱིར། །མ་སྐྱེས་པ་ཡང་མ་སྐྱེས་ཕྱིར། །དཔེར་ན་མི་སྐྱེ་ཆོས་བཞིན་ནོ། །སྐྱེ་བཞིན་ཕྲད་པར་འགྱུར་སྙམ་ན། །དེ་ཡང་དམིགས་པ་མེད་པར་མེད། །ཡན་ལག་མ་ཚང་བ་ལ་ནི། །སྐྱེ་བའི་བྱ་བ་འཇུག་མི་འདོད། །ཡང་ན་སེམས་དང་
སེམས་བྱུང་རྣམས། །ཡང་དག་དམིགས་པ་ཡོད་མི་འདོད། །སྐྱེ་བཞིན་ཕྱིར་དང་གཟུང་བའི་ཕྱིར། །དཔེར་ན་གཟུགས་ལ་སོགས་པ་བཞིན། །ཡང་ན་དེ་དག་དམིགས་བཅས་པ། །དུས་གཅིག་ཕྱིར་ན་དེ་མི་རུང་། །དེ་ལྟར་དམིགས་པ་ཡོད་མིན་པས། །གང་ཞིག་གང་གིས་དམིགས་
པར་འགྱུར། །མ་སྐྱེས་པ་ལ་འགག་མེད་དེ། །མ་སྐྱེས་ཉིད་ཕྱིར་མཁའ་མིན་བཞིན། །འགགས་པ་ལ་ཡང་འགག་མེད་དེ། །འགགས་ཕྱིར་དཔེར་ན་ཤི་བ་བཞིན། །མ་འགགས་པ་ལའང་མ་འགགས་ཕྱིར། །ད་ལྟར་འཇུག་པའི་མར་མེ་བཞིན། །འགག་བཞིན་པ་ལ་མི་
འདོད་དེ། །དགག་པ་གོང་དུ་བསྟན་ཕྱིར་རོ། །དེ་ཡང་དུས་མཉམ་ཉིད་ཅིག་གམ། །ཡང་ན་དུས་གཞན་འགྱུར་གྲང་ན། །མི་རིགས་འགག་བཞིན་ཡིན་པའི་ཕྱིར། །དགྲ་བཅོམ་སེམས་ཀྱི་ཐ་མ་བཞིན། །དངོས་པོ་ཡོད་པ་དོན་དམ་དུ། །མི་རིགས་སྐྱེ་བ་མེད་པའི་ཕྱིར། །མོ་

གཤམ་བུ་ཡི་ཡོད་པ་བཞིན། །དེ་ཕྱིར་བདག་པོ་མེད་པར་འདོད། །འབྲས་བུས་སྟོང་ངམ་མི་སྟོང་པའི། །རྐྱེན་ཞིག་བདག་པོར་འགྱུར་གྲང་ན། །སྟོང་པ་མ་ཡིན་དེས་སྟོང་ཕྱིར། །དཔེར་ན་མིག་ནི་སྒྲ་བློ་བཞིན། །སྦྱང་ལ་སོགས་ན་གནས་པ་ཡི། །རྒྱུ་ཙམ་ཡོད་
པ་ཉི་ཚེ་ལ། །འབྲས་བུ་འབྲས་བུར་མི་འགྱུར་ཞིང་། །མེད་པ་ཁྱོད་ལ་འབྲས་བུར་འགྱུར། །གལ་ཏེ་འབྲས་བུའི་ནུས་འབྲས་ན། །དེ་ལས་གཞན་པའི་རྒྱུ་ཅི་ཡོད། །དེ་ལས་གཞན་པ་མ་ཡིན་ལ། །གཞི་དང་བཞག་པའི་དངོས་མི་འདོད། །འབྲས་བུའི་མིང་ཙམ་ཉིད་ལ་ནི། །
དཔེར་ན་མཁའ་ལ་མཁའ་གནས་བཞིན། །གལ་ཏེ་དེ་ཉིད་རྒྱུ་ཡིན་ན། །གང་གིས་མི་གཏོང་དེ་ཅིར་ཡོད། །ཡོད་ལ་སྐྱེ་བ་མེད་པའི་ཕྱིར། །གང་ཞིག་གང་གིས་བདག་པོར་འདོད། །མེད་ལས་རྐྱེན་ཡང་མེད་པའི་ཕྱིར། །གང་ཞིག་གང་གིས་བདག་པོར་འདོད། །གལ་ཏེ་བུམ་སོགས་
སྐྱེས་མཐོང་བས། །མཐོང་ལ་གཏན་ཚིགས་དོན་མེད་དེ། །མངོན་སུམ་དང་ནི་གྲགས་པ་ཡི། །གནོད་པས་གནོད་པར་འགྱུར་ཞེ་ན། །བུམ་པ་ལ་སོགས་སྐྱེ་བ་དག །བྱིས་པའི་བློ་དང་མཐུན་མཐོང་བ། །གང་ཕྱིར་དེ་ནི་མི་འགོག་པས། །དེ་ཕྱིར་ཇི་སྐད་སྨྲས་སྐྱོན་མེད། །གཟུགས་
ལ་དམིགས་པའི་བློ་ལ་ནི། །ཡང་དག་ཏུ་ན་རང་རིག་མེད། །དེ་མ་སྐྱེས་ཕྱིར་ཁོ་བོ་ལ། །དེ་ཡི་གནོད་པ་མེད་ཕྱིར་རོ། །མངོན་སུམ་བློ་ནི་དོན་དམ་དུ། །དོན་བཞིན་ཉིད་དུ་མི་རིགས་ཏེ། །བྱིས་པའི་བློ་དང་ཁྱད་མེད་ཕྱིར། །མགལ་མེའི་འཁོར་ལོའི་བློ་བཞིན་ནོ། །དེ་ཡི་སྤྱོད་ཡུལ་དངོས་
མིན་ཏེ། །འདུས་བྱས་ཡིན་ཕྱིར་བདག་བློ་བཞིན། །གཟུགས་ལ་སོགས་པ་རྫས་མིན་ཕྱིར། །ངེད་ལ་མངོན་སུམ་གནོད་པ་མེད། །མཁས་པའི་ཚུལ་ལ་སྤྱོད་པ་ལ། །གྲགས་པའི་གནོད་པ་ཡོད་མ་ཡིན། །དེ་ཉིད་ལ་ནི་མ་རིག་པའི། །ལིང་ཏོག་ལྡོངས་པའི་ཚིག་སྐབས་མིན། །ཡོད་
ལའང་སྐྱེ་བར་མི་འདོད་དེ། །ཡོད་པ་ཅི་ཕྱིར་སྐྱེ་བར་གྱུར། །ཡོད་པ་རགས་པར་མི་བྱེད་དེ། །སྔ་ན་མེད་དང་ཕྱིས་འབྱུང་ཕྱིར། །མིག་རགས་པ་ཉིད་གང་ཡིན་པ། །དེ་ནི་རྐྱེན་གྱིས་མ་བྱས་ཏེ། །སྔ་ན་མེད་ཕྱིར་རྫ་མཁན་བཞིན། །ཤེས་བྱ་མིན་ཕྱིར་ཟ་པོ་བཞིན། །ཟ་པོ་ལ་སོགས་ཀུན་

རྫོབ་ཏུ། །ཐུན་མོང་ཡིན་པར་འདོད་པའི་ཕྱིར། །དེ་ཕྱིར་ངེད་ལ་གང་དུ་ཡང་། །དཔེ་ཡི་སྐྱོན་དུ་འགྱུར་བ་མེད། །གལ་ཏེ་གསལ་བ་སྐྱོན་མེད་ན། །གང་གིས་ཅི་གསལ་ཇི་ལྟ་བུ། །གལ་ཏེ་དེ་དག་འདི་སྐད་ཅེས། །དཔེར་ན་མར་མེས་བུམ་པ་བཞིན། །ཡོད་ལ་མངོན་གསལ་བྱེད་ཕྱིར་རོ། །
ཀུན་རྫོབ་ཏུ་ཡང་མར་མེས་ནི། །བུམ་པ་སྣང་དང་བཅས་པ་དང་། །དེ་ཡི་བློའམ་གཉེན་པོ་དག །སྐྱེ་བར་བྱེད་པ་ཉིད་ཡིན་ནོ། །མངོན་པར་མི་གསལ་གསལ་མི་བྱེད། །མི་གསལ་ཕྱིར་ན་མཁའ་མིན་བཞིན། །རང་ཚུལ་གྱིས་ཀྱང་དཔེར་བྱ་ན། །གཙོ་བོ་ཟ་པོ་བཞིན་དུ་བསྟན། །གལ་
ཏེ་དེ་ཡང་མངོན་གསལ་ན། །ཟ་པོ་ཀུན་འགྲོ་མ་ཡིན་ཞིང་། །རྒྱུ་མེད་མ་ཡིན་ཤེས་ཡོད་མིན། །མི་གསལ་བ་ཡང་ཉམས་པར་འགྱུར། །གལ་ཏེ་གཙོ་བོ་མངོན་གསལ་ན། །ཁྱོད་ཀྱི་གཙོ་བོ་བྱ་བ་དང་། །དཔག་ཡོད་གསལ་བར་ཐལ་འགྱུར་ཏེ། །དེ་ནི་དེ་དག་མིན་པར་གྲགས། །
གང་གིས་གསལ་བྱེད་གང་དག་འདོད། །དེ་དག་དེ་གསལ་བྱེད་མི་འདོད། །རྒྱུ་ཉིད་ལ་སོགས་གཏན་ཚིགས་ཀྱིས། །རྒྱུ་སྤུན་ལ་སོགས་ཞོ་མིན་བཞིན། །གལ་ཏེ་རྒྱུ་སྤུན་ལ་སོགས་ལ་འང་། །དེ་ནུས་ཡོད་ཕྱིར་དཔེར་མེད་ན། །དེ་མིན་རྒྱུ་སྤུན་ལ་སོགས་དངོས། །དེ་དག་དེ་
གསལ་བྱེད་མིན་ཕྱིར། །བདག་དང་གཞན་ལས་སྐྱེ་བ་དང་། །བདག་ཉིད་ཡོད་དང་མེད་མི་འདོད། །གཉི་གར་སྨྲ་བ་ཡོད་མིན་ཏེ། །རིགས་པས་གོང་དུ་བརྟགས་ཕྱིར་རོ། །ཀུན་རྫོབ་ཏུ་ཡང་འབྲས་བུ་ནི། །རྐྱེན་རྣམས་ཀྱིས་ནི་གསལ་མི་འདོད། །དེ་ཞིག་བར་དུ་རྗེས་སྒྲུབ་ཕྱིར། །
ས་ལ་སོགས་པས་བུམ་པ་བཞིན། །མིག་ནི་ཀུན་རྫོབ་ཉིད་དུ་ཡང་། །གློ་བུར་སྐྱེ་བར་མི་འདོད་དེ། །སྤྱི་དང་ཁྱད་པར་ལྡན་པའི་ཕྱིར། །དེ་ནི་དཔེར་ན་བུམ་པ་བཞིན། །འབྲས་བུ་ཡིན་ཕྱིར་རིམ་སྐྱེའི་ཕྱིར། །འཇིག་པའི་ཕྱིར་དང་ཡོངས་འགྱུར་ཕྱིར། །རྒྱུ་རྐྱེན་ངེས་པའི་ཕྱིར་དང་ནི། །སྐྱེ་བའི་
ཕྱིར་ཡང་ཤེས་པར་བྱ། །གལ་ཏེ་འཇིམ་གོང་ཚེ་གཞན་ལ། །འགགས་པ་མི་སྐྱེ་ཞིག་པའི་ཕྱིར། །འབྲས་བུ་ཡིན་ཕྱིར་དཔེར་ན་ནི། །བུམ་པ་བཞིན་དུ་འདོད་ཅེ་ན། །ཇི་ལྟར་བུམ་པ་བུམ་པ་ཡི། །ངོ་བོ་ཉིད་འགགས་མི་སྐྱེ་བ། །དེ་ལྟར་འཇིམ་གོང་འདོད་ན་ནི། །འདོད་པ་ཉིད་ནི་སྒྲུབ་པ་

ཡིན། །འོན་ཏེ་འགགས་པ་རྒྱུན་མིན་ན། །དེས་ན་གཏན་ཚིགས་འགལ་བ་ཉིད། །གལ་ཏེ་རྒྱུན་ཉིད་མ་ཉམས་ན། །དེས་ན་འཁྲུལ་པ་ཉིད་དུ་འགྱུར། །མངལ་ནས་སྔོན་རོལ་བློ་ལ་ནི། །མདུན་རོལ་ཁོ་ནར་འགགས་བློ་ཡོད། །ཤེས་བྱ་གཞན་གྱིས་དེ་
གཞན་ཕྱིར། །ཡང་ན་བློ་ཕྱིར་དེ་འོག་བཞིན། །ཙེའི་ཏྲ་ལ་ནི་སྒྲ་བློ་དང་། །གཟུགས་བློ་སྐྱེ་བ་གང་ཡིན་པ། །དེ་གཉིས་མི་གཅིག་ཡུལ་གཞན་ཕྱིར། །དཔེར་ན་རྒྱུད་གཞན་དག་གི་བཞིན། །དེ་ཕྱིར་ཕ་རོལ་ཕྱིར་ཡང་ནི། །དཔེ་མེད་པར་ནི་མི་འགྱུར་ཏེ། །བློ་ཕྱིར་དེ་ཡང་གཅིག་ཉིད་མིན། །
གཞན་བློས་འཁྲུལ་པར་འགྱུར་ཕྱིར་རོ། །གལ་ཏེ་མེད་སྨྲ་བྱིས་པ་ཡིས། །འཆི་འཕོའི་སེམས་ལ་མཚམས་སྦྱོར་མེད། །འཆི་འཕོའི་སེམས་ཕྱིར་དགྲ་བཅོམ་གྱི། །ཐ་མའི་སེམས་བཞིན་སྒྲུབ་བྱེད་ན། །གཏན་ཚིགས་མ་ངེས་ཉིད་འགྱུར་ཏེ། །འདས་པའི་འཆི་འཕོའི་སེམས་
ཀྱིས་སོ། །ཚེ་རབས་དྲན་ལ་སོགས་ཡོད་དང་། །ཚུལ་སྨྲས་ཕྱིར་ན་དེ་ཡང་ཡོད། །འཕགས་པ་མིན་པའི་འཆི་འཕོའི་སེམས། །སེམས་གཞན་བསྐྱེད་པ་ཉིད་ཡིན་ཏེ། །མ་རིག་པ་དང་བཅས་པའི་ཕྱིར། །སེམས་དེ་སྐྱེད་པར་བྱེད་པ་བཞིན། །གལ་ཏེ་ལུས་དང་དབང་བློ་
དག །རང་གི་ལས་ཀྱིས་སྐྱེད་མི་འདོད། །ཞིག་ཕྱིར་དཔེར་ན་བུམ་པ་བཞིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་མེད། །དེ་ཉིད་ཀྱིས་ནི་དེ་མ་བྱས། །དེ་གཞན་གྱིས་ཀྱང་མ་བྱས་ཕྱིར། །འཇིག་རྟེན་རང་གི་ལས་བསྐྱེད་མིན། །གཞན་འདི་ངེད་ལ་ཅི་ཞིག་གནོད། །ལས་ཀྱིས་སྐྱེད་ཉིད་
མ་ཡིན་ལ། །དཔེ་ནི་ཡོད་པ་མ་ཡིན་ནོ། །ཤིང་ལ་སོགས་པ་དུས་སྐྱེ་བ། །སེམས་ཅན་ལས་ཀྱི་དབང་གིས་ཏེ། །སེམས་དམྱལ་གནས་དང་མཐོ་རིས་ན། །མཚོན་དང་དཔག་བསམ་ཤིང་སྐྱེ་བཞིན། །འབྱུང་བ་རྣམས་ལ་བློ་གྲོས་ནི། །མཚན་ཉིད་མི་མཐུན་ཇི་ལྟར་འབྱུང་། །འབྱུང་
བ་སེམས་མེད་རྣམས་ལས་ནི། །ཤེས་པ་ཡོད་པ་ཉིད་སྐྱེ་སྟེ། །སྐྱེ་ཅན་ཡིན་ཕྱིར་མྱོས་མཐུ་དང་། །མེ་ཤེལ་ལས་ནི་མེ་བཞིན་ནོ། །མྱོས་མཐུ་ཤེས་ཡོད་མ་ཡིན་པས། །ཁྱོད་ཀྱི་དཔེ་ནི་མེད་པ་ཉིད། །རྒྱུ་རྣམས་རིགས་མཐུན་ཡིན་པའི་ཕྱིར། །གཏན་ཚིགས་ཀྱང་ནི་འགལ་བ་ཉིད། །ནང་

གི་འབྱུང་བ་རྣམས་ཀྱང་ནི། །ཤེས་པ་ཡོད་པ་མ་ཡིན་ཏེ། །ས་ལ་སོགས་པའི་དངོས་ཕྱིར་དང་། །འབྱུང་བ་ཡིན་ཕྱིར་དེ་གཞན་བཞིན། །དེ་ཕྱིར་མངལ་ནས་སྔོན་རོལ་སེམས། །སེམས་གཞན་སྔོན་དུ་སོང་ཡིན་པར། །མཁས་པ་རྣམས་ཀྱིས་ཤེས་བྱ་སྟེ། །འཛིན་པ་ཡིན་ཕྱིར་
དེ་འོག་བཞིན། །བེའུ་ཡང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་སྐྱོད་པའི་ཕྱིར། །དཔེར་ན་དབང་པོ་སྨིན་པ་བཞིན། །ཁབ་ལོང་གིས་ནི་རྡོ་བསྐྱོད་པས། །གཏན་ཚིགས་མ་ངེས་ཉིད་མ་ཡིན། །དེ་ནི་ཟས་ཟ་མཐོང་བའི་ཕྱིར། །མ་
གྲུབ་ཉིད་ཀྱང་མ་ཡིན་ནོ། །དབང་ཕྱུག་འཇིག་རྟེན་བྱེད་པོ་མིན། །ལ་ལའི་དགའ་བའི་རྒྱུ་ཡིན་ཕྱིར། །དཔེར་ན་དབང་ཕྱུག་དགའ་བྱེད་པའི། །བྱེད་པོ་དབང་ཕྱུག་མ་ཡིན་བཞིན། །དབང་ཕྱུག་ཀུན་གྱི་རྒྱུར་མི་འདོད། །མ་སྐྱེས་ཕྱིར་དང་རྒྱུ་མེད་ཕྱིར། །དཔེར་ན་ནམ་མཁའི་
མེ་ཏོག་ནི། །ཀུན་གྱི་རྒྱུར་ནི་མི་འདོད་བཞིན། །འགྲོ་བ་མ་ལུས་འདི་དག་གི །རྒྱུ་ནི་དབང་ཕྱུག་རབ་ཏུ་མིན། །སེམས་དང་ལྡན་ཕྱིར་དཔེར་ན་ནི། །གླང་རྫི་འགྲོ་རྒྱུ་རབ་མིན་བཞིན། །དབང་ཕྱུག་གཅིག་པུ་འགའ་ཡང་མེད། །དངོས་རྣམས་ཚོགས་ལས་འགྲུབ་པའི་ཕྱིར། །བྱེད་པོ་གཅིག་
པུ་འགའ་ཡང་མེད། །དེ་ཕྱིར་མ་ངེས་ཉིད་མ་ཡིན། །གལ་ཏེ་མིག་སོགས་དབང་ཕྱུག་བཅས། །མང་ཕྱིར་བྲན་བཞིན་འདོད་ཅེ་ན། །མ་སྐྱེས་དབང་ཕྱུག་གཅིག་མི་འགྲུབ། །དབང་ཕྱུག་དེ་ལས་ཟློག་པར་འགྱུར། །ཅི་སྟེ་བྱེད་པོར་བཅས་འདོད་དེ། །བཀོད་ཕྱིར་བུམ་སོགས་བཞིན་
ཞེ་ན། །གལ་ཏེ་ཁྱད་པར་མ་བསྟན་པའི། །བྱེད་པོ་ཡིན་ན་གྲུབ་པ་སྒྲུབ། །ཅི་སྟེ་རྟག་ཅིག་ཕྲ་སོགས་ཀྱི། །ཁྱད་པར་གྱིས་ནི་ཁྱོད་དཔེ་མེད། །ཁྱོད་ཀྱི་དེ་ནི་མི་རྟག་དང་། །གཟུགས་ཅན་སྐྱེས་ཉིད་སྐྱོན་དུ་འགྱུར། །གལ་ཏེ་སེམས་ཅན་སྣོད་བགྲང་བའི། །འཇིག་རྟེན་སྣ་ཚོགས་རྒྱུ་ཡི་ལས། །
དབང་ཕྱུག་ཡིན་ན་ཀུན་རྫོབ་ཏུའང་། །གྲུབ་པ་ཉིད་ལ་རབ་ཏུ་སྒྲུབ། །དེས་ནི་དུས་དང་སྐྱེས་བུ་དང་། །གཙོ་བོ་རྡུལ་ཕྲན་ཁྱབ་འཇུག་དག །འགྲོ་བ་འདི་ཡི་རྒྱུ་མིན་པར། །དགག་པ་ཁོང་དུ་ཆུད་པར་བྱ། །གལ་ཏེ་ལྟ་བའི་མུན་སེལ་བ། །གང་ཕྱིར་སངས་རྒྱས་འབྱུང་དེའི་ཕྱིར། །དེ་བཞིན་སྐྱེ་

མཆེད་སྐྱེ་འདོད་ན། །ལན་དུ་རུང་བ་མ་ཡིན་ནོ། །དུས་མེད་སྐྱེ་བ་ཡོད་མིན་ན། །གང་ལ་ལྟ་བ་གང་ཞིག་འདོད། །དེ་ཡོད་མ་ཡིན་རྟོགས་བྱའི་ཕྱིར། །སངས་རྒྱས་འབྱུང་བ་བྱེད་པོ་ཉིད། །གལ་ཏེ་ལྷ་དང་ལྷ་མིན་གཅིག །དེས་ན་ཇི་ལྟར་རྟག་མི་འགྱུར། །
གལ་ཏེ་ལྷ་དང་ལྷ་མིན་གཞན། །ཇི་ལྟར་ཆད་པར་མི་རིགས་འགྱུར། །བརྗོད་མིན་བུམ་པ་བཞིན་ན་ཡང་། །ཆད་པ་ཇི་ལྟར་སྤོང་བར་འགྱུར། །ཡིན་དང་མ་ཡིན་ཉིད་ཡིན་ཡང་། །མྱ་ངན་འདས་ཚེ་གཅིག་འདའ་མེད། །གལ་ཏེ་འགགས་པ་སྐྱེ་གྱུར་ན། །དེས་ན་ཇི་ལྟར་རྟག་མ་ཡིན། །
འགགས་པ་སྐྱེ་བ་མེད་གྱུར་ན། །ཇི་ལྟར་ཆད་སྨྲ་ཉིད་མ་ཡིན། །རྒྱུན་ནི་རྫས་སུ་མེད་པའི་ཕྱིར། །རྟག་ཆད་དེ་དག་ག་ལ་ཡོད། །དེ་མེད་ཕྱིར་ན་མ་སྐྱེས་ལ། །རྟག་མེད་ཆད་མེད་རིགས་པ་ཡིན། །གལ་ཏེ་སྡུག་བསྔལ་མི་བསྐྱེད་ཕྱིར། །སངས་རྒྱས་རྣམས་ནི་ཆོས་སྟོན་པ། །དེ་
ཕྱིར་དེ་ཡི་འབྲས་ཡོད་ཕྱིར། །སྐྱེ་བ་ཡོད་པར་འདོད་ཅེ་ན། །གལ་ཏེ་དེ་ནི་སྐྱེ་འདོད་ན། །དེ་ནི་སྔར་བཞིན་སྐྱེ་མེད་ཕྱིར། །སྐྱེ་བ་མེད་པ་དེ་འབྲས་མིན། །དེ་ཡོངས་ཤེས་པ་དེའི་འབྲས་ཡིན། །དེ་ནི་བདག་གིས་བྱས་མི་རིགས། །དེ་ཉིད་ཀྱིས་དེ་མ་བྱས་ཕྱིར། །གཞན་གྱིས་
བྱས་པར་མི་འདོད་དེ། །གཞན་གྱིས་གཞན་བྱེད་འགལ་བའི་ཕྱིར། །སྡུག་བསྔལ་རང་རྒྱུད་སྐྱེ་མི་འདོད། །སེམས་ཅན་ལ་སོགས་མེད་ཕྱིར་དང་། །རྫས་མེད་ཕྱིར་དང་དབྱེར་མེད་ཕྱིར། །སྡུག་བསྔལ་དེ་ལ་རྒྱུད་ཀྱང་མེད། །གལ་ཏེ་མིག་སོགས་འདུ་བྱེད་རྣམས། །དེ་ཉིད་
དུ་ན་སྐྱེ་ཅན་ཏེ། །སེམས་ཅན་མིང་དུ་བརྗོད་པའི་ཕྱིར། །སངས་རྒྱས་ཉིད་དུ་སྒྲུབ་བྱེད་ན། །ངེད་ལ་སངས་རྒྱས་སྐྱེ་ཆོས་མིན། །དེ་ཕྱིར་དེ་ཡོད་མ་ཡིན་ལ། །དེ་བཞིན་དེ་སྐྱེ་ཡོད་མིན་ཏེ། །བདག་བཞིན་སྒྱུ་མ་བཞིན་འབྱུང་ཡོད། །གཟུགས་ནི་ཡང་དག་ཉིད་དུ་ན། །སངས་རྒྱས་
མ་ཡིན་རྟོགས་བྱའི་ཕྱིར། །འཁོར་ལོས་སྒྱུར་བཞིན་རྣམ་ཤེས་མིན། །རང་གཞན་སྣང་ཕྱིར་མིག་འཕྲུལ་བཞིན། །ཕུང་པོ་གཟུགས་ཅན་སངས་རྒྱས་མིན། །ཕུང་པོ་བསྡུས་པ་ཡིན་འདོད་ཕྱིར། །སྐྱེ་འཇིག་ཆོས་ཅན་ཡིན་ཕྱིར་དང་། །ཤེས་བྱ་ཡིན་ཕྱིར་གཟུགས་བཞིན་ནོ། །སྐུ་

ནི་སངས་རྒྱས་ཡིན་མི་རིགས། །དེ་ཞིག་འཇིག་པའི་སྐྱོན་ཕྱིར་དང་། །གཞན་གྱི་མཚན་ཉིད་མེད་པའི་ཕྱིར། །བདག་བཞིན་དེ་ནི་ག་ལ་ཡོད། །བརྗོད་མིན་རྫས་མེད་མིན་འདོད་དེ། །སྔ་མ་བཞིན་དུ་གསལ་བའི་ཕྱིར། །བུམ་པ་བཞིན་དུ་བརྗོད་མིན་ན། །དེ་ནི་ཇི་ལྟར་སངས་
རྒྱས་འདོད། །རྟེན་ཅིང་འབྲེལ་པར་འབྱུང་མཐོང་བས། །ཆོས་དང་སངས་རྒྱས་མཐོང་བའི་ཕྱིར། །སྐྱེ་མཆེད་སྐྱེ་ཡོད་མི་འདོད་དེ། །སྔ་མ་བཞིན་དུ་བསལ་ཕྱིར་རོ། །བདག་དང་གཞན་གཉིས་རྒྱུ་མེད་མིན། །ཡོད་མེད་རྟག་དང་མི་རྟག་མིན། །གཞན་དང་གཞན་མིན་སྐྱེ་མེད་
པས། །རྟག་དང་ཆད་པ་རྣམ་པར་སྤངས། །སྐྱེ་བ་ཡོད་མིན་མེད་མ་ཡིན། །ཡོད་མེད་མ་ཡིན་དེ་གང་ན། །དེ་མཐོང་སྟོན་པ་མཐོང་འགྱུར་བས། །ཇི་ལྟ་བུར་ནི་ཤེས་པར་བྱ། །དེ་ཕྱིར་ངོ་བོ་ཉིད་སྨྲའི་ཚིག །འདོད་པ་རྣམ་པར་ཉམས་པ་ཡིན། །གང་ལ་སྐྱེ་བ་སྒྱུ་མ་ཡི། །སྐྱེ་
བ་ཡོད་པ་དེ་ལ་རུང་། །སྨྲས་པའི་ཉེས་པའི་དྲི་བསལ་བས། །དམ་ཆོས་སྒྲོན་མ་རབ་བསྟན་ཕྱིར། །མཛད་པས་ཕན་ཐོགས་ཚུལ་གྱིས་ནི། །ཀུན་རྫོབ་ཏུ་ནི་སངས་རྒྱས་མཐོང་། །དེ་ནི་དེ་ཉིད་མཐོང་མིན་ཏེ། །སྒྱུ་འདྲ་ཡང་དག་མ་ཡིན་ཕྱིར། །རབ་ཏུ་བརྟག་མིན་རྣམ་ཤེས་
མིན། །བརྟག་བྱ་མ་ཡིན་དཔེ་མེད་པ། །མཚན་མ་མེད་ཅིང་སྣང་བ་མེད། །རྣམ་རྟོག་མེད་ཅིང་ཡི་གེ་མེད། །ལྟ་བའི་བློ་ཡིས་རྟོགས་བྱ་བ། །མཐོང་བ་མེད་པས་དེ་མཐོང་ཡིན། །དེ་ནི་དོན་དམ་ཉིད་དུ་ན། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་
མིན། །ཡོད་མེད་མ་ཡིན་གཞན་མ་ཡིན། །སྲེད་མེད་དབང་ཕྱུག་སྐྱེས་བུ་དང་། །གཙོ་བོ་རྡུལ་ཕྲན་ལ་སོགས་པའི། །རྒྱུ་ལས་སྐྱེས་དང་གསལ་བྱ་ཡི། །དངོས་པོ་འགའ་ཡང་ཡོད་མ་ཡིན། །དེ་ལ་ངོ་བོ་ཉིད་དང་ལས། །མཚན་གཞི་མཚན་ཉིད་བརྟེན་པ་དང་། །གཅིག་
ཉིད་གཞན་ཉིད་ཀུན་ཉོན་མོངས། །རྣམ་པར་བྱུང་བར་བྱ་བརྟེན་པ། །དཔེར་ན་མཁའ་ལ་ལྕག་འདེབས་དང་། །ཚོན་གྱི་རི་མོའི་ལས་དང་ནི། །ས་བོན་དག་ནི་སྐྱེ་མེད་ལྟར། །རྟོག་པ་ཐམས་ཅད་སྐྱེ་བ་མེད། །རབ་རིབ་བྲལ་བར་གྱུར་པའི་མིག །རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་

སྦྲང་བུ་ཟླ་གཉིས་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་མུན་རབ་རིབ་བྲལ་གྱུར་ཅིང་། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །དཔེར་ན་གཉིད་ལོག་གཉིད་དབང་གིས། །
བུ་དང་བུད་མེད་གཞལ་མེད་ཁང་། །གནས་ལ་སོགས་པ་མཐོང་གྱུར་པ། །སད་ན་དེ་ལ་མི་མཐོང་ལྟར། །དེ་བཞིན་ཀུན་རྫོབ་ཤེས་པ་དག །བློ་གྲོས་མིག་ནི་བྱེ་གྱུར་ཅིང་། །མི་ཤེས་གཉིད་དང་བྲལ་གྱུར་ནས། །སད་པའི་ཚེ་ན་མི་མཐོང་ངོ་། །དཔེར་ན་མཚན་མོ་མུན་ཁྲོད་ན། །
འབྱུང་པོ་ཡང་དག་མི་མཐོང་བ། །ཉི་མ་ཤར་ཅིང་མིག་བྱེའི་ཚེ། །སྣང་བར་གྱུར་པ་མ་ཡིན་ལྟར། །དེ་བཞིན་མཁས་པ་ཡང་དག་གི །ཤེས་པའི་ཉི་མས་མི་ཤེས་པའི། །བག་ཆགས་མ་ལུས་བཅོམ་པའི་ཚེ། །སེམས་དང་སེམས་བྱུང་ཡུལ་མི་མཐོང་། །དངོས་རྣམས་ངོ་བོ་ཉིད་ཡོད་
པར། །མི་མཐོང་དངོས་ཉིད་མ་གྲུབ་ཕྱིར། །ཡང་ན་དངོས་ཉིད་སྐྱེ་མེད་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། །དངོས་རྣམས་ངོ་བོ་ཉིད་ཡོད་པར། །མི་མཐོང་ཀུན་རྫོབ་སྐྱེ་ཡོད་ཕྱིར། །ཡང་ན་རྒྱུ་དང་ལྡན་པའི་ཕྱིར། །སྒྱུ་མའི་གླང་ཆེན་ཇི་བཞིན་ནོ། །དངོས་རྣམས་མེད་ཅེས་བྱ་
བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། །ཡང་ན་ཡང་དག་མ་ཡིན་བློས། །དམྱིགས་བྱའི་དངོས་བདག་ལོག་པར་འདོད། །རྟོག་པའི་ཤེས་པའི་ཡུལ་ཡིན་ཕྱིར། །སྨིག་རྒྱུ་ལ་ནི་ཆུ་བློ་བཞིན། །ཡོད་
མེད་བློས་ནི་རྟོགས་བྱ་བ། །བཀག་ཕྱིར་དེ་བཞིན་མཁས་རྣམས་ཀྱིས། །རྣམ་པར་མི་རྟོག་བློ་གྲོས་ནི། །སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ། །ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར། །དེ་ནི་གཏོང་བའི་སྒོ་ནས་ཀྱང་། །མི་རྟོག་བློ་གྲོས་མི་འདོད་མིན། །དེ་ནི་སྔར་བཞིན་བགག་ཕྱིར་
རོ། །གང་ཕྱིར་སྟོང་ཉིད་སྟོང་སོགས་ཀྱི། །ངོ་བོ་ཉིད་ཀྱིས་སྟོང་དེའི་ཕྱིར། །མཁས་པ་སྟོང་པ་ཉིད་ལ་ཡང་། །སྟོང་པ་ཉིད་དུ་ལྟ་མི་འགྱུར། །དངོས་པོའི་བདག་ཉིད་སྣང་མེད་པ། །མི་རྟོག་བློ་ཡི་སྤྱོད་ཡུལ་ཡང་། །དོན་བཞིན་མ་ཡིན་དམིགས་བྱའི་ཕྱིར། །ཆུ་ཟླ་ལ་ནི་ཟླ་བློ་བཞིན། །

རྣམ་པར་མི་རྟོག་དོན་ཡུལ་གྱི། །བློ་རྣམས་རྟོག་པ་མེད་པའང་བརྫུན། །བདག་མེད་ལ་སོགས་ངོ་བོའི་ཕྱིར། །དཔེར་ན་རྣམ་རྟོག་བཅས་བློ་བཞིན། །ཤེས་བྱ་རྣམ་ཀུན་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་
གསུང་། །དེ་རྟོགས་ཕྱིར་ན་གང་ཞིག་ལ། །བློ་སྐྱེ་མེད་པས་སངས་རྒྱས་དངོས། །རྣམ་རྟོག་གཉིད་ནི་སངས་ཕྱིར་དང་། །རྟོག་པ་མེད་པས་རྒྱས་ཕྱིར་རོ། །ཡོངས་ཤེས་བྱས་སོགས་མཐར་ཐུག་དང་། །མཉམ་ཉིད་རྟོགས་པར་གྱུར་པ་དང་། །སྤྲུལ་པ་དག་གིས་སྐལ་ལྡན་གྱི། །
བློ་ཡི་པད་མ་ཁ་འབྱེད་ཕྱིར། །ཆོས་རྣམས་མཚན་ཉིད་ཐ་དད་པ། །སྐྱེད་དང་དགག་པ་མ་མཛད་པར། །མཉམ་པ་ཉིད་ཀྱི་མཉམ་ཉིད་དང་། །བདག་གཞན་བདག་ཉིད་མཉམ་པ་ཉིད། །དམིགས་མེད་ཉིད་དུ་རྫོགས་རྒྱས་ཤིང་། །རྫོགས་སངས་རྒྱས་མེད་སངས་རྒྱས་པས། །
ལྷ་མིར་བཅས་པའི་འཇིག་རྟེན་ན། །དེ་ནི་རྫོགས་སངས་རྒྱས་ཞེས་བརྗོད། །ཆོས་རྣམས་གསལ་དང་གཞག་མེད་ཕྱིར། །ཆོས་ཉིད་ཇི་ལྟ་བ་བཞིན་དུ། །གང་ཕྱིར་དེ་ནི་གཤེགས་གྱུར་པ། །དེ་ཕྱིར་དེ་ནི་དེ་བཞིན་གཤེགས། །རྟོགས་བྱ་གཏན་དང་མ་ལུས་དང་། །མཐར་
ལྷུང་རྣམ་པར་སྤངས་པ་དག །རྟོགས་མེད་ཚུལ་གྱིས་རྟོགས་པ་ཡིས། །བདེར་གཤེགས་ཕྱིར་ན་བདེ་བར་གཤེགས། །གཞལ་མེད་གཞལ་ཡས་རྟོགས་པའི་ཕྱིར། །གྲངས་མེད་གཟུང་དུ་མེད་པའི་ཕྱིར། །བསམ་ཡས་སེམས་ཡུལ་མ་ཡིན་ཕྱིར། །བསྟན་མིན་བསྟན་དུ་མེད་པའི་
ཕྱིར། །བརྟག་མེད་དེ་ནི་འདིའོ་ཞེས། །རྣམ་ཀུན་བརྟག་ཏུ་མེད་པའི་ཕྱིར། །གསལ་མིན་གསལ་བྱེད་མེད་པའི་ཕྱིར། །ཞི་བ་གནོད་པ་མེད་པའི་ཕྱིར། །བརྟག་པར་བརྗོད་དེ་སྣང་མེད་པའི། །བདག་ཉིད་ཉིད་ཀྱིས་རྣམ་ཀུན་ཏུ། །རྣམ་རྟོག་མེད་པས་རྟག་ཕྱིར་དང་། །རྟག་ཏུ་དོན་ནི་
རབ་བསྒྲུབ་ཕྱིར། །ཞི་བ་ངོ་བོ་ཉིད་སྟོང་ཕྱིར། །མཚན་མ་མེད་པ་དངོས་མེད་ཕྱིར། །མཚན་མ་ཉིད་དུ་མི་འགྲོ་དང་། །མཚན་མ་མེད་ཕྱིར་དེ་ཡང་ཡིན། །མཚན་མ་མེད་ཕྱིར་སྣང་བ་མེད། །སྣང་མེད་ཕྱིར་ཡང་མཚན་མ་མེད། །མཚན་མ་མེད་ཅིང་སྣང་མེད་པ། །ལྟ་འདོད་བདག་

ཉིད་གྲོལ་བས་མཐོང་། །མི་གནས་མཚན་མ་མེད་པའི་ཕྱིར། །རྣམ་པར་མི་རྟོག་མི་གནས་ཕྱིར། །སྤྲོས་མེད་རྣམ་པར་མི་རྟོག་ཕྱིར། །དམིགས་མེད་དེར་འཛིན་མེད་པའི་ཕྱིར། །སྐྱེ་བ་མེད་པ་རྣམ་པ་མེད། །འགྱུར་བ་མེད་པ་འོད་གསལ་བ། །མཉམ་
པ་མི་མཉམ་མུ་མེད་པ། །རྣམ་པར་མི་རྟོག་མཚན་ཉིད་མེད། །མཁའ་བཞིན་དེ་ལ་ལྟ་མེད་པར། །བདག་ཉིད་ཆེན་པོ་དེ་དག་ལྟ། །གང་དག་རྣམ་པར་མི་རྟོག་པའི། །གནས་པས་ལྷུན་གྲུབ་དྲི་མེད་མིག །འདུད་པར་བྱེད་དང་ཡིད་བྱེད་དང་། །བརྗོད་ལ་སོགས་པ་གསལ་བ་དག །
མགོན་པོ་ལ་ནི་ཕྱག་འཚལ་བ། །དེ་དག་ལ་ནི་གུས་ཕྱག་འཚལ། །སངས་རྒྱས་ལ་སོགས་སྒྲོ་བཏགས་པས། །སྒྲུབ་དང་རྗེས་སུ་མཐུན་པར་བསྟན། །དེ་ཉིད་དུ་ན་རྣམ་ཀུན་དུ། །རྣམ་བརྟག་མིན་ཕྱིར་བརྗོད་མི་འདོད། །འདི་ལ་ཚིག་དང་ལྡོག་འགྱུར་ཞིང་། །འདི་ནི་སེམས་
ཀྱི་སྤྱོད་ཡུལ་མིན། །འདི་ལ་ཀུན་རྟོག་ལྡོག་འགྱུར་ཞིང་། །ཤེས་པ་འཇུག་པར་མི་འགྱུར་རོ། །གྲངས་མེད་བསོད་ནམས་ཚོགས་ལྡན་ཞིང་། །ཤེས་བྱ་མཐའ་ཡས་མཁྱེན་གྱུར་པའི། །སངས་རྒྱས་རྣམས་ཀྱི་ཆོས་སྐུ་འདི། །སྤྲོས་པ་ཉེར་ཞི་ཞི་བ་ཡིན། །ཤ་ཡི་མིག་
གིས་དེ་ལྟ་མིན། །ལྷ་ཡི་མིག་གིས་བལྟ་མ་ཡིན། །རྟོག་བཅས་རྣམ་རྟོག་མེད་པ་ཡི། །ཤེས་པས་ཀྱང་ནི་མཐོང་བར་དཀའ། །མཐོ་རིས་སྡིག་ཅན་ཡུལ་མིན་དང་། །ཉོན་མོངས་མེད་པ་དེ་བཅས་མིན། །ཉི་མ་དམུས་ལོང་ཡུལ་མིན་ལྟར། །དེ་ཡང་རྟོག་གེའི་སྤྱོད་ཡུལ་མིན། །
ཡོད་མིན་མེད་མིན་ཡོད་མེད་མིན། །དེ་ལས་གཞན་མིན་གཞན་མ་ཡིན། །ཕྲ་བ་མ་ཡིན་ཆེན་པོ་མིན། །གཅིག་མིན་རིང་མིན་ཉེ་བའང་མིན། །དེ་ལས་ཅུང་ཟད་ཇི་ལྟར་ཡང་། །སྐྱེ་བ་མེད་ཅིང་གསལ་བ་མེད། །འདི་ལ་འགའ་ཡང་གནས་པ་མེད། །འགའ་ཡང་བག་ལ་ཞར་མི་འགྱུར། །
ཚངས་ལ་སོགས་པས་གང་མི་རྟོགས། །དེ་ནི་ཚངས་པ་དམ་པ་ཡིན། །དེ་ནི་བདེན་པ་དམ་པ་ཞེས། །ཐུབ་པ་བདེན་པ་གསུང་བས་གསུངས། །འཕགས་པ་སྤྱན་རས་གཟིགས་དབང་དང་། །འཕགས་པ་བྱམས་པ་ལ་སོགས་པ། །མཁས་པ་ཐུབ་པ་མང་པོ་དག །བསྙེན་མེད་ཚུལ་

གྱིས་དེ་བསྙེན་བྱེད། །དེ་ལས་དངོས་ཉིད་མི་གཞན་དང་། །དེས་ནི་ཐུགས་སུ་ཆུད་པའི་ཕྱིར། །དེ་བཞིན་གཤེགས་པའི་སྐུར་འདོད་དེ། །གཞན་གྱིས་མ་ཡིན་དེ་མ་རྟོགས། །དེ་ཉིད་བསྒོམས་པ་གོམས་བྱེད་པ། །དམིགས་མེད་གནས་པ་དེ་ལ་ཡང་། །གང་ལ་ཡིད་ནི་ཆགས་
འགྱུར་ཞིང་། །སྡང་འགྱུར་རྨོངས་འགྱུར་ག་ལ་ཡོད། །སྡུག་བྲལ་མི་སྡུག་ཕྲད་པ་ལས། །བྱུང་བའི་སྡུག་བསྔལ་ག་ལས་འབྱུང་། །འཇིག་རྟེན་ཆོས་ཀྱིས་མི་གོས་ཏེ། །པདྨ་ལ་ནི་ཆུས་བཞིན་ནོ། །འཁོར་བ་ལས་ནི་བྱུང་མ་ཡིན། །འཁོར་བ་ལས་གནོད་བྲལ་བ་ཡིན། །མྱ་ངན་
འདས་པ་ཐོབ་མ་ཡིན། །མྱ་ངན་འདས་ལ་གནས་དང་འདྲ། །ཉོན་མོངས་མེ་ཡིས་གདུང་བ་མེད། །ཉོན་མོངས་ལྡན་ཡང་ནམ་མཁའ་བཞིན། །སེམས་མེད་སེམས་མེད་མ་ཡིན་ཏེ། །སྙོམས་པར་འཇུག་ལ་གནས་ཕྱིར་རོ། །དེ་ནི་ཤེས་རབ་ལྷུན་པོའི་རྩེར། །འཛེགས་ཤིང་མྱ་ངན་
མེད་གྱུར་ཀྱང་། །སྙིང་རྗེའི་དབང་གིས་འཇིག་རྟེན་པ། །མྱ་ངན་གདུངས་དང་སྡུག་བསྔལ་བལྟ། །དེ་ནི་དེ་ཚེ་སྙིང་རྗེ་ཡིས། །བརླན་པའི་མིག་གིས་འཇིག་རྟེན་པ། །རྣམ་རྟོག་བཟོ་ལས་བྱུང་བ་ཡི། །རྟོག་པའི་དྲ་བས་དཀྲིས་པ་དང་། །སྐྱེ་རྒ་ན་འཆིའི་ཟུག་རྔུ་ཡིས། །རྨ་བཏོད་
ན་བར་གྱུར་པ་དང་། །ཞན་དང་བཀྲེན་དང་མཐའ་ངན་དང་། །མགོན་མེད་དཔུང་གཉེན་མེད་པ་དང་། །སྡུག་བསྔལ་ཉེ་བར་ཞི་འདོད་པས། །སྡུག་བསྔལ་ཆུ་བོ་ཆེར་ལྷུང་དང་། །སྡུག་བསྔལ་རྒྱུ་དག་སྤེལ་བའི་ཕྱིར། །རྨོངས་པའི་ཡིད་ཀྱིས་ཞུགས་པ་དང་། །དེ་ཉིད་བདུད་
རྩི་ཞི་བ་དང་། །སྤྲོས་པ་ཉེར་ཞི་སྟོན་ཀ་ཡི། །དྲི་མེད་མཁའ་ལ་བློས་དཔྱོད་པའི། །སྣང་མེད་མིག་མེད་ཀུན་བལྟས་ནས། །སྙིང་རྗེས་ཤིན་ཏུ་ཡིད་གདུངས་པ། །དེ་ལ་ཕན་ཕྱིར་བརྟུལ་ཞུགས་ཅན། །རྡོ་རྗེ་རིན་ཆེན་སྲ་བའི་སེམས། །སེམས་ཅན་གཙོ་བོ་ལེགས་བསླབས་པ། །
སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་བརྩོན། །དུས་གཞན་དང་ནི་མཐུ་བཞིན་དུ། །ཤེས་རབ་དྲན་པ་སྔོན་འགྲོ་བས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །སྦྱིན་ལ་སོགས་པའི་རི་བོ་ལས། །བྱུང་བའི་ཆུ་ཀླུང་བསོད་ནམས་དང་། །དྲི་

མེད་དགེ་བའི་ཆུ་ལྡན་འབེབས། །སློང་བ་ཀུན་ལ་དུས་ཀུན་དུ། །ཕྱི་ནང་དངོས་པོ་ཐམས་ཅད་ཀྱིས། །དབུལ་དང་སློང་བའི་སྡུག་བསྔལ་ཀུན། །རྣམ་པ་ཀུན་དུ་སེལ་བར་བྱེད། །སློང་བ་རྣམས་ཀྱི་བསམ་པ་དག །སྐད་ཅིག་སྐད་ཅིག་དགས་
རྫོགས་ཤིང་། །དུས་ཀུན་མི་ཟད་འབྲས་བུ་ཡིས། །འབྱོར་ཅིང་དཔག་བསམ་ཤིང་ལྟར་བྱེད། །དེ་ནི་གཞན་ཕན་བདེ་སྐྱིད་པའི། །བདེ་འགྲོ་ཁོ་ནར་སྐྱེ་བར་འགྱུར། །ཡང་ན་འདོད་པས་གཞན་དག་ཏུ། །གཞན་ཕན་བདེ་བ་སྐྱེད་པར་སྐྱེ། །འགྲོ་བ་དེ་དང་དེ་དག་ཏུ། །འཁོར་
བཅུགས་རྟག་བཟོད་མཐའ་ཡས་དང་། །རྒྱ་མཚོ་བཞིན་དུ་སྒོ་ཀུན་ནས། །བསོད་ནམས་ཆུ་བོས་ཡོངས་རྒྱས་འགྱུར། །སེམས་གཉེན་རྣམ་པར་མི་གཡེང་དང་། །ཤེས་བྱ་རྟོགས་དང་མཁས་པའི་བློ། །ལྷན་ཅིག་སྐྱེས་དང་ལྡན་གྱུར་ཅིང་། །ཇི་སྲིད་འདོད་པའི་སྐལ་བར་
གནས། །གྲངས་མེད་དཔག་ཏུ་མེད་པ་ཡི། །ཏིང་འཛིན་ངེས་རྟོག་བློ་དང་ལྡན། །འཇིག་རྟེན་ཁམས་ནི་མཐའ་ཡས་དག །རྒྱན་རྣམས་ཀྱིས་ནི་བརྒྱན་པར་བྱེད། །བཟོ་དང་ལས་སྔོན་འདུ་བྱེད་དང་། །ལས་ཀྱི་རྣམ་སྨིན་རབ་ཏུ་སྟོན། །འགྲོ་ལ་ཕན་པ་བསྒྲུབ་འདོད་པས། །
ཇི་ལྟར་འདོད་པ་རབ་ཏུ་སྐྱེ། །སངས་རྒྱས་སྐུས་ནི་གང་བ་ཡི། །འཇིག་རྟེན་ཁམས་རྣམས་སྟོན་པར་བྱེད། །ཇི་ལྟར་འདོད་པའི་དུས་དང་ནི། །ཞིང་དུ་རྫོགས་པར་བྱང་ཆུབ་སྟོན། །ཡེ་ཤེས་མིག་གིས་ཤེས་བྱ་བའི། །དེ་ཉིད་ཐམས་ཅད་སྟོན་པར་བྱེད། །ཆོས་
རྣམས་བཞག་པ་ཉིད་རྟོགས་ཤིང་། །མིང་ལ་སོགས་པ་ཐོབ་པ་ཉིད། །རྫུ་འཕྲུལ་རྣམ་པར་འཕྲུལ་པ་ཡིས། །མཐའ་ཡས་ཞིང་དག་གཡོ་བར་བྱེད། །དུས་གཅིག་གམ་ནི་རིམ་ཡང་རུང་། །ལུས་ལས་འབར་དང་འབེབས་པར་བྱེད། །ཕྱོགས་ནི་མཐའ་ཡས་ཀུན་ཏུ་
ཡང་། །རང་གི་འོད་ཀྱིས་སྤྲོ་བར་བྱེད། །ཚད་མེད་རྨད་བྱུང་བསམ་མི་ཁྱབ། །ཡོན་ཏན་རིན་ཆེན་འོད་འབར་བ། །འཇིག་རྟེན་རྩ་ལག་སངས་རྒྱས་རྣམས། །འཁོར་དང་བཅས་པའང་སྟོན་པར་བྱེད། །གསེར་དང་ནོར་བུ་བཻ་ཌཱུརྱ། །མུ་ཏིག་རྡོ་རྗེ་མཐོན་ཀ་ཆེར། །རི་བོའི་དབང་

པོ་ཆེ་རྣམས་དང་། །མེ་ཉིད་གྲང་བར་བཞེད་པར་བྱེད། །ཆེན་པོར་གྱུར་པའི་ལུས་ཀྱིས་སུ། །རྡོ་རྗེ་སོགས་ལ་མི་ཆགས་པར། །ངོ་མཚར་བྱེད་ཅིང་སྐད་ཅིག་གིས། །ཕྱོགས་ཀུན་དུ་ནི་འགྲོ་ཞིང་འོང་། །རང་གི་ལུས་སམ་རྡུལ་ཕྲན་ལ། །དཔག་ཏུ་མེད་པའི་འཇིག་རྟེན་ཁམས། །
ཡང་དག་འཛུད་ཀྱང་སེམས་ཅན་ལ། །གནོད་པ་མེད་པའང་སྟོན་པར་བྱེད། །འཇིག་རྟེན་ཁམས་རྣམས་ཕྲ་རབ་ཏུ། །ཕྲ་རབ་དེ་ཡི་ཚད་ཉིད་དུ། །བསྡུས་པ་འམ་ནི་རྒྱས་པར་ཡང་། །བཞེད་པ་ཙམ་བྱེད་འོག་སྟེངས་ཀྱང་། །དེའི་ཚད་འོད་དང་ཁ་དོག་དང་། །དབྱངས་དང་
སྤྱོད་ལམ་ཕུན་ཚོགས་ཀྱིས། །གདུལ་བྱ་འདུལ་བར་འདོད་པའི་ཕྱིར། །ཚངས་པ་ལ་སོགས་འཁོར་དུ་འགྲོ། །སྣང་བར་འགྱུར་ཞིང་མི་སྣང་འགྱུར། །དེ་དག་འགས་ཀྱང་མི་ཤེས་དང་། །གཞན་གྱིས་ཟིལ་གྱིས་གནོན་པར་ཡང་། །བྱེད་དེ་སྙིང་རྗེས་བསྐུལ་བའི་ཕྱིར། །འགྲོ་
བའི་གནས་ནི་བརྗོད་རྣམས་སུ། །འགྲོ་བ་དབང་བྱས་དགོད་འདོད་པས། །སྤོབས་སོགས་ཀྱིས་ནི་དམན་པ་ལ། །སྤོབས་པའི་བདེ་བ་རབ་ཏུ་སྟེར། །དམྱལ་སོགས་སྡུག་བསྔལ་གྱིས་གདུངས་པ། །འོད་ཟེར་བཏང་བ་ལ་སོགས་ཀྱིས། །ཞི་བར་བྱེད་ཅིང་ལྷ་དབང་སོགས། །
སྐལ་བ་མཉམ་པར་འགྲོ་བར་བྱེད། །གདུལ་བྱ་ཇི་བཞིན་སྤྲུལ་པ་ཡི། །སྤྲུལ་པ་ཡིས་ནི་ཕྱོགས་བཀང་ནས། །བསྟན་པ་རིན་ཆེན་ཆར་ཕབ་པས། །འཇིག་རྟེན་འདས་པའི་བདེ་བ་བསྐྱེད། །དུས་གསུམ་ཚད་མེད་ལུས་ཉིད་དང་། །སངས་རྒྱས་ཞིང་ནི་ཕུན་སུམ་ཚོགས། །འཇིག་
རྟེན་ཁམས་ནི་དཔག་མེད་རྣམས། །འཇིག་པ་དང་ནི་ཆགས་པ་ཡང་། །རང་ལུས་བདེ་བར་གཤེགས་ཞིང་དུ། །དེ་ཡང་རང་ལུས་བདག་ཉིད་དུ། །རང་གི་ཞིང་ནི་བདེ་གཤེགས་སྐུར། །བཞེད་པ་ཙམ་གྱིས་བྱིན་གྱིས་རློབ། །བ་སྤུའི་ཁུང་དང་འོད་ཟེར་ལས། །ནམ་མཁའ་
ལ་ནི་རོལ་མོའི་སྒྲ། །སྤྲུལ་པ་ཡིས་ནི་རབ་བཏོན་ནས། །ཐོས་ན་དགའ་བར་འགྱུར་བས་ནི། །མཐར་ཐུག་པར་ནི་གསལ་བར་འགེངས། །ཀ་ལ་པིངྐའི་སྒྲ་དབྱངས་ནི། །ཟབ་ཅིང་རྒྱ་ཆེན་སྒྲོགས་པ་ཡིས། །འཇིག་རྟེན་རྣམས་ནི་གསུང་གིས་འགེངས། །མོས་པའི་དབང་དང་དབང་

པོ་བཞིན། །ཞི་བར་རོ་གཅིག་ཞི་བ་དང་། །གདུལ་བྱ་རྣམས་ནི་འདུལ་བའི་ཕྱིར། །ཆོས་འདི་རྣམས་ནི་གསུང་བར་མཛད། །དམན་དང་བག་ལ་ཉལ་བཅས་དག །བདེ་དང་སྡུག་བསྔལ་སོགས་དང་བཅས། །དམན་དང་འབྲིང་དང་མཆོག་རྣམས་
དང་། །ཡང་དག་གྱི་ནོམ་སོགས་དེ་རྣམས། །གང་ལ་ཇི་ལྟར་ཇི་སྲིད་དུ། །ལུས་ཅན་རྣམས་ཀྱི་སེམས་འབྱུང་བ། །དེ་རྣམས་དེ་ལ་དེ་བཞིན་དང་། །དེ་སྙེད་མང་རྣམས་རིག་པར་བྱེད། །ལྷ་དང་སྤྲུལ་པ་ཕྲ་མོ་དང་། །དེ་ལས་བཟློག་པར་གྱུར་པ་དག །ཀུན་ཏུ་གཟུགས་ནི་
ཐམས་ཅད་ཀྱང་། །ལྷ་ཡི་མིག་གིས་དེ་དག་མཐོང་། །ལྷ་དང་འཕགས་པ་བཀོད་དང་སྤྲུལ། །གསལ་པོའི་སྒྲ་དང་མིར་བཅས་དང་། །རིང་ན་གནས་དང་བཟློག་པ་དག །ལྷ་ཡི་རྣ་བ་འདི་ཡིས་ཐོས། །སྔོན་གྱི་གནས་རྣམས་ཐམས་ཅད་དེ། །སེམས་ཅན་རྣམས་དང་བདག་ཉིད་ཀྱི། །
མིང་དང་རིགས་ཀྱི་བྱེ་བྲག་རྣམས། །དྲན་ཞིང་གཞན་དག་གི་ཡང་དྲན། །ཐ་དད་འགྲོ་བའི་འདོད་པ་དང་། །མི་འདོད་ལས་འབྲས་སྣ་ཚོགས་གནས། །འཆི་དང་འཕོ་དང་སྐྱེ་བ་རྣམས། །ལུས་ཅན་ཀུན་གྱི་རིག་པར་གྱུར། །འཇིག་རྟེན་ཁམས་ནི་དཔག་མེད་དུ། །འདི་ཡིས་གདུལ་བྱ་འདུལ་བའི་
ཕྱིར། །དགའ་ལྡན་གནས་འཕོས་འཇུག་པ་དང་། །ཡང་དག་བྱང་ཆུབ་མངོན་པར་སྟོན། །རང་གི་འདོད་པས་དཔག་མེད་པའི། །འཇིག་རྟེན་ཁམས་ཀྱི་རྡུལ་མཉམ་པ། །སངས་རྒྱས་ཞིང་ཡང་དེ་སྙེད་དུ། །སེམས་ཅན་རྣམས་ཀྱང་དེ་སྙེད་ཀྱི། །གདུལ་བྱ་ཐབས་ཀྱིས་སྤྲུལ་
པ་ནི། །རང་གི་ཞིང་ནས་མ་གཡོས་པར། །རང་གི་འདོད་པས་ལུས་སྤྲུལ་པ། །རེ་རེ་ལས་ཀྱང་དེ་སྙེད་ལག །དེ་སྙེད་པ་ཡི་མགོ་ལས་ལྕེ། །སོ་སོ་ཀུན་ནས་དེ་སྙེད་སྤྲོ། །ལག་པ་དེ་དག་གིས་བཟུང་བའི། །མེ་ཏོག་དྲིས་བཀང་སྣ་ཚོགས་པ། །གངྒཱའི་ཀླུང་གི་བྱེ་མ་སྙེད། །ལྷུན་
པོའི་ཚད་ཙམ་དྲི་སྤྲོ་ཞིང་། །རྒྱས་པ་མཆོག་བཟང་དྲི་དག་དང་། །རྫོགས་སངས་རྣམ་པར་སངས་རྒྱས་དག །འགྲོ་ལ་ཕན་པ་བྱེད་པའི་མཆོག །ཤིན་ཏུ་གུས་པས་མཆོད་པར་བྱེད། །ལན་ཅིག་མིན་པར་བསྟོད་པས་བསྟོད། །རིན་ཆེན་གདུགས་དང་བླ་རེ་སོགས། །མུ་ཏིག་དྲ་བས་

ཡོངས་བརྒྱན་པ། །ཚད་མེད་རིན་ཆེན་མྱུ་གུ་ལས། །མཆེ་བ་ལྟ་བུའི་འོད་ཟེར་འཕྲོ། །སྟེང་གཡོགས་ཀ་བ་འབར་བས་དགའ། །མུ་ཏིག་ཕྲེང་བ་འཕྱང་བ་དང་། །རིན་ཆེན་སྣ་ཚོགས་དུ་མ་ལས། །སྣ་ཚོགས་ལས་ཀྱིས་བཟོ་སྦྱར་བ། །རིན་ཆེན་འབར་བའི་གཞལ་ཡས་ཁང་། །
འོད་ཟེར་སྒྲོན་མ་བརྒྱ་སྙེད་འབར། །ཤིན་ཏུ་མཐོ་བ་མཁའ་མཉམ་པ། །རིན་ཆེན་འོད་ཀྱིས་ཕྱོགས་ཁྱབ་བྱེད། །དེ་ཡིས་རྣམ་གྲངས་དུ་མ་ཡིས། །བསྟན་པ་རྟག་ཏུ་མཁས་པ་དེས། །ཐོས་ནས་གུས་པ་གཞན་དག་ལ། །ལྷག་ཆད་མེད་པའི་ཡི་གེས་སྟོན། །མཁས་པ་ལེགས་
པར་བསླབས་པ་དེས། །བསྐལ་པ་གྲངས་མེད་དཔག་མེད་པར། །བསོད་ནམས་ཡེ་ཤེས་སྟོབས་ཀྱིས་འཕགས། །ཕ་རོལ་ཕྱིན་རྣམས་ཕ་རོལ་ཕྱིན། །འདི་ནི་འདི་ལྟར་སྐྱེས་བུ་མཆོག །རྫོགས་སངས་ཉི་མར་གྱུར་ནས་ནི། །གདུལ་བྱའི་སེམས་ཅན་པདྨའི་མཚོ། །
བསྟན་པའི་འོད་ཀྱིས་རྒྱས་པར་བྱེད། །དྲི་མ་མེད་པས་དྲི་མ་སྦྱོང་། །གངས་ཕྲེང་བསིལ་བའི་འོད་ཟེར་དང་། །ཙནྡན་པས་ལྷག་བསུང་གི་ཆུས། །ལུས་ཅན་ཡིད་ཀྱི་ཉོན་མོངས་མེས། །རབ་ཏུ་གདུངས་པ་ཞི་བར་བྱེད། །སྐྱེ་བའི་འཁོར་བ་དབའ་ཀློང་ཅན། །འཆི་བའི་ཆུ་སྲིན་བཅས་
མཚོ་ལས། །ཐེག་པ་གསུམ་གྱི་གྲུ་ཆེན་གྱིས། །འདི་ཡིས་སྐྱེ་བོ་མྱུར་དུ་སྒྲོལ། །བདག་གིས་ལེགས་བཤད་ཆུ་རྒྱུན་གྱིས། །ཐོག་མ་མེད་དུས་འགྲོ་བ་རྣམས། །ཤིན་ཏུ་སྐོམ་པ་སེལ་བར་བྱེད། །ཡོན་ཏན་གྱིས་ཕོངས་ཀྱང་སེལ་བྱེད། །སྲིད་པའི་དགོན་པར་ལམ་སྟོར་བས། །
མ་རིག་པས་བསྒྲིབས་ལམ་སྟོན་བྱེད། །འགྲོ་རྣམས་ཤེས་རབ་མིག་ཕྱེ་ནས། །མྱ་ངན་འདས་པར་ཕྱིན་པར་བྱེད། །ཉོན་མོངས་སྦྲུལ་གདུག་མཆེ་བས་བཏབ། །རང་ལ་ཕན་པའི་ཐབས་ལ་བརྒྱལ། །ཡེ་ཤེས་སྨན་ནི་ཡང་དག་པ། །རིག་པ་བསྟན་པས་འགྲོ་རྣམས་གསོ། །སྲིད་
པར་མགོན་མེད་སྲོག་ཆགས་རྣམས། །ཡུན་རིངས་གཉིད་ཀྱིས་ལོག་པ་ལ། །བསྟན་པ་རྔ་ཡི་སྒྲ་དག་གིས། །སྙིང་རྗེ་ཡིད་ནི་སད་པར་བྱེད། །ཡུན་རིང་འཁོར་བའི་བཙོན་ར་ན། །སྲིད་པའི་ལྕགས་སྒྲོག་གིས་བསྡམས་པ། །བདུད་བཞི་ལས་ནི་རྒྱལ་བྱས་ནས། །བཅིངས་པ་ལས་ནི་

གྲོལ་བར་བྱེད། །བྱིན་ཟ་ངོམས་པ་མེད་པ་བཞིན། །ལྷ་དང་མི་ཡི་ཡུལ་དག་གིས། །ཤེས་རབ་བདུད་རྩིའི་རོ་བཟང་པོས། །ལུས་ཅན་རྣམས་ནི་ཚིམ་པར་བྱེད། །འཁོར་དུ་སྟོང་ཉིད་སེང་གེ་ཡི། །སྒྲ་ཆེན་སྒྲ་ནི་བསྒྲགས་པ་ཡིས། །གདུལ་དཀའ་
མུ་སྟེགས་མྱོས་པ་ནི། །ཤེས་པས་མྱོས་པའི་ང་རྒྱལ་སེལ། །དབང་པོ་ཆེན་པོའི་གཞུ་འདྲ་བ། །འདོམ་གང་འོད་ཀྱིས་ཀུན་ཏུ་བསྐོར། །གཟུགས་ནས་འབར་བ་ཡོངས་རྫོགས་པའི། །མཚན་དང་དཔེ་བྱད་རྣམས་ཀྱི་དཔལ། །དཔལ་ཉིད་རྒྱན་དུ་གྱུར་པ་ཡི། །ཡིད་དང་
མིག་ནི་འཕྲོག་བྱེད་པའི། །གཟུགས་ནི་མཉམ་པའི་གཟུགས་མེད་པ། །མཛེས་པ་ཐམས་ཅད་ཟིལ་གྱིས་གནོན། །དེ་ཡིས་རྣམ་པ་དྲུག་ཅུ་དང་། །ལྡན་པའི་གསུང་གི་ཆོ་འཕྲུལ་དང་། །བཅས་པས་ལྷ་དང་ལྷ་མིན་མི། །ལ་སོགས་ཡིད་ནི་དགའ་བར་བྱེད། །དེ་ཡི་གསུང་དང་
སྐུ་རྣམས་ཀྱིས། །ཡིད་བཞིན་ནོར་བུ་དཔག་བསམ་ལྟར། །གདུལ་བའི་དབང་གིས་ཕྱོགས་ཀུན་ཏུ། །སྣ་ཚོགས་བདག་པོའི་གཟུགས་སུ་བསྒྱུར། །དེ་དག་དེ་ལྟར་སོགས་གྲངས་མེད། །དཔག་མེད་རྨད་དུ་བྱུང་བའི་གནས། །ཆེ་བའི་བདག་ཉིད་མཁས་པས་ལམ། །འདི་
ལ་བརྟེན་ནས་ཐོབ་པར་འགྱུར། །དབུ་མའི་སྙིང་པོ་ལས་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བའི་ལེའུ་སྟེ་གསུམ་པའོ།། །།རྟོགས་པར་དཀའ་བའི་ལུགས་འདི་ལ། །རྟོགས་པའི་ནུས་པ་ཆུང་གྱུར་པ། །གནས་མིན་སྐྲག་པའི་དམན་མོས་དག །ཡང་དང་ཡང་དུ་རྩོད་པར་
རྩོམ། །སྟོན་པའི་རྣམ་པར་མི་རྟོག་བློ། །སྐུ་ལ་བརྟེན་པ་མ་ཡིན་ཏེ། །ལུས་ཅན་ཡིན་ཕྱིར་བ་རྫི་ཡི། །ལུས་ལ་ཇི་ལྟ་བ་བཞིན་ཟེར། །ཡང་དག་ལྟ་སོགས་ལམ་གྱིས་ནི། །རྫོགས་པའི་སངས་རྒྱས་བྱང་ཆུབ་ཆེར། །འདྲེན་བྱེད་ཡང་དག་རབ་རྟོགས་བྱེད། །བྱང་ཆུབ་ཡིན་
ཕྱིར་སློབ་མའི་བཞིན། །སྟོན་པའི་དབང་པོ་ཁྱད་འཕགས་པས། །ཀུན་མཁྱེན་ཡེ་ཤེས་སྲིད་པ་ཡིན། །ལམ་གཅིག་ན་ཡང་འདོད་པ་བཞིན། །འགའ་ཡི་སོ་སོ་ཡང་དག་རིག །ཤེས་བྱའི་སྒྲིབ་པ་ཟད་བྱེད་པ། །དེ་ཡང་ལམ་དེ་ཉིད་ཀྱིས་ཡིན། །སེམས་ལས་བྱུང་བའི་སྒྲིབ་ཡིན་

ཕྱིར། །ཉོན་མོངས་སྒྲིབ་པ་ཇི་བཞིན་འདོད། །ཐེག་ཆེན་དུ་ཡང་ལམ་འདི་ཡིས། །ཀུན་རིག་ཐུབ་པ་འཐོབ་བྱེད་དེ། །ཐེག་པ་གཞན་ཉིད་ཡིན་པའི་ཕྱིར། །རང་རྒྱལ་ཐེག་པ་བཞིན་དུ་འདོད། །མདོ་སྡེ་སོགས་སུ་མ་བསྡུས་དང་། །ལམ་གཞན་ཉེ་བར་སྟོན་ཕྱིར་ཡང་། །ཐེག་
ཆེན་སངས་རྒྱས་གསུང་མ་ཡིན། །རིག་བྱེད་མཐའ་པའི་ལྟ་བ་བཞིན། །ཆད་པར་ལྟ་བ་ཇི་བཞིན་དུ། །རྒྱུ་དང་འབྲས་བུར་སྐུར་འདེབས་པས། །སྡེ་པ་བཅོ་བརྒྱད་ཁོངས་སུ་ཡང་། །གཏོགས་པ་མེད་པས་མ་ཡིན་ངེས། །གཟུགས་ལ་སོགས་ལ་དམིགས་པའི་བློ། །རང་རིག་
ཉིད་དུ་ཡོད་པས་ཀྱང་། །མངོན་སུམ་གནོད་པ་གང་ཡིན་དེས། །སྐྱེ་མེད་སྨྲ་བ་དེ་ལ་གནོད། །སྲིད་པ་རྣམས་ནི་དེ་ཉིད་དུ། །སྐྱེ་མེད་ཅེས་བྱའི་ཁྱད་པར་གྱིས། །མངོན་སུམ་དང་ནི་གྲགས་པ་དག །གནོད་པ་འདི་ལ་མེད་ཅེ་ན། །བགྲོད་མིན་ལ་ཡང་ཡང་དག་ཏུ། །བགྲོད་པར་བྱ་སྟེ་
བུད་མེད་ཕྱིར། །བུད་མེད་གཞན་བཞིན་ཟེར་བ་ཡི། །སྐྱོན་བཅས་ཚིག་ཀྱང་སྐྱོན་མེད་འགྱུར། །བདེན་པ་མཐོང་བ་དེ་ཉིད་མིན། །དེ་ཉིད་མེད་པར་ཐལ་བར་འགྱུར། །ནམ་མཁའི་ལྷ་ཡིས་བསྟན་པ་ལྟར། །དེ་ཉིད་ཡིན་པར་མི་འདོད་དོ། །ཕྱི་རོལ་སྐྱེ་མཆེད་ཡོད་པ་ལས། །
དེར་སྣང་བ་ཡི་བློ་འབྱུང་བས། །ཡོད་པར་རིགས་ཏེ་སེམས་ཉིད་ནི། །ཡོད་ལ་དགའ་བ་ཇི་བཞིན་གྱིས། །གལ་ཏེ་སེམས་ཡོད་མི་འདོད་ན། །ཁྱོད་ཀྱི་འགྲོ་བ་སེམས་ཙམ་མིན། །འགྲོ་བ་ཕྱོགས་སུ་བྱ་བ་དང་། །གཏན་ཚིགས་བསྒྲུབ་པ་ཁྱོད་ལ་མེད། །དེ་ལ་སྔར་སྨྲས་རིགས་
པ་ནི། །རང་གི་ཕྱོགས་ཉམས་དོགས་པས་གཞན། །མི་འདོད་གྱུར་པ་གང་སྨྲ་བ། །དེ་ནི་རིགས་པ་མ་ཡིན་ནོ། །སྟོན་པའི་རྣམ་པར་མི་རྟོག་བློ། །བདག་མེད་པ་ལ་དམིགས་པར་འདོད། །ཡུལ་ཅན་གྱི་ནི་བློ་ཡིན་ཕྱིར། །གང་ཟག་བདག་མེད་པ་བཞིན་ནོ། །སྦྱོར་
ལས་བྱུང་སོགས་བློ་དག་ནི། །འབྱུང་བ་གལ་ཏེ་འགོག་བྱེད་ན། །ཤེས་བྱ་ཀུན་དུ་མ་གྲུབ་པས། །བློ་གང་གང་གི་རྗེས་འབྱུང་བ། །དེ་ནི་རྟོག་མེད་སྔོན་བྱང་ཆུབ། །ཤེས་བྱ་དེ་ཉིད་མ་ལོག་ཕྱིར། །དེ་ཡི་ངོ་བོ་རྣམ་རྟོག་སོགས། །བྲལ་བའི་བློར་ནི་མངོན་འདོད་པས། །

དེ་ཡི་རྟེན་ནི་འགོག་བྱེད་ན། །གྲུབ་པ་ཉིད་ནི་རབ་སྒྲུབ་བྱེད། །དེ་ནི་ཞི་ཉིད་སོགས་བསྟན་པ། །རྟོག་པ་རྣམས་ཀྱིས་སྒྲོ་བཏགས་པའོ། །མཐོང་བ་མེད་པ་རྟོག་མེད་པ། །བརྗོད་པ་མེད་པ་བྱེད་མེད་པ། །འཚོ་བ་མེད་པ་རྩོམ་མེད་པ། །དེ་བཞིན་དགའ་མེད་
གནས་མེད་པ། །དེ་ཚེ་ལམ་ནི་དེ་ཉིད་ཀྱིས། །སངས་རྒྱས་བྱང་ཆུབ་འདོད་ཕྱིར་བདག །གྲུབ་པ་སྒྲུབ་པའི་སྐྱོན་ཡང་ཡིན། །བསྒོམ་ཉིད་ལ་ཡང་བཏག་པར་བྱ། །ཇི་ལྟར་ལུང་དང་མི་འགལ་བར། །རྗེས་སུ་དཔག་པའི་རྗེས་འབྲངས་པ། །འདི་ལྟར་དེ་ཉིད་བསྒོམ་པ་སྟེ། །
དེ་ནི་དེ་བཞིན་མཁས་པས་འདོད། །གང་གིས་དེ་རྟོགས་ཏེ་སངས་རྒྱས། །གཞན་ནི་མི་ཡི་ལ་དུ་མཚུངས། །ཐེག་ཆེན་སངས་རྒྱས་གསུང་མིན་ཞེས། །ཟེར་བ་འདི་ཡང་གཏན་ལ་དབབ། །སྔར་བསྟན་པ་ཡི་ལམ་འདི་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་མི་ནུས། །སྡུག་བསྔལ་
རྣམ་པར་རྟོགས་བྱེད་ཕྱིར། །རང་སངས་རྒྱས་ཀྱི་ཐེག་པ་བཞིན། །རྗེས་སུ་དཔག་པས་གནོད་པ་ཡང་། །གཞན་གྱི་ཕྱོགས་ལ་འབྱུང་བར་འགྱུར། །དཔེ་ནི་མ་གྲུབ་པ་ཉིད་ཀྱང་། །དེ་ལ་ཞུགས་པ་བཟློག་པར་དཀའ། །མི་སྐྱེ་ཟད་པར་ཤེས་པ་ནི། །ཇི་བཞིན་དོན་གྱི་དོན་དམ་མིན། །
འཁྲུལ་བཞིན་རྣམ་རྟོག་བཅས་པའི་ཕྱིར། །དེ་རྟོགས་ཇི་ལྟར་དེ་ཉིད་ཡིན། །ཐེག་པ་གཞན་ཉིད་རྒྱུ་ཡིན་ཞེས། །ཟེར་