Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 92
Văn bản gốc(Tây Tạng)
Trang 13 / 17 (50.000 ký tự/trang)
བའི་མིང་ལ་ཡང་ལན་ལྡོན་པའི་མཐུ་མེད་དོ། །ཆོས་ལ་དངོས་པོ་མེད་པས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་དང་། དེ་དག་གི་སྟོང་པ་ཉིད་དང་། དེ་དག་གི་དེ་བཞིན་ཉིད་ལ་ཡང་ལན་ལྡོན་པའི་མཐུ་མེད་ན། རྨི་ལམ་ན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པའི་འབྲས་བུ་ མེད་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི་དོན་ཏོ། །བདག་གིས་ནི་གང་ལན་གློན་པ་དང་། གང་གིས་ལན་གླན་པ་དང་། གང་ལ་ལན་གླན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་དེ་ཉིད་མདོར་བསྡུས་ཏེ་བསྟན་པ་སྟེ། གང་ལན་གློན་པ་ཞེས་བྱ་བ་ནི་ལན་ ལྡོན་པའི་མི་ལ་བྱའོ། །གང་གིས་ལན་གློན་པ་ཞེས་བྱ་བ་ནི་ལན་ལྡོན་པའི་ཚིག་དང་ཡི་གེ་གང་གིས་ལན་ལྡོན་པ་ལ་བྱའོ། །གང་གིས་ལན་གླན་པ་ཞེས་བྱ་བ་ནི་དངོས་པོའམ་དོན་གང་གིས་ལན་གླན་པ་ལ་བྱའོ། །གང་ལ་ལན་གླན་པ་ཞེས་བྱ་བ་ནི་ཀླན་ཀ་ཚོལ་ཞིང་འདྲི་བའི་མི་གང་ཡིན་པ་ལ་བྱ་སྟེ། ཆོས་དེ་དག་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་སྟོང་པས་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ན་འདི་ལ་སུ་ཞིག་ཅི་ཞིག་སུ་ལ་ལན་ལྡོན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང་། གང་གིས་ལུང་བསྟན་པ་དང་། གང་ལ་ ལུང་བསྟན་པའི་ཆོས་དེ་ཡང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ་ཞེས་བྱ་བ་ནི་གོང་དུ་རབ་འབྱོར་གྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱི། འདི་ལ་དྲིས་ཤིག་ཅེས་བསྟོད་པ་དེ་ཡང་དོན་ དམ་པར་དངོས་པོ་མེད་པར་བསྟན་པ་སྟེ། གང་ལུང་བསྟན་པ་ཞེས་བྱ་བ་ནི་ལུང་སྟོན་པའི་བཅོམ་ལྡན་འདས་ཉིད་ལ་བྱའོ། །གང་གིས་ལུང་བསྟན་པ་ཞེས་བྱ་བ་ནི་ལུང་བསྟན་པར་འོས་པའི་རྒྱུའམ་ཡོན་ཏན་གང་གིས་ལུང་བསྟན་པར་འགྱུར་བ་ལ་བྱའོ། །གང་ལ་ལུང་བསྟན་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ དཔའ་བྱམས་པ་ཉིད་ལ་བྱ་སྟེ། དེ་དག་ཀྱང་དོན་དམ་པར་དངོས་པོ་མེད་དོ་ཞེས་བསྟན་པའོ། །ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ་ཞེས་བྱ་བ་ནི་ལན་གློན་པ་དང་། ལུང་བསྟན་པ་ལ་སོགས་པའི་ཆོས་གོང་དུ་སྨོས་པ་དེ་དག་ཐམས་ཅད་དོན་དམ་པར་དངོས་པོ་མེད་དེ། སྟོང་པ་ཉིད་དུ་རོ་གཅིག་གོ་ཞེས་བསྟན་པའོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པ་དམིགས་པ་ཅན་རྣམས་མྱ་ངན་ལས་འདས་པ་གཉིས་སུ་མེད་པ་མངོན་དུ་བྱེད་པར་འདོད་པ་དག་ལ། མངོན་སུམ་དུ་བྱར་མེད་པ་ལ་བསྟན་པའི་ཕྱིར་དྲིས་པའོ། །བྱམས་པས་སྨྲས་པ་ཆོས་དེ་དག་ཇི་སྐད་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་སུམ་དུ་བྱས་པ་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། ཆོས་རྣམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་དེ་ཡང་ཀུན་རྫོབ་ཏུ་སྒྲོ་ བཏགས་ཏེ་བཤད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་མངོན་དུ་བྱེད་པ་དང་། མངོན་དུ་བྱ་བ་གཉིས་ཀ་སྟོང་པ་ཉིད་དུ་རོ་གཅིག་པས་མངོན་དུ་བྱས་པ་མེད་དོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་སྙམ་དུ་གྱུར་ཏེ་ཞེས་བྱ་བ་ནས། འདི་ནི་མི་དམིགས་པར་སྤྱོད་པ་བསྟན་པའོ་ཞེས་བྱ་བའི་ བར་གྱིས་ནི་བྱང་ཆུབ་སེམས་དཔའ་བྱམས་པས་ཆོས་ཐམས་ཅད་གཉིས་སུ་མེད་ཅིང་མངོན་སུམ་དུ་བྱར་མེད་པའི་དོན་ཟབ་མོ་བསྟན་པས་ཤཱ་རིའི་བུ་མགུ་ནས་བྱམས་པ་ལ་བསྟོད་པ་སྟེ། འདི་ལྟ་བུའི་ཆོས་ཟབ་མོ་བཤད་པ་ནི་ཡུན་རིང་པོ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ཅིང་། དམིགས་པ་མེད་པའི་ དོན་ལ་གོམས་པར་བྱས་པའི་ཤེས་རབ་ཟབ་མོ་དང་ལྡན་པ་བསྟན་པར་ནུས་ཀྱི། དགེ་བའི་རྩ་བ་ཆུང་ངུ་དང་དམིགས་པ་ཅན་གྱི་ཤེས་རབ་དང་ལྡན་པས་བསྟན་པའི་སྤྱོད་ཡུལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་དེ་ ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་དག་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་ཉན་ཐོས་དགྲ་བཅོམ་པ་དག་བདག་ནི་ཟག་པ་ཟད་དོ། །བདག་གིས་བྱ་བ་བྱས་སོ། །ཁུར་བོར་རོ། །དགྲ་བཅོམ་པ་ཉིད་ཐོབ་པ་སྙམ་དུ་སེམས་པའི་རྟོག་པ་ དམིགས་པ་ཅན་བསལ་བའི་ཕྱིར་སྨྲས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ཁམས་གསུམ་གྱི་ཉོན་མོངས་པའི་དགྲ་རྣམས་བཅོམ་སྟེ། སྤངས་པ་ཙམ་ལ་དགྲ་བཅོམ་པ་ཞེས་ཐ་སྙད་ཙམ་དུ་གདགས་པར་ཟད་ཀྱི། ཡང་དག་པར་ན་དགྲ་བཅོམ་པ་ཞེས་བྱ་བའི་ཆོས་ གང་ཡང་མ་མཆིས་སོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་རབ་ འབྱོར་གྱིས་དགྲ་བཅོམ་པ་ཞེས་བྱ་བའི་དངོས་པོ་མེད་པར་བསྟན་པ་དེ་བདེན་ཏེ། དེ་བཞིན་དུ་ལུང་བསྟན་པ་ཞེས་བྱ་བ་ཡང་དོན་དམ་པར་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡང་དེ་ལྟ་བུའི་མཚན་མར་འཛིན་པའི་འདུ་ཤེས་ཀྱང་དོན་དམ་པར་མེད་ལ་ ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་ཡང་དོགས་པ་མེད་ཅིང་། སྟོང་པ་ཉིད་ཀྱིས་སྐྲག་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ལུང་བསྟན་པ་དང་། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཤིང་རྣམ་པར་མི་རྟོག་ཀྱང་། ཀུན་རྫོབ་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་དོགས་པ་དང་། ཐེ་ཚོམ་ཡང་ མེད་དེ་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བཤད་པ་དེ་ལྟར་མངོན་པར་རྫོགས་པར་འཚང་རྒྱ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་མ་བྱས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་བསགས་པར་མི་འགྱུར་ན་ཕ་རོལ་ཏུ་ཕྱིན་པ་ དྲུག་ཇི་ལྟར་ཡོངས་སུ་རྫོགས་པར་བགྱི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཇི་ལྟར་བསགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པར་བགྱི་ཞེས་ཀུན་རྫོབ་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཇི་ལྟར་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ཞུས་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནས་ལེའུ་བཞི་བཅུ་རྩ་གསུམ་ལ་ཐུག་གི་བར་དུ་ཀུན་རྫོབ་ཏུ་སྙིང་རྗེ་ཆེན་པོ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་ རྫོགས་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་དང་། སྨོན་ལམ་རྒྱ་ཆེན་པོར་བསྟན་པ་སྟེ། དེ་དག་གི་དོན་ཀྱང་རང་ལོག་ཏུ་ཟད་དོ། །དེ་ནས་འཁོར་དེར་གང་གཱའི་ལྷ་མོ་ཞེས་བྱ་བའི་བུད་མེད་ཅིག་འདུས་ཏེ་འདུག་པར་གྱུར་ པ་དེ་སྟན་ལས་ལངས་ཏེ་ཞེས་བྱ་བ་ནས། ལེའུ་བཞི་བཅུ་རྩ་བཞི་ལ་ཐུག་གི་བར་དུ་ལྷ་མོའི་མིང་གང་གཱ་ཞེས་བྱ་བ་ལུང་བསྟན་པ་བཤད་པ་སྟེ། དེ་ལྟར་ལུང་བསྟན་པ་ཡང་བུད་མེད་ཀྱིས་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་དགེ་བའི་རྩ་བ་བསྐྱེད་ན་སྐྱེས་པ་དང་འདྲ་བར་འཕགས་པའི་ས་ཐོབ་པར་འགྱུར་བ་བསྟན་ པའི་ཕྱིར་ཏེ། ཚིག་རྣམས་ནི་རང་ལོག་ཏུ་ཟད་དོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ ལ་སོགས་པ་བཤད་པ། ཉན་ཐོས་དང་རང་སངས་རྒྱས་དག་ནི་རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ནས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལ་སོགས་པ་མི་ནུས་པ་དག་ཀྱང་ཡོད་ན། དེ་ལྟར་མི་འགྱུར་ བར་ཐབས་མཁས་པས་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡང་གནས་ལ་མྱ་ངན་ལས་འདས་པ་ཡང་མངོན་སུམ་དུ་མི་བྱེད་ཅིང་། སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བར་ཇི་ལྟར་བགྱི་ཞེས་ཞུས་པ་སྟེ། དེ་ལ་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཞེས་བྱ་བ་ནི་ལྷག་མཐོང་གིས་ ཇི་ལྟར་ཤེས་པར་བྱ་བ་ཞུས་པའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི་ཞེས་བྱ་བ་ནི་ཞི་གནས་ཇི་ལྟར་གོམས་པར་བྱ་ཞེས་ཞུས་པའོ། །མདོར་ན་ཞི་གནས་ལྷག་མཐོང་གཉིས་ཟུང་དུ་འབྲེལ་བར་ཇི་ལྟར་བསྒོམ་ཞེས་ཞུས་པའོ། །སྟོང་པ་ཉིད་བསྒོམ་པ་ཇི་ལྟར་ཞུས་པ་དེ་བཞིན་དུ་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་དུ་ཡང་སྦྱར་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ་ཞེས་བྱ་བ་ནས། གཟུགས་ མེད་པའི་ཁམས་སྟོང་ཞེས་བརྟག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་ཞུས་པའི་ལན་བཀའ་སྩལ་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་དག་ནི་གང་ཟག་ལ་བདག་མེད་པ་ཉི་ཚེ་རྟོགས་པས་མུ་སྟེགས་ཅན་གྱིས་བརྟགས་པའི་བདག་རྣམས་སྟོང་པར་རྟོག་གི། ཆོས་ལ་བདག་མེད་པ་མ་ རྟོགས་པས་གཟུགས་ལ་སོགས་པའི་ཆོས་རྣམས་སྟོང་པར་རྟོགས་ཏེ། དེ་བས་ན་གཟུགས་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཐུག་གི་བར་གྱི་ཆོས་རྣམས་དང་། ཁམས་གསུམ་ཡང་སྟོང་ཞེས་བྱ་བར་ལྷག་མཐོང་གིས་བརྟག་པར་བྱའོ་ཞེས་བསྟན་པའོ། །དེ་ཡང་ཅི་ ནས་ཀྱང་དེ་ལྟར་བརྟགས་ན་སེམས་གཡེང་བར་མི་འགྱུར་བ་དེ་ལྟར་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་ཞི་གནས་ཀྱི་སེམས་ཏིང་ངེ་འཛིན་དུ་མཉམ་པར་གཞག་སྟེ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་སེམས་མི་གཡེང་བ་དང་ལྡན་པས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་དེ་ལྟར་ཞི་གནས་དང་ལྷག་ མཐོང་གཉིས་ཟུང་དུ་འབྲེལ་ན་གཟུགས་ལ་སོགས་པའི་ཆོས་དེ་དག་དངོས་པོ་ཡོད་པར་མི་མཐོང་ངོ་ཞེས་བསྟན་པའོ། །ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་དེ་ལྟར་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་ལ་དངོས་པོར་མི་ལྟ་ན་ཞི་བ་ཕྱོགས་ གཅིག་པའི་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསླབས་པས། ཆོས་གང་ལ་ཡང་རིགས་ཆད་པར་མི་བྱེད་དེ་ཞེས་བྱ་བ་ནི་ཆོས་གང་ཡང་རྗེས་ སུ་མ་མཐོང་བས་མངོན་དུ་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་དེས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་སྔ་ནས་བསླབས་ཤིང་རྟོགས་པས་འདི་ནི་མངོན་དུ་བྱེད་དོ། །འདི་ནི་མངོན་དུ་མི་བྱེད་པའོ། །འདི་ནི་མངོན་དུ་བྱེད་པའི་རྒྱུའོ་ཞེས་མངོན་དུ་བྱེད་པའོ། ། མངོན་དུ་བྱ་བ་དང་། མངོན་དུ་བྱེད་པ་རྣམས་སོ་སོར་རིགས་སུ་བཅད་དེ་ཡོད་པར་མི་ལྟའོ་ཞེས་བསྟན་པའོ། །དོན་དེ་ཉིད་གསལ་བར་བསྟན་པའི་ཕྱིར་གང་མངོན་དུ་བྱེད་པ་དང་། གང་མངོན་དུ་བྱ་བ་དང་། གང་གིས་མངོན་དུ་བྱ་བའི་ཆོས་དེ་དག་ཐམས་ཅད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ཞེས་ བྱ་བ་གསུངས་ཏེ། གང་མངོན་དུ་བྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་མངོན་དུ་བྱེད་པ་པོ་ལ་བྱའོ། །གང་མངོན་དུ་བྱ་བ་ཞེས་བྱ་བ་ནི་མངོན་དུ་བྱ་བའི་དངོས་པོ་མྱ་ངན་ལས་འདས་པ་ལ་བྱའོ། །གང་གིས་མངོན་དུ་བྱ་བ་ཞེས་བྱ་བ་ནི་མངོན་དུ་བྱེད་པའི་ཡེ་ཤེས་ལ་བྱ་སྟེ། ཆོས་དེ་དག་ཐམས་ཅད་རང་ གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་གང་ཡང་རྗེས་སུ་མ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པའི་ཆོས་རྣམས་མངོན་དུ་མི་བྱའོ་ཞེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ་སྟོང་པ་ཉིད་མངོན་དུ་མི་བགྱིད་པ་ལགས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཡང་རྟོགས་ལ། ཉན་ཐོས་དང་རང་སངས་རྒྱས་ལྟར་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བྱ་བའི་ཐབས་བསྟན་པའི་སྐབས་དབྱེ་བའི་ཕྱིར་ ཞུས་པ་སྟེ། སྟོང་པ་ཉིད་ལ་གནས་ན་སྟོང་པ་ཉིད་མངོན་དུ་མི་བྱར་མི་རུང་ངམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟོག་སྟེ། མངོན་དུ་མི་བྱེད་དོ་ ཞེས་བྱ་བ་ལ་སོགས་པས་ནི་སྟོང་པ་ཉིད་ལ་གནས་ཀྱང་སྟོང་པ་ཉིད་མངོན་དུ་མི་བྱེད་པའི་ཐབས་བསྟན་པ་སྟེ། རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྟོང་པ་ལྟར་ཉི་ཚེ་བ་ནི་མ་ཡིན་གྱི། གང་ཟག་དང་ཆོས་གཉིས་ཀ་རྣམ་པ་ཐམས་ཅད་དུ་ སྟོང་པར་རྟོགས་པས་མྱ་ངན་ལས་འདས་པ་ཡང་སྟོང་པར་རྟོགས་པའི་ཕྱིར་མངོན་དུ་མི་བྱེད་དོ་ཞེས་བསྟན་པའོ། །མངོན་དུ་བྱའོ་སྙམ་དུ་མི་རྟོག་གོ། །མངོན་དུ་བྱ་བ་ཡིན་ནོ་ཞེས་བྱ་བར་མི་རྟོག་སྟེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་འཇུག་པའི་སྔོན་རོལ་ནས་ཀྱང་མངོན་དུ་བྱ་བ་དོན་དུ་མི་གཉེར་ཏོ་ཞེས་བྱ་བའི་དོན་ཏོ། །ཡོངས་ སུ་འདྲིས་པར་བྱ་བར་རྟོག་ཅིང་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རྟོག་གོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་གནས་པའི་དོན་བསྟན་པ་སྟེ། སྟོང་པ་ཉིད་ལ་གནས་པ་ཡང་ཞི་བ་ཕྱོགས་གཅིག་པར་ལྷུང་ནས་སྟོང་པ་ཉིད་མངོན་དུ་བྱེད་ཅིང་གནས་པ་ནི་མ་ཡིན་གྱི། ལྷག་མཐོང་གི་དབང་གིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་ཤེས་ཤིང་། འདྲིས་པ་དང་གོམས་པར་བྱེད་ལ་སྟོང་པ་ཉིད་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་གཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ་ཞེས་བྱ་བ་ནི་ཞི་གནས་ཀྱི་ དབང་དུ་གྱུར་ནས། ཞི་བ་ཕྱོགས་གཅིག་པའི་ཏིང་ངེ་འཛིན་གྱིས་སྟོང་པ་ཉིད་མངོན་དུ་མི་བྱེད་པར་ལྷག་མཐོང་གིས་དམིགས་པར་བྱ་བའི་ཆོས་རྣམས་ལ་མངོན་པར་མ་ཆགས་པར་སེམས་འཇོག་གོ་ཞེས་བསྟན་པའོ། །དེས་བར་མ་དོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཟག་པ་ཟད་པ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བ་ནི་དེ་ལྟར་ལྷག་མཐོང་ལ་གནས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཉམས་པར་མི་འགྱུར་ལ། མྱ་ངན་ལས་འདས་པ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནས་ འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་གྱིས་ནི་ཉན་ཐོས་ལྟར་མྱ་ངན་ལས་འདས་པ་མངོན་དུ་མི་བྱེད་པའི་གཏན་ཚིགས་བསྟན་པ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་ཡེ་ཤེས་རླབས་པོ་ཆེ་དང་ལྡན་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ རྣམས་ལ་སྤྱོད་ཅིང་གནས་པའི་ཚེ་ཆོས་འདི་དག་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི་དོན་དམ་པར་དངོས་པོ་མེད་པས། མངོན་དུ་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་ཤེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེས་འདི་ལྟར་ འདི་ནི་ཤེས་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ་ཞེས་བྱ་བ་ནས་འདི་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བའི་དུས་མ་ཡིན་ཏེ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་ལ། ཟག་པ་ཟད་པ་ཡང་མངོན་དུ་མི་བྱེད་པར་བཤད་པ་བྱང་ཆུབ་ཀྱི་ཕྱོགས་ གང་དང་གང་ལས་མི་ཉམས་པ་དང་། ཟག་པ་ཟད་པའི་ཆོས་གང་དང་གང་མངོན་དུ་མི་བྱེད་པ་ཞིབ་ཏུ་རྣམ་པར་ཕྱེ་སྟེ་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་ཅིང་འདྲིས་པ་དང་། གོམས་པར་བྱེད་པའི་ཆོས་འདི་དག་ཤེས་པར་བྱ་བ་ཡིན་གྱི། ཉན་ཐོས་དང་ རང་སངས་རྒྱས་ཀྱི་འབྲས་བུ་ཐོབ་པར་བྱ་བ་མ་ཡིན་པར་བརྟག་པར་བྱའོ་ཞེས་བསྟན་པའོ། །འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ཡོངས་སུ་མི་གཏོང་བའི་དུས་སོ་ཞེས་བྱ་བར་བརྟག་པར་བྱ་སྟེ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་འབྲས་བུ་མངོན་དུ་བྱས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཡོངས་སུ་བཏང་བར་འགྱུར་གྱི་དེ་ལྟར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་ཡིན་ཞེས་བྱ་བ་ནས། དགྲ་བཅོམ་པ་ ཉིད་མངོན་དུ་མི་བྱེད་དོ། །རང་བྱང་ཆུབ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་སྟོང་པ་ཉིད་ལ་གནས་པ་ཇི་ལྟར་སྟོང་པ་ཉིད་མངོན་དུ་བྱེད་པར་མི་འགྱུར་ཞེས་རབ་འབྱོར་གྱིས་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་ཞིབ་ཏུ་བཤད་དེ། བཀའ་སྩལ་པའི་དོན་མཇུག་བསྡུས་ནས་བསྟན་པའོ། །རྣམ་ པར་ཐར་པའི་སྒོ་གསུམ་ལ་སོགས་པའི་ཆོས་རྣམས་ཤེས་རབ་ཀྱིས་འདྲིས་ཤིང་གོམས་པར་བྱེད་པ་ཉིད་ལ། དེ་དག་ལ་གནས་པ་ཞེས་བྱ་བའི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཟག་པ་མེད་པའི་ཆོས་མངོན་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་སྐྱེས་བུ་ཞིག་དཔའ་ལ་རྩལ་ཆེ་ལ་ཞེས་བྱ་བ་ ནས་མཚན་མ་མེད་པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་པས་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་ལྡན་པ་ཆོས་ཐམས་ཅད་སྟོང་པ་ཉིད་ དུ་ཡང་རྟོགས་པར་བྱེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་མངོན་སུམ་དུ་ཡང་མི་བྱེད་པའི་དཔེ་མི་དཔའ་བོ་རྩལ་ཆེ་ཞིང་ཐབས་མཁས་པ་ལས་བླངས་ཏེ་བསྟན་པ་སྟེ། ཚིག་གཞན་ནི་རང་ལོག་ཏུ་ཟད། སྒྱུ་རྩལ་དྲུག་ཅུ་རྩ་བཞི་པོ་ནི་རྩལ་གྱིས་ཐབས་སྣ་ཚོགས་དང་། དགྲ་ ཐབས་སྣ་ཚོགས་དང་། བཟོའི་སྤྱད་སྣ་ཚོགས་དང་། འཚོ་རྩིས་སུ་བྱ་བའི་སྤྱད་རྣམ་པ་སྣ་ཚོགས་ལ་མཁས་པ་ལ་བྱ་སྟེ། དེ་ལྟ་བུའི་མི་དཔའ་བོ་དེ་འབྲོག་དགོན་པ་འཇིགས་པ་ཆེན་པོར་ཕྱིན་པ་ལས། དགྲ་བྱུང་ཡང་དཔའ་ཞིང་རྩལ་ཆེ་ལ་ཐབས་མཁས་པས་ཕ་མ་དང་བུ་སྨད་ཀྱང་འཇིགས་པ་ནས་ བཏོན་ཏེ་བདེ་བར་བཀོད། བདག་ཉིད་ལ་ཡང་དགྲས་མི་ཚུགས་ཤིང་། དགྲ་ལ་ཡང་གནོད་པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐབས་མཁས་པ་དང་ལྡན་པ་ཡང་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་སེམས་ཉེ་བར་འཇོག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ ཏེ། རྣམ་པར་ཐར་པའི་སྒོ་གསུམ་ལ་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་དོན་ལ་ཡང་འདྲིས་པར་བྱེད་ལ། དེ་དག་ལ་མཚན་མར་ཡང་མི་འཛིན། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་འགྱུར་བའི་མཚན་མ་མེད་པའི་ཏིང་ངེ་འཛིན་ཀྱང་མངོན་དུ་མི་བྱེད་དོ་ཞེས་བསྟན་པ་ སྟེ། མི་དཔའ་བོ་ཆེ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པའི་དཔེའོ། །ཕ་མ་དང་བུ་སྨད་ནི་སེམས་ཅན་ཐམས་ཅད་ཀྱི་དཔེའོ། །ཕྱིར་རྒོལ་བའི་དགྲ་མང་པོ་ནི་ཐེག་པ་ཆུང་ངུའི་མི་དགེ་བའི་བཤེས་གཉེན་གྱི་དཔེའོ། །གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་ནི་བྱང་ཆུབ་སེམས་དཔའི་ལམ་བདེ་ བ་ཉན་ཐོས་དང་རང་སངས་རྒྱས་སུ་ལྷུང་བའི་ཉེན་མེད་པའི་དཔེ་ཡིན་པར་རིག་པར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་སྟེ་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་ལ་སྤྱད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་མི་གནས་པའི་མྱ་ངན་འདས་པ་ལ་གནས་པའི་དཔེ་བྱ་བར་སྣང་ལ་རྒྱུ་བ་ལས་བླངས་ནས་བསྟན་པ་སྟེ། བྱ་བར་སྣང་ལ་རྒྱུ་བ་ནམ་མཁའི་དཀྱིལ་བར་སྣང་ལ་ཡང་གནས་མི་འཆའ་ལ། བྱོལ་སོང་གཞན་ལྟར་ས་འབའ་ཞིག་ལ་ཡང་མི་བརྟེན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཡང་རྣམ་པར་ཐར་པའི་སྒོ་གསུམ་ལ་སྤྱད་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་མངོན་དུ་ཡང་མི་བྱེད་ལ། ཐབས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྣ་ཚོགས་སྤྱོད་ཀྱང་སེམས་ཅན་ཕལ་ལྟར་ འཁོར་བ་ན་ཡང་མི་གནས་ཏེ་དེ་ལྟར་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཕྱོགས་གཅིག་ཏུ་མི་གནས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་མཐུ་དང་ལྡན་པ་འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ་ཞེས་བྱ་བ་ནས་ནམ་དགེ་བའི་རྩ་བ་ དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་གྱུར་པ་དེ་ན། ཡང་དག་པའི་མཐའ་དམ་པ་མངོན་དུ་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་མ་གྲུབ་ཀྱི་བར་དུ་བདག་གི་དོན་མི་བྱེད་ པའི་དཔེ་སྐྱེས་བུ་མཐུ་དང་ལྡན་པ་འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ་ལས་བླངས་ནས་བསྟན་པ་སྟེ། མདའ་གནམ་དུ་འཕངས་ནས་མདའ་ཕྱི་མ་གཅིག་ནས་གཅིག་ཏུ་བརྒྱུད་པས་ས་ལ་མི་ལྷུང་བར་བྱ་བ་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། དགེ་བའི་རྩ་བ་སྤྱད་པའི་ཤུགས་དྲག་པོ་སེམས་ཅན་གྱི་ དོན་མཐར་མ་ཕྱིན་གྱི་བར་དུ་མི་གཏོང་བའི་དཔེ་ཡིན་པར་རིག་པར་བྱའོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཆོས་དེ་དག་གི་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི་གོང་དུ་བཤད་པའི་དོན་རྣམས་མཇུག་བསྡུས་ ནས་བསྟན་པ་སྟེ། བྱང་ཆུབ་སེམས་དཔའི་ཐབས་མཁས་པའི་ཆོས་ཉིད་དུ་བཤད་པ་དེ་དག་ལ་དེ་ལྟར་བསླབ་པར་བྱའོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ་ཞེས་བྱ་བ་ནས་རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང་ བར་མ་དོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་ནི་དཀའ་བ་བགྱིད་པ་སྟེ། བཅོམ་ལྡན་འདས་ངོ་མཚར་ཆེའོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ཆེའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཟབ་མོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་ལ་སློབ་པ་རྣམས་སྟོང་པས་སྐྲག་སྟེ། སེམས་ཞུམ་ནས་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་པར་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བར་ནུས་པ་ནི་དཀའ་བ་བགྱིད་པ་སྟེ། རབ་ཏུ་ངོ་མཚར་ཆེའོ་ཞེས་གསོལ་པའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་ པར་ནི་རྣམ་པ་དེ་ལྟར་འགྱུར་རོ་ཞེས་བྱ་བ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྟོང་པར་རྟོགས་ཀྱང་སྟོང་པས་སྐྲག་ཅིང་སེམས་ཞུམ་སྟེ་བར་མ་དོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཉམས་ནས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་མི་ལྟུང་བས་དཀའ་བ་སྤྱོད་པ་དེ་ཡང་སྙིང་ རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མ་བཀོད་ཀྱི་བར་དུ་བདག་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་སྨོན་ལམ་ཁྱད་པར་ཅན་དུ་བཏབ་པའི་ཕྱིར་དེ་ལྟར་འགྱུར་རོ་ཞེས་བསྟན་པ་སྟེ། སེམས་ཅན་ཐམས་ ཅད་ཡོངས་སུ་མ་བཏང་ཡང་དམ་པ་མ་ཡིན་པའི་ཆོས་སྤྱོད་པའི་སེམས་ཅན་དང་། བདག་ཏུ་ལྟ་བའི་སེམས་ཅན་དང་། སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་དང་། གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་སེམས་ཅན་དང་། མཚན་མ་ཅན་དུ་སྤྱོད་པའི་སེམས་ཅན་དང་། འཇིག་རྟེན་དང་ འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྨོན་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བ་སྟེ། དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་བ་སྟེ། དམ་པ་མ་ཡིན་པའི་ཆོས་ལ་གནས་ པ་འདི་དག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱའོ་ཞེས་བྱ་བ་ནས་ཇི་སྲིད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་དམ་པ་མ་ཡིན་པའི་ཆོས་སྤྱོད་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་རྣམ་པར་ ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་མངོན་པར་སྒྲུབ་ཅིང་། ཉན་ཐོས་དང་རང་སངས་རྒྱས་ལྟར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གི་ཚེ་འདི་ལྟ་སྟེ་ནང་སྟོང་པ་ཉིད་དང་ཞེས་བྱ་བས་ཐབས་མཁས་པས་ཡོངས་སུ་ བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་རྩ་བ་རྣམས་ཀྱིས་རྣམ་པར་འཕེལ་ཞིང་དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལྟ་བུ་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བདག་ཏུ་ལྟ་བའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་ བའི་ཕྱིར་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་སྤྱོད་ཅིང་སེམས་ཅན་འདི་དག་ཡུན་རིང་པོ་ནས་བདག་དང་སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ལ་སོགས་པའི་འདུ་ཤེས་པས་དམིགས་པ་ཅན་དུ་སྤྱོད་པ་ཡིན་གྱི་དེ་དག་གི་དམིགས་པ་སྤང་བའི་ཕྱིར་ ཆོས་བསྟན་པར་བྱའོ་སྙམ་དུ་སེམས་ཤིང་། ཡང་དག་པའི་མཐའ་མངོན་དུ་མི་བྱེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའི་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་འགྲིབ་པར་མི་འགྱུར་ཞིང་། དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་ འཕགས་པར་ཤེས་རབ་རྣོ་བར་འགྱུར་རོ་ཞེས་བདག་ཏུ་ལྟ་བའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བ་ཕན་ཡོན་དང་བཅས་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་ པ་ཞེས་བྱ་བ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་ཐབས་ལ་མཁས་པ་རྣམ་པར་བྱང་བའི་ཆོས་ རྣམས་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམིགས་པ་ལ་སྤྱོད་སྤྱོད་པ་སྟེ་ཞེས་བྱ་བ་ནས་སྙིང་རྗེ་ཆེན་པོ་ཡོངས་སུ་ མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་གང་ཟག་དང་ ཆོས་སུ་རྣམ་པར་རྟོག་པའི་སེམས་ཅན་ཡོངས་སུ་མ་བཏང་བའི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ་ཞེས་བྱ་བ་ནས་སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་མཚན་མ་ཅན་དུ་སྤྱོད་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་ཐབས་མཁས་པས་དེ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་ མཐའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་སངས་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་ཡང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་སྨོན་པའི་སེམས་ཅན་རྣམས་ཡོངས་སུ་མ་བཏང་བའི་ཕྱིར་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་སྒོམ་པ་ཡོངས་སུ་ རྫོགས་པར་བྱེད་ཅིང་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ལ་སྤྱོད་པ་དང་། འདྲེས་པར་བྱེད་ཅིང་དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་འདུ་བྱ་བ་མེད་པར་ལྟུང་བ་འམ་ཁམས་གསུམ་པ་དང་ལྷན་ཅིག་གནས་མེད་སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པ་ལྟར་ སྙིང་རྗེ་ཆེན་པོ་དང་ལྡན་པས། སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དང་། ཐབས་མཁས་པས་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པའི་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྤྱོད་པ་ནི་ནམ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་མངོན་པར་འདུ་བྱེད་པ་ མེད་པར་ལྟུང་བར་ཡང་མི་འགྱུར་ལ། སེམས་ཅན་ཕལ་ལྟར་འཁོར་བ་ན་གནས་པར་ཡང་མི་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་དེ་ཅི་ལྟར་ན་ཞེས་བྱ་བ་ལ་སོགས་ པས་ནི། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ལུང་བསྟན་པ་ཡིན་ནམ། མ་ཡིན་བརྟག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ནང་གཅིག་ལ་གཅིག་འདྲིར་གཞུག་པ་བསྟན་པ་སྟེ། དེ་ལ་དེ་ལྟར་སྤྱོད་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཇི་ལྟར་ན་ ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་བསྟན་ཏོ། །དེ་རབ་ཏུ་འབྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ སོགས་པའི་ཆོས་དེ་དག་ལ་སྤྱོད་ཅིང་ཡོངས་སུ་འདྲིས་པར་བྱེད་པ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་བའི་སྟོང་པ་ཉིད་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ཡིན་ཞེས་དྲིས་ན། གལ་ཏེ་རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་ པ་མེད་པ་དང་། དངོས་པོ་མེད་པ་ཡིད་ལ་འདྲིས་པར་བྱ་བ་ཙམ་དུ་ཟད་ཀྱི། མངོན་དུ་བྱ་བ་མ་ཡིན་ནོ་ཞེས་ལན་ལྡོན་ན་དེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་ལན་ལྡོན་པས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་ གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་ལྟ་བུ་དྲིས་ན། འདི་སྐད་དུ་ལུང་སྟོན་ཅིང་དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་མི་བྱའོ་ཞེས་བྱ་བ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར་བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་བྱ་བར་ རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་སྤྱོད་པའི་ཚེ། ཇི་ལྟར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ཡིན་ཞེས་དྲིས་པ་ན་རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་འདུ་བྱ་བ་མེད་པ་ལ་སོགས་པ་ཡོངས་སུ་འདྲིས་པར་མི་བྱའོ་ཞེས་ཟེར་ན། ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་དྲིས་པའི་ལན་ལྡོན་པ་དང་མི་མཐུན་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་པར་རིག་པར་བྱ་བ་བསྟན་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར་བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞེས་ བྱ་བ་ལ་བསྲབས་པའི་ས་ཞེས་བྱ་བ་ཉན་ཐོས་ཀྱི་སའི་རིམ་པ་ལ་ནི་ལན་ཅིག་ཕྱིར་འོང་བའི་ས་ལ་བྱ། བྱང་ཆུབ་སེམས་དཔའི་སའི་རིམ་པ་ལ་ནི་ས་གཉིས་པ་ཡན་ཆད། ས་བདུན་པ་མན་ཆད་ལ་བྱ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་ནོན་པ་ནི་མཚན་མ་ཐམས་ཅད་སྤངས་ཤིང་ལྷུན་ གྱིས་གྲུབ་པར་གྱུར་པ་དེ་ལྟར་ལུང་མ་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་བསྲབས་པའི་ས་ཡང་ལེགས་པར་ནོན་པར་མ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་མཆིས་སམ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་སའི་རིམ་པ་ མ་ཐོབ་པ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ཅི་ལས་བརྟག་ཅེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང་མ་ཐོས་ཀྱང་རུང་སྟེ། ཕྱིར་མི་ལྡོག་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལྟ་བ་བཞིན་དུ་ལན་གླན་པའོ་ཞེས་བྱ་བ་ནི་སའི་རིམ་པ་མ་ཐོབ་པའི་བྱང་ཆུབ་སེམས་དཔས་ཀྱང་ཆོས་ཟབ་མོ་ལ་མོས་ཤིང་། གཞན་གྱིས་དྲིས་པའི་ལན་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་ལན་ལྡོན་པ་དེ་དག་ནི་ཕྱིས་ཕྱིར་མི་ལྡོག་པར་འགྱུར་ ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་ས་འམ་ཡོངས་སུ་སྦྱང་བ་མ་ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་ འགྱུར་བ་དཀོན་པ་སྟེ། ཡོངས་སུ་སྦྱང་བའི་ས་ནི་མོས་པས་སྤྱོད་པའི་ས་ལ་བྱའོ། །ཡོངས་སུ་སྦྱང་བའི་ས་མ་ཡིན་པ་ནི་མོས་པས་སྤྱོད་པའི་ས་ཡང་མ་ཐོབ་པ་ལ་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ནས། དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་ བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་ལྔ་པའོ།། །།ཞེས་བྱ་བའི་བར་གྱིས་ནི་ཕྱིར་མི་ལྡོག་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དཀོན་པའི་གཏན་ཚིགས་བསྟན་པ་སྟེ། སྔོན་དགེ་བའི་ རྩ་བ་ཆེན་པོ་བསྐྱེད་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་མཐུན་པར་ལན་ལྡོན་ཞིང་། ཕྱིས་ཀྱང་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱིས་ཟིལ་གྱིས་མི་ནོན་ཅིང་སླར་མི་ ཚུགས་སོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་མཚན་ཉིད་བརྟག་པར་བསྟན་པ་སྟེ། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྨི་ལམ་ན་ཡང་ཞེས་བྱ་བ་ནས། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བ་ཉིད་དུ་ལྟ་ལ། མངོན་དུ་མི་བྱེད་ན་རབ་འབྱོར་དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་ ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་དང་། ཁམས་གསུམ་ལ་འདོད་པའི་སེམས་མི་སྐྱེ་ཞིང་ཡོན་ཏན་དུ་མི་ལྟ་ལ། ཆོས་ཐམས་ཅད་རྨི་ལམ་དང་། སྒྲ་བརྙན་དང་། གཟུགས་བརྙན་དང་། སྨིག་རྒྱུ་དང་། སྤྲུལ་པ་དང་འདྲ་བར་ལྟ་ཞིང་། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་རྨི་ན་དེ་ལྟ་བུ་ནི་ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་བའི་རྟགས་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞབས་འབྲིང་བརྒྱ་ཕྲག་དུ་མ་དང་ཞེས་བྱ་བ་ནས་ གཉེར་བའི་ཆོས་ལ་སྤྱོད་པ་མཐོང་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་གང་གི་རྨི་ལམ་ན་སངས་རྒྱས་བཅོམ་ལྡན་འདས་འཁོར་མང་པོས་བསྐོར་ཞིང་ཆོས་འཆད་པ་ མཐོང་ལ། ཆོས་དེའི་དོན་ཤེས་པར་བྱའོ་སྙམ་དུ་སེམས་ཤིང་ནན་ཏན་བྱེད་པ་མཐོང་ན་དེ་ཡང་ཕྱིར་མི་ལྡོག་པར་འགྱུར་བའི་རྟགས་ཡིན་པར་བསྟན་པ་སྟེ། ཆོས་དང་གཉེར་བའི་ཆོས་ཞེས་བྱ་བ་ལ། ཆོས་ནི་མྱ་ངན་ལས་འདས་པ་ལ་སོགས་པ་ཐོབ་པར་བྱ་བའམ། རྟོག་པར་བྱ་བའི་ཆོས་རྣམས་ལ་ བྱའོ། །གཉེར་བའི་ཆོས་ནི་ཐོབ་པར་བྱ་བའི་ཆོས་དེ་རྣམས་བསྒྲུབ་པར་འཕགས་པའི་ལམ་ལ་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་འཕགས་ཤིང་ཞེས་ བྱ་བ་ནས། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ལ་ལའི་རྨི་ལམ་ ན་དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། སྤྲུལ་པ་མང་པོ་སྟོན་ཅིང་། སྤྲུལ་པ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དུ་སེམས་ཅན་ཡོངས་སུ་སྨིན་ པར་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་བྱ་བ་བྱེད་པ་མཐོང་ན། དེ་ཡང་ཕྱིར་མི་ལྡོག་པར་འགྱུར་བའི་རྟགས་ཡིན་ནོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་དགྲ་བཅོམ་པའམ་ཞེས་བྱ་བ་ནས་ཁམས་གསུམ་པའི་ཆོས་ཐམས་ཅད་རྨི་ ལམ་ལྟ་བུར་བསྟན་པར་བྱའོ་སྙམ་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཁ་ཅིག་རྨི་ལམ་ན་བདག་དང་གཞན་ལ་གནོད་པ་དང་། མི་བདེ་བ་སྣ་ཚོགས་མཐོང་ ཡང་མི་འཇིགས་མི་སྡོང་ལ་མྱ་ངན་མི་བྱེད་པ་དང་། གཉིད་ལས་སད་པའི་ཚེ་ཡང་ཁམས་གསུམ་པའི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་རྟོགས་ཤིང་། ཡིད་ཆེས་པ་དང་། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་གཞན་ལ་ཡང་བསྟན་པར་སེམས་ན་དེ་ཡང་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་ བྱའོ་ཞེས་བསྟན་པའོ། །རབ་འབྱོར་གཞན་ཡང་ཅི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་བྱ་བ་ནས་རྨི་ལམ་གང་ཡིན་པ་དང་། རྨི་ལམ་གྱི་མཐའ་གང་ཡང་ཡིན་པ་དེ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་སྙམ་ན་རབ་འབྱོར་འདི་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ལ་ལའི་རྨི་ལམ་དུ་ངན་སོང་གསུམ་མཐོང་ནས་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་པོ་དེ་དག་རྣམ་པ་ཐམས་ཅད་དུ་མེད་པར་འགྱུར་བ་དེ་ལྟར་བྱང་ཆུབ་ སེམས་དཔའ་སྤྱད་པ་སྤྱོད་དོ་སྙམ་དུ་ཡི་དམ་འཆའ་ན་དེ་ཡང་ཕྱིར་མི་ལྡོག་པར་འགྱུར་བའི་རྟགས་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དེ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་ངན་སོང་གསུམ་རྣམ་པ་ཐམས་ཅད་དུ་མི་སྲིད་པར་འགྱུར་བའི་མཚན་མ་ཡིན་པར་བསྟན་པའོ། །རབ་ འབྱོར་གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་སད་པའི་ཚེ། གྲོང་ཁྱེར་ཚིག་པར་གྱུར་ན་ཞེས་བྱ་བ་ནས་རྒྱུ་དེ་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བདེན་པའི་བྱིན་གྱི་རླབས་ཀྱི་ མཐུ་ལས་ཕྱིར་མི་ལྡོག་པར་ཤེས་པར་བྱ་བ་བསྟན་པ་སྟེ། རྨི་ལམ་མམ་གཉིད་ཀྱིས་མ་ལོག་པའི་ཚེ་ཡང་རུང་། གྲོང་ཁྱེར་མེས་ཚིག་པ་མཐོང་ནས་བདག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ན་མེ་འདི་ཞི་བར་གྱུར་ཅིག་ཅེས། བདེན་པའི་ཚིག་གིས་བྱིན་གྱིས་བརླབས་ཏེ་མེ་དེ་ཞི་བར་གྱུར་ན་ ཕྱིར་མི་ལྡོག་པར་འགྱུར་བར་རིག་པར་བྱའོ། །དེ་སྟེ་མེ་དེ་རྣམ་པ་ཐམས་ཅད་དུ་ནི་མ་ཞི་ནས་ལ་ལ་མ་ཚིག་པར་གྱུར་ན་ཡང་། སེམས་ཅན་དེ་དག་གི་ལས་ལས་གྱུར་ཏེ། ལས་དེའི་རྣམ་པར་སྨིན་པ་དེ་བས་ཀྱང་སྡུག་བསྔལ་ཆེ་ལ་ཡུན་རིང་དུ་གྱུར་པ་ལས། བྱང་ཆུབ་སེམས་དཔའི་བདེན་པའི་བྱིན་ གྱི་རླབས་ཀྱིས་རྣམ་པར་སྨིན་པ་དེ་ཙམ་དུ་ཟད་པར་གྱུར་ན་ཡང་ཕྱིར་མི་ལྡོག་པར་འགྱུར་བར་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་རྣམ་པ་གང་དང་། ཚུལ་གང་དང་མཚན་མ་གང་གིས་ཞེས་བྱ་བ་ནས། རབ་འབྱོར་རྣམ་པ་དེ་དག་དང་། ཚུལ་དེ་དག་དང་། མཚན་མ་དེ་དག་དང་ ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ཀྱང་། ཕྱིར་མི་ལྡོག་པ་ཡིན་ནམ་མ་ཡིན་པ་བདེན་པའི་བྱིན་གྱི་རླབས་ཀྱིས་བརྟག་པར་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ ཕྱིན་པ་དྲུག་ལ་སྤྱོད་པ་ཐབས་མཁས་པ་དང་མི་ལྡན་པ་ཞེས་བྱ་བ་ནས། རབ་འབྱོར་དེ་ལྟ་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་རྣམ་པར་བྱང་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་ མ་སྤྱད་པ་དག་གིས་བདེན་པའི་བྱིན་གྱིས་བརླབས་ན་བདུད་ཀྱིས་བསླུས་ནས་མངོན་རྟོགས་བསྟན་པས་ང་རྒྱལ་སྐྱེས་ཏེ་བདག་སྟོད་ཅིང་གཞན་སྨོད་པ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བ་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་མ་སྤྱད་པ་ཞེས་བྱ་བ་ནས། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་ཐབས་མི་མཁས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ ཡོངས་སུ་རྫོགས་པར་མ་བྱས་པ་དག་ལ་བདུད་ཀྱི་དན་རྟགས་རྣམ་པ་མང་པོ་བསྟན་པ་སྟེ། ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ་ཞེས་སྔོན་གྱི་དན་རྟགས་དང་། ད་ལྟར་སྤྱོད་པའི་དན་རྟགས་ཀྱིས་ཡིད་ཆེས་པར་བྱས་ནས་བསླུས་ན་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ཏེ། རློམ་སེམས་སུ་བྱེད་དེ་དེ་ཡང་བདུད་ཀྱི་ལས་སུ་རིག་པར་བྱ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མིང་གི་བྱིན་གྱི་རླབས་སུ་རིག་པར་བྱ་སྟེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མི་མཁས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་རེ་ཞིང་། བདག་མངོན་པར་རྫོགས་པར་སངས་རྒྱས་ པའི་ཚེ་མིང་འདི་སྐད་ཅེས་བྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང་། ཡིད་ལ་བསམས་པ་དེ་ཉིད་ཀྱི་དན་རྟགས་ཀྱིས་བདུད་ཀྱིས་བསླུས་ནས། དེས་རློམ་སེམས་སྐྱེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའམ། ཡང་ན་ཡུན་རིང་པོའི་འཁོར་བ་ན་འཁྱམས་འཁྱམས་ནས། ཕྱིས་དགེ་ བའི་བཤེས་གཉེན་ལ་བརྟེན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་བསྟན་པའོ། །རབ་འབྱོར་གལ་ཏེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་ལྟ་ བ་དང་། བསྙེན་བཀུར་བར་མ་གྱུར་པ་ཞེས་བྱ་བ་ནས་མཚམས་མེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བདུད་ཀྱིས་བསླུས་ཏེ། རློམས་སེམས་སྐྱེས་ནས་བྱང་ཆུབ་སེམས་དཔའ་གཞན་སྨད་ཅིང་བརྙས་པ་མ་བཤགས་མ་ མཐོལ་ན་དགེ་སློང་གི་ཁྲིམས་ཀྱི་རྩ་བ་བཞི་དང་། མཚམས་མེད་པ་ལྔ་བྱས་པ་བས་ཀྱང་སྡིག་ཆེ་བར་བཤད་པའོ། །རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དབེན་པའི་ཡོན་ཏན་སྟོན་ཅིང་ཞེས་བྱ་བ་ནས། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གིས་ཁོང་དུ་ཆུད་ པའི་མངོན་པར་ཤེས་པའི་མཐུར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ལུས་དབེན་པ་སྨད་ཅིང་སེམས་དབེན་པ་སྟོང་པ་བསྟན་པ་སྟེ། ལུས་དབེན་པ་ནི་དགོན་པ་ན་གནས་པའོ། །སེམས་དབེན་པ་ནི་ཐེག་པ་ཆུང་ངུའི་ལྟ་བ་དམན་པ་མེད་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱའོ་ཞེས་བྱ་བ་ནས། དེ་བཞིན་ཉིད་དང་ཡང་དག་བའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལ་བསྙེན་ཅིང་། བསྟེན་པ་དང་། རིམ་གྲོ་བྱ་བ་དང་། དགེ་བའི་བཤེས་གཉེན་གང་དང་གང་ཡིན་པ་ཤེས་པར་བྱ་བ་བསྟན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་བ་ཡང་ཆོས་དེ་རྣམས་ལ་བརྟེན་ཅིང་གོམས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རྒྱུར་འགྱུར་བའི་ཕྱིར་རོ། །རབ་འབྱོར་ གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ་ ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དུ་རིག་པར་བྱ་བའི་གཏན་ཚིགས་བསྟན་པ་སྟེ། སྟོན་པ་དང་། ལམ་དང་། སྙིང་པོ་དང་། སྒྲོན་མ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་ཕན་འདོགས་ པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་རྒྱུར་འགྱུར་བའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པ་ལ། འཁོར་གྱི་ནང་ན་ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ་ཞེས་བསྟན་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དངོས་པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དམ་པར་དངོས་པོ་མེད་པ་ནམ་མཁའ་དང་འདྲའོ་ཞེས་བསྟན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མེད་པ་སྟེ་ཞེས་བྱ་བ་ནི་དེ་ལྟར་ནམ་མཁའ་དང་ འདྲ་བའི་ཕྱིར་ཆོས་གང་གི་མཚན་ཉིད་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་སྟོང་པས། དེ་ལ་མཚན་ཉིད་ཅི་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་དང་། རང་བཞིན་གྱིས་སྟོང་པར་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཆོས་ཐམས་ཅད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འདྲའམ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ཐམས་ཅད་ཡོད་དོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་། ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་ཅིང་སྟོང་པ་ཉིད་དུ་འདྲའོ་ཞེས་བསྟན་པའོ། །དེ་ཉིད་གསལ་བར་བསྟན་པའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ་ཞེས་བྱ་བ་ནས། འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། དབེན་པའི་ མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེས་ཆོས་ཐམས་ཅད་ཡོད་དོ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་དང་། རང་བཞིན་གྱིས་སྟོང་པར་འདྲའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ་ བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་ལ་ཞེས་བྱ་བ་ནས་བཅོམ་ལྡན་འདས་བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི་ཞེས་བྱ་བའི་བར་དུ་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ན། བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་ཉོན་མོངས་པའི་ཕྱོགས་སྤངས་ པ་དང་། རྣམ་པར་བྱང་བའི་ཕྱོགས་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བསྟན་པ་དེ་དག་ཐམས་ཅད་ཀྱང་། དངོས་པོ་མེད་དེ་རང་བཞིན་གྱིས་སྟོང་ན། དེའི་དོན་ཇི་ལྟར་རྟོགས་པར་བགྱི་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ་ཞེས་བྱ་བ་ནས། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པས། རབ་འབྱོར་དེ་ལྟར་ན་སེམས་ཅན་རྣམས་ཀྱིས་རྣམ་པར་བྱང་བ་ཡོད་པ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ ཅད་རང་བཞིན་གྱིས་དབེན་ཞིང་སྟོང་ན། སེམས་ཅན་རྣམས་ཀྱིས་དེ་ལྟར་མ་རྟོགས་ཏེ། མཚན་མར་འཛིན་ཅིང་འཁོར་བ་ན་འཁྱམས་པར་གྱུར་པ་དེ་དག་བཀྲི་བའི་ཕྱིར་ཀུན་རྫོབ་ཏུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡོད་པར་སྒྲོ་བཏགས་ཏེ་བཤད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་གང་ཡང་ མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་གཟུགས་ལ་མི་སྤྱོད་ཅེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་དོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་ཀྱང་། སྟོང་ པ་ཉིད་མངོན་དུ་མི་བྱེད་པར་ཐབས་མཁས་པས་ཀུན་རྫོབ་ཏུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཡོད་པར་ལྟ་བ་དེ་ལྟར་སྤྱོད་པ་ནི་ཀུན་རྫོབ་ཏུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྤྱོད་ཀྱང་། དོན་དམ་པར་དེ་དག་ལ་དངོས་པོར་ལྟ་ཞིང་མི་སྤྱོད་དོ་ཞེས་ བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང་གང་གིས་སྤྱོད་པ་དང་། གང་ལ་སྤྱོད་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མི་དམིགས་སོ་ཞེས་བྱ་བས་ནི་དོན་དམ་པར་ཆོས་ཐམས་ཅད་ལ་མི་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་ཆོས་ ཐམས་ཅད་རང་བཞིན་གྱིས་སྟོང་པས། སྤྱོད་པ་པོ་དང་། སྤྱད་པར་བྱ་བ་དང་། སྤྱོད་པའི་རྒྱུ་གང་ཡང་མི་དམིགས་པའི་ཕྱིར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་ཐུབ་པ་ སྟེ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཐབས་མཁས་པ་དང་ལྡན་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་ཐམས་ཅད་ཀྱིས་གནོད་པར་བྱ་མི་ནུས་ཤིང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པའི་ཕན་ཡོན་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་འཛམ་བུའི་གླིང་དང་། གླིང་ བཞི་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སངས་རྒྱས་སུ་གྱུར་པ་ལ། རིམ་གྲོ་དང་། བཀུར་སྟི་ལ་སོགས་པ་བྱས་ཏེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་། ཡིད་ལ་བྱེད་པ་བསོད་ནམས་ཆེས་བསྟན་པ་སྟེ། གཞན་ལ་སྟོན་པ་དང་། འཆད་པ་དང་རྣམ་པར་གཞོག་པ་དང་། རབ་ཏུ་གཞོག་པ་དང་། འགྲེལ་པ་དང་། རྣམ་ པར་འབྱེད་པ་དང་། གསལ་བར་བྱེད་པ་དང་། ཡང་དག་པར་སྟོན་པ་ཞེས་བྱ་བ་ནི། འཆད་པའི་རྣམ་གྲངས་སུ་རིག་པར་བྱའོ། །རབ་འབྱོར་གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་ བུ་མོ་ལ་ལ་ཞིག་གིས། དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་ཞེས་བྱ་བ་ལ་སོགས་པས་ནི་འཛམ་བུའི་གླིང་དང་གླིང་བཞི་དང་། སྟོང་གི་འཇིག་རྟེན་གྱི་ཁམས་དང་། སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ ཅད་དུས་གཅིག་ཏུ་མིའི་ལུས་སུ་གྱུར་ལ། དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་སོགས་པ་ལ་བཀོད་དེ། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང་འཆད་པ་ལ་སོགས་ པའི་བསོད་ནམས་ཆེ་བ་བསྟན་པའོ། །རབ་འབྱོར་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་སྤྱོད་པ་ནི་ཞེས་བྱ་བ་ནས་བླ་ན་མེད་པའི་ཤེས་རབ་ཀྱི་མིག་བསྐྱེད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་ཅིང་འཆད་པ་ལ་སོགས་པའི་སྒོ་ནས་སྤྱོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་སྤྱོད་ པའི་ཕན་ཡོན་བསྟན་པ་སྟེ། དེའི་ཕན་ཡོན་ཡང་སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་བ་དང་། ཚད་མེད་པ་བཞི་དང་ལྡན་པར་འགྱུར་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྣང་བ་ཆེན་པོ་དང་ལྡན་པ་དང་། མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་སྦྱིན་ པའི་གནས་སུ་འགྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། གོས་དང་བསོད་སྙོམས་ལ་སོགས་པ་སྦྱིན་པའི་སྦྱིན་བདག་གི་སྦྱིན་པ་ཡོངས་སུ་དག་པར་བྱེད་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་དག་སྟེ། དེ་བས་ན་ཕན་ཡོན་དེ་དག་ཐོབ་པར་ འདོད་པ་དང་། ཡུལ་ཁམས་ཀྱི་བསོད་སྙོམས་བླང་བ་འབྲས་བུ་ཡོད་པར་བྱ་བར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ལམ་སྟོན་པ་ལ་སོགས་པ་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་འཆད་པར་གནས་པར་བྱའོ་ཞེས་བསྟན་པའོ། །གལ་ཏེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས། རྣམ་པར་མི་སྤྱོད་ན་ཡང་དེས་ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་དབྱེ་བ་སྟེ་ཞེས་བྱ་བ་ནི་བརྒྱ་ལ་གོང་དུ་སྨོས་པ་ལྟ་བུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཡོངས་སུ་རྫོགས་པར་ མ་ནུས་ན་ཡང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་གོ་སྐབས་མི་དབྱེའོ་ཞེས་བསྟན་པའོ། །དེས་ནི་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ཉིད་ཀྱིས་ཉིན་མཚན་དུ་མི་གཏོང་ཞིང་བརྩོན་པར་གནས་པ་དེ་ལྟར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་ ཡོངས་སུ་མ་རྫོགས་སུ་མི་གཏོང་བར་བརྩོན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་སྟོར་བར་ཡང་མི་བྱ་སྟེ། དེ་ལྟར་ན་རྟག་ཏུ་བདེ་བ་དང་ཡིད་བདེ་བ་དང་། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡིད་ལ་བྱ་བ་རྟག་ཏུ་མི་གཏང་བའི་དཔེ་བསྟན་པ་སྟེ། དེ་ལྟར་ཡིད་ལ་བྱ་བ་དེ་མ་བཏང་ན་རྟག་ཏུ་ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ལ་ སོགས་པ་ནི་དེ་ལྟར་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་ལོ་ཞེས་བཤད་པ་ལ་འཁོར་གྱི་ནང་ནས་ཁ་ཅིག་ཡིད་ལ་བྱ་བ་དེ་ལྟ་བུ་དངོས་པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས་རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ལ་འཕེལ་བ་མེད་དོ། །ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་ཡིད་ལ་བྱ་བ་དང་མ་བྲལ་བ་ཞེས་བྱ་བ་ཡང་དངོས་པོ་ཡོད་པར་རྟོག་པའི་ཡིད་ལ་བྱ་བ་ལ་ནི་མི་བྱའོ། །དོན་ དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། སུས་ཀྱང་མ་བྱས་ལ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་རང་བཞིན་དུ་གནས་པར་ཤེས་པ་ཉིད་ཡིད་ལ་བྱེད་པ་དེ་དང་མ་བྲལ་བ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་ དབེན་ཞིང་། རང་བཞིན་གྱིས་སྟོང་པ་ལགས་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྟོག་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཡིན་ནོ་ཞེས་བཤད་པ་ལ། འཁོར་གྱི་ནང་ནས་ ཁ་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་ཡོད་པར་རྟོག་པ་བསལ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དེའི་ལན་བཀའ་སྩལ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱ་བ་ཡང་དངོས་པོ་ཡོད་པར་དེ་ཡང་མ་བྲལ་བ་ལ་ནི་མི་བྱའི། དོན་དམ་པར་རང་བཞིན་གྱིས་ སྟོང་པས། དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའི་རང་བཞིན་དུ་རོ་གཅིག་སྟེ། དེ་ལ་འཕེལ་འགྲིབ་དང་། གཅིག་དང་གཉིས་ཞེས་བྱ་བར་དམ་པར་རྟོག་པ་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཆུད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་ཡིན་ནོ་ཞེས་བསྟན་པའོ། །རབ་ འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་མ་ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་<དམེ་‚དམ་>ཞེས་བྱ་བ་ནི་གོང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྟོག་པར་རིག་པར་བྱའོ་ཞེས་གསུངས་པ་ལ། འཁོར་གྱི་ནང་ནས་འགའ་ཞིག་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དངོས་པོར་ཡོད་དམ་སྙམ་དུ་རྟོག་པ་བསལ་བའི་ཕྱིར་ཞུས་པ་སྟེ། སྟོང་པ་ཉིད་དང་། གསོག་དང་། གསོབ་དང་། རག་མ་ལུས་པ་ དང་། སྙིང་པོ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་ཏེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལ་སྤྱོད་པ་གཉིས་ཀ་རང་བཞིན་སྟོང་ན། སུ་ཞིག་ཙམ་ལ་སྤྱོད་ཅེས་བྱ་བའི་དོན་ཏོ། །གསོག་དང་གསོབ་དང་རག་མ་ལུས་པ་དང་། སྙིང་པོ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་རིག་ པར་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བ་ཡང་། ཀུན་རྫོབ་ཏུ་བཤད་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་སྤྱོད་པ་དང་། སྤྱད་པར་བྱ་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་གང་ཡང་དམིགས་སུ་མ་མཆིས་སམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ན། དེ་ལས་གཞན་པའི་ ཆོས་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མཆིས་སམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་ཆོས་གཞན་གང་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་དོ་ ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་ཆོས་གཞན་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་ན། ཅི་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་རང་བཞིན་གྱིས་སྟོང་པས་དེ་ཉིད་ལ་མི་སྤྱོད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཅི་ལགས་ སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ་ཞེས་བྱ་བ་ནི་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དེ། སྤྱོད་པ་དང་སྤྱད་པར་བྱ་བ་གཉི་ག་སྟོང་ན་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་དངོས་པོ་མེད་པ་ལ་བྱ་སྟེ། དངོས་པོ་མེད་པས་དངོས་པོ་མེད་པ་ལ་སྤྱད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་ལ་སྤྱོད་དམ་ ཞེས་བྱ་བ་ནི་དེ་ལྟར་སྤྱོད་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་ན་སྟོང་པ་ཉིད་ལས་གཞན་པའི་དངོས་པོ་འགའ་ཞིག་ལ་སྟོང་པ་ཉིད་སྤྱོད་དམ་ཞེས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དུ་རོ་གཅིག་པས། སྟོང་པ་ཉིད་མ་ ཡིན་པའི་ཆོས་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཅི་ལགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་ན། གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་ཞུས་པ་དང་། ཆོས་དེ་དག་ཐམས་ཅད་ཀྱང་དོན་དམ་པར་ སྟོང་པ་ཉིད་དུ་རོ་གཅིག་པས། སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་སོ་སོར་དབྱེར་མེད་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་ཅི་ལགས། གཟུགས་ཀྱི་སྟོང་པ་ཉིད་དང་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་ཉིད་དང་། རག་ ལུས་པ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན་གཟུགས་ལ་སོགས་པ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་ གཏོགས་པ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ཞེས་ཞུས་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་ནི་སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་ཀ་མེད་པས། གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ བསྟན་པའོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས་གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི་དེ་ལྟར་གོང་དུ་སྨོས་པའི་ཚུལ་དུ་ཆོས་ གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མེད་ན། དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས་ཀྱིས་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་ཞེས་བཀའ་སྩལ་ཞེས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་ སྙམ་དུ་སེམས། ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་སྤྱོད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དོན་དམ་པར་ཡོད་པ་མ་ཡིན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱིས་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་ནི་བྱང་ཆུབ་སེམས་དཔས་སྤྱད་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ དམ་པར་ཡོད་པ་མ་ཡིན་པ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཆོས་གང་ཁྱོད་ཀྱིས་མ་མཐོང་བའི་ཆོས་དེ་དམིགས་སུ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་ནི་སྤྱོད་པ་དང་སྤྱད་པར་བྱ་བ་གཉིས་ཀ་དོན་དམ་པར་ དངོས་པོ་མེད་པས་དམིགས་སུ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཆོས་གང་དམིགས་སུ་མེད་པ་དེ་སྐྱེ་བ་འམ་འགག་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བས་ནི་དེ་ལྟར་དོན་དམ་པར་ཆོས་ ཐམས་ཅད་དམིགས་སུ་མེད་པས་སྐྱེ་བ་དང་འགག་པ་ཡང་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྟེ་ཞེས་བྱ་བ་ནས་དེའི་ཆོས་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ན་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་མི་འགྲོ་བའི་ཕན་ཡོན་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ ཅི་ལགས་ཆོས་ཐམས་ཅད་མི་སྐྱེ་བ་ཉིད་གང་ལགས་པ་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་