Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 92

Văn bản gốc(Tây Tạng)

Trang 12 / 17 (50.000 ký tự/trang)
་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཕྱིར་མི་ལྡོག་པའི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བའི་བར་གྱིས་ནི། གོང་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་རྣམ་པ་མང་པོ་བསྟན་པས་རབ་འབྱོར་མགུ་སྟེ་དད་པ་སྐྱེས་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་རིག་ནས་ཡོན་ཏན་ཆེན་པོ་དང་ལྡན་པ་དང་། ཡོན་ཏན་ཚད་མེད་པ་དང་། ཡོན་ཏན་གྲངས་མེད་པ་དང་། ཡོན་ཏན་དཔག་ཏུ་མེད་པ་དང་། ཡོན་ཏན་བསྐྱེད་དུ་མེད་པ་དང་ལྡན་པ་རྣམས་སྨོས་ནས་ཡོན་ཏན་ཆེན་པོ་དང་ལྡན་པའི་དོན་མདོར་བསྡུས་ཏེ་
གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཆེ་བ་མདོར་བསྡུས་པའི་དོན་རབ་འབྱོར་གྱིས་གསོལ་པ་འཁོར་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་
ཀྱིས་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཐུན་མོང་མ་ཡིན་པའི་ཡེ་ཤེས་མཐའ་ཡས་མུ་མེད་པ་རབ་ཏུ་ཐོབ་སྟེ། ཡེ་ཤེས་དེ་དག་ལ་གནས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོ་སོ་ཡང་
དག་པར་རིག་པ་མངོན་པར་བསྒྲུབས་པ་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང་ལན་ཟད་པར་མི་ནུས་པའི་སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་བོ་ཞེས་བྱ་བས་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡོན་ཏན་ཆེན་པོ་དང་ལྡན་པའི་གཏན་ཚིགས་བསྟན་པ་སྟེ། ཕྱིར་མི་
ལྡོག་པའི་བྱང་ཆུབ་སེམས་དཔའ་དེས་ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའི་ཡེ་ཤེས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་པ་དེ་ལྟ་བུའི་ཡེ་ཤེས་ཐོབ་པས། ལྷ་དང་
མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཆོས་དང་དོན་དང་ངེས་པའི་ཚིག་གང་དང་གང་དྲིས་པ་དེ་དག་གི་ལན་གདབ་པ་ལ་སྤོབས་པ་ཟད་པར་མི་འགྱུར་བ་ཐོབ་པའི་ཕྱིར་ཡོན་ཏན་ཆེན་པོ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་

དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཡང་རྣམ་པ་གང་དང་ཚུལ་གང་དང་། མཚན་མ་གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བརྗོད་པའི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང་
མཚན་མ་རྣམས་སྟོན་པའི་མཐུ་མངའ་བ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པའི་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བཤད་དུ་གསོལ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཆེ་བ་གཏན་ཚིགས་དང་བཅས་པར་
བསྟན་པ་དང་། དེ་ལྟ་བུའི་ཡོན་ཏན་ཆེན་པོ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་ཡང་ཆོས་ཟབ་མོ་རྣམས་རྟོགས་པར་འགྱུར་ན། ཆོས་ཟབ་མོ་གང་དང་གང་རྣམས་རྟོགས་ན། ཡོན་ཏན་དེ་ལྟ་བུ་དག་དང་ལྡན་པར་འགྱུར་བའི་ཆོས་ཟབ་མོ་རྣམས་བཤད་པར་བཅོམ་ལྡན་འདས་
ལ་རབ་འབྱོར་གྱིས་གསོལ་བ་བཏབ་པར་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་ཁྱོད་དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པའི་གནས་ཟབ་མོ་ཟབ་མོ་རྣམས་
དྲི་བར་སེམས་པ་ལེགས་སོ་ལེགས་སོ་ཞེས་བྱ་བས་ནི་རབ་འབྱོར་གྱིས་ཆོས་ཟབ་མོར་བཤད་པར་གསོལ་པ། དོན་ནི་དམིགས་སུ་ཕེབས་པར་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་བསྟོད་པའོ། །རབ་འབྱོར་ཟབ་མོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་བྱ་བ་ནས་ཆོས་ཀྱི་དབྱིངས་ཀྱི་ཚིག་
བླ་དགས་སོ་ཞེས་བྱ་བའི་བར་གྱིས་ནི་ཟབ་མོའི་དོན་བསྟན་པ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་དང་ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་
མཐའ་དང་། ཆོས་ཀྱི་དབྱིངས་ཞེས་བྱ་བ་རྣམས་ནི་སྟོང་པ་ཉིད་ཀྱི་རྣམ་གྲངས་ཏེ། དེ་དག་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱི་བློས་མི་རྟོགས་པའི་ཕྱིར་ཟབ་པ་ཡིན་པར་ཚིག་ཏུ་བཏགས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་འདི་ལྟ་སྟེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་དེ་དག་

ནི་གནས་ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་དག་གོ་ཞེས་བྱ་བས་ནི་གོང་དུ་སྨོས་པའི་ཚིག་རྣམས་ཀྱི་དོན་མདོར་བསྡུས་ནས་བསྟན་པ་སྟེ། མདོར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དུ་རྟོགས་པ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉན་ཐོས་དང་རང་སངས་རྒྱས་ལ་
སོགས་པའི་སྤྱོད་ཡུལ་མ་ཡིན་པ་དེ་ལ་ཟབ་མོ་ཞེས་མིང་དུ་བཏགས་ཏེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་དེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་སུ་བས་ཀྱི། ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་། དོན་དམ་པར་དངོས་
པོ་མེད་པ་དེ་དག་གི་ཆོས་ཉིད་ཀྱི་རང་བཞིན་ཡང་ཟབ་པར་བསྟན་པའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཟབ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་ཀྱང་ཡིན་ནོ་ཞེས་བྱ་བ་ནས་རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཟབ་བོ། །བྱང་
ཆུབ་ཀྱང་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐུག་གི་བར་གྱི་ཆོས་ཐམས་ཅད་ཀྱང་། དོན་དམ་པར་ཇི་ལྟར་སྣང་ཞིང་གྲགས་པའི་རང་བཞིན་དུ་ཡོད་པ་མ་ཡིན་ཞིང་དེ་བཞིན་ཉིད་ཙམ་དུ་ཟད་དེ་དམིགས་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་
པ་འབའ་ཞིག་ཟབ་པར་མ་ཟད་ཀྱི་ཆོས་དེ་དག་ཐམས་ཅད་ཀྱང་ཟབ་བོ་ཞེས་བསྟན་པའོ། །རབ་འབྱོར་ཇི་ལྟར་ན་གཟུགས་ཟབ་ཅེས་བྱ་བ་ནས་ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེ་ན་ཞེས་བྱ་བའི་བར་དུ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཇི་ལྟར་ཟབ་པའི་གླེང་བསླང་བའོ། །གཟུགས་
ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་པོ་ཞེས་བྱ་བ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དེ་བཞིན་ཉིད་ཀྱི་རང་བཞིན་ཙམ་དུ་ཟད་དེ། དེ་བཞིན་
ཉིད་དེ་ཡང་མཚན་མའི་སྒོ་ནས་དམིགས་སུ་མེད་དོ། །དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཇི་ལྟ་བུ་ལགས་

ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་ཞིབ་ཏུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མེད། གཟུགས་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ། གཟུགས་
ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་ཞེས་བྱ་བ་ནས་རབ་འབྱོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གུད་ན་ཡང་དེ་བཞིན་ཉིད་མེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ནི་དེ་ལྟ་བུའོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཡིན་པ་ཞིབ་ཏུ་བསྟན་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས། གཟུགས་ལ་སོགས་པའི་དངོས་པོར་ཡོད་པ་མ་ཡིན། གཟུགས་ལ་སོགས་པ་ལས་གཞན་པའི་དངོས་པོར་ཡང་ཡོད་
པ་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ལྟར་ཐབས་མཁས་པས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ལས་ཀྱང་བཟློག། མྱ་ངན་ལས་འདས་པ་ཡང་བསྟན་ཞེས་བྱ་བ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཟློག །མྱ་ངན་ལས་
འདས་པ་ཡང་བསྟན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་ཐུན་མོང་མ་ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག། མྱ་ངན་ལས་འདས་པ་ཡང་བསྟན་པ་དེ་ནི་ངོ་མཚར་ཆེའོ་ཞེས་བྱ་བའི་བར་དུ་ནི་དེ་ལྟར་གོང་དུ་
བཤད་པའི་རིམ་པས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་པས། གཟུགས་ལ་སོགས་པ་ཟབ་བོ་ཞེས་བསྟན་པ་ནི་གཟུགས་ལ་སོགས་པ་ལ་མངོན་པར་ཆགས་པ་ལས་བཟློག་པའི་ཕྱིར་གཟུགས་ལ་སོགས་པ་ལས་བཟློག་པ་ཡིན་ལ་དེ་ལྟར་གཟུགས་ལ་
སོགས་པའི་ཆོས་ཐམས་ཅད་དོན་དམ་པར་དངོས་པོ་ཡོད་པར་མ་གྲུབ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ཟབ་མོ་བསྟན་པས་ནི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ཏེ། དེ་ལྟར་གཟུགས་ལ་སོགས་པ་ཟབ་བོ་ཞེས་བསྟན་པ་ཙམ་གྱིས་གཟུགས་ལ་སོགས་པ་ལ་མངོན་པར་ཆགས་པ་ལས་ཀྱང་བཟློག །མྱ་ངན་

ལས་འདས་པ་ཡང་བསྟན་པའི་ཐབས་མཁས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་བསྟན་པ་ངོ་མཚར་ཆེའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་། ཐུན་མོང་མ་
ལགས་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཐུག་གི་བར་གྱི་ཆོས་རྣམས་ལ་མ་གཏོགས་པ་རྣམས་བསྡུས་ཏེ་བསྟན་པ་སྟེ་གཟུགས་ལ་སོགས་པ་ཟབ་མོ་ཞེས་བསྟན་
པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཆོས་ཐམས་ཅད་ལ་མཚན་མར་འཛིན་ཅིང་། མངོན་པར་ཆགས་པ་ཐམས་ཅད་ལས་ཀྱང་བཟློག་པར་འགྱུར་ལ། མྱ་ངན་ལས་འདས་པར་ཡང་བསྟན་པར་འགྱུར་བའི་
ཐབས་མཁས་པ་དེ་ལྟ་བུ་བཤད་པ་ངོ་མཚར་ཆེའོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་བདག་གིས་གནས་པར་བྱའོ་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་གནས་ཤིང་བསླབ་པར་སེམས་པ་བསོད་ནམས་ཆེ་བ་དང་། སྒྲིབ་པ་བྱང་བར་འགྱུར་བའི་ཕན་ཡོན་ཆེ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་མ་འདྲེས་པར་སྤྱོད་ཅིང་། བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས་ཞེས་བྱ་བ་ནི་འདུ་འཛིའི་ནང་ན་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བཤད་པ་བཞིན་དུ་སྤྱོད་པར་སེམས་ཤིང་རྩོལ་བ་ཡང་ཕན་ཡོན་དེ་ལྟར་ཆེ་ན་འདུ་འཛི་སྤངས་ཏེ་སུ་དང་ཡང་མ་འདྲེས་པར་གཅིག་པུ་དབེན་པར་
འདུག་ཅིང་བསྒོམས་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བསྟན་པའོ། །རབ་འབྱོར་དེ་ལྟར་དེ་དཔེར་ན་སྐྱེས་བུ་འདོད་ཆགས་ཀྱི་སྤྱོད་པ་ཅན་རྟོག་པ་དང་ལྡན་པ་ལ་ལ་ཞིག་གིས་ཞེས་བྱ་བ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་སྤངས་ཤིང་རྒྱབ་ཀྱིས་བལྟས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་

སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བསྐལ་པ་མང་པོར་སྒྲིབ་པ་བྱང་ཞིང་འཁོར་བ་ལས་ཐར་བར་འགྱུར་བའི་དཔེ་སྐྱེས་པ་བུད་མེད་ལ་ཆགས་པའི་རྟོག་པ་མང་པོ་འབྱུང་བ་ལས་བླངས་ཏེ་བསྟན་པ་སྟེ། སྐྱེས་པ་བུད་མེད་ལ་ཆགས་པ་ནུབ་གཅིག་ལ་སེམས་ཀྱི་རྟོག་པ་མང་པོ་ཇི་སྙེད་ཅིག་འབྱུང་
བ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་འཁོར་བ་སྤངས་པར་འགྱུར་བའི་ཕན་ཡོན་བསྟན་པའོ། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སློབ་པ་དང་ཞེས་བྱ་བ་ནས་གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་ཉེ་བར་མི་འགྲོའོ་ཞེས་
བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་བསྟན་པ་བཞིན་དུ་སློབ་ཅིང་ཉམས་སུ་ལེན་པ་དང་བླ་ན་མེད་པའི་བྱང་ཆུབ་ལ་སྒྲིབ་པའི་སྐྱོན་རྣམས་སྤོང་བ་ཕན་ཡོན་ཆེ་བར་བསྟན་པ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེས་ཉིན་ཞག་གཅིག་ལ་དགེ་བའི་རྩ་བ་ཇི་སྙེད་ཅིག་བསགས་པ་
དེ་ལ་གཟུགས་ཤིག་ཡོད་དུ་ཟིན་ན། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱང་ཡོངས་སུ་གང་བར་གྱུར་ཀྱང་དགེ་བའི་རྩ་བ་སྔ་མ་དེ། དགེ་བའི་རྩ་བ་དེའི་ལྷག་མ་ལ་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་གྱུར་པའི་དགེ་བའི་རྩ་བ་དེས། བརྒྱའི་ཆར་ཡང་མི་ཆོག་པ་ནས་བྱེ་བ་ཁྲག་ཁྲིག་བརྒྱ་
སྟོང་གི་ཆར་ཡང་མི་ཆོག་ཅིང་། གྲངས་དང་ཆ་དང་བགྲང་བ་དང་དཔེ་དང་རྒྱུར་ཡང་བྱར་མི་རུང་བ་ཙམ་དུ་དགེ་བའི་རྩ་བ་མང་དུ་འཕེལ་བ་བསྟན་པའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་
སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་ཆོག་དང་། དགེ་འདུན་དཀོན་མཆོག་དང་། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན་ཞེས་བྱ་བ་ནས། དེ་ཅིའི་ཕྱིར་ཞེ་ན། ཚུལ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ལོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱེད་པ་བསོད་ནམས་ཆེ་བ་བསྟན་པ་སྟེ། བསྐལ་པའི་གྲངས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་པ་ནི་ཟང་ཟིང་གི་སྦྱིན་པའི་འབྲས་

བུ་ལོངས་སྤྱོད་ཆེན་པོ་ཐོབ་པ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའི་ཕྱིར་དེ་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་
ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འདུག་ཅིང་། རྒྱུན་དུ་ཞུགས་པ་ལ་ཡོན་ཕུལ་ཞེས་བྱ་བ་ནས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལས་འདས་ན་བྱང་ཆུབ་སེམས་དཔའི་
སྐྱོན་མེད་པར་འཇུག་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་པར་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་རྒྱུན་དུ་ཞུགས་པ་ལ་སོགས་པ་འཕགས་པའི་གང་ཟག་རྣམས་ལ་སྦྱིན་
པ་བྱིན་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་བསྟན་པ་འདི་ལ་བརྩོན་པར་བྱེད་པ་བསོད་ནམས་ཆེ་བར་བསྟན་པ་སྟེ། འཕགས་པའི་གང་ཟག་རྣམས་ལ་ཡོན་ཕུལ་བ་ནི་ཟང་ཟིང་གི་སྦྱིན་པའི་འབྲས་བུ་འཇིག་རྟེན་པའི་ལོངས་སྤྱོད་ཆེན་པོ་ཐོབ་པ་ཙམ་དུ་ཟད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ལ་བརྩོན་པར་བྱས་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་ནས་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་
སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག །བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཚོ་སྟེ་སྦྱིན་པ་བྱིན་ན་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་
ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དང་མི་ལྡན་པར་བསྐལ་པ་མང་པོར་སྦྱིན་པ་ལ་སོགས་པར་བྱས་པ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དང་མཐུན་པར་ཉིན་ཞག་འགའ་ཞིག་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་བསོད་ནམས་ཆེ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་ལྡན་ཞིང་དམིགས་

པ་དང་བཅས་པར་སྦྱིན་པ་ལ་སོགས་པ་བྱས་ནས་འཁོར་གསུམ་ཡོངས་སུ་མ་དག་པས་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་མི་འགྱུར་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བ་དང་། ཡོངས་སུ་རྫོགས་
པར་འགྱུར་བའི་རྒྱུ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ཕྱིར་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་
པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཆོས་ཀྱི་སྦྱིན་པ་བྱིན་ན་ཞེས་བྱ་བ་ནས་རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་
བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་དམིགས་པ་དང་བཅས་པར་ཆོས་ཀྱི་སྦྱིན་པ་བསྐལ་པ་མང་པོར་བྱས་པ་བས་དམིགས་པ་མེད་ཅིང་འཁོར་གསུམ་ཡོངས་སུ་དག་པར་ཉིན་ཞག་འགའ་ཞིག་ཆོས་ཀྱི་སྦྱིན་པ་བྱས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་
བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ནས་རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་ཞིང་། དམིགས་པ་དང་བཅས་པར་བསྐལ་པ་མང་པོར་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་བརྩོན་པར་བྱས་པ་བས་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཟབ་མོ་འདིའི་དོན་དང་མཐུན་ཞིང་འཁོར་གསུམ་ཡོངས་སུ་དག་པར་ཉིན་ཞག་འགའ་ཞིག་དྲན་པ་ཉེ་བར་གཞག་པ་བཞི་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ལ་བརྩོན་པར་བྱེད་པ་ཆེས་བསོད་ནམས་མང་དུ་འཕེལ་བ་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་པར་

རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་མི་ལྡོག་པ་སྲིད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མཐུན་ཞིང་འཁོར་གསུམ་ཡོངས་སུ་དག་པར་རྣམ་པར་བྱང་བའི་ཆོས་རྣམས་ལ་སྤྱོད་པ་ནི་ནམ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ལས་ཕྱིར་ལྡོག་པ་མི་སྲིད་པའི་ཕྱིར་བསོད་ནམས་ཆེས་མང་དུ་འཕེལ་ལོ་ཞེས་བསྟན་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཟང་ཟིང་གི་སྦྱིན་པ་དེ་དང་། ཆོས་ཀྱི་
སྦྱིན་པ་དེ་དང་ཞེས་བྱ་བ་ནས་རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་དང་མི་ལྡན་པར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་བྱས་པའི་བསོད་ནམས་དང་། བསམ་གཏན་བསྒོམས་པའི་བསོད་ནམས་དེ་དག་བསྐལ་པ་མང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་
མཐུན་ཞིང་འཁོར་གསུམ་ཡོངས་སུ་དག་པར་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་བསམ་གཏན་བསྒོམས་པ་ཉིན་ཞག་འགའ་ཞིག་བྱས་པའི་བསོད་ནམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཆེས་མང་དུ་འཕེལ་བ་བསྟན་པའོ། །རབ་འབྱོར་དེ་ཇི་
སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་ལས་ཞེས་བྱ་བ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་མི་ལྡན་ཞིང་དམིགས་པ་དང་བཅས་པར་བསྐལ་
པ་མང་པོར་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རངས་ནས་དེ་ལྟར་རྗེས་སུ་ཡི་རངས་པའི་བསོད་ནམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་བསོད་ནམས་པས་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་བསྟན་པའི་དོན་དང་མཐུན་པར་བྱས་ཏེ། ཉིན་ཞག་གཅིག་གི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་བསོད་ནམས་ཆེས་མང་དུ་འཕེལ་བ་བསྟན་པ་སྟེ། བསྔོ་བ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་
རྒྱས་ལ་སོགས་པ་དམིགས་པ་ཅན་རྣམས་ཀྱི་བསོད་ནམས་ཡོངས་སུ་བསྔོ་བ་ཐམས་ཅད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ལྡན་ཞིང་། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་མཆོག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་མངོན་པར་འདུ་བགྱིས་པ་མ་མཆིས་པ་ནི། ཡོངས་སུ་
བརྟག་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཇི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འགྱུར་བ་ལགས་ཞེས་བྱ་བ་ནི་གོང་དུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་བསོད་ནམས་མང་དུ་
འཕེལ་བར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ནི། འཁོར་གསུམ་ཡོངས་སུ་དག་པ་ཡིན་པས་ཅི་ལ་ཡང་མི་དམིགས་ཏེ། སྟོང་པ་ཉིད་ཀྱི་མཚན་ཉིད་ཡིན། བསོད་ནམས་མང་དུ་འཕེལ་བའི་རྒྱུ་དང་རྐྱེན་གྱིས་འགྱུར་བ་ཡིན་པས་ཀུན་བརྟགས་པ་ཡིན་པས་འཁོར་གསུམ་ཡོངས་སུ་དག་
པའི་རང་བཞིན་ལས། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་བསོད་ནམས་ཇི་ལྟར་འཕེལ་བར་འགྱུར་ཞེས་རབ་འབྱོར་གྱིས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་མངོན་པར་འདུ་བགྱི་བ་མ་མཆིས་པ་ནི་ཡང་དག་པར་ལྟ་བ་བསྐྱེད་པའམ། སྐྱོན་མ་མཆིས་པར་ཡང་དག་པར་འཇུག་པར་མི་ནུས་སོ་ཞེས་བྱ་བ་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ཀྱང་། གོང་དུ་སྨོས་པའི་གལ་བཟུང་བ་དེ་ནི་ཞིབ་ཏུ་བཤད་དེ་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་
ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཏེ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་གལ་བཟུང་བ་དེ་རིགས་པར་གལ་བཟུང་སྟེ་ཞུས་པ་བསྟན་པའོ། །རབ་འབྱོར་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་

པའི་སྦྱིན་པ་དེ་ཡང་མངོན་པར་འདུ་བྱ་བ་མེད་པ་སྟེ་སྟོང་པ་ཉིད་དུ་སྣང་ངོ་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་གལ་བཟུང་སྟེ་ཞུས་པའི་ལན་བཏབ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་
བྲལ་བས་སྟོང་པ་ཉིད་བཅོ་བརྒྱད་ཀྱི་དོན་ཤིན་ཏུ་བསླབས་པར་འགྱུར་བའི་ཕྱིར་སྦྱིན་པ་ལ་སོགས་པ་སྤྱད་དོ་ཅོག་ཀྱང་འཁོར་གསུམ་ཡོངས་སུ་དག་པས་ཅི་ཡང་མི་དམིགས་ཏེ། སྟོང་པ་ཉིད་དང་གསོག་དང་། གསོབ་དང་། སྙིང་པོ་མེད་པར་མཐོང་བར་འགྱུར་བས་དོན་དམ་པར་བསོད་ནམས་འཕེལ་བར་འགྱུར་བའམ།
ཡང་དག་པར་ལྟ་བ་སྐྱེད་པ་ལ་སོགས་པ་གང་གིས་བྱ་བ་ཡང་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང་ཞེས་བྱ་བ་ནས། དེ་ལྟ་དེ་ལྟར་གྲངས་མེད་དཔག་ཏུ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་
གྱིས་ནི་དེ་ལྟར་དོན་དམ་པར་འཁོར་གསུམ་ཡོངས་སུ་དག་པས་ཅི་ཡང་མངོན་པར་འདུ་བྱ་བ་མེད་དུ་ཟིན་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་པར་ཡང་ལྷུན་གྱིས་གྲུབ་
པ་ཉིད་དུ་བསོད་ནམས་ཀྱི་ཚོགས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་མི་འཕེལ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་དཔག་ཏུ་མ་མཆིས་པ་དང་། ཚད་མ་མཆིས་པ་ལ་བྱེ་བྲག་ནི་ཅི་མཆིས། ཁྱད་པར་ནི་ཅི་མཆིས་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་
ཅད་དངོས་པོ་མེད་པར་གྲངས་དང་དཔག་པ་དང་། ཚད་ཀྱིས་ཐོག་ཏུ་ཕེབས་པར་བྱར་མི་རུང་བའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཡང་
ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། འདི་དག་ནི་འདུས་བྱས་ཀྱི་གྲངས་སུ་རྩིའོ། །འདི་དག་ནི་འདུས་མ་བྱས་ཀྱི་གྲངས་སུ་རྩིའོ་ཞེས་བྱ་བར་ཚིག་གིས་བགྲང་ཞིང་ངེས་པར་ཐོག་ཏུ་མི་ཕེབས་སོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་དཔག་ཏུ་མེད་པ་ཞེས་བྱ་བ་ནི་འདས་

པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མི་དམིགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་དུས་གསུམ་གྱི་ཆོས་རྣམས་ཀྱི་རང་བཞིན་འདི་འདྲ་བའོ་ཞེས་ཡེ་ཤེས་ཀྱིས་དཔག་ཏུ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་ཚད་མེད་པ་ཞེས་བྱ་བ་ནི་གང་ལ་གཞལ་བར་མི་
ནུས་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་སྲང་གྲངས་ལ་སོགས་པས་གཞལ་བས་ཐོག་ཏུ་དབབ་ཏུ་མེད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ། བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས། དཔག་ཏུ་མ་མཆིས། ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་
རྣམ་གྲངས་མཆིས་སམ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཡང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ་ཞེས་བྱ་བའི་བར་གྱིས་ནི་བསོད་ནམས་འཕེལ་བ་ལ་གྲངས་དང་། དཔག་པ་དང་། ཚད་མེད་པ་བཞིན་དུ་ཕུང་པོ་ལྔ་ཡང་དོན་དམ་པར་དངོས་པོ་ཡོད་པ་མ་
ཡིན་པས། གྲངས་དང་། དཔག་པ་དང་། ཚད་མེད་པར་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཡང་གྲངས་མེད་དཔག་ཏུ་མེད། ཚད་མེད་པར་འགྱུར་བའི་རྣམ་གྲངས་དེ་
ལྟ་བུ་ཡོད་དོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་དགོངས་ནས་ཕུང་པོ་ལྔ་རྣམ་གྲངས་དང་དཔག་པ་དང་ཚད་མེད་པ་དེ་ལྟ་བུའི་རྣམ་གྲངས་ཡོད་དོ་ཞེས་བཀའ་སྩལ་པའོ། །གསོལ་པ་བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན། གཟུགས་ཀྱང་གྲངས་མ་མཆིས་དཔག་ཏུ་མ་
མཆིས་ཚད་མ་མཆིས་པར་འགྱུར་བ་ལགས་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཡང་གྲངས་མ་མཆིས། དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས་ཞེས་བྱ་བའི་བར་གྱིས་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་རྣམས་རང་བཞིན་གྱིས་སྟོང་པས་གྲངས་དང་དཔག་པ་དང་ཚད་མེད་པའི་དོན་ཞིབ་ཏུ་
བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་ཡང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ་ཞེས་བྱ་བའི་བར་གྱིས་ནི་

གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་གྲངས་དང་དཔག་པ་དང་ཚད་མེད་པ་ཡང་ཕུང་པོ་ལྔ་ཆར་རང་བཞིན་གྱིས་སྟོང་པའི་ཕྱིར་གྲངས་དང་དཔག་པ་དང་ཚད་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་གཟུགས་འབའ་ཞིག་སྟོང་ཞེས་བྱ་བ་ནས་རྣམ་པར་ཤེས་པ་
འབའ་ཞིག་སྟོང་དུ་བས་ཀྱི། ཅི་ཆོས་ཐམས་ཅད་སྟོང་པ་མ་ལགས་སམ་ཞེས་བྱ་བས་ནི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པའི་གླེང་བསླང་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས་ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་
དམ་ཞེས་བྱ་བས་ནི་ཇི་ལྟར་ཕུང་པོ་ལྔ་སྟོང་པ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྟོང་ངོ་ཞེས་ངས་བཤད་དོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་གསུངས་ཏེ་ཞེས་བྱ་བ་ནས་བཅོམ་ལྡན་འདས་དེ་བས་ན་ཆོས་དེ་དག་ལས་དོན་དམ་པར་ཡི་གེ་ཐ་དད་
དུ་བགྱི་བ་མི་དམིགས་སོ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས། དོན་དང་ཚིག་ཏུ་གྲངས་དང་ཚད་ཀྱིས་བྱེ་བྲག་དུ་དབྱེར་མེད་དོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་དོན་ནམ་ཡི་གེ་ཐ་དད་དུ་མི་
དམིགས་སོ་ཞེས་བྱ་བས་ནི། རབ་འབྱོར་གྱིས་གསོལ་པའི་དོན་དེ་དག་འཁོར་ཐམས་ཅད་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་མི་ཟད་པ་ཞེས་བྱ་བའམ་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་བརྗོད་དེ་
ཞེས་བྱ་བའི་བར་གྱིས་ནི་མི་ཟད་པ་དང་ཚད་མེད་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་རྣམ་གྲངས་རྣམས་དོན་དམ་པར་བརྗོད་དུ་མེད་པ་ཡིན་ཡང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་སེམས་ཅན་རྣམས་བཀྲི་ཞིང་དྲང་བའི་ཕྱིར་མི་ཟད་པ་དང་། ཚད་མེད་པ་དང་། སྟོང་པ་དང་། མཚན་མ་མེད་པ་དང་།
སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་དང་། འགག་པ་མེད་པ་ཞེས་བྱ་བ་མྱ་ངན་ལས་འདས་པ་ཞེས་པར་ཀུན་རྫོབ་ཀྱི་བདེན་པ་ལ་གནས་ཏེ་བརྗོད་དོ་ཞེས་བསྟན་པ་མི་ཟད་པ་ཞེས་བྱ་བའམ་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་

ནི་དེ་བཞིན་གཤེགས་པའི་བསྟན་པ་མངོན་པར་བསྒྲུབས་པར་བཤད་པའོ་ཞེས་བྱ་བའི་བར་གྱིས་ནི་གོང་དུ་བཤད་པའི་དོན་དེ་ཉིད་ཞིབ་ཏུ་བསྟན་པ་སྟེ། སེམས་ཅན་རྣམས་དོན་དམ་པའི་དབྱིངས་ལ་གཟུད་པའི་ཕྱིར་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་མི་ཟད་པ་ལ་སོགས་པའི་མིང་གིས་སྒྲོ་བཏགས་ཏེ་བཤད་དོ་
ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པས་བསྟན་ལ། ཆོས་ཉིད་དེ་ཡང་བརྗོད་དུ་མ་མཆིས་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། དངོས་པོ་མེད་ཀྱང་ཀུན་རྫོབ་ཏུ་ཐབས་མཁས་པས་སེམས་
ཅན་བཀྲི་བའི་ཕྱིར་མིང་དང་མཚན་མར་སྒྲོ་བཏགས་ཏེ་བསྟན་པ་བཅོམ་ལྡན་འདས་ལ་རབ་འབྱོར་གྱིས་བསྟོད་པའོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་བརྗོད་དུ་མ་མཆིས་པའོ་ཞེས་བྱ་བ་ནི་གོང་དུ་སྨོས་པའི་དོན་དེ་ཉིད་མདོར་བསྡུས་
ནས་བསྟན་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མིང་དང་ཚིག་གིས་བརྗོད་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་
གསོལ་པའི་དོན་དེ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་དེ་བཞིན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་ཆོས་ཐམས་ཅད་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་ནི་བརྗོད་པ་གང་ཡང་མེད་དོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ།
མིང་དང་ཚིག་གིས་བསྟན་དུ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྟོང་པ་ཉིད་ནི་བརྗོད་པར་བྱ་མི་ནུས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བརྗོད་དུ་མེད་པའི་དོན་དེ་ཉིད་བརྣན་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་སམ་ཞེས་བྱ་བ་ནི་དོན་དམ་པར་ཆོས་
ཐམས་ཅད་རང་བཞིན་གྱིས་སྟོང་པ་ལ་འཕེལ་བའམ་འགྲིབ་པ་མེད་པའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ཏེ་རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བས་

ནི་བརྗོད་དུ་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ལ་བྱ་བ་སྟེ། སྟོང་པ་ཉིད་ལ་ནི་རྣམ་པར་བྱང་བའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཀྱིས་འཕེལ་བར་འགྱུར་བ་འམ། ཉོན་མོངས་པའི་ཕྱོགས་སུ་གཏོགས་པའི་ཆོས་རྣམས་ཀྱིས་འགྲིབ་པར་འགྱུར་བ་ཡང་མེད་དོ་ཞེས་མདོར་བསྟན་པའོ། །
གསོལ་པ་བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ན། བཅོམ་ལྡན་འདས་དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་
འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བརྗོད་དུ་མེད་པ་ལ་འཕེལ་བ་དང་འགྲིབ་པ་མེད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ལ་ཡང་འཕེལ་བ་དང་འགྲིབ་པ་མེད་པར་འགྱུར་རོ་ཞེས་རབ་
འབྱོར་གྱིས་གལ་བཟུང་སྟེ་གསོལ་པའོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་དེ་ལྟར་གྱུར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མ་མཆིས་པར་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་
ཞིང་བརྗོད་དུ་ཡང་མེད་ལ། འཕེལ་བ་དང་འགྲིབ་པ་ཡང་མེད་པར་འགྱུར་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱང་མེད་པར་འགྱུར་རོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །ཆོས་དེ་དག་མ་མཆིས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་པར་འགྱུར་རོ། །
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་མཆིས་ན་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་མེད་ན། ཆོས་དེ་རྣམས་ཀྱི་འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱང་མེད་པར་འགྱུར་ཏེ། དེ་ལྟར་གྱུར་ན་སུ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བའི་སྐྱོན་དུ་འགྱུར་རོ་ཞེས་རབ་འབྱོར་གྱིས་གསོལ་པའོ། །རབ་འབྱོར་གྱིས་དེ་ལྟར་གལ་བཟུང་སྟེ་གསོལ་པ་ཡང་འཁོར་རྣམས་དེ་ལྟ་བུའི་ཐེ་ཚོམ་སྐྱེ་བ་བསལ་

བ་དང་། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ཞིང་བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་ཐབས་མཁས་པས་སྤྱད་ཅིང་ཡོངས་སུ་བསྔོས་ན་འབྲས་བུ་མེད་པར་མི་འགྱུར་བའི་དོན་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ།
བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བ་འམ། ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་གོང་དུ་གལ་བཟུང་སྟེ་གསོལ་པ་དེ་འཁོར་རྣམས་ཀྱིས་ཡིད་ཆེས་པར་བྱ་བའི་ཕྱིར་དེ་བདེན་ནོ་ཞེས་བཀའ་སྩལ་པའོ། །རབ་འབྱོར་གལ་ཏེ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ནས་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པའི་ཚུལ་གྱིས་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། བརྗོད་དུ་མེད་ཀྱང་ཀུན་རྫོབ་ཏུ་
ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་དོན་དམ་པར་དངོས་པོ་མེད་པས་འདི་དག་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བར་ཁོང་དུ་ཆུད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་རྣམ་པར་འཕེལ་བར་འགྱུར་བའི་རློམ་སེམས་ཀྱང་མི་སྐྱེ་ལ། ཀུན་རྫོབ་ཏུ་ཐབས་མཁས་པས་
དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོ་བའོ་ཞེས་བྱ་བ་ནི་
བསྔོ་བ་ཡོངས་སུ་དག་པར་བསྟན་པ་སྟེ། དངོས་པོར་དམིགས་ཤིང་མངོན་པར་ཆགས་པ་མེད་པར་ཡོངས་སུ་བསྔོའོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་། བླ་ན་མེད་པའི་བྱང་ཆུབ་གཉིས་
དོན་དམ་པའི་རང་བཞིན་གྱིས་ཐ་མི་དད་དེ། གཅིག་པར་བསྟན་པའི་སྐབས་དབྱེ་བའི་ཕྱིར་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་

གང་ཡིན་པ་རྟོགས་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་གྱི། དེ་ལ་གུད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ་ཞེས་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་པོ་གང་རྣམས་ཀྱི་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལགས་ཞེས་བྱ་བ་ནི་གོང་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་མདོར་བཤད་པ་ཆོས་ཐམས་ཅད་ཅེས་བྱ་བ་གང་དང་གང་ཡིན་པ་འཁོར་རྣམས་ལ་ཞིབ་ཏུ་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་ཞེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་
དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་ཞེས་བྱ་བའི་བར་གྱིས་ནི་ཆོས་ཐམས་ཅད་ཅེས་བྱ་བ་གང་དང་གང་ཡིན་པ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མྱ་ངན་ལས་འདས་པ་ལ་ཐུག་གི་བར་གྱི་ཆོས་རྣམས་རེ་རེ་ནས་སྨོས་ཏེ། ཆོས་དེ་དག་ཐམས་ཅད་ཀྱི་རང་བཞིན་སྟོང་པ་
ཉིད་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་གྱི། དེ་ལས་གུད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བའི་དངོས་པོ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནི་འཕེལ་བ་ཡང་མེད་དོ་ཡོངས་སུ་འགྲིབ་པ་ཡང་མེད་དོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་
ཅད་ཀྱི་དེ་བཞིན་ཉིད་དང་། ཐ་མི་དད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་ཅིང་མི་འགྱུར་བར་ཡོངས་སུ་གྲུབ་པ་ཡིན་པས་རྣམ་པར་བྱང་བའི་ཕྱོགས་ཀྱིས་རྒྱས་པར་འགྱུར་བའམ། ཉོན་མོངས་པའི་ཕྱོགས་ཀྱིས་ཉམས་པར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་
ཏོ། །རབ་འབྱོར་དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མི་འཆད་པར་རྟག་ཏུ་རྣམ་པར་སྤྱོད་དེ། ཆོས་གང་ལ་ཡང་འཕེལ་བའམ་ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་མཐུན་པར་སྤྱོད་པ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་ཐ་མི་དད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་སྤྱོད་ཅིང་གནས་པས། ཆོས་གང་ལ་ཡང་འཕེལ་བ་དང་འགྲིབ་པ་ཡོད་པར་མི་ལྟའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་
དེ་ལྟར་ན་བརྗོད་དུ་མེད་པའི་དོན་ནི་འཕེལ་བ་མེད་ཅིང་ཡོངས་སུ་འགྲིབ་པ་མེད་པ་སྟེ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འཕེལ་བ་ཡང་མེད་དོ། །ཡོངས་སུ་འགྲིབ་པ་ཡང་མེད་དོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕེལ་བ་མེད་པ་དང་། ཡོངས་
སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བརྗོད་དུ་མེད་པའི་དོན་ལ་འཕེལ་བ་དང་འགྲིབ་པ་མེད་པ་བཤད་པའི་དོན་མཇུག་བསྡུས་ཏེ་བསྟན་ནས། དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་སྟེ། བརྗོད་དུ་མེད་པས་འཕེལ་བ་མེད་པ་དང་། ཡོངས་
སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་རབ་འབྱོར་ལ་རྗེས་སུ་གདམས་ཏེ་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཅི་ལགས། སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ་ཞེས་བྱ་བ་ལ་སོགས་པས་ནི་གང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ཞིང་ཐབས་མཁས་པས་ཡོངས་སུ་བསྔོས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱ་བར་འགྱུར་རོ་ཞེས་བསྟན་པའི་སྐབས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐབས་ཇི་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ཞུས་པ་སྟེ། སེམས་བསྐྱེད་པ་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་ཞུས་ཀྱང་འཁོར་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཟབ་མོ་བཤད་པའི་
སྐབས་དབྱེ་བའི་ཕྱིར་རོ། །དེ་ལ་སེམས་དང་པོ་བསྐྱེད་པ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོའི་ཚེ་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་བྱའོ། །སེམས་ཕྱི་མ་བསྐྱེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོར་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་པ་ཐམས་ཅད་ཡོངས་སུ་སྤངས་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་

ལ་བྱ་སྟེ། སེམས་དེ་གཉིས་གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཞུས་པའོ། །བཅོམ་ལྡན་འདས་གལ་ཏེ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་
འཚང་རྒྱ་ན་ནི་ཞེས་བྱ་བ་ནས་དགེ་བའི་རྩ་བ་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ་ཞེས་བྱ་བའི་བར་གྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཡང་བསོད་ནམས་དང་། ཡེ་ཤེས་ཀྱི་
ཚོགས་བསགས་པ་ལས་འགྱུར་ན། དགེ་བའི་རྩ་བ་སྩོགས་པའི་སེམས་བསྐྱེད་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཏེ། སྔ་མ་དང་ཕྱི་མ་མི་འགྲོགས་པས་དགེ་བའི་རྩ་བ་བསྩག་ཏུ་མེད་ན། །ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་
ཞེས་རབ་འབྱོར་གྱིས་གལ་བཟུང་སྟེ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་ཏེ་ཞེས་བྱ་བ་ནས། གསོལ་པ་བཅོམ་ལྡན་འདས་དེ་ནི་ཚིག་གོ། །བདེ་བར་གཤེགས་པ་དེ་ནི་ཚིག་གོ་ཞེས་བྱ་བའི་བར་གྱིས་ནི་འཁོར་ཐམས་
ཅད་ཀྱིས་དོན་རྟོགས་པར་སླ་བའི་ཕྱིར་མར་མེའི་དཔེ་བསྟན་པ་སྟེ། མར་མེའི་མེ་ལྕེ་འབར་བས་རས་ཀྱི་སྙིང་པོ་ཚིག་པར་འགྱུར་བ་མར་མེའི་མེ་ལྕེ་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཏེ། མེ་ལྕེ་སྔ་མས་ཚིག་ཅེས་བྱར་ཡང་མི་རུང་། ཕྱི་མས་ཚིག་ཅེས་བྱར་ཡང་མི་རུང་། མེ་ལྕེ་དེ་དག་གིས་ཀྱང་མ་ཚིག་
པ་ཡང་མ་ཡིན་ཏེ། དེ་དག་གཅིག་ལ་གཅིག་བརྟེན་པས་སྙིང་པོ་དེ་ཚིག་པར་འགྱུར་རོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་ཡང་མ་ཡིན་ནོ་ཞེས་བྱ་
བའི་བར་གྱིས་ནི་དཔེས་བསྟན་པར་བྱ་བའི་དོན་ཉིད་བཤད་པ་སྟེ། དགེ་བའི་རྩ་བ་སྩོགས་པར་བྱེད་པའི་སེམས་སྔ་ཕྱིར་བསྐྱེད་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང་། སེམས་བསྐྱེད་པ་སྔ་མ་འགགས་པའི་རྒྱུས་ཕྱི་མ་སྐྱེ་བ་བར་མ་ཆད་ཅིང་གཅིག་ལ་གཅིག་བརྟེན་ཏེ་འབྱུང་བའི་ཚེ།

དགེ་བའི་རྩ་བའི་བག་ཆགས་བསྩགས་པ་རྣམས་ཀྱི་སྒྲིབ་པ་མ་ལུས་པར་བསལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་
པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བས་ནི་གོང་དུ་བཤད་པའི་དོན་མཇུག་བསྡུས་ནས་བསྟན་པ་སྟེ། དེ་ལྟར་དོན་དམ་པར་སེམས་དང་སེམས་
ལས་བྱུང་བ་སྔ་ཕྱི་བསྐྱེད་པ་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་རང་བཞིན་ཅན་ཏེ། དངོས་པོ་མེད་དུ་ཟིན་ཀྱང་ཀུན་རྫོབ་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་གྱིས་དགེ་བའི་རྩ་བ་བསྐྱེད་དེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་། ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསོལ་པ་བཅོམ་ལྡན་འདས་ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་པར་བགྱིས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱ་བ་ལགས་ཞེས་བྱ་བས་ནི་ཐེག་པ་ཆེ་ཆུང་གཉིས་ཀ་ལས་གྲགས་པའི་ས་བཅུ་རྣམས་བཤད་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས་ཞེས་བྱ་བ་ནས་སངས་རྒྱས་ཀྱི་
ས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བྱ་བའི་བར་གྱིས་ནི་ཐེག་པ་ཆེ་ཆུང་གཉིས་ཀ་ལས་གྲགས་པའི་ས་བཅུ་གང་དང་གང་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་
རྒྱ་བར་འགྱུར་བ་ཞིབ་ཏུ་བསྟན་པ་སྟེ། དེ་ལ་དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་རྣམས་བསྒོམ་པའི་ཚེ། འཇིག་རྟེན་ལས་འདས་པའི་ས་ཐོབ་པར་འགྱུར་

བའི་སྔ་ལྟས་དྲོད་དང་རྩེ་མོ་དང་བཟོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལྷག་མཐོང་དང་བཅས་པ་འཐོབ་པ་ལ་བྱའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ས་ལ་སྟོབས་ལྔ་བསྒོམ་པའི་ཚེ། འཇིག་རྟེན་ཆོས་ཀྱི་མཆོག་ཐོབ་པས་འཕགས་པའི་རིགས་སུ་འགྱུར་བའི་ཕྱིར་
རིགས་ཀྱི་ས་ཞེས་བྱའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པ་ནས་ཡས་བགྲངས་ན། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་གྲངས་བརྒྱད་པ་ལ་འབབ་པའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པ་བརྒྱད་པའི་ས་ཞེས་བྱའོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་
ཐོབ་པས་འཇིག་རྟེན་ལས་འདས་པའི་ཆོས་མཐོང་སྟེ། མཐོང་བའི་ལམ་ལ་གནས་པའི་ཕྱིར་མཐོང་བའི་ས་ཞེས་བྱའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པས། འདོད་པའི་འདོད་ཆགས་དང་། གནོད་སེམས་སྲབ་མོར་བྱས་པའི་ཕྱིར་ལན་ཅིག་ཕྱིར་འོང་བའི་ས་ལ་བསྲབས་
པའི་ས་ཞེས་བྱའོ། །འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་བ་ནི་ཕྱིར་མི་འོང་བའི་ས་ལ་གནས་པས། འདོད་ཆགས་དང་གནོད་སེམས་རབ་ཏུ་སྤངས་པས་ཕྱིར་མི་འོང་བའི་ས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱའོ། །བྱས་པ་རྟོགས་པའི་ས་ཞེས་བྱ་བ་ནི་དགྲ་བཅོམ་པར་གྱུར་པའི་ཚེ། ཁམས་གསུམ་
གྱི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། བྱ་བ་བྱས་ཁུར་བོར་བས། དེ་ཕན་ཆད་ཕུང་པོ་གཞན་མི་ལེན་པར་ཤེས་པའི་ཕྱིར་དགྲ་བཅོམ་པའི་ས་ལ་བྱས་པ་རྟོགས་པའི་ས་ཞེས་བྱའོ། །རང་སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་ཐེག་པ་ཆུང་ངུའི་གང་ཟག་ཤེས་རབ་རྣོན་པོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་གཞན་
གྱིས་མ་བསྟན་པར་བདག་རང་གིས་རྟོགས་པ་ལ་རང་སངས་རྒྱས་ཀྱི་ས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་ལ་བྱའོ། །སངས་རྒྱས་ཀྱི་ས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ཀུན་དུ་འོད་ཅེས་བྱ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་།
སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ལ་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་སློབ་པ་ནི་སེམས་དང་པོ་བསྐྱེད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་ཞེས་བྱ་

བ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་བོ་ཞེས་བྱ་བའི་བར་གྱིས་ནི་དེ་ལྟར་གོང་དུ་བཤད་པའི་དོན་བཅོམ་ལྡན་འདས་ཀྱིས་མཇུག་བསྡུས་ནས་བསྟན་པ་དང་།
རབ་འབྱོར་གྱིས་ཀྱང་ཚིག་དང་དོན་དེ་དག་བཟླས་ཏེ་གསོལ་ནས། དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཐབས་མི་མཁས་པ་དམིགས་པ་ཅན་རྣམས་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར་ཟབ་བོ་ཞེས་གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པའི་དོན་བསྟན་པའི་ཕྱིར་བཀའ་སྩལ་པ་སྟེ། སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་བ་འམ་ཞེས་བྱ་བ་ནི་དོན་དམ་པར་སེམས་དངོས་
པོ་མེད་ཅིང་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་དངོས་པོ་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་གང་བསྐྱེད་པ་འགགས་པའི་ཆོས་ཅན་ཡིན་ནམ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་སེམས་བསྐྱེད་པ་དེ་ཡང་དོན་དམ་པར་དངོས་པོ་མེད་དོ་ཞེས་བྱ་བའི་དོན་ཏོ། །གང་འགགས་པའི་ཆོས་ཅན་དེ་འགག་
པར་འགྱུར་རམ་ཞེས་བྱ་བ་ནི་དོན་དམ་པར་དངོས་པོ་མེད་དེ་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་ལ་ནི། ཕྱིས་འགག་པར་འགྱུར་བ་མེད་དོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པར་འགྱུར་རམ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་འགག་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་རང་བཞིན་ལས་མི་འགྱུར་བར་
ཡོངས་སུ་གྲུབ་པའོ་ཞེས་བྱ་བའི་དོན་ཏོ། །རབ་འབྱོར་གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པར་འགྱུར་ན་རྟག་པར་མི་འགྱུར་རམ་ཞེས་བྱ་བ་ནི་མུ་སྟེགས་ཅན་རྟག་པར་ལྟ་བ་རྣམས་དང་མི་འདྲ་བར་བསྟན་པའི་ཕྱིར་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་མུ་སྟེགས་
ཅན་ནི་དངོས་པོ་ཡོད་པ་ལས་རྟག་པར་ལྟའི། འདིར་ནི་དངོས་པོ་མེད་པ་ལས་གཞན་དུ་མི་འགྱུར་བ་ལ་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གནས་པ་ཞེས་བྱ་བ་ནས་མུ་སྟེགས་ཅན་གྱིས་རྟག་པར་ལྟ་བ་འདྲ་བར་མི་འགྱུར་རོ་ཞེས་གསོལ་པའོ། །དེ་བཞིན་ཉིད་ཟབ་བོ་ཞེས་བྱ་བ་ནི། དེ་ལྟར་མི་འགྱུར་བར་

ཡོངས་སུ་གྲུབ་པ་ཡང་མ་ཡིན་ལ། རྟག་པ་ཡང་མ་ཡིན་པ་དེ་ནི་དམིགས་པ་ཅན་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཟབ་བོ་ཞེས་བསྟན་པའོ། །སེམས་དེ་ཡང་དེ་བཞིན་ནམ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཟབ་པ་བཞིན་དུ་སེམས་དེ་ཡང་ཟབ་པ་ཡིན་ནམ་ཞེས་དྲིས་པའོ། །གསོལ་
པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་སེམས་སྐྱེ་ཞིང་འགག་པ་ཅན་དེ་ནི་དེ་ལྟར་ཟབ་པ་མ་ཡིན་ནོ་ཞེས་གསོལ་པའོ། །དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་དམ་ཞེས་བྱ་བ་ནི་དོན་དམ་པ་ལས་དགོངས་ཏེ་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་
བྱ་བ་ནི་དོན་དམ་པར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་ཡང་མ་ཡིན་ནོ་ཞེས་གསོལ་པའོ། །སེམས་ལ་དེ་བཞིན་ཉིད་ཡོད་དམ་ཞེས་བྱ་བ་དང་། དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་ནི་དེ་ལྟར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་མ་ཡིན་ན། དེ་གཉིས་གཞི་དང་བརྟེན་པའི་ཚུལ་
དུ་གནས་སམ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དེ་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་དུ་རོ་གཅིག་པའི་ཕྱིར་དེ་བཞིན་ཉིད་ལས་སེམས་གུད་ན་ཡོད་པ་མ་ཡིན་གྱི། དངོས་པོ་ཅན་གཉིས་གཅིག་ལ་གཅིག་གཞི་དང་བརྟེན་པའི་ཚུལ་དུ་གནས་པ་མ་ཡིན་
ནོ་ཞེས་བསྟན་པའོ། །དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མ་མཐོང་ངམ་ཞེས་བྱ་བ་ནི་དེ་ལྟར་སེམས་དང་དེ་བཞིན་ཉིད་གཉིས་སྟོང་པ་ཉིད་དུ་རོ་གཅིག་སྟེ། དེ་བཞིན་ཉིད་ཀྱི་རང་བཞིན་དུ་ཐ་མི་དད་པས་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉིས་སུ་དབྱེར་མེད་པ་བསྟན་པའོ། །བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་བ་དང་། འགག་པ་མེད་པའི་ཆོས་ཟབ་མོ་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་པར་བསྟན་པའོ། །གང་དེ་ལྟར་
སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན་ཞེས་བྱ་བ་ནི་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དངོས་པོར་འཛིན་པ་ལས་བཟློག་པའི་ཕྱིར་དྲིས་པའོ། །གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལ་མི་སྤྱོད་དོ་ཞེས་བྱ་བ་ནི་དེ་ལྟར་སྐྱེ་འགག་མེད་པར་རྟོགས་པ་དེ་ནི་དངོས་པོར་མངོན་པར་ཆགས་པ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་སླད་

དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། དེ་བཞིན་ཉིད་ལ་གནས་པ་ལ་ཡོངས་སུ་རྒྱུ་བ་དེ་དག་མི་འཇུག་མི་འབྱུང་ངོ་ཞེས་བྱ་བ་ནི་ཅི་ལ་ཡང་མི་སྤྱོད་པའི་གཏན་ཚིགས་བསྟན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་ཅིང་དེ་བཞིན་ཉིད་ལ་གནས་པ་ལ་ནི་དངོས་པོར་དམིགས་ཤིང་རྣམ་པར་རྟོག་པའི་སེམས་རྒྱུ་བ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་ཉིད་གང་དུ་ཡང་ཡོངས་སུ་རྒྱུ་བ་མ་མཆིས་ཏེ་དེ་ཉིད་ལ་ཡང་གང་ཡང་རྒྱུ་བ་མ་མཆིས་སོ་ཞེས་བྱ་བ་ནི་སེམས་ཀྱི་རྒྱུ་
བ་མི་འབྱུང་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་སེམས་ཀྱང་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པས། ཆོས་གང་ལ་ཡང་རྟོག་ཅིང་རྒྱུ་བ་མེད་ལ་དེ་བཞིན་ཉིད་ཀྱི་རང་བཞིན་གྱིས་དེ་ལ་ཡང་ཆོས་གང་ཡང་རྒྱུ་བ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན་ཞེས་བྱ་བ་ནི་ཅི་ལ་ཡང་མི་སྤྱོད་དམ་ཞེས་དྲིས་པའོ། །གསོལ་པ་དེ་ནི་གང་ལ་གཉིས་ཀྱི་རྒྱུ་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བ་ནི་ཅི་ལ་ཡང་མི་སྤྱོད་པ་ཡང་མ་ཡིན་ཏེ།
གཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པར་རྟོག་པ་མེད་པའི་དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་དེ་ཡོངས་སུ་རྒྱུ་བ་ལ་སྤྱོད་པ་མ་ཡིན་ནམ། དེ་མཚན་མ་ལ་སྤྱོད་པ་མ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་
དོན་དམ་པ་ལ་སྤྱོད་ན་རྟོགས་པ་དང་མཚན་མ་ལ་སྤྱོད་པར་མི་འགྱུར་རམ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དོན་དམ་པ་ལ་སྤྱོད་ཅེས་བྱ་བ་ཡང་ཐ་སྙད་དུ་བརྗོད་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ན་སྤྱོད་པའི་འདུ་ཤེས་དང་། མཚན་མར་འཛིན་པ་མེད་དོ་ཞེས་
གསོལ་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་ཡོངས་སུ་རྒྱུ་བར་སྤྱོད་པ་དང་། མཚན་མར་སྤྱོད་པ་མ་ཡིན་ན་མཚན་མར་འདུ་ཤེས་པ་སུན་ཕྱུང་སྟེ་བཤིག་པ་ཡིན་ནམ་ཞེས་

དྲིས་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་མཚན་མའི་འདུ་ཤེས་གཞིག་ཏུ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འོ་ན་ཇི་ལྟར་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་རྣམ་པར་བཤིག་པ་ཡིན་ཞེས་བྱ་བ་ནི་དེ་ལྟར་མཚན་མའི་འདུ་ཤེས་གཞིག་ཏུ་མེད་ན་གཞུང་ལས་མཚན་མའི་འདུ་ཤེས་རྣམ་པར་སྤངས་སོ་ཞེས་བྱ་བ་ཇི་ལྟར་སྤངས་པ་ཡིན་ནོ་ཞེས་དྲིས་པའོ། །གསོལ་པ་བཅོམ་ལྡན་འདས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མ་རྣམ་པར་བཤིག་པར་བྱའོ་ཞེའམ། མཚན་མ་མེད་པ་རྣམ་པར་བཤིག་པར་བྱའོ་སྙམ་དུ་མི་སྦྱོར་རོ་ཞེས་བྱ་བ་ནི་མཚན་མར་འཛིན་པ་དང་། མཚན་མ་མེད་པར་འཛིན་པའི་རྣམ་པར་རྟོག་པ་རྣམ་པར་སྤང་ངོ་སྙམ་དུ་
ཡང་མི་སེམས་པ་ཉིད་མཚན་མའི་འདུ་ཤེས་རྣམ་པར་གཞིག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི་ཞེས་བྱ་བ་ནས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ་ཞེས་བྱ་བའི་
བར་གྱིས་ནི་དེ་ལྟར་དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པས་རྣམ་པར་རྟོག་པ་དང་། མཚན་མར་འཛིན་པ་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཏུ་ཐབས་མཁས་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སོགས་པས་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་ཡང་རྒྱ་ལ། ཆོས་གང་ཡང་དངོས་པོ་འམ། དངོས་པོར་མེད་པར་ཡང་མི་ལྟའོ་ཞེས་བསྟན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་གནས་ནས་ཞེས་བྱ་བ་ནས་རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བའི་བར་གྱིས་ནི་དོན་དམ་པར་ཆོས་ཐམས་ཅད་རང་གི་མཚན་ཉིད་སྟོང་པར་རྟོགས་པར་བྱས་ནས། ཀུན་རྫོབ་ཏུ་ཐབས་མཁས་པས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་གནས་ནས་

སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཐབས་མཁས་པ་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་རྒྱ་ཆེར་བཤད་པ་ལས་ལེའུ་བཞི་བཅུ་གཉིས་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ལ་སོགས་
པས་ནི་གོང་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་གནས་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཐབས་མཁས་པ་བསྟན་པའི་སྐབས་ནས། ཆོས་ཟབ་མོ་བསྟན་པའི་སྐབས་དབྱེ་བའི་ཕྱིར་
ཤཱ་རིའི་བུས་རབ་འབྱོར་ལ་ཐེ་ཚོམ་དྲིས་པ་སྟེ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ། རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལམ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་བསྟན་པའི་སྐབས་དབྱེ་བའི་ཕྱིར་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་
ཐམས་ཅད་རང་བཞིན་གྱིས་སྟོང་པས། གཉིད་ཀྱིས་མ་ལོག་པའི་ཚེ། ཏིང་ངེ་འཛིན་གསུམ་བསྒོམས་པས་ཀྱང་བྱང་ཆུབ་སེམས་དཔའ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱིས་རྣམ་པར་འཕེལ་བར་མི་འགྱུར་ན་རྨི་ལམ་ན་བསྒོམས་པ་ལྟ་ག་ལ་འགྱུར་ཏེ། ཏིང་ངེ་འཛིན་གསུམ་བསྒོམས་པའི་མཐུས་
སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པ་བསྟན་པ་ཡང་ཀུན་རྫོབ་ཏུ་རྨི་ལམ་དང་འདྲ་བར་བསྟན་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་ནི་ཆོས་ཐམས་
ཅད་རྨི་ལམ་དང་འདྲ་བའི་གཏན་ཚིགས་བསྟན་པ་སྟེ། དོན་དམ་པར་གཉིད་ཀྱིས་མ་ལོག་པ་ན་སྤྱད་པ་དང་རྨི་ལམ་ན་སྤྱོད་པ་གཉི་ག་ཡང་དངོས་པོ་མེད་པར་འདྲ་བས་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་

པོ་ཉིན་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡང་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་དོན་
གོང་དུ་བཤད་པ་དེ་ཉིད་གསལ་བར་བསྟན་པ་སྟེ། རྨི་ལམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕེལ་བར་འགྱུར་བ་དེ་བཞིན་དུ། གཉིད་ཀྱིས་མ་ལོག་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ཀྱང་དོན་དམ་པར་བསོད་ནམས་དང་ཡེ་
ཤེས་ཀྱི་ཚོགས་འཕེལ་བར་འགྱུར་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་ལས་ཤིག་བྱས་ནས་ལས་དེ་ལ་སོགས་པ་འམ། འབྲི་བར་འགྱུར་བ་ཡོད་དམ་ཞེས་བྱ་བ་ནི་དེ་ལྟར་གཉིད་ཀྱིས་མ་ལོག་པ་དང་། རྨི་ལམ་
གཉིས་སུ་མཚུངས་ན་ཀུན་རྫོབ་ཏུ་ཡང་མཚུངས་པའི་རིགས་ན། རྨི་ལམ་དུ་ལས་དགེ་བའམ། མི་དགེ་བ་བྱས་ན་དགེ་བ་བྱས་པས་ནི་བསོད་ནམས་ཀྱི་ཚོགས་སོགས་པར་འགྱུར་བ་དང་། མི་དགེ་བ་བྱས་པས་བསོད་ནམས་འབྲི་བར་འགྱུར་བ་ཡོད་དམ་ཞེས་ཤཱ་རིའི་བུས་རབ་འབྱོར་ལ་དྲིས་པའོ། །གལ་ཏེ་
བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོགས་པའམ་འབྲི་བར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་རབ་འབྱོར་གྱིས་དོན་དམ་པའི་ཕྱོགས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་དངོས་པོ་མེད་དོ་ཞེས་གསུངས་པས། རྨི་ལམ་ན་
ལས་ལེགས་ཉེས་བྱས་པ་ལ། དགེ་བ་སོགས་པའམ་འབྲི་བ་མེད་དོ་ཞེས་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ཡང་སོགས་པའམ་འབྲི་བ་མི་དམིགས་སོ་ཞེས་བྱ་བ་ནི་རྨི་ལམ་དུ་ལས་ལེགས་ཉེས་བྱས་པ་ལ། དགེ་བ་ལ་སོགས་པ་དང་དགེ་བ་འབྲི་བ་མེད་པའི་གཏན་ཚིགས་བསྟན་
པ་སྟེ། རྨི་ལམ་གྱི་ཆོས་ནི་དངོས་པོ་མེད་པ་སྟེ། དངོས་པོ་མེད་པ་ལ་སོགས་པ་འམ་འབྲི་བ་མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སད་ནས་རྣམ་པར་རྟོག་ན་དེ་ལ་སོགས་པའམ་འབྲི་བར་འགྱུར་རམ་ཞེས་བྱ་བ་ནི་ཤཱ་རིའི་བུས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་རྨི་ལམ་ན་ལས་ལེགས་ཉེས་བྱས་པ་དེ་དག་

གཉིད་ལས་སད་པའི་ཚེ་དྲན་ནས་དེ་ལ་རྗེས་སུ་ཡི་རང་ཞིང་རྣམ་པར་རྟོག་ན་དེ་ལ་དགེ་བ་ལ་སོགས་པའམ་འབྲི་བར་འགྱུར་རམ་ཞེས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ་ཉིན་པར་སྲོག་བཅད་པ་དང་། རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་བདག་གིས་བསད་དོ། །དེ་བདག་གིས་བསད་པ་ལེགས་སོ་
ཞེས་སད་དེ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ། ལས་བྱས་པ་གཉིས་འབྲས་བུ་རྣམ་པར་སྨིན་པ་ལ་བྱེ་བྲག་ཡོད་པར་བསྟན་པའི་ཕྱིར་ཤཱ་རིའི་བུ་ལ་དྲིས་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་དམིགས་
པ་མེད་པར་ལས་མི་སྐྱེའོ་དམིགས་པ་མེད་པར་སེམས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་གཉིད་ཀྱིས་མ་ལོག་པའི་ཚེ་ལས་བྱས་པ་དང་། རྨི་ལམ་ན་ལས་བྱས་པ་ལ་གཉིད་ལས་སད་ནས་རྗེས་སུ་ཡི་རང་བ་རྣམ་པར་སྨིན་པ་བྱེ་བྲག་ཡོད་པར་བསྟན་པ་སྟེ། གཉིད་ཀྱིས་མ་ལོག་པའི་ཚེ་ལས་བྱས་པ་ནི་དམིགས་
པའི་ཡུལ་དང་བཅས་པ་ལས་ལེགས་ཉེས་ཅི་བྱས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་འབྱུང་གི། རྨི་ལམ་ན་ལས་བྱས་པ་ལ་གཉིད་སད་པའི་ཚེ་རྗེས་སུ་ཡི་རང་བ་ནི་དམིགས་པའི་ཡུལ་མེད་པས་རྗེས་སུ་ཡི་རང་བའི་རྣམ་པར་སྨིན་པ་ཙམ་དུ་ཟད་ཀྱི། རྨི་ལམ་ན་ལས་ཀྱི་དངོས་པོ་གང་བྱས་
པའི་རྣམ་པར་སྨིན་པ་ནི་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནས། དེ་བས་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དམིགས་པ་དང་བཅས་པར་ལས་སྐྱེས་ཏེ། དམིགས་པ་མེད་པར་ནི་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་
འབྱུང་སྟེ། དམིགས་པ་མེད་པར་ནི་མ་ཡིན་ནོ་ཞེས་བྱ་བའི་བར་གྱིས་ནི་ཤཱ་རིའི་བུས་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ་བྱས་པའི་ལས་གཉིས་བྱེ་བྲག་ཡོད་པར་བཤད་པའི་དོན་དེ་བདེན་ནོ་ཞེས་རབ་འབྱོར་གྱིས་རྗེས་སུ་ཡི་རངས་ནས་དོན་དེ་ཉིད་གསལ་བར་བསྟན་པ་སྟེ། གཉིད་ཀྱིས་མ་ལོག་པའི་ཚེ།
མཐོང་བ་ལ་སོགས་པ་ནི་དམིགས་པའི་ཡུལ་དང་བཅས་པས་རྣམ་པར་སྨིན་པ་ཡང་དེ་བཞིན་དུ་འགྱུར་གྱི། རྨི་ལམ་ན་མཐོང་བ་དང་ཐོས་པ་ལ་སོགས་པ་དེ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དང་། དམིགས་པ་ཐམས་ཅད་དབེན་པའོ་ཞེས་

བཅོམ་ལྡན་འདས་ཀྱིས་གསུངས་ན་དེ་ཇི་ལྟར་དམིགས་པ་དང་བཅས་པར་ལས་སྐྱེས་ཏེ། དམིགས་པ་མེད་པར་མ་ཡིན། དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ཞེས་བྱ་བ་ནི་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ་ལས་བྱས་པ་ལ་བྱེ་
བྲག་ཡོད་པར་བཤད་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་མཚན་མར་འཛིན་པ་རྣམས་ཀྱི་དབང་དུ་བྱས་ཏེ། ཀུན་རྫོབ་ཏུ་བཤད་ཀྱི་དོན་དམ་པར་བཤད་པ་མ་ཡིན་པ་བསྟན་པའི་ཕྱིར་རབ་འབྱོར་ལ་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མཚན་མར་བྱས་ནས་དམིགས་པ་དང་
བཅས་པར་ལས་སྐྱེས་ཏེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ་ཞེས་བྱ་བ་ནི་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ལས་ཀྱི་བྱེ་བྲག་བཤད་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་དམིགས་པ་ཅན་རྣམས་ཀྱི་དབང་དུ་
བྱས་ཏེ། ཀུན་རྫོབ་ཏུ་བཤད་ཀྱི་དོན་དམ་པར་བྱེ་བྲག་ཡོད་པར་བཤད་པ་ནི་མ་ཡིན་ནོ་ཞེས་བསྟན་པའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་སྦྱིན་པ་སྦྱིན་ཞེས་བྱ་བ་ནས་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་
བསྔོས་པར་འགྱུར་རམ་ཞེས་བྱ་བའི་བར་གྱིས་ནི་རྨི་ལམ་ན་ཡང་ལས་གཞན་བྱས་པ་ནི་དམིགས་པའི་ཡུལ་མེད་པས། རྣམ་པར་སྨིན་པའི་འབྲས་བུ་ཡོད་པ་མ་ཡིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུད་ཡོངས་སུ་དག་པ་འགའ་ཞིག་གིས་རྨི་ལམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་དེ།
དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན་དེ་ལ་འབྲས་བུ་ཡོད་པར་འགྱུར་རམ་ཞེས་ཤཱ་རིའི་བུས་དྲིས་པའོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཞེས་བྱ་བ་ནས། འདི་ལ་དྲིས་ཤིག་དང་འདི་ལ་ལན་ལྡོན་པར་འགྱུར་རོ་ཞེས་བྱ་བའི་
བར་གྱིས་ནི་འཁོར་དེ་ན་འཁོད་པའི་ཁ་ཅིག་རབ་འབྱོར་གྱིས་བཤད་ན་ཡིད་མི་ཆེས་ཀྱི་བྱང་ཆུབ་སེམས་དཔའ་བྱམས་པས་ལན་བླན་ཏེ་བཤད་ན་ཡིད་ཆེས་ཤིང་ཕན་ཐོགས་པར་འགྱུར་བའི་ཕྱིར་བྱམས་པའི་ཡོན་ཏན་སྨོས་ནས་དེ་འདི་ན་མངོན་སུམ་དུ་འདུག་གི། འདི་ལ་དྲིས་ཤིག་ཅེས་བདག་གིས་ལན་

མ་བཏབ་པར་གཞན་ལ་བཏབ་པ་བསྟན་པའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནས་འདི་ལ་དྲིས་ཤིག་དང་། འདི་ལན་ལྡོན་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བའི་བར་གྱིས་ནི་རབ་འབྱོར་གྱིས་སྨྲས་པའི་ཚིག་ཤཱ་
རིའི་བུས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཟླས་པ་བསྟན་པའོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང་འདི་ལན་ལྡོན་ནམ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་ལྡོན་པའི་མཐུ་མེད་དོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའ་བྱམས་
པས་དོན་དམ་པའི་བདེན་པ་ལ་བརྟེན་ནས། རྨི་ལམ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ཅིང་དེའི་དགེ་བའི་རྩ་བ་ཡོངས་སུ་བསྔོས་པའི་འབྲས་བུ་ཡོད་དམ་མེད་དྲིས་པའི་ལན་བཏབ་པ་སྟེ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པས་གང་ཟག་དང་ཆོས་གཉིས་ཀ་དངོས་པོ་མེད་དོ། །གང་ཟག་གི་
དངོས་པོ་མེད་པས་བྱམས་པ་ཞེས་བྱ་