Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 90

Văn bản gốc(Tây Tạng)

Trang 8 / 16 (50.000 ký tự/trang)
ན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་ཕུང་པོ་ལྔ་ལ་དེ་མི་བྱེད་པ་ནི་དོན་དམ་པར་ན་ངོ་བོ་ཉིད་མེད་པའི་ཕྱིར་དེ་རྣམས་དེ་བཞིན་ཉིད་དང་
དེ་རྣམས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱིས་བདག་ཉིད་ཅན་པས་མི་བྱེད་པ་སྟེ། དེའི་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །ཡང་དག་པའི་ཡེ་ཤེས་བྱེད་དོ་ཞེ་ན་ནི་སྟེ། མ་རིག་པའི་བག་ཆགས་ལ་སོགས་པ་དང་བཅས་པ་ལ་སོགས་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་སུ་གྲུབ་པ་ཡང་དོན་དམ་པར་རང་བཞིན་
དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཅི་བྱེད་ཅེ་ན། ལམ་ལོག་པ་ནི་ཆོས་རྣམས་ལས་རྣམ་པར་རྟོག་པ་ལ། །དེར་ལྟུང་བ་རྣམས་ལ་ལམ་སྟེ། ཆོས་ལ་བདག་མེད་པའི་ཡེ་ཤེས་ལ་གཞུག་པའོ། །གང་གི་ལམ་ལ་ཞེ་ན། ཐམས་ཅད་མཁྱེན་པའི་ལའོ། །གང་ཞིག་བཤད་པའི་ཐམས་ཅད་མཁྱེན་
པ་ཉིད་ཅེས་པ་དེ་ནི་གཞན་གྱི་དོན་དུ་ཡང་གསུངས་པ་ནི། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་པ་དེའི་དེ་འདིར་ཐམས་ཅད་མཁྱེན་པ་ཉིད་ཅེས་པའི་དོན་ཏོ། །སྐྱེ་བ་མེད་པ་ཅན་ནི་རྣམ་པར་བྱང་བ་རྣམས་ལ་འགག་པ་མེད་པ་ཀུན་ནས་ཉོན་
མོངས་པ་མེད་པ་རྣམས་སོ། །གང་ཡང་སེང་གེ་བཟང་པོས་སྣང་བར་བྱེད་པ་ཞེས་པ་ལ་སོགས་པའི་ཚིག་རྣམས་གོ་རིམས་ཇི་བཞིན་དུ་དྲོད་ལ་སོགས་པ་བཞི་དང་། མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་རྣམས་ཀྱི་དང་། བསྒོམ་པའི་ལམ་ཟག་པ་དང་བཅས་པ་རྣམས་སུ་དོན་དམ་པར་གཞག་

པ་ནི་མི་རིགས་ཏེ། སྒྲུབ་པའི་བསྒོམ་པའི་ལམ་ཟག་པ་མེད་པར་གསུངས་ཏེ། དེའི་ངོ་བོ་ཉིད་ཁོ་ན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་བསྒྲུབ་པར་བྱ་བ་ནི་དྲོད་ལ་སོགས་པའི་གནས་སྐབས་སུ་ཇི་ལྟར་རིགས་ལ། གང་ཡང་བཤད་པའི་སྡུག་བསྔལ་ལ་ཆོས་ཤེས་
པའི་བཟོད་པ་ལ་རང་གིས་མཐོང་བས་སྤང་བར་བྱ་བའི་ཁམས་གསུམ་པའི་ཉོན་མོངས་པ་སྤངས་པས་ཁམས་གསུམ་ཐམས་ཅད་ཀྱི་རབ་རིབ་དང་བྲལ་བར་བྱེད་ཅེས་པ་ནི་དེ་ནི་ཤིན་ཏུ་ཡང་ངོ་མཚར་བར་བྱེད་པ་སྟེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པས་ནི་འདོད་པའི་ཁམས་ཀྱི་ཉོན་མོངས་པ་
སྤོང་བར་འགྱུར་ལ། གཟུགས་དང་གཟུགས་མེད་པའི་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཉིད་ཀྱིས་སོ་ཞེས་པའི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བསྒྲུབས་པ་འདི་དང་ཡང་ཇི་ལྟར་མི་འགལ་ལ། དེ་བཞིན་དུ་སྔ་མ་དང་ཕྱི་མར་བཅོམ་ལྡན་འདས་མའི་གསུང་རབ་ལ་རྣམ་པར་བཤད་
པའི་ཚུལ་ཉེས་པ་མང་པོ་རྣམས་ནི་གཞུང་མངས་ཀྱིས་དོགས་པས་བདག་ཅག་གིས་མ་སྤྲོས་ཏེ། ལེགས་པར་ཤེས་པ་རྣམས་ཀྱིས་ནི་རྣམ་པར་ཤེས་པར་བྱས་ལ་རང་ཉིད་ཀྱིས་འདོར་བ་ཉིད་དོ། །མ་སྐྱེས་པ་དང་མ་འགགས་པ་ནི་དོན་དམ་པར་སྟོང་པ་ཉིད་ཀྱིས་ངོ་བོ་དང་བྲལ་བའི་ཕྱིར་ན་གོང་དུ་གསུངས་པ་སྟེ།
རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་པས་སོ། །ཀུན་རྫོབ་ཀྱི་ངོ་བོ་ཉིད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་ལ་ནི་སྐྱེད་པ་པོ་ལ་སོགས་པར་འགལ་བ་མེད་དེ། དེའི་ཕྱིར་གསུངས་པ་ནི། ཡུམ་ཞེས་པ་ལ་སོགས་པ་སྟེ། ཡུམ་ནི་སྐྱེད་
པ་པོ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་ཀྱི་རིན་པོ་ཆེ་དེ་རྣམས་ལ་སྦྱིན་པ་པོའི་ཕྱིར་རོ། །དེ་ལས་གཞན་པ་ཉིད་ཀྱི་ཚོགས་པའི་རྒྱུའི་གནས་སྐབས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལུས་ལ་དེའི་སྦྱིན་པས་སྐྱེད་པ་པོའོ། །སངས་རྒྱས་སུ་གཟུང་བས་སངས་རྒྱས་ཀྱི་ཡུམ་དུ་དོན་གྱིས་
རྟོགས་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་

མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་ཀུན་ནས་ཉོན་མོངས་དང་རྣམ་པར་བྱང་བ་ལས་ལྡང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་
མཁྱེན་པའི་སྟོབས་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །དེ་ལ་སྲིད་པ་དང་མི་སྲིད་པ་ནི་གནས་དང་གནས་མ་ཡིན་པ་སྟེ། དེ་ནི་འདི་ལྟ་སྟེ་ངན་དུ་སྤྱོད་པ་ཅན་རྣམས་ལ་མི་འདོད་པའི་རྣམ་པར་སྨིན་པ་ནི་གནས་ཡིན་ལ། འདོད་པ་ནི་གནས་
མ་ཡིན་ཞིང་། ལས་དང་རྣམ་པར་སྨིན་པ་ཡང་ངོ་། །ཁམས་སྣ་ཚོགས་པ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་དང་། ལྷག་པའི་བསམ་པ་སྟེ། གཟུགས་དང་གཟུགས་མེད་པའི་ལས་དང་རབ་ཏུ་ལྡན་པའི་བསོད་ནམས་ནི་མི་གཡོ་བའོ། །མོས་པ་སྣ་ཚོགས་
པ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་རྣམས་ལ་གནས་པ་རྣམས་ཀྱི་ཞེ་སྡང་དང་འདོད་ཆགས་ལ་སོགས་པ་ལ་དགའ་བའོ། །དབང་པོ་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ལ། དེ་རྣམས་མཆོག་དང་མཆོག་མ་ཡིན་པའི་ཆུང་ངུ་དང་འབྲིང་དང་ཆེན་པོ་
ཉིད་དེ། འདི་ནི་དབང་པོ་དམན་པའོ། །འདི་ནི་འབྲིང་ངོ་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་ནི་འདོད་ཆགས་ཀྱི་གཉེན་པོའི་ལམ་ནི་འདིའོ། །འདི་ནི་ཞེ་སྡང་གི་ཞེས་པ་ལ་སོགས་པའོ། །བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། ཏིང་ངེ་འཛིན་
གསུམ་སྟེ། རྣམ་པར་རྟོག་པ་དང་། དཔྱོད་པ་དང་བཅས་པ་དང་། རྣམ་པར་རྟོག་པ་མེད་པ་ལ་དཔྱོད་པ་ཙམ་པོ་དང་། རྣམ་པར་རྟོག་པ་མེད་ཅིང་རྣམ་པར་དཔྱོད་པ་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་དང་། ཀུན་ནས་ཉོན་མོངས་པ་ལ་སོགས་པ་ཅན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བ་ལ་སོགས་པས་སོ། །རྣམ་པར་བྱང་བ་ནི་ཉེ་བར་མི་དམིགས་པ་ལ་སོགས་པ་སྟེ། རྣམ་པར་ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པས་སམ་ཐོད་རྒལ་གྱིས་སོ། །སྔོན་གྱི་གནས་ནི་སྔོན་གྱི་

སྐྱེ་བ་སྟེ། དེ་རྗེས་སུ་དྲན་པའོ། །འཆི་འཕོ་བ་དང་སྐྱེ་བ་དག་ནི་སེམས་ཅན་རྣམས་ཀྱི་འཆི་བ་དང་སྐྱེ་བའོ། །ཟག་པ་ནི་ཉོན་མོངས་པ་རྣམས་ལ། དེ་རྣམས་གང་དེ་ཟད་པ་དང་ལམ་གང་ཞིག་གིས་ཟད་པ་དེ་གཉི་གའི་ཟག་པ་ཟད་པའོ། །གནས་དང་གནས་མ་
ཡིན་པ་འདི་རྣམས་ལ་ཐམས་ཅད་ནས་ཐམས་ཅད་དུ་ཡང་དག་པའི་ཤེས་པ་དེ་ཉིད་སྟོབས་ཏེ། ཅིག་ཤོས་ཀྱིས་མི་ཐུབ་པའི་ཕྱིར་དང་། དེ་རྣམས་ཟིལ་གྱིས་མནན་པའི་ཕྱིར་རོ། །མི་ཐུབ་ཅེས་པ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ། །སེང་གེ་བཞིན་དུ་ཤིན་ཏུ་དོགས་པ་མེད་ཅིང་རིགས་པར་
སྨྲ་བ་ལ་མི་འཇིགས་པ་སྟེ། དེའི་མི་འཇིགས་པ་ནི་རྣམ་པ་བཞི་སྟེ། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་དང་། ངེས་པར་འབྱུང་བའི་ཆོས་ལ་མི་འཇིགས་པ་རྣམས་སོ། །མངོན་པར་བྱང་ཆུབ་པ་ནི་དེ་
བཞིན་གཤེགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཟག་པ་ཟད་པ་ནི་སྤངས་པ་ཕུན་སུམ་ཚོགས་པ་སྟེ། གཉི་ག་ཡང་རང་གི་དོན་ཏོ། །བར་དུ་གཅོད་པའི་ཆོས་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་བགེགས་ལ། ངེས་པར་འབྱུང་བའི་ཆོས་ནི་མྱ་ངན་འདས་པ་ཐོབ་པར་བྱེད་པ་སྟེ། དེ་གཉི་
ག་ལ་ཡང་གཞན་གྱི་དོན་ཏེ། གཞན་རྣམས་ལ་དེ་བཤད་པས་དེ་རྣམས་ལ་མི་འཇིགས་པ་སྟེ། དེའི་དམ་བཅས་པ་རབ་ཏུ་གནས་པ་ཉིད་ཅེས་པའི་དོན་ཏོ། །མགོན་མེད་པ་ནི་སྐྱབས་མེད་པ་སྟེ་དེ་རྣམས་ཀྱི་མགོན་དང་སྐྱབས་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེའི་བགྱིད་པ་ནི་འདིས་
ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་སྟེ། རྣམ་པ་དགུ་ཞེས་པ་དང་ལྡན་པའོ། །འདི་ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་པས་མཐུ་དང་ལྡན་པར་འདོད་ནས་གསུངས་པ་ནི། འཁོར་བ་ཞེས་པ་ལ་སོགས་པ་སྟེ། འཁོར་བ་ནི་ཟག་པ་དང་བཅས་པའི་ཕུང་པོ་ལྔ་རྣམས་ལ། དེའི་
གཉེན་པོ་འཇོམས་པར་བྱེད་པ་པོ་ནི་ཆོས་ཀྱི་དབྱིངས་དེའི་འཇོམས་པར་བྱེད་པ་པོ་སྟེ། དེ་གསུངས་པ་ནི། ཐེར་ཟུག་ཅེས་པ་སྟེ། ཆོས་ཀྱི་དབྱིངས་ནི་ཐེར་ཟུག་པར་གནས་པ་སྟེ། ཐོག་མ་དང་ཐ་མར་རོ་གཅིག་པའི་ངོ་བོའི་ཕྱིར་རོ། །དེ་ཡང་གཉེན་པོར་གྱུར་ན་ནི་གདོད་ནས་དེ་ཉིད་པས་འཁོར་བར་

མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཐོག་མར་བློ་དང་ལྡན་པས་གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བར་བྱེད་པའི་ལམ་ཞེས་པ་སྟེ། དེ་ཉིད་དེའི་གཉེན་པོ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་གསུངས་ལ། ཡེ་ཤེས་ཕུན་སུམ་ཚོགས་པ་གསུངས་པ་ནི་ཆོས་ཐམས་ཅད་ཅེས་པ་
སྟེ། ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཉིད་མེད་པ་ཉིད་དེ། དེའི་ཁྱད་པར་ནི་སྟོན་པ་པོ་སྟེ། རང་དང་གཞན་རྣམས་ལའོ། །གཞན་གྱི་དོན་དུ་ནི་ཡོངས་སུ་རྫོགས་པ་སྟེ། གཅིག་གིས་ཀྱང་མ་རྫོགས་པ་མེད་པའི་ཕྱིར་རོ། །ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་དང་ལྡན་པའི་
ཆོས་ཀྱི་འཁོར་ལོ་ནི་ཆོས་བསྟན་པ་ལ་དེ་ཉིད་འཁོར་ལོ་སྟེ། གདུལ་བྱའི་རྒྱུད་ལ་འཁོར་བའི་ཕྱིར་རོ། །དེའི་སྐོར་བ་པོ་ནི་སངས་རྒྱས་རྣམས་ཏེ། དེ་ཉིད་དེས་བསྐོར་བའི་ཕྱིར་རོ། །དེ་ལ་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་པ་ནི་འདི་ནི་སྡུག་བསྔལ་ལོ། །འདི་ནི་སྡུག་བསྔལ་ཀུན་
འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་པ་ནི་བདེན་པ་བཞིའི་ངོ་བོའི་ལེའུ་དང་པོའོ། །དེ་ཉིད་ལ་གོ་རིམས་བཞིན་དུ་ཡོངས་སུ་ཤེས་པར་བྱ་བ་དང་། ཡོངས་སུ་སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་
ཉིད་ནི་ལེའུ་གཉིས་པའོ། །དེའི་དེ་ཉིད་ལ་བདག་ཉིད་ཀྱིས་ཡོངས་སུ་ཤེས་པ་དང་། སྤངས་པ་དང་། མངོན་སུམ་དུ་བྱས་པ་དང་བསྒོམ་པ་ཉིད་ནི་ལེའུ་གསུམ་པ་སྟེ། འདི་ནི་རྣམ་པ་བཅུ་གཉིས་སོ། །ཀུན་རྫོབ་ཏུ་མོ་གཤམ་གྱི་རང་གི་སྐད་ཅིག་སྐྱེ་བ་ཉིད་ནི་རྒྱུན་འགགས་པ་ནི་མེས་གྲང་བ་
འགགས་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་ལོག་པའི་ཤེས་པ་འགག་པར་འགྱུར་བ་ནི་སྔོན་ནས་འབྱུང་བར་འགྱུར་བའི་ཡང་དག་པའི་ཤེས་པ་དེའི་རྒྱུ་ཅན་དེས་འགགས་པ་སྟེ། ཀུན་རྫོབ་ཏུ་ནི་ཅི་ཡང་མེད་པ་ཉིད་དུ་མི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་ཇི་ལྟར་རིགས་པར་
འགོག་པའི་ཡང་དག་པའི་ཤེས་པ་ནི་བསྒོམ་པའི་ལམ་གྱི་ངོ་བོའོ། །མཆོག་ཉིད་གསུངས་པ་ནི་ཇི་ལྟར་ཞེས་པ་ལ་སོགས་པ་སྟེ། གནས་པར་བགྱི་བ་ནི་གནས་པར་བྱས་ཤིང་མཆོད་པ་རྣམས་ཀྱིས་སོ། །ཡིད་ལ་བགྱི་བ་ནི་ཡོན་ཏན་རྗེས་སུ་དྲན་པ་རྣམས་ཀྱིས་སོ། །ཕྱག་འཚལ་བར་བགྱི་

བ་ནི་ལུས་ངག་ཡིད་གསུམ་གྱིས་སོ། །ཅིའི་ཕྱིར་འདི་ནི་གནས་སྐབས་ལ་འདྲི་བའི་རྒྱུ་ནི་བཅོམ་ལྡན་འདས་མ་མཆོག་ཉིད་དུའོ། །ཡོངས་སུ་འདྲེན་པ་མེད་པ་ནི་ཡོངས་སུ་འདྲེན་པ་དང་བྲལ་བའོ། །སྐལ་བ་མེད་པ་ནི་བསྐོར་བར་མི་ནུས་པ་ལ་དམུས་ལོང་དུ་གྱུར་པ་ནི་
དམུས་ལོང་དང་འདྲ་བའོ་ཞེས་པ་ནི་མཆོག་ཉིད་དོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསྒོམ་པའི་ལམ་མོ། །གང་ཞིག་ཕུང་པོ་ལྔ་རྣམས་ཀྱི་ཆོས་རྣམས་ཐམས་ཅད་ཇི་སྲིད་དུ་མངོན་པར་འདུ་མི་བྱེད་ཅིང་ཉེ་བར་མི་དམིགས་པ་དེ་ཉིད་འདིའི་སྒྲུབ་པ་ཡོངས་
སུ་རྫོགས་པར་བྱེད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ཆོས་གང་ཞེས་པ་ནི་ཟག་པ་མེད་པའོ། །ཆོས་གང་ཡང་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོད་པར་བྱེད་པ་ཡང་ཉེ་བར་མི་དམིགས་ཞེས་པའི་གཏོད་པའོ། །དེ་ནས་ཡང་ཞེས་པ་ལ་སོགས་
པ་སྟེ། མིང་ནི་འདུ་ཤེས་ལ་མངོན་པར་འདུ་བྱེད་པ་ནི་བརྟགས་པས་སོ། །ཇི་ལྟར་གཏོད་པར་མི་བྱེད་ཅེས་པ་ནི་ཆོས་རྣམས་ལ་གཏོད་པར་མི་བྱེད་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །དེ་ལྟར་ཞེས་པ་ནི་རྣམ་པར་རྟོག་པ་མེད་པས་སོ། །ཅི་ཡང་མེད་ཅེས་པ་ནི་ཆོས་རྣམས་ལ་སྐྱེ་བ་ལ་
སོགས་པ་རྣམས་སུ་ཡང་རྣམ་པར་རྟོག་པ་མེད་པས་སོ་ཞེས་པ་ལ་དགོངས་པའོ། །ཉེ་བར་ཞེས་པ་ནི་སྐྱེ་བ་མེད་ཅིང་འགག་པ་ཡང་མེད་ཅེས་པའི་དོན་ཏོ། །འདིར་ཉེ་བར་མི་གནས་པ་ནི་ཅུང་ཟད་བྱེད་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་ཞེས་པ་ནི་ཐམས་ཅད་མཁྱེན་པ་ལ་གཏོད་པར་བྱེད་པ་པོ་
ཉིད་ཀྱང་ངོ་། །རིང་དུ་བྱེད་པར་འགྱུར་ཞེས་པ་ནི་མངོན་དུ་བྱེད་པ་མེད་པའི་ཕྱིར་ལ། གསོག་ཏུ་བགྱིད་པ་ནི་མངོན་དུ་གྱུར་པའི་ཡེ་ཤེས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །གསོབ་ཏུ་བགྱིད་པ་ནི་དེའི་འབྲས་བུ་མེད་པའི་ཕྱིར་རོ། །མི་བགྱིད་ཅེས་པ་ནི་སྐྱེ་བར་འགྱུར་བར་མི་བྱེད་པའོ། །ཡོད་པ་ནི་
འདི་དག་ཉིད་ཀྱི་རྣམ་གྲངས་དག་གི་དོན་ཇི་ལྟ་བར་ཁྱོད་ཀྱིས་གསུངས་པའོ། །ཡོངས་སུ་གསལ་བར་མ་བྱས་པ་ནི་བསྟན་པ་སྟེ། གཟུགས་གསལ་བར་མ་བྱས་ཞེས་པ་ནས་ཇི་སྲིད་དུ་སངས་རྒྱས་ཉིད་ཅེས་པའི་བར་ནི་ཆོས་གང་ཡང་མེད་ཅེས་པའི་དོན་ཏོ། །དེའི་ཕྱིར་ཆོས་གང་ཡང་མ་མཐོང་བ་སྟེ།

རིང་དུ་བྱེད་ཅེས་པ་ལ་སོགས་པ་ཅན་ལ། ཆེན་པོར་མི་བགྱིད་ཅེས་པ་ལ་སོགས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །སྡུད་པར་མི་བྱེད་གཡེང་བར་མི་བྱེད་ཅེས་པ་ནི་གཉིས་སུ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་དོན་ཆེན་པོར་ཡང་ངོ་། །རྒྱུ་མཐུན་པ་ནི་དེའི་རྗེས་སུ་གྱུར་པའི་
ངེས་པས་སོ། །སེམས་ཅན་ནི་ཕུང་པོ་ལྔའི་བདག་ཉིད་ཅན་ལ། གང་ཟག་གམ་རྫས་ཀྱང་དེ་བཞིན་ནོ། །ངོ་བོ་ཉིད་ནི། མཚན་ཉིད་ལ་སྐྱེ་བར་ནི་སྐྱེད་པ་སྟེ། དེ་དག་དང་བྲལ་བ་ཉིད་དོ། །འདིའི་རྒྱས་པར་བཤད་པ་ནི་སེམས་ཅན་ངོ་བོ་ཉིད་མེད་པ་ལ་སོགས་པ་སྟེ། དབེན་པ་ནི་སྟོང་པ་
ཉིད་ལ་བསམ་གྱིས་མི་ཁྱབ་པས་དམིགས་སུ་མེད་པའོ། །མངོན་པར་བྱང་མ་ཆུབ་པ་ནི་མངོན་སུམ་གྱི་བྱ་བ་དེ་ལ་མེད་པས་སོ། །ཡང་དག་པ་ཇི་ལྟ་བ་ནི་ཡང་དག་པའི་དོན་དེས་མ་བཟུང་བས་སོ། །སྟོབས་ཡང་དག་པར་སྒྲུབ་པ་ནི་སྟོབས་རྫོགས་པར་བྱེད་པ་ཅུང་ཟད་མེད་དོ། །དེ་ལྟར་དེ་བཞིན་
གཤེགས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཞེས་པ་ནི་དོན་ཆེན་པོ་ཉིད་དོ། །སྒྲུབ་པའི་ཡན་ལག་དྲུག་པ་དང་བདུན་པ་ལ་ཡང་མོས་པའི་རྒྱུ་དང་སྤོང་བའི་རྒྱུ་ཡོད་དེ། དེའི་དབང་དུ་བྱས་ནས་བསྟན་བཅོས་ལས། སངས་རྒྱས་བསྟེན་དང་སྦྱིན་སོགས་དང་། །ཐབས་ལ་མཁས་པ་གང་
ཡིན་པ། །འདི་ལ་མོས་པའི་རྒྱུ་དག་ཡིན། །ཆོས་ཀྱིས་ཕོངས་པའི་རྒྱུ་དག་ནི། །བདུད་ཀྱི་ཐིབས་ཀྱིས་ནོན་པ་དང་། །ཟབ་མོའི་ཆོས་ལ་མ་མོས་དང་། །ཕུང་པོ་ལ་སོགས་མངོན་ཞེན་དང་། །སྡིག་པའི་གྲོགས་པོས་ཟིན་པའོ། །ཞེས་པ་སྟེ། མོས་པ་ནི་བསྒོམ་པའི་ལམ་འདི་ལྟ་སྟེ། དེ་
གསུངས་པ་ནི་དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། མོས་ཞེས་པ་ནི་ངེས་པའི་དངོས་པོ་ཉིད་ལས་གཞན་མ་ཡིན་ཞེས་རྟོགས་པར་བྱེད་ཅིང་མོས་པར་བྱེད་པར་འགྱུར་བ་སྟེ། དེའི་བཤད་པ་ནི་མི་བགྱིད་ཅེས་པ་ལ་སོགས་པ་སྟེ། ནེམ་ནུར་ནི་གནོད་པ་ལ། ཐེ་ཚོམ་ནི་སོམ་ཉིའོ། །རྨོངས་པ་ནི་
སྒྲུབ་པ་དང་མི་ལྡན་པས་སོ། །རྨོངས་པར་འགྱུར་ཞེས་པ་ནི་རྨོངས་པར་བྱེད་པར་འགྱུར་བའོ། །དོན་དང་ཞེས་པ་ནི་མངོན་པར་རྟོགས་པ་བརྒྱད་པོ་རྣམས་ཀྱིས་སོ། །དོན་གྱི་ཚུལ་ཞེས་པ་ནི་ཇི་ལྟར་རང་གིས་སེམས་བསྐྱེད་པ་དང་། གདམས་ངག་ཅེས་པ་ལ་སོགས་པ་དེ་རྣམས་ཀྱི་དངོས་པོ་

རྣམས་ཀྱིས་སོ། །ཆོས་ཉིད་ནི་མིང་དང་ཚིག་དང་ཡི་གེ་འདི་རྣམས་ཀྱིས་ལ། ཆོས་ཀྱི་ཚུལ་ནི་བསྡུས་པ་དང་རྒྱས་པ་ལ་སོགས་པ་རྣམས་ཀྱིས་སོ། །རྗེས་སུ་རྟོགས་པར་འགྱུར་བ་ནི་རྗེས་སུ་འབྲང་བའི་ཕྱིར་རོ། །རྗེས་སུ་འཚལ་བར་འགྱུར་བ་ནི་དེ་བཞིན་དུ་ཤེས་
པས་སོ། །རྗེས་སུ་རྟོགས་པར་འགྱུར་བ་ནི་དེ་ལྟར་གཞན་ཉིད་དོ། །དེ་ཅིའི་ཕྱིར་ཞེས་པ་ནི་གང་དུ་རྟགས་ཀྱིས་ཏེ། རྟགས་གསུངས་པ་ནི་ཇི་སྲིད་ཅེས་པ་སྟེ། ཡུན་རིང་པོར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ལའོ། །ཚུལ་ཁྲིམས་བསྲུངས་པ་ནི་འདིས་ཚུལ་ཁྲིམས་ཏེ། ཡུན་རིང་པོར་
སྤྱོད་པ་ཅན་ནོ་ཞེས་པ་ནི་སངས་རྒྱས་བསྟེན་པ་དང་། སྦྱིན་པ་ལ་སོགས་པའི་སྤྱོད་པའོ། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ནུས་ཞེས་པ་ནི་གང་གིས་གང་ལའོ། །ཉན་པར་འདོད་པ་ནི་སྒྲ་ལའོ། །རྟོགས་པ་ནི་དོན་ལའོ། །བསམ་པ་ནི་དུས་གཞན་དུ་དྲན་པར་རོ། །བསྐྱེད་པ་ནི་བསམ་
པའི་དུས་སུའོ། །ཉེ་བར་གཟུང་བ་ནི་བསྒོམ་པའི་དུས་སུ་སེམས་པས་བརྟན་པར་བྱེད་པའི་ཕྱིར་རོ། །འདི་ནི་སྣང་བར་བྱེད་པའོ། །འདི་དང་འདི་ལ་ཞེས་པ་ནི་སོ་སོར་སྣང་བར་བྱེད་པའི་རྟེན་རྣམས་ལའོ། །འདི་ལྟར་ཞེས་པ་ནི་སྣང་བར་བྱེད་པས་ལ། རྣམ་པ་ནི་མཚན་ཉིད་ཀྱིས་ཏེ། དཔེར་
ན་བ་ལང་གི་ཨོག་ཤལ་ལ་སོགས་པ་ཉིད་ཀྱིས་སོ། །རྟགས་ཀྱིས་ནི་བཅོས་མས་ཏེ། དཔེར་ན་བ་ལང་གི་དྲིལ་བུ་ལ་སོགས་པ་བཞིན་ལ། མཚན་མ་ནི་རང་བཞིན་གྱི་མཚན་མ་སྟེ། དཔེར་ན་བ་ལང་དཀར་པོ་ཉིད་ལ་སོགས་པ་བཞིན་ནོ། །བསྟན་པ་ནི་གཞན་ལའོ། །མཉན་པར་བྱེད་
པ་ནི་གཞན་ལས་སོ། །ཕུང་པོ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིས་སོ། །ཆོས་རྣམས་ཐམས་ཅད་ལ་ཕུང་པོ་ལ་སོགས་པ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ནི་ཆོས་ཐམས་ཅད་དབེན་པ་ཉིད་ལ་རྒྱུ་དང་འབྲས་བུ་ནི་ཐོག་མ་དང་ཐ་མ་གཉིས་དང་བྲལ་བས་ནི་ཤིན་ཏུ་དབེན་པ་ཉིད་དོ། །གཞན་
མ་མེད་ཅེས་པ་ནི་གཞན་གང་ན་ཡང་ངོ་། །ཅིའི་ཕྱིར་ན་སྐྱེ་བའི་རྒྱུ་དང་བྲལ་བ་ཉིད་ཀྱིས་སྟོང་པ་ལ་རང་གི་ངོ་བོ་དང་བྲལ་བའི་ཕྱིར་དབེན་པའོ། །འབྲས་བུའི་ནུས་པ་དང་བྲལ་བས་ཞི་བའོ། །དེ་ལྟར་ན་ཞེས་པ་ལ་སོགས་པ་ནི་ཉེ་བར་བསྡུས་པའོ། །གང་དམིགས་སུ་མེད་པ་ཞེས་པ་ནི་དོན་དམ་པར་ལ་

ཀུན་རྫོབ་ཏུ་ནི་ཉེ་བར་དམིགས་པ་སྟེ། དམིགས་པ་མེད་པ་ཙམ་པོ་མ་ཡིན་ཞེས་པ་ནི་ཐབས་ལ་མཁས་པའོ། །ཆོས་ཀྱིས་ཕོངས་པ་ནི་ཕུན་སུམ་ཚོགས་པ་དང་བྲལ་བ་ནས་ཡུན་རིང་པོར་ངན་འགྲོར་གནས་པས་དེས་ཉན་པ་ལ་སོགས་པ་མེད་པ་སྟེ། དེའི་རྒྱུ་ནི་དམ་པའི་ཆོས་སྤོང་བ་ལ་དེ་ཉིད་ནི་ཆོས་
ཀྱིས་ཕོངས་པ་དང་མཐུན་པར་འགྱུར་བའི་ལས་ཏེ། དེས་རྒྱུའི་བྱ་བ་བྱས་པའི་ཕྱིར་རོ། །དེའི་གནས་སྐབས་ནི་དེ་ལྟར་གནས་བརྟན་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་པ་འདིར་བསྒོམ་པའི་ལམ་ལའོ། །རྣལ་འབྱོར་ནི་ཡང་དག་པར་ལེན་པས་ན། རྣམ་པར་ཕྱེ་སྟེ་
ཞེས་པ་ནི་ཁ་ཅིག་ནི་ཡུན་རིང་པོར་སྤྱོད་པ་ཡིན་ལ། ཁ་ཅིག་ནི་མིན་ཞེས་པ་སྟེ། དེ་ཇི་ལྟར་ཞེ་ན། དད་པ་ལ་སོགས་པའི་དབང་པོ་རྣམས་ཀྱི་ཚོད་ཀྱིས་སྣ་ཚོགས་པ་ཉིད་དེ་གསུངས་པ་ནི་བསྙེན་བཀུར་བྱེད་པ་མི་འགྱུར་ཞེས་པ་དང་འབྲེལ་ཏོ། །སངས་རྒྱས་རྣམས་ལ་བསྙེན་བཀུར་མ་བྱས་པ་དང་།
ཡོངས་སུ་མ་དྲིས་པ་ནི་དད་པ་དང་བྲལ་བས་སོ། །བྱས་པ་ནི་ལན་ཅིག་བྱས་པས་སོ། །བསགས་པ་ནི་ཡང་ཡང་བྱེད་པའོ། །ཀུན་ནས་བསགས་པ་ནི་ཡོངས་སུ་རྫོགས་པའོ། །ཉེ་བར་བསགས་པ་ནི་རྣམ་པར་སྨིན་པ་སྟེར་བའི་ནུས་པ་ཐོབ་པའོ། །ལུས་ཀྱིས་ཚོགས་པ་ནི་ཉན་དུ་འོང་བའོ། །
སེམས་ཀྱིས་ནི་རྣམ་པར་གཡེང་བ་མེད་པའོ། །ངག་གིས་ནི་སྐབས་སུ་བབ་པ་མི་སྨྲ་བའོ། །མི་སྦྱིན་པ་ནི་ཡང་དག་པར་མ་ཉན་པའོ། །མི་ཤེས་པ་ནི་གཞུང་ལ། མི་མཐོང་བ་ནི་དོན་ནོ། །ཁོང་དུ་མི་ཆུད་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཀྱིས་ལ། རིག་པར་མི་བྱེད་པ་ནི་ཕྱིན་ཅི་ལོག་ཏུ་རྟོགས་
པས་སོ། །སྤོང་བར་འགྱུར་བ་ནི་ཡིད་ཀྱིས་བཏང་བས་སོ། །སྐུར་པ་ནི་ངག་གིས་སོ། །ཁྲོ་བ་ནི་སྨོད་པ་ལ། ཉེ་བར་བཅོས་པ་ནི་སུན་འབྱིན་པ་ཉིད་དོ། །བསྲེགས་པ་ནི་མི་དགེ་བ་རྣམས་ཀྱིས་དགེ་བའི་རྩ་བ་བསྲེགས་པའི་ཕྱིར་ལ། འདུན་པ་ནི་དབང་གི་དངོས་པོའོ། །ཕྱིར་བཟློག་པ་ནི་འདུན་པ་
ལས་སོ། །འབྲལ་བར་བྱེད་པ་ནི་འདིས་འདུན་པ་དང་བྲལ་བར་གྱུར་པས་བྲལ་བར་བྱེད་པའི་ཕྱིར་རོ། །མི་འཇུག་པར་བྱེད་པ་ནི་ཡིད་ཀྱིས་གཏོང་བར་བྱེད་པའི་ཕྱིར་རོ། །ལྡོག་པར་བྱེད་པ་ནི་སླར་མི་འཛིན་པར་བྱེད་པའི་ཕྱིར་རོ། །འདི་རྣམས་ཀྱིས་ནི་སྤོང་བར་སྨྲ་སྟེ། སྤོང་བར་སྨྲ་བ་ནི་འདི་ལ་བསླབ་

པར་མི་བྱ་ཞེས་པ་ལ་སོགས་པའོ། །ཁྲོ་བར་སྨྲ་བ་ནི་འདི་ནི་སངས་རྒྱས་ཀྱི་གསུང་མ་ཡིན་ཞེས་པའོ། །དེ་ལྟར་ནི་དང་པོའི་སྟོབས་རྣམས་བཅོམ་པའི་སེམས་རྨོངས་པས་རྟོགས་ན་ཤ་ཁོན་དུ་འགྱུར་བ་སྟེ། གང་གི་ཕྱིར་མདོ་སྡེ་ལ་འཇུག་པ་འདུལ་བ་ལ་སྣང་བ་ཆོས་
ཉིད་དང་མི་འགལ་བ་དེ་ནི་སངས་རྒྱས་ཀྱི་གསུང་ལ། ཐེག་པ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་མདོ་སྡེ་ལ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་སོགས་པ་ནི་འདུལ་བ་སྟེ། ཆོས་ཉིད་ནི་ཁྱད་པར་དུ་གྱུར་པས་བཤད་པ་ནི་ཐེག་པ་དམན་པ་ལ་ནི་ཐེག་པ་ཆེན་པོའི་ཡོན་ཏན་གྱི་
ཚོགས་མེད་པ་ཉིད་དེ། ཁྲོན་པ་ལ་སོགས་པ་ལ་རྒལ་བ་མེད་པའི་ཕྱིར་དང་། རྒྱ་མཚོ་ཆེན་པོ་རྣམས་ཀྱི་ནང་དུ་མ་སོང་བའི་ཕྱིར་ན་ཆུའི་རྟེན་དུ་མ་གྱུར་ཅེས་པ་སྟེ། འདིར་མང་དུ་བརྗོད་པ་ནི་དགོས་པ་མེད་པ་ཉིད་དོ། །བྱོལ་སོང་ནི་ཡོངས་སུ་བཏང་བ་སྟེ། ཕྱི་རོལ་དུ་འགྱུར་ཞེས་པ་དང་དོན་
གཅིག་གོ། །ཐམས་ཅད་ནས་ནི་ཇི་ལྟར་གྱུར་པ་དེ་ལྟར་ན། ཐམས་ཅད་ཀྱི་ནི་ཡན་ལག་གིས་སོ། །ཐམས་ཅད་ནི་ཇི་ལྟར་འགྱུར་བ་དེ་ཐམས་ཅད་ཀྱིས་ཏེ། བྱེ་བྲག་རྣམས་ཀྱིས་སོ། །ལས་མངོན་པར་འདུ་བྱེད་པ་ནི་ལས་ཀྱི་བྱ་བའོ། །ཉེ་བར་གནས་པ་ནི་བྱས་པའོ། །ཀུན་ནས་བསླང་བ་
ནི་ཉེ་བར་བསགས་པའོ། །འཇིག་པ་ནི་བཤིག་པ་སྟེ། གང་གིས་མེས་ཟད་པར་བྱེད་པ་དེ་ནི་མེས་འཇིག་པའོ། །འདོར་བར་འགྱུར་བ་ནི་སྲིད་པ་བར་མའི་ལུས་ཀྱིས་སོ། །ལྟུང་བར་འགྱུར་བ་ནི་སྐྱེ་བའི་ལུས་ཀྱིས་ཏེ། རྒྱུད་མཉམ་དུ་ཡང་སྡུག་བསྔལ་མང་པོ་རྣམས་དེས་གང་གི་ཕྱིར་དེ་ལྟར་
མྱོང་བར་འགྱུར་བའོ། །མ་བསད་པ་དང་། ཕ་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དགེ་འདུན་གྱི་དབྱེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་པ་ནི་མཚམས་མེད་པ་ལྔའི་ལས་ཏེ། བར་མཚམས་མེད་པར་མནར་མེད་པར་སྐྱེ་བའི་རྒྱུའི་ཕྱིར་
རོ། །མཚམས་མེད་པའི་རྒྱུ་དང་འབྲས་བུ་རྣམས་དང་འདྲ་བ་མེད་པས་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུགས་བརྙན་དུ་ཡང་ངམ། རྗེས་སུ་མཐུན་པའམ་ཚུལ་མཐུན་པ་ཙམ་ཡང་མ་ཡིན་ཞེས་པ་སྟེ། གཟུགས་བརྙན་ལ་སོགས་པའི་ཚིག་གསུམ་ནི་དོན་མཐུན་པའི་ཤེས་པ་ནི་གཞན་དག་གིའོ། །

རྙེད་པ་དང་བཀུར་སྟི་ནི་དེ་ཉིད་ལས་ཏེ། ཅིའི་ཕྱིར་ན་དེ་ལ་ལྟ་བར་ཡང་ངོ་། །སོ་རྩིའི་ལོ་མའི་འདབ་མ་རུལ་བ་ནི། དེ་མ་བོར་ན་གཞན་རྣམས་ཀྱང་འཇིག་པར་བྱེད་པའོ། །སོ་རྩིའི་ལོ་མ་བཞིན་དུ་རིགས་སུ་སྐྱེས་པ་འདི་རྣམས་དེ་བཞིན་ནོ། །ནག་པོ་ནི་རྩྭའི་བྱེ་བྲག་ལ་སྲེད་ནི་རབ་ཏུ་གྲགས་པ་སྟེ། ཞིང་
ལ་མ་བསལ་ན་ཞིང་འཇིག་པར་བྱེད་པའོ། །ནག་པོའང་སྲིན་བུ་ཞེས་པ་ཁ་ཅིག་སྟེ། ནག་པོ་རང་བཞིན་གྱི་རིགས་ལས་སྐྱེས་པ་འདི་རྣམས་ཀྱང་དེ་བཞིན་ནོ། །ནག་པོ་ལ་ནི་རེག་ནས་སོ་མ་བཏབ་ཀྱང་དུག་དང་བཅས་པར་འགྱུར་ཏེ། འདི་ཉིད་ཀྱིས་ན་དེ་དག་ལས་ཉན་པ་དང་། དད་པ་ལ་
སོགས་པ་རྣམས་ལམ་མ་ཡིན་པས་ཕོངས་ཤིང་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱིས་ཏེ། སྡུག་ཅིང་དྲག་ལ་གནོད་པ་ཆེན་པོས་སོ། །སྣང་བར་བྱས་པ་ནི་རང་བཞིན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཤེས་པར་རོ། །དཀར་པོའི་སྐལ་བ་ནི་དགེ་བའི་སྐལ་བའོ། །དེ་དང་ལྡན་པར་ནི་ཡང་དག་
པར་སྐྱེད་པའོ། །སྦྱོར་བ་ཞེས་པ་ནི་ཆོས་ཀྱིས་ཕོངས་པས་སོ། །བདུད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ལ་སོགས་པ་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་གསུངས་ལ། ཆོས་ཟབ་མོ་ལ་མི་མོས་པས་དེ་ལ་དད་པ་དང་དང་བ་མེད་པར་གསུངས་སོ། །གཞན་ཡང་ཞེས་པ་ལ་སོགས་པ་རྒྱུ་རྣམ་པ་
བཞི་གསུངས་པ་ནི། བདག་ལ་བསྟོད་པ་དང་གཞན་ལ་སྨོད་པ་ཉེས་པའི་སྐབས་ཚོལ་བར་འགྱུར་ཞེས་པ་ནི་ཕུང་པོ་གཅིག་ལ། བསྟན་བཅོས་སུ་ནི་དེའི་འདིར་ཆོས་ཀྱིས་ཕོངས་པའི་རྒྱུ་དྲུག་གསུངས་པ་ལ་མདོར་བསྡུས་ནས་བཞི་སྟེ། ལྷག་མ་རྣམས་ནི་ཕུང་པོ་ལ་སོགས་པར་མངོན་པར་ཞེན་
པའི་ནང་དུ་བསྡུས་པའི་ཕྱིར་ཏེ། བདག་ལ་བསྟོད་པ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པའོ། །སྒྲུབ་པའི་ལེའུ་འདིར་ཡན་ལག་བདུན་གྱིས་སྒྲུབ་པ་གསལ་བར་བྱས་པའི་ཕྱིར་རོ། །དེ་ལྟར་ན་ཡང་ངན་འགྲོའི་གཞུང་མང་བའི་ཕྱིར་དམྱལ་བའི་ལེའུ་བརྗོད་པ་སྟེ་
བདུན་པའོ།། །།དག་པ་བརྗོད་པར་བྱ་སྟེ། དེ་ནི་མོས་པར་དཀའ་བ་ཉིད་པས་དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། དོན་དུ་མི་གཉེར་བ་ནི་འདུན་པ་དམན་པས་སོ། །ཉེ་བར་བསྟན་པ་ནི་བགེགས་ཀྱིས་སོ། །ལེགས་པར་མི་ཉན་པ་ལ་སོགས་པ་ནི་དགེ་བའི་བཤེས་

གཉེན་རྣམས་ལའོ། །ཇི་ཙམ་དུ་ཟབ་པ་ཞེས་པ་ནི་མིང་ཙམ་དུ་ཟབ་པས་མོས་པར་དཀའ་བ་ལ། གཟུགས་ལ་སོགས་པའི་སྔོན་གྱི་མཐའ་ལ་སོགས་པ་ལ་ཡང་མ་བཅིངས་མ་གྲོལ་བ་སྟེ། དུས་གསུམ་གྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །
མཆོག་ཏུ་མོས་པར་དཀའ་བ་ནི་མཆོག་ཏུ་ཟབ་པའི་ཕྱིར་རོ། །སྔ་ནས་རབ་ཏུ་འཇུག་པ་ནི་འཆིང་བ་ལ་སྔ་ནས་དག་པའི་ཕྱིར་དེ་ལྡོག་པའི་ཐར་པ་སྟེ། དག་པ་ཞེས་རབ་ཏུ་གྲགས་པའོ། །འདིར་ཡང་བཅིངས་པ་དང་། གྲོལ་བ་དག་ནི་ཤིན་ཏུ་མེད་ཅིང་དག་པ་ཞེས་པ་ནི་མཆོག་ཏུ་ཟབ་པའོ། །རྣམ་པར་
དག་པའི་མཚན་ཉིད་ནི་བསྟན་བཅོས་ལས། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ་གང་གི་ཕྱིར། །དེ་གཉིས་ཐ་དད་མ་ཡིན་ཞིང་། །བཅད་དུ་མེད་པས་དག་པར་བརྗོད། །ཅེས་ཏེ། འབྲས་བུ་དག་པ་ནི་བསྒྲུབ་པར་བྱ་བ་སྟེ། དེ་ཡང་གཟུགས་ལ་སོགས་པའི་དག་པ་ཉིད་དོ། །
དེ་ཅིའི་ཕྱིར་ཞེས་པ་ནི་དེ་ལ་འདིས་གོང་དུ་མོས་པར་དཀའ་བའོ། །གཉིས་སུ་མེད་པ་ནི་དེའི་བདག་ཉིད་ཀྱིས་ལ། གཉིས་སུ་བྱར་མེད་པ་ནི་ཕན་ཚུན་དུ་མ་འཁྲུལ་པའི་ཕྱིར་རོ། །འདི་ཉིད་ཀྱི་བཤད་པ་ནི་ཐ་མི་དད་ཅིང་གཅད་དུ་མེད་པ་ཞེས་པའོ། །ཡུམ་ཆེན་མོར་གསུངས་པའི་རྣམ་པར་དག་པ་རབ་ཏུ་
དབྱེ་བའི་ཕྱིར་བསྟན་བཅོས་སུ། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང་། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བཞེས་ཏེ། ཉོན་མོངས་པ་རྣམས་དང་། གཟུང་བའི་རྣམ་པར་རྟོག་པ་དང་། ལམ་དང་གསུམ་པ་རྣམས་ལ་
སྲིད་པ་མི་ཤེས་པའི་ལམ་གསུམ་དེས་སྤངས་པ་རྣམ་པར་དག་པ་ནི་གོ་རིམས་ཇི་བཞིན་དུ་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ་དེ་ནི་རྒྱལ་བ་རྣམས་ཀྱི་སྲས་ལ་སངས་རྒྱས་རྣམས་ཀྱིས་ནི་མཐའི་མཚམས་དེ་ལས་ཤིན་ཏུ་འདས་པས་ཤིན་ཏུ་བ་ལ་ཤིན་ཏུ་བ་ནི་སྲིད་པ་མཐར་
གྱུར་པ་སྟེ། བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་ཕྱིར་རོ། །རྣམ་ཀུན་ནི་རྣམ་པ་ཐམས་ཅད་ཀྱི་སྟེ། རྣམ་ཀུན་ཞེས་པ་རྒྱས་པར་བཤད་པ་ནི་དེ་ལ་བསྟན་བཅོས་ལས། ཆུང་ངུའི་ཆུང་ལ་སོགས་པའི་ལམ། །དག་པ་ས་དགུ་པོ་རྣམས་ལ། །ཆེན་པོའི་ཆེན་པོ་ལ་སོགས་པའི། །

དྲི་མ་ཡི་ནི་གཉེན་པོ་ཉིད། །ཅེས་ཏེ་ས་རྣམས་ལ་དག་པ་དགུ་སྟེ། འདོད་པའི་ཁམས་དང་གཟུགས་དང་གཟུགས་མེད་པ་བརྒྱད་པོ་རྣམས་ཏེ། ལམ་སོ་སོ་ལ་ས་རྣམ་པ་དགུ་སྟེ། ཆུང་ངུའི་ཆུང་ངུ་ལ་སོགས་པ་ཕྱེ་བས་བྱེ་བྲག་བརྒྱད་ཅུ་རྩ་གཅིག་ལ་ཆེན་པོའི་ཆེན་པོ་ལ་སོགས་པའི་དབྱེ་
བས་ས་རེ་རེ་ལ་སྐྱོན་རྣམ་པ་དགུ་དགུ་སྟེ་བརྒྱད་ཅུ་རྩ་གཅིག་གི་གཉེན་པོས་སོ། །འདིར་རྣམ་པ་དགུའི་ལམ་གསུངས་པ་ནི། གཞན་ཡང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་མཁྱེན་པ་ཞེས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་ལམ་ཆུང་ངུའི་ཆུང་ངུ་དང་ཆུང་ངུའི་
འབྲིང་ངོ་། །དེ་ནས་ཞེས་པ་ལ་སོགས་པ་སྟེ། ཟབ་མོའི་གཏིང་དཔག་དཀའ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་ཞེས་པ་ནི་ལམ་ཆུང་ངུའི་ཆེན་པོའོ། །གསལ་བར་བགྱིད་པ་ནི་མུན་པ་སེལ་བ་སྟེ། ཆོས་རྣམས་ཐམས་ཅད་རྣམ་པར་དག་པའི་
ཕྱིར་ཞེས་པ་ནི་འབྲིང་གི་ཆུང་ངུའོ། །སྣང་བ་དང་བཅས་པ་ནི་མཐོང་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་འབྲིང་ངོ་། །མཚམས་སྦྱོར་བ་མཆིས་པ་ནི་སྲིད་པ་གཞན་དུ་འཕོ་བ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་འབྲིང་གི་ཆེན་པོའོ། །ཀུན་ནས་ཉོན་མོངས་པ་མ་མཆིས་པ་སྟེ།
རྣམ་པར་དག་པའི་ཕྱིར་ནི་རང་བཞིན་གྱིས་ཆོས་ཐམས་ཅད་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཞེས་པ་ནི་ཆེན་པོའི་ཆུང་ངུའོ། །ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་ཐོབ་པ་མེད་ལ་མངོན་པར་རྟོགས་པ་མེད་ཅེས་པ་ནི་ཆེན་པོའི་འབྲིང་ངོ་། །
མངོན་པར་གྲུབ་པ་མ་མཆིས་པ་སྟེ། རྣམ་པར་དག་པའི་ཕྱིར་ནི་ཆོས་རྣམས་ཐམས་ཅད་མངོན་པར་གྲུབ་པ་མེད་ཅེས་པ་སྟེ། ལམ་ཆེན་པོའི་ཆེན་པོའོ། །རྣམ་པ་འདི་དགུ་ནི་ལམ་སྟེ་ས་རེ་རེ་ལ་ཤེས་པར་བྱའོ། །བཀའ་སྩལ་པ། ཤིན་ཏུ་སྐྱེ་བ་མ་མཆིས་ཞེས་པ་ལ་སོགས་པས་ལམ་ཤེས་པ་
ཉིད་ཡོངས་སུ་རྫོགས་པ་སྟེ། འདིར་བསྟན་བཅོས་ལས། ཁམས་གསུམ་པ་ཡི་གཉེན་པོ་ཉིད། །གཞལ་དང་གཞལ་བྱ་མཉམ་ཉིད་ལ། །ཀླན་ཀ་ཡོངས་སུ་སྤངས་པ་དང་། །ལམ་ཡང་དེ་ཡི་གཉེན་པོར་འདོད། །ཞེས་པ་སྟེ། ཁམས་གསུམ་པའི་མ་སྐྱེས་པའི་རྣམ་པར་དག་པའི་

ལམ་སྟེ། དེ་གསུངས་པ་ནི་ཤིན་ཏུ་ཞེས་པ་སྟེ། རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་ལ་སོགས་པའི་ངོ་བོར་སྐྱེ་བ་མ་མཆིས་པ་ཞེས་པ་ནི་དེའི་ཁམས་གསུམ་གྱི་གཉེན་པོ་ཉིད་ལ་འདིར་ཡང་གཞལ་དང་གཞལ་བྱ་མཉམ་པ་ཉིད་གང་དུ་གསུངས་པ་ནི་
མ་འཚལ་བ་ནི་མི་འཛིན་པ་ལ་ཡང་དག་པར་མ་འཚལ་བ་ནི་རྣམ་པར་རྟོག་པར་མི་བྱེད་པའོ། །དེ་གསལ་བར་འདོད་ནས་འདྲི་བ་ནི། ཅི་ཞིག་ཅེས་པ་ལ་སོགས་པ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ཤིན་ཏུ་མེད་པའི་ཕྱིར་ཞེས་པ་སྟེ། ཤེས་པ་དང་ཤེས་བྱ་མཉམ་པ་ཉིད་དོ། །ཀླན་ཀ་ནི་
འདིར་རྣམ་པར་དག་པའི་མཚན་ཉིད་ནི་བསྒོམ་པའི་ལམ་དུ་མི་འཐད་དེ་ཞེས་པའི་གང་དུ་སྐྱོན་བརྒྱད་པོ་འདིར་གསུངས་པ་ནི། ལམ་གང་དེ་ཡང་ཞེས་པའི་ཡང་ནི་ཀུན་དུ་རྟོག་པ་དང་ཐ་དད་པའི་རིམ་པ་སྟེ། ཀླན་ཀའི་ཞེས་པ་ནི་སྐྱེད་པ་ལ་དང་པོའི་ཚིག་གོ། །བསྒོམ་པའི་ལམ་ཉིད་
དུ་མི་འདོད་ལ་འདིར་ཀླན་ཀ་དེ་རྣམས་ཀྱི་ལན་ནི་གོང་དུ་བཏབ་ཅེས་པའི་དོན་ཏོ། །འདིའི་གྲུབ་མཐའ་ལ་དེ་ལྟར་ཞུམ་པར་འདྲི་བ་སྟེ། འདི་ནི་ཞེས་པ་ནི་རྒྱུ་ལ་ལྟོས་པ་དང་བཅས་པའི་ཀླན་ཀ་སྨོས་པ་སྟེ། ཀླན་ཀ་གཞན་བརྒྱད་པོ་རྣམས་ལ། གྲུབ་པའི་མཐའི་རྒྱུ་ནི་ལམ་བརྒྱད་པོ་རྣམས་སོ། །
ཕན་པར་ཡང་མི་བགྱིད་ལ་གནོད་པར་ཡང་མི་བགྱིད་ཅེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་དེ་གང་དུ་ཅུང་ཞིག་མི་བྱེད་ན་དེ་གང་དུ་ཇི་ལྟར་ན་ལམ་ཞེས་པ་ནི་ཀླན་ཀ་ལ། ལན་ནི་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་སྟེ། ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཉིད་དེ།
དེ་ཡང་རང་བཞིན་གྱིས་རྣམ་པར་དག་པས་དེའི་དེ་ལ་ནི་འདིར་ཅུང་ཟད་བྱེད་དུ་མེད་ལ། གློ་བུར་གྱི་སྒྲིབ་པ་འབའ་ཞིག་ཟད་པར་འདོད་པ་ལ་བརྗོད་དོ། །མི་འཛིན་ཞེས་པ་ལ་སོགས་པ་གྲུབ་པའི་མཐའ་ལ། གལ་ཏེ་བཟུང་ན་རྣམ་པར་རྟོག་པར་གྱུར་ལ་དེ་ནས་མི་འཛིན་པ་ནི་ཤེས་རབ་ཉིད་དུ་མི་འགྱུར་
ཞེས་པ་ནི་ཀླན་ཀ་སྟེ། རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། གང་དུ་འདི་ལྟར་ཆོས་འདི་དག་ངོ་བོ་ཉིད་མེད་པའི་ཕྱིར་དོན་དམ་པར་ན་མངོན་པ་མེད་པ་སྟེ། དེའི་ཕྱིར་མཐོང་བ་མེད་པའི་སྦྱོར་བས་མཐོང་བ་སྟེ་དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །རྣམ་པར་

དག་པའི་ཕྱིར་མི་འཛིན་པ་ནི་དོན་དམ་པ་ལ། ཀུན་རྫོབ་ཏུ་ནི་གཏོང་བའོ། །ཕུང་པོ་རྣམ་པར་དག་པ་དང་འབྲས་བུ་རྣམ་པར་དག་པ་དང་ཐམས་ཅད་མཁྱེན་པ་རྣམ་པར་དག་པ་གསུངས་ཏེ། དེ་ཡང་དེ་རྣམ་པར་དག་པས་བདག་རྣམ་པར་དག་པ་སྟེ་ཇི་ལྟར་བདག་རྣམ་པར་ཤིན་ཏུ་མེད་པ་དོན་
དམ་པར་ཞེས་པ་ནི་གྲུབ་པའི་མཐའ་ལ། གལ་ཏེ་ཕུང་པོ་དང་འབྲས་བུ་དང་ཐམས་ཅད་མཁྱེན་པ་ཉིད་རྣམས་ཤིན་ཏུ་མེད་ན། འདི་ནི་ཅུང་ཟད་མིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ནོ། །དོན་དམ་པར་ཆོས་རྣམས་ཐམས་ཅད་ཤིན་ཏུ་མེད་པ་ཉིད། དེའི་
ཕྱིར་ན་དེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་ལ་དེ་ཡང་ཀུན་རྫོབ་དང་རོ་གཅིག་པས་ཡོད་ཅེས་པའི་དོན་ཏོ། །བདག་རྣམ་པར་དག་པས་ཐོབ་པ་ཡང་མེད་ལ་མངོན་པར་རྟོགས་པ་ཡང་མེད་ཅེས་པའི་གྲུབ་པའི་མཐའ་ལ་ཐོབ་པ་ནི་བར་ཆད་མེད་པའི་ལམ་གྱི་མངོན་པར་རྟོགས་པ་ནི་རྣམ་པར་གྲོལ་
བའི་ལམ་གྱིས་ཐོབ་ཅེས་པ་སྟེ་ཀླན་ཀ་ནི་སྔ་མ་བཞིན་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། གང་དུ་འདི་ལྟར་ཆོས་ཀྱི་ངོ་བོ་ཉིད་ཀྱིས་ཆོས་རྣམས་ཤིན་ཏུ་མེད་ལ། དེའི་དེ་ཉིད་ཀྱི་ཆོས་དང་རོ་གཅིག་པས་ཀུན་རྫོབ་ཏུ་ཡོད་དེ། དེ་ཡང་རང་བཞིན་གྱིས་དག་པ་སྟེ། དེའི་
བདག་ཉིད་ལ་ནི་ཐམས་ཅད་མཁྱེན་པ་དེ་ལྟར་མི་འགྱུར་བས་ཐོབ་པས་མངོན་པར་རྟོགས་པ་མེད་ཅེས་པའི་དོན་ཏོ། །བདག་མེད་པས་གཟུགས་དང་ཚོར་བ་ལ་སོགས་པ་མུ་མེད་པ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གང་དུ་མཐོང་བར་འགྱུར་བའི་ཕུང་པོ་ལ་སོགས་པའི་མཐའ་ནི་དེ་ཇི་ལྟར་མུ་མེད་
པ་ཡིན་ཞེས་པ་ནི་ཀླན་ཀ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་ལན་ཏེ། ཇི་ལྟར་ན་བདག་ནི་ཤིན་ཏུ་མེད་པ་ཉིད་དེ། དེའི་ཕྱིར་གང་ཡང་གཟུགས་ལ་སོགས་པ་ཡང་དེ་ཁོ་ན་ཉིད་དུ་དེ་ལ་མེད་པ་དེ་རྣམས་ཀྱི་མུ་ཇི་ལྟར་ཆོས་ཉིད་དང་རོ་གཅིག་པས་རོ་གཅིག་པ་ཡོད་པ་མིན་ནམ་ཞེ་ན།
དེ་ནི་རང་གི་ངོ་བོས་སྟོང་པའི་ཤིན་ཏུ་ཡང་མུ་མེད་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་དང་། ཁྱད་པར་ཅན་དེའི་དབྱེ་བ་ནི་དོན་དམ་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ཡང་གཟུགས་ལ་སོགས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུ་རྣམ་པར་དག་པ་དང་། ཐམས་

ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་པའི་དོན་ཏོ། །གང་དེ་དེ་ལྟར་དོན་དམ་པར་མེད་པ་ཆོས་རྣམས་ཐམས་ཅད་རྟོགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་པ་ནི་གྲུབ་པའི་མཐའ་ལ། དེ་གལ་ཏེ་
དེ་གང་དུ་རྟོགས་ན་དེ་ལྟར་ན་ཤིན་ཏུ་རྣམ་པར་དག་པ་མ་ཡིན་ཞེས་པ་ནི་ཀླན་ཀ་ལ། ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་པ་ནི་ལན་ཏེ། འདི་ཉིད་འདིའི་ཤིན་ཏུ་རྣམ་པར་དག་པ་སྟེ། གང་གིས་འདིར་དོན་དམ་པར་ཤིན་ཏུ་མེད་པར་རང་དང་ཆོས་ཐམས་ཅད་རྟོགས་ཤིང་མཐོང་བའོ། །
གང་དུ་ཆོས་རྣམས་ཐམས་ཅད་ཀུན་རྫོབ་ཏུ་ནི་ཡོད་ཅིང་དོན་དམ་པར་ནི་ཤིན་ཏུ་མེད་དེ་དངོས་པོ་དང་། དངོས་པོ་མེད་པའི་རྟོགས་པ་ལས་སྐྱེས་པ་ནི་དེ་ལྟར་ཀླན་ཀ་དང་ལན་ནོ། །ལམ་ཤེས་པའི་རྗེས་ལ་དེ་རྣམས་བདེ་བར་རྟོགས་པའམ་རྣམ་པར་སྤྲོས་པའི་དོན་དུ་ཐམས་ཅད་ཤེས་པ་ཉིད་
བརྗོད་པར་བྱ་ལ། དེ་ནི་དངོས་པོ་བརྒྱད་དེ་དེ་ལྟར་ཡང་བསྟན་བཅོས་ལས། ཤེས་པས་སྲིད་ལ་མི་གནས་ཤིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཐབས་མ་ཡིན་པས་རིང་བ་དང་། །ཐབས་ཀྱིས་རིང་བ་མ་ཡིན་ཉིད། །མི་མཐུན་གཉེན་པོའི་ཕྱོགས་དག་དང་། །སྦྱོར་དང་དེ་ཡི་མཉམ་ཉིད་དང་། །
ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་ལ། འདིའི་རྒྱས་པར་བཤད་པ་ནི། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་ཤིང་། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་ཏེ། ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་ཤེས་པ་ཉིད་དོ། །ཚུ་རོལ་ནི་འཁོར་བ་ལ་ཕ་རོལ་ནི་མྱ་ངན་ལས་འདས་པའོ། །བར་ནི་དབུས་ལ་ཡང་མི་གནས་པ་སྟེ། གསུམ་ཆར་མི་དམིགས་ཞེས་པའི་དོན་ཏོ། །ཤེས་རབ་དང་སྙིང་རྗེ་དག་ཡང་དག་པར་རིག་པས་འཁོར་བ་དང་མྱ་ངན་ལས་འདས་
པ་དང་གཉི་གའི་ཉེ་བར་དམིགས་པ་དང་བྲལ་བས་གང་དུ་ཡང་སྟེ། ཆོས་ཉིད་ལ་ནི་དུས་གསུམ་མཉམ་པའི་ཕྱིར་དང་། ཆོས་རྣམས་ནི་ངོ་བོ་ཉིད་ཉེ་བར་མི་དམིགས་པའི་ཕྱིར་དང་། དེ་གསུངས་པ་ནི་ཚེ་དང་ལྡན་པ་ཞེས་པ་ལ་སོགས་པ་སྟེ། དེ་ནི་ཐུན་མོང་དུ་སྔོན་བཤད་ནས་འདིར་ནི་ཁྱད་

པར་གྱི་རང་བཞིན་ལའམ། ཡང་ན་གང་དུ་ཡང་མི་གནས་པ་སྟེ། གང་གི་རང་བཞིན་དང་བྲལ་བ་རྗེས་སུ་མི་དམིགས་པ་གསུམ་གྱིས་མི་གནོད་པ་རྣམས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་པ་ནི་དོན་དམ་པར་ཡོད་པ་མ་ཡིན་པས་ཆོས་རྣམས་རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་
རོ། །ཉན་ཐོས་རྣམས་ནི་ཉོན་མོངས་པའི་མ་རིག་པ་ཙམ་པོ་སྤང་བའི་རང་གི་སྡུག་བསྔལ་ཟད་པ་ཙམ་པོ་ཚོལ་ཏེ། འཁོར་བ་ཡོངས་སུ་བརྟགས་ཤིང་ཤིན་ཏུ་ཡིད་བྱུང་ནས་མྱ་ངན་ལས་འདས་པར་བརྟགས་ཤིང་དེ་ཤིན་ཏུ་འདོད་ནས་འབད་པ་ཉིད་ཀྱིས་མྱུར་བ་མྱུར་བ་ཉིད་དུ་ཡོངས་སུ་མྱ་ངན་ལས་
འདའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟ་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་འདོད་ཅེས་པས་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པ་ཉིད་དེ། དེ་ནི་བསྟན་བཅོས་ལས། དེ་ཡི་མཚན་བཅས་དམིགས་སྒོ་ནས། །ཐབས་མ་ཡིན་
པར་རིང་བ་སྟེ། །ཞེས་ཏེ། མཚན་མ་དང་བཅས་པར་དམིགས་པས་ཐབས་མ་ཡིན་པའོ། །འདི་ལྟར་ཡང་ཞེས་པ་ནི་མིང་དང་མཚན་མ་དག་གིས་ལ། གསོག་ཏུ་བྱེད་པར་འགྱུར་བ་དང་། གསོབ་ཏུ་བྱེད་པ་ནི་མིང་གིས་སོ། །རྒྱང་རིང་དུ་བྱེད་པར་འགྱུར་ཞེས་པ་ནི་མཚན་མས་རྒྱང་རིང་དུ་
འགྱུར་བའོ། །བསྟན་བཅོས་ལས། དེ་ནི་ཐབས་ལ་མཁས་པ་ཡིས། །ཡང་དག་ཉེ་བ་ཉིད་དུ་བཤད། །ཅེས་པ་སྟེ། ཆགས་པ་མེད་པར་འཇུག་པ་ནི་ཐབས་ལ་མཁས་པ་ལ་ཆགས་པ་དང་ཞེན་པ་དང་བདེན་པ་དང་ཅིག་ཤོས་ཀྱི་ངོ་བོ་ནི་སྒྲོ་བཏགས་པ་སྟེ། དེ་ལ་གསུངས་པ་ནི། དེ་དེ་
བཞིན་ནོ་ཞེས་པ་ལ་སོགས་པ་སྟེ། ལེགས་པར་བཤད་པ་ནི་མཐོང་བའི་ལམ་དུ་སྐད་ཅིག་བཅུ་དྲུག་རྣམས་ཀྱིས་སོ། །ལེགས་པར་བསྟན་པ་ནི་སྦྱོར་བ་བཅུ་གཉིས་རྣམས་ཀྱིས་སོ། །ཤིན་ཏུ་མཐར་གཏུགས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པས་སོ། །ཤིན་ཏུ་
ཡོངས་སུ་དག་པ་ནི་ཆགས་པའི་མཐའ་རྣམས་རྣམ་པར་སྤངས་པས་སོ། །གང་དུ་ཡང་ཇི་ཙམ་དག་ནི་ཚིག་གི་རྒྱན་ནོ། །ངོ་མཚར་ནི་མིང་ལའོ། །ཆགས་པ་སྤོང་བའི་ཐབས་ལ་མཁས་པ་ཞེས་པ་ནི་ཉེ་བར་འགྱུར་བ་སྟེ། དེ་ཡང་ཆགས་པ་རྣམས་སྤྱིར་བསྟན་ནས་ཁྱད་པར་བཤད་པར་བྱ་སྟེ།

འདིར་བསྟན་བཅོས་ལས། གཟུགས་སོགས་ཕུང་པོ་སྟོང་ཉིད་དང་། །དུས་གསུམ་རྟོགས་པའི་ཆོས་རྣམས་དང་། །སྦྱིན་སོགས་བྱང་ཆུབ་ཕྱོགས་རྣམས་ལ། །སྤྱོད་པའི་འདུ་ཤེས་མི་མཐུན་ཕྱོགས། །ཞེས་ཏེ། གཟུགས་ལ་སོགས་པ་ནི་ཆོས་རྣམས་ལ་
ཕུང་པོ་ནི་སྤུངས་པའོ། །སྤྱོད་པའི་འདུ་ཤེས་ཏེ། མིང་ངམ་མཚན་མར་བྱེད་པའི་མི་མཐུན་པའི་ཕྱོགས་ཉིད་པས་མི་མཐུན་ཕྱོགས་ཏེ། ཆགས་པ་དང་བཅས་ཞེས་པའི་དོན་ཏེ། དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། །ཡུམ་བར་མར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་
པ་རྣམས་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སྤྱད་པར་བྱ་ཞེས་པར་ཀུན་ཏུ་ཤེས་པ་ནི་ཆགས་པའོ་ཞེས་གསུངས་པ་རྣམས་ནི་འདིར་ཉེ་བར་མཚོན་པའི་ཕྱིར་ཐོབ་པར་འགྱུར་རོ། །ཆགས་པ་ལྷག་མ་གསུངས་པ་ནི་འདི་ཙམ་དུ་བསྐྱེད་ཅེས་པ་ལ་སོགས་པ་སྟེ། རྣམ་གྲངས་གང་གིས་ཞེས་པ་ནི་བྱེ་
བྲག་གི་ལམ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་པ་ནི་རྟོགས་པས་དང་པོར་ཆགས་པའོ། །བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་ཞེས་པ་ནི་རྣམ་པར་བརྟགས་ནས་ཡོངས་སུ་བསྔོ་བ་ནི་གཉིས་པའོ། །འདིའི་ཆགས་པ་ནི་དོན་དམ་པར་ངོ་བོ་ཉིད་མེད་པའི་ཕྱིར་དང་། སེམས་མི་རྟོག་པ་ལ་དེའི་ཕྱིར་
གསུངས་པ་ནི་མི་ནུས་ཞེས་པ་ནི་སེམས་རང་བཞིན་གྱིས་ངོ་བོ་ཉིད་མེད་པ་ཉིད་ལ། ཆགས་པར་བརྗོད་པ་དེ་རྣམས་སྤོང་བའི་དོན་དུ་གསུངས་པ་ནི། འདིར་བསྟན་བཅོས་ལས། སྦྱིན་པ་ལ་སོགས་ངར་འཛིན་མེད། །གཞན་དག་དེ་ལ་འཛུད་པ་དང་། །དེ་ནི་ཆགས་པའི་མཐའ་འགོག་པར། །
ཞེས་ཏེ་སྦྱིན་པ་ལ་སོགས་པ་རྣམས་ལ་ངར་འཛིན་པ་མེད་པ་ནི་དངོས་པོ་ཉིད་དུ་མངོན་པར་རློམ་པ་མེད་པའི་མཐུས་ཏེ། སྔོན་དུ་བཤད་ནས། གཞན་དག་རློམ་པ་མེད་པ་དེ་ལ་འཛུད་པར་གསུངས་པ་ནི་དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། དེའི་མིང་ཞེས་པ་ནི་རང་གི་ཆགས་པ་སྤངས་པ་དེའི་རྒྱུས་སོ། །
ཕྱིར་ཞེས་པ་ནི་གཞན་རྣམས་ལ་ཡང་དག་པར་སྟོན་པ་ལ་སོགས་པའི་དུས་སུའོ། །ཡང་དག་པར་བསྟན་པར་བྱ་བ་ནི་སྔོན་དུ་ཐོས་པ་དང་མི་ལྡན་པ་ལ་ཉན་དུ་གཞུག་པའོ། །ཡང་དག་པར་དགོད་པ་ནི་རྗེས་སུ་སྒྲུབ་པའི་ཕྱིར་ཡང་དག་པར་ལེན་དུ་གཞུག་པའོ། །ཡང་དག་པར་གཟེངས་

བསྟོད་པ་ནི་བདག་ཉིད་ཀྱིས་བྲོད་པ་བསྐྱེད་པའོ། །ཡང་དག་པར་རབ་ཏུ་དགའ་བར་བྱ་བ་ནི་བརྩོན་འགྲུས་རྩོམ་པ་ལེགས་སོ་ལ་སོགས་པ་རྣམས་ཀྱིས་སོ། །ཡང་དག་པར་རྗེས་སུ་རྟོགས་པས་ནི་ཆགས་པ་སྤངས་པའི་ཕྱིར་རོ། །གནོད་པར་མི་བྱེད་པ་ནི་སངས་རྒྱས་རྣམས་ལ་གནོད་པར་མི་བྱེད་
པའོ། །དེ་བཞིན་དུ་ངར་འཛིན་པ་མེད་པ་དང་། སྦྱོར་བ་རྣམ་པ་གཉིས་ཀྱིས་ཆགས་པའི་མཐའ་རགས་པ་རྣམས་བཀག་ནས། བསྟན་བཅོས་ལས། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་ཏེ། སངས་རྒྱས་ལ་སོགས་པ་གང་ལ་ཡང་ཆགས་པ་དེ་ཡང་ཕྲ་མོ་སྟེ། སྩོགས་པའི་སྒྲས་ནི་དེ་
དག་དང་གཞན་དག་གི་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་གང་ཡང་མཚན་མ་དང་བཅས་པས་དམིགས་པ་སྟེ། དེ་གསུངས་པ་ནི། དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ནི་ཡོངས་སུ་བསྔོ་བར་མི་ནུས་ཞེས་པ་ནི་དུས་གསུམ་དུ་ཐལ་བར་འགྱུར་བས་ན་མཚན་མར་བྱེད་པར་མི་ནུས་
ཞིང་དམིགས་པར་བྱེད་མི་ནུས་ཏེ། རྒྱུ་མེད་པའི་ཕྱིར་དང་རྟོགས་པར་དཀའ་བའི་ཕྱིར་རོ། །གང་དུས་གསུམ་ལས་གྲོལ་ཞེས་པ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་མིག་གིས་དང་། རྣ་བས་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ཀྱིས་མི་རིག་པ་ཉིད་དོ། །མངོན་པར་བྱང་མ་ཆུབ་
ཅེས་པ་ནི་གང་དུ་དེ་རང་བཞིན་ཉིད་དུ་ཅུང་ཟད་མེད་པའོ། །གང་ཡང་འདི་རྣམས་ཀྱི་རང་བཞིན་དེ་ནི་དངོས་པོ་མེད་པའོ། །གང་དངོས་པོ་མེད་པ་དེ་ནི་འདི་རྣམས་ཀྱི་རང་བཞིན་ལ་བསམ་གྱིས་མི་ཁྱབ་པ་ནི་བསམ་པ་ལས་འདས་པའི་ཕྱིར་ལ། དེ་ནི་གཟུགས་དང་ཚོར་བ་ནས་སངས་རྒྱས་ཀྱི་ཆོས་ཀྱི་བར་
དུ་ཡོད་པ་མིན་ཏེ། འདིར་བསྟན་བཅོས་ལས། ཆོས་ཀྱི་ལམ་ནི་རང་བཞིན་གྱིས། །དབེན་པའི་ཕྱིར་ན་དེ་ཟབ་ཉིད། །ཆོས་རྣམས་རང་བཞིན་གཅིག་པར་ནི། །ཤེས་པས་ཆགས་པ་སྤོང་བ་ཡིན། །མཐོང་བ་ལ་སོགས་བཀག་པའི་ཕྱིར། །དེ་ནི་རྟོགས་པར་དཀའ་བར་བཤད། །གཟུགས་
ལ་སོགས་པར་མི་ཤེས་ཕྱིར། །དེ་ནི་བསམ་མི་ཁྱབ་པར་འདོད། །ཅེས་ཏེ་དེ་ནི་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོའོ། །དབེན་པ་ནི་སྟོང་པའི་ཕྱིར་ལ། ཆོས་ཀྱི་ལམ་ནི་ཆོས་ཀྱི་ཚོགས་རྣམས་ཏེ། །ཆོས་རྣམས་རང་བཞིན་གཅིག་པར་ཤེས། །ཞེས་པ་དང་འབྲེལ་ཏོ། །གཅིག་

ཅེས་པ་ནི་དེ་རྣམས་ཀྱི་རང་བཞིན་གྱི་ངོ་བོ་ཉིད་མེད་པ་ཉིད་གང་དེ་ལ་སྟེ་དེ་ལྟར་བཤད་དོ། །འདིར་བསྟན་བཅོས་ལས། དེ་ལྟར་ཀུན་ཤེས་ཉིད་ཚུལ་ལ། །མི་མཐུན་ཕྱོགས་དང་གཉེན་པོ་དག །རྣམ་པར་དབྱེ་བ་མ་ལུས་པ། །ཇི་སྐད་བཤད་པ་འདི་ཤེས་བྱ། །ཞེས་ཏེ།
འདི་ཞེས་པ་ནི་ཆགས་པ་དང་ཆགས་པ་མེད་པར་བརྗོད་པར་བྱས་པའོ། །དེའི་ཕྱིར་ཆགས་པས་དམིགས་པའི་རྣམ་པར་རྟོག་པ་ནི་མི་མཐུན་པའི་ཕྱོགས་ལ་ཆགས་པ་མེད་ཅིང་དམིགས་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཉེན་པོའི་ཕྱོགས་སོ། །སྦྱོར་བ་རྗོད་པར་བྱེད་པ་ནི་འདིར་བསྟན་
བཅོས་ལས། གཟུགས་སོགས་དེ་མི་རྟག་སོགས་དང་། །དེ་མ་རྫོགས་དང་རབ་རྫོགས་དང་། །སྦྱོར་བ་བཀག་པས་སྤྱོད་པ་ནི། །དེ་ལ་ཆགས་པ་མེད་ཉིད་དང་། །མི་འགྱུར་བྱེད་པོ་མེད་ཉིད་དང་། །སྦྱོར་བ་དཀའ་བ་རྣམ་གསུམ་དང་། །སྐལ་བ་ཇི་བཞིན་འབྲས་ཐོབ་པས། །དེ་ནི་འབྲས་བུ་ཡོད་
འདོད་དང་། །གཞན་ལ་རག་ལས་མིན་གང་དང་། །ཤེས་བྱེད་རྣམ་བདུན་སྣང་བ་ལ། །ཞེས་ཏེ། དེ་མི་རྟག་སོགས་དང་ཞེས་པ་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་དང་རྟག་པ་ལ་སོགས་པའོ། །རྫོགས་པ་ནི་ཆགས་པ་མེད་པའི་མི་མཐུན་པའི་ཕྱོགས་ཀྱི་ཕྱིར་ནི་དེའི་སྒྲས་ནི་ཆགས་པ་བཟུང་
སྟེ། གཉི་གའི་མཉམ་པོར་ཟས་བཞིན་གྱི་གཟུགས་ལ་སོགས་པ་ལ་ཆགས་པ་དང་མ་ཆགས་པ་དག་གིས་སོ་ཞེས་པའི་དོན་ཏོ། །སྤྱོད་པ་ནི་སྤྱོད་པ་བྱེད་པ་སྟེ། དེ་དགག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་སྦྱོར་བ་ནི་གཟུགས་ལ་སོགས་པ་རྣམས་ལ་སྟེ། འདིར་སྦྱོར་བ་བཅུ་གཉིས་གསུངས་
ཏེ། འདིར་དེ་འདྲ་བ་ནི། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ན་སྤྱོད་པར་བགྱི་ཞེས་པ་ནི་ཇི་ལྟར་སྦྱོར་བར་བགྱི་ཞེས་པའོ། །མི་སྤྱོད་ན་ཞེས་པ་ནི་ཡང་དག་པར་མི་ཤེས་ནའོ། །དེ་ལ་སྤྱོད་ཅེས་པ་ནི་གཟུགས་
ལ་སོགས་པའི་ཕྱིར་སྦྱོར་བའོ། །གལ་ཏེ་ཞེས་པ་ལ་སོགས་པ་ལ། གཟུགས་ལ་སོགས་པ་ལ་མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། མི་སྟོང་པ་དང་། བདག་དང་། བདག་མེད་པ་ཞེས་མི་སྤྱོད་ན་སྟེ། དེ་ལ་མི་སྤྱོད་ཅེས་པ་ནི་གཟུགས་ལ་སོགས་པ་ལ་མི་རྟག་པ་ཉིད་ལ་

སོགས་པའི་སྦྱོར་བའོ། །གལ་ཏེ་ཞེས་པ་ལ་སོགས་པ་སྟེ། སྤྱོད་པ་ནི་འདི་ལ་ཞེས་པ་སྟེ། མ་རྫོགས་པ་དང་རྫོགས་པའི་སྦྱོར་བའོ། །དེ་སྐད་ཅེས་བཀའ་སྩལ་ཞེས་པ་ལ་སོགས་པ་ནས་སྤྱོད་པར་བྱ་བ་ཞེས་པའི་བར་གྱིས་སོ། །འདིར་ཞེན་པ་མེད་པ་སྟེ། ཆགས་པ་ཐམས་ཅད་མེད་
པའི་ཕྱིར་རོ། །དེ་ལས་མ་བཅིངས་པ་སྟེ། ཁམས་གསུམ་པའི་ཉོན་མོངས་པ་རྣམས་ཀྱིས་སོ། །དེ་ལས་མ་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་སོ། །ཡང་དག་པར་མ་འདས་པ་ནི་ཁམས་གསུམ་ལས་སོ། །དེ་ལྟར་ཞེས་པ་ལ་སོགས་པ་ལ་ཉེ་བར་བསྡུ་བའོ་ཞེས་པ་ནི་གཟུགས་ལ་སོགས་
པ་ལ་ཆགས་པ་དང་མ་ཆགས་པའི་སྦྱོར་བའོ། །རབ་འབྱོར་གྱིས་གསོལ་པ་ཞེས་པ་ལ་སོགས་པ་སྟེ། འཕེལ་བ་དང་འགྲིབ་པ་མེད་པར་འགྱུར་བ་མེད་པ་སྟེ་ནམ་མཁའ་བཞིན་ལ། བསྔགས་པས་ནི་ཡོན་ཏན་ནོ་ཞེས་པ་ནི་མི་འགྱུར་བའི་སྦྱོར་བའོ། །འདི་ལྟ་སྟེ་དཔེར་ན་ཞེས་པ་ལ་སོགས་པ་སྟེ། དང་
པོའི་ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་སྒྲའི་དོན་ལ་ཁོང་ཁྲོ་བར་མི་འགྱུར་ཞེས་པའོ། །གཉིས་པའི་རྗེས་སུ་ཆགས་པར་མི་འགྱུར་ཞེས་པ་ནི། བསྟན་པ་རྣམས་ལ་ཉམས་པ་དང་འཕེལ་བར་མི་བྱེད་པས་བྱེད་པ་པོ་མེད་པའི་སྦྱོར་བའོ། །གནས་བརྟན་ཞེས་པ་ལ་སོགས་པ་སྟེ། བཅོམ་
ལྡན་འདས་མ་བསྒོམ་པར་བྱ་བ་དགའ་བས་དེ་ལྟར་གནས་པ་རྣམས་ཀྱི་ཆེད་དུ་བྱ་བ་ལ་སོགས་པ་རྣམས་བྱ་བའི་ཕྱིར་དེ་གསུངས་པ་ནི་སྤྱོད་པ་ནི་ཞི་གནས་ཀྱིས་སོ། །ཞུས་པ་ནི་དམན་པའོ། །ཡ་ཡ་པོ་ནི་རྒོད་པས་སོ། །ཕྱིར་མི་ལྡོག་པ་ནི་མི་ལྡོག་པའོ། །ནམ་མཁའ་བསྒོམ་པ་ནི་མཚན་ཉིད་
གཅིག་པའི་ཕྱིར་རོ། །གོ་ཆ་མེད་པ་ནི་གང་ཞིག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིའོ། །ནམ་མཁའ་དང་ཞེས་པ་ནི་ནམ་མཁའ་དང་འདྲ་བའི་རྣལ་འབྱོར་གྱིས་སོ། །དེ་མི་གཏོང་བས་དེའི་བགྱི་བ་དཀའ་བ་ཉིད་དོ། །སེམས་ཅན་རྣམས་དམིགས་སུ་མེད་པའི་
ཕྱིར་དང་། ཀུན་རྫོབ་ཏུ་མཐའ་ཡས་པའི་ཕྱིར་རོ། །འགྲོ་བའི་དོན་དང་བྱང་ཆུབ་ཆེད་དུ་བྱེད་པ་དེ་ནི་ཆེད་དུ་བྱ་བའི་གོ་ཆའོ་ཞེས་པ་ནི་ཆེད་དུ་བྱ་བར་དཀའ་བའི་སྦྱོར་བའོ། །ནམ་མཁའ་ཞེས་པ་ལ་སོགས་པ་ནི། མཐོ་བ་དང་འགྲོ་བའི་བགེགས་བཅོམ་ཞིང་ཡོངས་སུ་ཐར་པར་བྱེད་པ་དང་། མཐོན་

པོར་མིག་འདེགས་པ་སྟེ་འདི་རྣམས་དང་ལྡན་པ་ནི་སེམས་ཅན་དོན་གྱི་སྦྱོར་བའོ། །དེ་ཡང་བྱ་བ་དཀའ་སྟེ་ནམ་མཁའ་བཞིན་དུ་སེམས་ཅན་གྱི་ཕུང་པོ་ལ་ངོ་བོ་ཉིད་མེད་པས་དང་ཀུན་རྫོབ་ཏུ་མཐའ་ཡས་པའི་ཕྱིར་ཞེས་པ་ནི་སྦྱོར་བ་དཀའ་བའི་སྦྱོར་བའོ། །དེ་ནས་ཡང་ཞེས་པ་ལ་
སོགས་པ་སྟེ། སྦྱོར་བའི་འབྲས་བུ་ནི་མི་བྱེད་པ་སྟེ། ཀུན་ནས་ཉོན་མོངས་པ་ཅན་གྱི་ཆོས་སྤོང་བ་དང་། རྣམ་པར་བྱང་བ་ཅན་གྱི་ཆོས་སྐྱེད་པ་དང་། དེ་གཉི་ག་བྱ་བར་དཀའ་བ་སྟེ། བཅོམ་ལྡན་འདས་མ་ལ་དེ་དག་གིས་མཛད་པས་ཞེས་པ་ནི་བྱེད་པར་དཀའ་བའི་སྦྱོར་བའོ། །དེ་ནས་ཡང་
ཞེས་པ་ལ་སོགས་པ་སྟེ། གང་དེ་ལྟར་རྣལ་འབྱོར་དུ་བྱེད་ཅེས་པ་ནི་རྒྱུའི་གནས་སྐབས་སུ་ལ་ཅི་ལ་ཞེས་པ་ནི་འབྲས་བུའི་གནས་སྐབས་སུའོ། །ནམ་མཁའ་ནི་སྐར་མའི་ལམ་སྟེ། འདིར་དེ་དང་ཆོས་མཐུན་པ་ནི་བླ་ན་མེད་པའི་བྱང་ཆུབ་བོ། །བླ་གབ་མེད་པ་ནི་ས་སྟེང་དུ་མ་བཀག་པས་གནས་ཀྱི་ཚུལ་
མེད་པ་ཅན་ལ། འདིར་ནི་དེ་དང་ཆོས་མཐུན་པ་ནི་དམན་པའི་བྱང་ཆུབ་བོ། །དེ་ནི་གཉི་གའི་འབྲས་བུ་ལ་དེའི་སྐལ་བ་ཇི་བཞིན། འབྲས་བུ་ཐོབ་པའི་མི་སླུ་བའི་སྦྱོར་བའོ། །དེ་ནས་ཡང་ཞེས་པ་ལ་སོགས་པ་སྟེ། བསྲུང་བ་དང་བསྐྱབ་པ་དག་དང་བཅས་པ་ནི་སྦེད་པའོ། །དེ་ལྟར་ཞེས་པ་ནི་ཆོས་
ཐམས་ཅད་ལ་དམིགས་པ་མེད་པ་སྟེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་ཉིད་དེའི་བསྲུང་བ་སྟེ། དེ་གཞན་ལ་མི་བརྟེན་ཞེས་པ་ནི་གཞན་ལ་རག་ལས་པ་མིན་པའི་སྦྱོར་བའོ། །འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་མ་ཡུམ་
ཆེན་མོར་རྣམ་པ་བདུན་དུ་བསྒྲགས་པ་གསུངས་ཏེ། ཆོས་རྣམས་ཐམས་ཅད་སྒྱུ་མ་དང་སྨིག་རྒྱུ་དང་རྨི་ལམ་དང་། བྲག་ཅ་དང་མིག་ཡོར་དང་གཟུགས་བརྙན་དང་དྲི་ཟའི་གྲོང་ཁྱེར་བཞིན་ནོ་ཞེས་སོ། །གང་ཡང་རྣམ་པ་བདུན་དུ་སྣང་བ་དེ་ཐམས་ཅད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་
བཤད་དེ། གང་ཞིག་ཆོས་རྣམས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་གནས་པའི་རྟེན་ཅིང་འབྲེལ་པ་ལས་འབྱུང་བ་རྣམས་ཀྱི་ཀུན་རྫོབ་ཀྱི་ངོ་བོ་ལ་དོན་དམ་པར་བརྗོད་པ་སྟེ། དེ་ནི་དཔེ་གཅིག་གིས་ཀྱང་བསྟན་པར་ནུས་པ་ལས། གདུལ་བྱ་ཁ་ཅིག་ལ་དཔེ་ཁ་

ཅིག་གང་གང་གྲགས་པ་དེའི་ངོ་བོ་དཔེ་མང་པོ་གསུངས་ཏེ། དེས་ཉེ་བར་མཚོན་པས་བཅོམ་ལྡན་འདས་མ་འདི་ལ་བྲག་ཅ་ཉིད་གསུངས་པའོ། །མཉམ་པར་གཞག་པའི་གནས་སྐབས་ཀྱི་དབང་དུ་བྱས་ཏེ་གསུངས་པ་ནི། ནམ་མཁའི་ཞེས་པ་ལ་སོགས་པའོ། །མཉམ་པར་མ་བཞག་པའི་གནས་
སྐབས་ཀྱི་དབང་དུ་བྱས་ནས་གསུངས་པ་ནི། དེ་ཇི་སྙམ་ཞེས་པ་ལ་སོགས་པ་སྟེ། ཡོངས་སུ་ཤེས་པར་གྱུར་ནས་ཞེས་པའོ། །དེས་དེའི་ཅི་ཞིག་སྲུང་བར་བྱེད་དེ་སྣང་བ་རྣམས་ལ་དེ་ཁོ་ན་ཉིད་དུ་ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་པ་ནི་ཤེས་བྱེད་རྣམ་བདུན་གྱི་སྦྱོར་བའོ། །སྦྱོར་བ་མཉམ་པ་ཉིད་ཀྱི་
དབང་དུ་བྱས་པ་ནི་བསྟན་བཅོས་ལས། གཟུགས་ལ་སོགས་པ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་ཏེ། གཟུགས་ལ་སོགས་པ་ལ་གནས་པ་རྣམ་པ་བཞི་རློམ་པའི་སྦྱོར་བའི་མཉམ་པ་ཉིད་དེ། ཇི་ལྟར་ཡུམ་ཆེན་མོ་ལས། གཟུགས་ལ་རློམ་སེམས་སུ་མི་བྱེད། གཟུགས་
ཀྱིས་དང་བདག་གི་གཟུགས་དང་། གཟུགས་ལ་དང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་གནས་ནས་ཏེ། འདིས་ཉེ་བར་མཚོན་པ་ནི་གཟུང་བའི་རྣམ་པར་རྟོག་པ་བཞི་དང་། འཛིན་པའི་རྣམ་པར་རྟོག་པ་བཞི་དང་། རྣམ་པར་རྟོག་པ་བརྒྱད་པོ་རྣམས་ཏེ། དེ་ལྟར་རྟོག་པའི་སྦྱོར་བ་ནི་མཉམ་
པ་ཉིད་དེ། དེ་གསུངས་པ་ནི། དེ་བས་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཞེས་པ་ཡང་གཞུང་ཁ་ཅིག་ལའོ། །གང་དུ་བྲག་ཅ་ལྟ་བུའི་ཆོས་རྣམས་ཐམས་ཅད་ལ་འདིར་དེས་དངོས་པོ་ལ་མངོན་པར་ཞེན་པ་དེས་རློམ་སེམས་པ་མེད་པའོ། །ཡང་དག་པར་རྗེས་སུ་མི་མཐོང་བ་ནི་བལྟ་བར་བྱ་བ་
རྣམས་སུའོ། །མི་ཤེས་པ་ནི་འཛིན་པས་སོ། །ཡང་དག་པར་མི་ཤེས་པ་ནི་བརྟགས་པས་སོ། །དེ་ལྟར་གཟུང་བའི་རྣམ་པར་རྟོག་པ་རྣམ་པ་བཞི་དང་འཛིན་པའི་རྣམ་པར་རྟོག་པ་བཞི་གསུངས་པ་ནི། དེ་དག་ཀྱང་ཞེས་པ་སྟེ། མེད་ཅིང་ཞེས་པ་ནི་སེམས་ཅན་གྱི་རློམ་པ་དེ་བརྟགས་
ནའོ། །ཡང་དག་པར་མི་སྣང་ཞེས་པ་ནི་བལྟ་བར་བྱ་བར་གཟུང་དུ་མེད་ལ། ཡང་དག་པར་མེད་ཅིང་ཞེས་པ་ནི་མཉམ་པར་བཞག་པའི་སེམས་ཀྱིས་ཤེས་པར་གྱུར་པའོ། །མི་དམིགས་ཞེས་པ་ནི་མཉམ་པར་མ་བཞག་པའི་ཡིད་ཀྱིས་རྣམ་པར་བརྟག་བྱར་མི་འགྱུར་བའོ། །དེ་ལྟར་ནི་རྣམ་པར་

རྟོག་པ་རྣམ་པ་བརྒྱད་པོ་དེས་ཆོས་ཐམས་ཅད་ལ་མི་སྤྱོད་པ་སྟེ། དེ་ལ་གལ་ཏེ་ཞེས་པ་ནི་སྦྱོར་བ་མཉམ་པ་ཉིད་དོ། །སྦྱོར་བའི་མཉམ་པ་ཉིད་ཀྱི་ཞར་ལ་བསྟན་པ་མཉམ་པ་ཉིད་ཀྱང་འདིར་བསྟན་ན་ཡང་དག་པར་ཡིད་ཆེས་པའི་ཕྱིར་གསུངས་པ་ནི་དེ་ནས་ཞེས་པ་ལ་སོགས་པ་སྟེ། འཇིག་
རྟེན་གྱི་ཁམས་ནི་འདི་ཉིད་དེ་མི་མཇེད་ཀྱིའོ། །སངས་རྒྱས་སྟོང་ནི་གང་འདིར་མི་མཇེད་འདི་ཉིད་ཀྱི་བསྐལ་པ་བཟང་པོ་ལ་སོགས་པར་བྱང་ཆུབ་པ་རྣམས་ཏེ། དེ་ལ་ཐོག་མ་བཞི་མངོན་པར་སངས་རྒྱས་ཏེ། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་རྣམས་ཏེ། དེ་
རྣམས་ཀྱིས་བསྟན་པའི་ཕྱིར་མཉམ་པར་བསྟན་པར་འདོད་ནས་གསུངས་པ་ནི། འདི་དག་གིས་ཞེས་པ་ལ་སོགས་པ་སྟེ། བྱམས་པས་ཀྱང་དེའི་རྗེས་ལ་སྟོང་ཕྲག་ལྔ་ཡང་འདི་ཉིད་ཞེས་པ་ནི་བསྟན་པ་མཉམ་པ་ཉིད་དོ། །གཙོ་བོར་གསུངས་ཤིང་རྣམ་པར་དག་པའི་མངོན་པར་བརྗོད་པ་པོའི་ལེའུ་ནི་རྣམ་པར་
དག་པའི་ལེའུའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ཅེས་བྱ་བ་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་ལས་ལེའུ་བརྒྱད་པའོ།། །།བཤད་མ་ཐག་པའི་བསྟན་པ་མཉམ་པ་ཉིད་ལ་རྣམ་པར་སློབ་པར་འདོད་ནས་
གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། མིང་ཙམ་ཞེས་པ་ནི་མིང་གི་དོན་ཏེ་ཁོ་ན་ཉིད་དུ་ནི་ཡོད་པ་མ་ཡིན་པའོ། །འདིའོ་ཞེས་པ་ནི་འདི་ལྟར་གོང་དུ་གོང་གིས་གང་དུ་དངོས་པོའི་ངོ་བོ་དོན་དམ་པར་ཡོད་པ་མཉམ་ཞིང་མིང་གིས་བརྗོད་པ་རྣམས་ནི་འཁྲུལ་པ་སྟེ། དེ་ནི་དངོས་པོ་ཡོད་པར་མ་ཡིན་ལ།
ཀུན་རྫོབ་པའི་བརྗོད་པ་པོ་རྣམས་ནི་བྲག་ཅ་ལྟ་བུ་ན་དེ་ལྟ་ན་ནི་བརྗོད་པར་བྱ་བ་ཡོད་དམ་ཞེ་ན། དེ་གསུངས་པ་ནི་ཡིན་ཞེ་ན། འདིར་མི་དམིགས་ཏེ། གང་དུ་ཆོས་གཉིས་དོན་དམ་པར་མེད་དེ། དེའི་ཕྱིར་ཉེ་བར་དམིགས་པ་མེད་པ་སྟེ། བརྗོད་བྱ་དང་རྗོད་བྱེད་ཀྱི་ཐ་སྙད་ནི་ཀུན་རྫོབ་པའོ་ཞེས་པ་ལ་
དགོངས་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོད་པ་མ་ཡིན་པ་ནི་བསྒྲུབ་པར་བྱ་བ་ལ་དེས་ན་བསྟན་པ་མཉམ་པ་ཉིད་ལ་སློབ་པར་བྱེད་དོ། །ཅིའི་སླད་དུ་ཞེ་ན་ཞེས་པ་ནི་རྒྱུ་གང་གིས་གང་དུ་ཡང་མེད་དོ་ཞེས་པའི་དོན་ཏེ། ཡོད་པ་མ་ཡིན་པས་ན་མངོན་པར་བྱང་ཆུབ་པར་མི་ནུས་ཞེས་པ་ལ་

དགོངས་པའོ། །དེ་ལྟར་ཡང་ཞེས་པ་ནི་འདིར་ཁྱོད་ཀྱིས་ཆོས་རྣམས་སྟོང་པ་ཉིད་དུ་མཐོང་བ་དེ་བཞིན་དུ་དེ་རྣམས་ཀྱིས་མངོན་པར་བྱང་ཆུབ་ནས་བསྟན་པར་འགྱུར་ཞེས་པའི་དོན་ཏོ། །འདིར་མཐོང་བའི་ལམ་གྱི་དབང་དུ་བྱས་ནས་བསྟན་བཅོས་ལས། སྡུག་བསྔལ་ལ་སོགས་བདེན་པ་ལ། །
ཆོས་ཤེས་རྗེས་སུ་ཤེས་བཟོད་དང་། །ཤེས་པའི་སྐད་ཅིག་བདག་ཉིད་འདི། །ཀུན་ཤེས་ཚུལ་ལས་མཐོང་བའི་ལམ། །ཞེས་པ་སྟེ། ཆོས་ནི་འདིར་ངོ་བོ་ཉིད་མེད་པ་ཉིད་ལ་ཆོས་ཀྱི་ཡུལ་ཤེས་པ་ནི་ཆོས་ཤེས་པའོ། །ཆོས་ཤེས་པ་དང་རྗེས་སུ་ཤེས་པ་དག་དང་བཟོད་པ་དང་ཆོས་ཤེས་པ་དག་
དང་དེ་ལས་གཞན་པའི་སྐད་ཅིག་མ་རྣམས་ཀྱང་དེའི་བདག་ཉིད་ཅན་དེ། དེ་ནི་རིམ་གྱིས་བསྟན་བཅོས་ལས། གཟུགས་རྟག་མ་ཡིན་མི་རྟག་མིན། །མཐའ་ལས་འདས་དང་རྣམ་དག་དང་། །མ་སྐྱེས་མ་འགགས་ལ་སོགས་དང་། །མཁའ་འདྲ་ཆགས་པ་སྤངས་པ་དང་། །ཡོངས་སུ་འཛིན་
ལས་གྲོལ་བ་དང་། །ངོ་བོ་ཉིད་ཀྱིས་བརྗོད་མེད་དང་། །གང་ཕྱིར་འདི་དོན་བརྗོད་པ་ཡིས། །གཞན་པ་སྦྱིན་དུ་མེད་པ་དང་། །དམིགས་པ་མེད་པར་བྱེད་པ་དང་། །ཤིན་ཏུ་རྣམ་དག་ནད་མི་འབྱུང་། །ངན་སོང་ཆད་དང་འབྲས་བུ་ནི། །མངོན་དུ་བྱ་ལ་མི་རྟོག་ཉིད། །མཚན་མ་དག་དང་མ་འབྲེལ་
དང་། །དངོས་དང་མིང་དང་གཉིས་པོ་ལ། །ཤེས་པ་སྐྱེ་བ་མེད་པ་ནི། །ཀུན་ཤེས་ཉིད་ཀྱི་སྐད་ཅིག་མ། །ཞེས་ཏེ། མཐའ་ལས་འདས་ཞེས་པ་ནི་རྣམ་པར་དག་པ་སྟེ། སྐད་ཅིག་མ་གཉིས་པ་ལ་རྣམ་པར་དག་པས་ཡོངས་སུ་དག་ཅེས་པ་ནི་གསུམ་པའོ། །བརྗོད་པ་ཡིས་ཞེས་པ་དང་གྲོལ་བ་
དང་ཞེས་པ་རྗེས་སུ་སྦྱར་བའི་གང་ཕྱིར་ཞེས་བྱ་བ་ནི་རུང་བའོ། །དེ་ལྟར་འདི་ནི་ཐམས་ཅད་ཤེས་པའི་བདག་ཉིད་ཀྱི་མཐོང་བའི་ལམ་གྱི་སྐད་ཅིག་མ་བཅུ་དྲུག་སྟེ། དེ་ལ་དེ་ལྟར་ཡང་ཞེས་པ་ལ་སོགས་པས་ནི་སྐད་ཅིག་མ་གཉིས་གསུངས་པའོ། །གཟུགས་ལ་སོགས་པ་རྟག་པ་མ་ཡིན་བཅིངས་པ་མ་ཡིན་གྲོལ་བ་མ་ཡིན་ལ་རང་
ཉིད་ཀྱིས་ཡོད་པ་མ་ཡིན་པ་དེ་ནི་མི་རྟག་པ་ཉིད་ལ་སོགས་པ་ལ་མི་སྦྱོར་བས་ཞེས་པའི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་ནི་ཤིན་ཏུ་རྟག་ཅིང་དག་པའོ་ཞེས་པ་ནི་སྡུག་བསྔལ་ལ་ཆོས་ཤེས་པའོ། །དེ་སྐད་ཅེས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་སྟེ། ཡོངས་

སུ་དག་པའི་གཟུགས་ལ་སོགས་པ་རྣམས་རྣམ་པར་དག་པས་སྟོང་པ་དང་། མི་སྟོང་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གཟུགས་ལ་སོགས་པ་རྣམས་རྣམ་པར་དག་པས་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཀུན་ནས་ཉོན་མོངས་
པ་མེད་པ་རྣམ་པར་བྱང་བ་མེད་པའི་མཚན་ཉིད་དོ་ཞེས་པ་ནི་སྡུག་བསྔལ་ལ་རྗེས་སུ་ཤེས་པའོ། །ཆོས་རྣམས་ཐམས་ཅད་ནམ་མཁའ་བཞིན་དུ་སྐྱེ་བ་ལ་སོགས་པ་མེད་པས། ནམ་མཁའ་ལ་ཞེས་པ་ལ་སོགས་པ་ནི་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པའོ། །ནམ་
མཁའ་བཞིན་དུ་ཆོས་རྣམས་ཐམས་ཅད་ཀྱིས་གོས་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་པ་ནི་ཀུན་འབྱུང་བའི་ཆོས་ཤེས་པའོ། །ཆོས་རྣམས་ནམ་མཁའ་ལྟར་ཡོངས་སུ་འཛིན་པ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་པ་ནི་ཀུན་འབྱུང་ལ་
རྗེས་སུ་ཤེས་པའི་བཟོད་པའོ། །ནམ་མཁའ་ཞེས་པ་ལ་སོགས་པ་སྟེ། སྨྲར་མེད་ཅིང་བརྗོད་དུ་མེད་པ་ནི་ཇི་ལྟར་ནམ་མཁའ་ལ་རི་བོ་དང་ཆུ་དང་རླུང་གི་བྲག་ཅས་ཅུང་ཟད་བརྗོད་དུ་མེད་དེ། དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ཅེས་པ་སྟེ་ནམ་མཁའ་ལ་བརྗོད་དུ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཡོངས་སུ་དག་པའོ་ཞེས་པ་ནི་ཀུན་འབྱུང་ལ་རྗེས་སུ་ཤེས་པའོ། །གང་གིས་བརྗོད་པའི་འདོད་པའི་དོན་གཞན་གྱིས་ཐོབ་པར་བྱེད་པ་དང་ཐོབ་པ་པོའི་བརྗོད་པས་བརྗོད་པ་ནི་ཇི་ལྟར་ནམ་མཁའ་ལ་བྲག་ཅས་ཅུང་ཟད་བརྗོད་དུ་མེད་པ་དེ་བཞིན་དུ་ཆོས་རྣམས་ཐམས་ཅད་ནམ་མཁའ་ལྟར་བརྗོད་དུ་མེད་པས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་པ་ནི་འགོག་པ་ལ་ཆོས་ཤེས་པའི་བཟོད་པ་ཉེ་བར་དམིགས་པ་མེད་ལ། གང་དམིགས་པ་མེད་པ་ནི་བྲག་ཅེས་སྨྲར་མེད་ཅིང་དེ་བརྗོད་དུ་མེད་ཅེས་པ་ནི་བསྡུས་པ་སྟེ། དེ་ཡང་དེའི་མི་དམིགས་པ་ནི་དེའི་ངོ་བོ་དེ་ལ་དེ་ཡིས་ཏེ། ཇི་ལྟར་ནམ་མཁའ་ལ་ཅུང་ཟད་དམིགས་
སུ་མེད་པ་དེ་ལྟར་ཆོས་རྣམས་ཏེ། འདིར་ནམ་མཁའ་བཞིན་དུ་དམིགས་སུ་མེད་པས་ཡོངས་སུ་དག་པའོ་ཞེས་པ་ནི་འགོག་པ་ལ་ཆོས་ཤེས་པའོ། །ཐམས་ཅད་དུ་ཡང་དེས་གོས་པའི་ཀུན་ནས་ཉོན་མོངས་པ་ཅན་དང་། གོས་པ་མེད་པའི་རྣམ་པར་བྱང་བ་ཅན་གྱི་ཆོས་དེ་རྣམས་ཀྱིས་མ་གོས་པ་ནི་གོས་པ་མེད་

པ་ཉིད་དོ། །གཉི་ག་ཡང་མི་དམིགས་པའི་ཕྱིར་ཡོངས་སུ་དག་པའོ་ཞེས་པ་ནི་འགོག་པ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་པ་ལ་སོགས་པ་ནས་འཆི་བའི་དུས་ཞེས་པའི་བར་ནི་འགོག་པ་ལ་རྗེས་སུ་ཤེས་པའོ། །མང་པོ་ཞེས་པ་ལ་སོགས་པ་ནས་ཇི་ལྟར་
ཞེས་པ་ནི་བླ་ན་མེད་པའི་རིན་པོ་ཆེ་བསྲུངས་པས་ཀྱང་སྟེ་འོ་ན་འདི་ཉིད་རིན་པོ་ཆེ་ཆེན་པོ་ལ་བསྲུང་བ་སྟེ་འདི་ལས་བསྲུང་བ་གཞན་རྣམས་ཀྱིས་ཅི་བྱ་ཞེ་ན། གསུངས་པ་ནི། འོན་ཀྱང་ཞེས་པ་ལ་སོགས་པ་སྟེ། དགྲ་ནི་བར་ཆད་མེད་པའོ། །ཅི་ཙམ་དུ་གཅེས་པར་འགྱུར་བ་ནི་ཅི་ཙམ་དུ་རབ་ཏུ་
གྱུར་པའོ། །འདིར་བསོད་ནམས་ལ་བསྟོད་པ་གསུངས་པས་ངན་སོང་ལ་སོགས་པ་ཆད་པ་དོན་གྱིས་གསུངས་པའོ་ཞེས་པ་ནི་ལམ་ལ་ཆོས་ཤེས་པའི་བཟོད་པའོ། །བླ་ན་མེད་པ་ཞེས་པ་ལ་སོགས་པ་སྟེ། ཞུགས་པ་ནི་འཇུག་པ་ལ་འདིའི་རྣམ་པར་འགྲེལ་པ་ནི་ཐམས་ཅད་ཅེས་པ་ལ་སོགས་པ་
སྟེ། མི་འཇིགས་པའི་ཚུལ་གྱིས་ཞེས་པ་ནི་རྟག་པའི་ཚུལ་གྱིས་སོ། །དེ་ལྟ་ན་ནི་རྣམ་པར་རྟོག་པ་ཅན་ནོ་ཞེ་ན། གསུངས་པ་ནི། སྐྱེ་བ་མེད་ཅེས་པ་ལ་སོགས་པ་སྟེ། མི་ཞུམ་པ་ནི་མངོན་པར་མི་ཞེན་པའོ། །ཀུན་ནས་ཉོན་མོངས་པར་མི་འགྱུར་བ་ནི་མི་གནས་པའོ། །ཡོངས་སུ་མི་
འཛིན་པ་ནི་ཡང་དག་པར་མི་ཤེས་པ་སྟེ། རྣམ་པ་གསུམ་དུ་ཡང་རྟོག་པར་མི་བྱེད་པས་དེ་ལྟར་རྣམ་པར་རྟོག་པ་མེད་པའོ་ཞེས་པ་ནི་ལམ་ལ་ཆོས་ཤེས་པའོ། །མ་སྐྱེས་ཞེས་པ་ལ་སོགས་པ་སྟེ། འབྲས་བུ་སྐྱེ་བ་མ་དམིགས་པ་ནི་མ་སྐྱེས་པའོ། །དེའི་རྒྱུས་གོས་པ་མེད་པ་སྟེ། འབྲས་བུ་
སྐྱེད་པའི་མཚན་མ་རྣམས་ནི་དྲི་མ་རྣམས་སུ་གྱུར་པས་སོ། །དེ་ལྟར་ན་ཅིའི་ཕྱིར་མ་གོས་ཤེ་ན། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་རྟོག་པའི་ཕ་རོལ་ཏུ་སོན་པའི་ཕྱིར་རོ། །ཇི་ལྟར་གོས་པ་མེད་པ་ཉིད་ན་གསུངས་པ་དེ་ནི་དེ་ལྟར་ཡང་ཞེས་པ་ལ་སོགས་པ་སྟེ། སྐྱེ་བར་བྱེད་པའི་
འབྲས་བུ་རྣམས་ལ་ཡང་ཆོས་ཐམས་ཅད་ཀྱི་མཚན་མའི་དྲི་མ་རྣམས་ནུབ་པར་གྱུར་པས་གོས་པ་མེད་པ་ནི་ལམ་ལ་རྗེས་སུ་ཤེས་པའི་བཟོད་པའོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ཡང་ཞེས་པ་ནི་ཤིན་ཏུ་ཕྲ་མོའི་དངོས་པོ་ཡང་ཡི་གེ་དང་མི་རྣམས་ཀྱིས་ཏེ། འདིར་དངོས་པོ་

དང་། ཡི་གེ་དང་གཉིས་སུ་སྣང་བ་རྣམས་གསུམ་ཆར་ཡང་ཕྱིན་ཅི་ལོག་ཅིང་མེད་པའི་ཕྱིར་སྤང་བར་བྱ་བའོ། །ཕྱིན་ཅི་ལོག་གི་སྤྲོས་པ་དེ་རྣམས་ནི་མེད་པ་ཉིད་པས་འདིར་དེ་ལྟར་སྤྲོས་པར་མི་བྱེད་ཅེས་པ་ནི་ལམ་ལ་རྗེས་སུ་ཤེས་པའོ། །ཐམས་ཅད་ཤེས་པ་
ཉིད་འདི་རྣམས་ལ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་ཉིད་ལ་སོགས་པར་སྦྱོར་བར་འགྱུར་བས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིར་འགྱུར་ལ་དེ་ལྟར་མ་གྱུར་པས་ནི་ཉན་ཐོས་ལ་སོགས་པ་རྣམས་སུ་འགྱུར་ཏེ། ཆོས་ལ་བདག་མེད་པ་ལ་སོགས་ལྡོག་པའི་སྒོ་ནས་
སྲིད་པ་དང་ཞི་བ་ལ་ཀུན་ཏུ་གནས་པ་ལ་སོགས་པའི་ངོ་བོའི་ཐམས་ཅད་ཤེས་པ་ཉིད་ནི་ཇི་སྲིད་སེམས་བསྐྱེད་པ་ལྔ་པོའི་བར་དུ་སྟེ། བཅོམ་ལྡན་འདས་མ་འབྲིང་པོ་ལས་དེ་གསུངས་པ་ནི། ཐམས་ཅད་ཤེས་པའི་ཡེ་ཤེས་ཀྱིས་མཐོང་ནས་ཀྱང་མཐོང་བ་ལས་ཤིན་ཏུ་འདའ་བར་འདོད་པ་དང་།
ལམ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཞེས་ཏེ། དེ་ལ་ཡེ་ཤེས་ནི་བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་གྱི་མངོན་པར་རྟོགས་པ་ལ། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ཉིད་ལ་ཉན་ཐོས་ལ་སོགས་པའི་རྟོགས་པ་ཡོངས་སུ་རྫོགས་པར་
འགྱུར་ཏེ། རྗེས་སུ་དཔག་པ་རྣམ་པར་བཅད་པས་མཐོང་བའོ། །ཡེ་ཤེས་ཀྱིས་མཐོང་བའི་ཚིག་ནི་འཁྲུལ་པ་གཅོད་པ་སྟེ། བྱང་ཆུབ་སེམས་དཔའི་བསྒོམ་པའི་ལམ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་རྣམས་བསྒོམ་ལམ་དུ་མེད་པར་ཤེས་པའི་དོན་དུའོ། །ཤིན་ཏུ་འདས་ནས་
ཡང་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་ལ་ཞུགས་པའོ་ཞེས་འཕགས་པ་རྣམ་པར་གྲོལ་སྡེས་བཤད་ལ། དེའི་ཕྱིར་ན་བསྟན་བཅོས་ལས། ཉན་ཐོས་ལ་སོགས་མཐོང་བའི་ལམ། །ཞེས་ཏེ་འདི་ཉིད་ཀྱིས་ན་སྡུད་པ་ཚིགས་སུ་བཅད་པའི་འགྲེལ་པ་ལས་ཐམས་ཅད་ཤེས་པ་ཉིད་ས་
བདུན་པར་རྣམ་པར་གཞག་པའི་སེང་གེ་བཟང་པོའི་བཤད་པ་ནི་མི་འཐད་དོ། །གཞན་ཡང་དེའི་མངོན་པར་རྟོགས་པ་ལ་སོགས་པའི་ཁྱད་པར་རྣམ་པར་གཞག་པ་དང་། བདག་ཅག་གི་དག་ནི་མཁས་པ་རྣམས་ཀྱི་རིགས་པས་སོ་སོར་བརྟག་པར་བྱ་སྟེ། ཅུང་ཞིག་བདག་ཅག་གིས་ནི་མི་བདེན་པར་

མཐོང་ནས་སྤང་བྱར་བྲི་བར་བྱའོ། །གཞན་གྱི་དོན་དུ་ཇི་ལྟར་མཐོང་བ་ཉིད་ཀྱི་དོན་ཡང་ནས་ཡང་དུ་མངོན་དུ་བྱེད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པའི་ལམ་མོ་ཞེས་ཉེ་བར་བསྟན་པ་ནི་གོ་སླའོ། །འཕགས་པ་ས་བཅུ་པའི་མདོ་སྡེ་ཡང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་
རྣམས་ཀྱིས་རབ་ཏུ་དགའ་བར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་གྱི་མཐོང་བ་ལས་ཤིན་ཏུ་འདས་པས་བསྒོམ་པ་ནི་མ་ཡིན་ནོ་ཞེས་པ་དང་ཡང་བཤད་དེ། སེམས་བསྐྱེད་པ་ལྔ་པ་ལས་བྱང་ཆུབ་སེམས་དཔའི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཤིན་ཏུ་འདས་
པར་གྱུར་ཏེ། ཀུན་ཏུ་འདས་པར་གྱུར་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཞུགས་ནས་དེ་བཞིན་གཤེགས་པའི་རིགས་སུ་ངེས་པར་སྐྱེ་བར་འགྱུར་རོ་ཞེས་པ་དང་། རིང་དུ་སོང་བ་ལ་ནི་བྱང་ཆུབ་སེམས་དཔའ་རང་གི་ཡུམ་གྱི་ཡེ་ཤེས་ཀྱི་བདག་ཉིད་ཆེན་པོ་ལ་གནས་པའི་ཕྱིར་ཉན་ཐོས་དང་རང་
སངས་རྒྱས་ཀྱི་བྱ་བ་ལས་ཤིན་ཏུ་འདའ་བར་འགྱུར་ཞེས་གསུངས་སོ། །དེའི་ཕྱིར་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཤེས་པ་ཡང་ཡོད་ཅེས་པར་ཤེས་པར་འགྱུར་ཏེ། དེ་ཡོད་པ་མ་ཡིན་ན་ཕྱི་རོལ་པ་བཞིན་དུ་ཁམས་གསུམ་པའི་མངོན་དུ་རྒྱུ་བ་དང་
བག་ལ་ཉལ་འདི་རྣམས་སྤོང་བར་མི་འགྱུར་ཏེ། གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་དམིགས་པས་ཕྱིན་ཅི་ལོག་པའི་ཕྱིར་རོ། །ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ཡོངས་སུ་ཤེས་པར་ཡོངས་སུ་རྫོགས་པའི་ཆོས་ལ་བདག་མེད་བསྒོམ་པ་ནི་མེད་ལ་ཁམས་གསུམ་པའི་ཉོན་མོངས་པ་མངོན་དུ་རྒྱུ་སྤོང་བའི་
ཐབས་ཙམ་ཡོད་པ་ཉིད་དང་། གང་ཟག་གི་བདག་མེད་པ་མ་ལུས་པར་བསྒོམ་པ་ལ་དེ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྣམ་པར་གཞག་གོ་ཞེས་པ་ནི་སློབ་དཔོན་ཟླ་བའི་གྲགས་པ་ལ་སོགས་པ་རྣམས་ཀྱིས་བཞེད་པ་གང་ཟག་ལ་བདག་མེད་པའི་ཤེས་པ་ཉིད་ནི་ཡོད་པ་ལ་
ཆོས་ལ་བདག་མེད་པའི་ཤེས་པ་ནི་མེད་དེ་སྐད་ཅིག་མས་བདག་མེད་པར་ཤེས་པས་ཀྱང་ནི་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བར་འགྱུར་ཞེས་པ་ནི་གཞན་དག་གིའོ། །དེ་ལྟར་འདི་དང་ཡང་འདི་དང་། །ཡང་འདི་ཡིན་ཏེ་རྣམ་གསུམ་པོ། །འདིར་ནི་གནས་སྐབས་གསུམ་པོ་དག །རྫོགས་པར་ཡོངས་

སུ་བསྟན་པ་ཡིན། །ཞེས་བསྟན་བཅོས་ལས་ཏེ། འདིར་མཁྱེན་པ་རྣམ་པ་གསུམ་ཉེ་བར་བསྡུ་བའི་ཕྱིར་གསུངས་པ་ནི་ཡང་ཞེས་པ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་ཤེས་པ་དང་། ཐམས་
ཅད་ཤེས་པ་ཉིད་ལ། དེ་ལྟར་ཞེས་པ་ནི་སྔོན་དུ་མདོར་བསྟན་པའི་སེམས་བསྐྱེད་པ་ཞེས་པ་ལ་སོགས་པས་སོ། །འདི་དང་ཞེས་པ་ནི་གོང་གི་དེའི་རྒྱས་པར་བཤད་པས་ཏེ། ལེའུ་གཅིག་དང་། ལེའུ་ཕྱེད་དང་བདུན་དང་། ལེའུ་ཕྱེད་དང་གཉིས་པ་དག་གིས་གོ་རིམས་ཇི་ལྟ་བ་བཞིན་
དུའོ། །ཆོས་གང་ལ་ཡང་མེད་ཅེས་པ་ནི་དེའི་སེམས་ཀྱི་སྦྱོར་བས་སོ། །འཇུག་པར་བྱེད་པ་ནི་དམིགས་པ་ལ་ཉེ་བར་གཞག་པར་བྱེད་པས་སོ། །ངེས་པར་འཇུག་པར་བྱེད་པ་ནི་དེའི་དེ་ཉིད་ལ་བཞག་པས་ཞི་གནས་རྫོགས་པར་བྱེད་པའོ། །ཡང་དག་པར་སྟོན་པར་བྱེད་པ་ནི་མངོན་སུམ་དུ་བྱེད་
པས་སོ། །ངེས་པར་སྟོན་པར་བྱེད་པ་ནི་ཡོན་ཏན་ཁྱད་པར་རྣམས་སོ། །ཡོངས་སུ་ཐོབ་པར་བྱེད་པ་ནི་འབྲས་བུར་གྱུར་པའི་ཆོས་ཀྱིས་འཕེན་པར་བྱེད་པའོ། །ངེས་པར་འཐོབ་པར་བྱེད་པ་ནི་དེ་ཉིད་མཐར་ཕྱིན་པའི་ཚུལ་ཅན་ནོ། །མེད་ཅེས་པ་ནི་ཐམས་ཅད་དུ་དེ་ཐམས་ཅད་གང་དུ་ཆོས་ཐམས་
ཅད་ལ་དམིགས་པ་མེད་པས་སོ། །འདིར་བསྟན་པ་ཐོས་ནས་ལྷ་རྣམས་ཀྱིས་ཇི་ལྟར་བྱས་པ་དེ་གསུངས་པ་ནི། དེ་ནས་ཞེས་པ་ལ་སོགས་པ་སྟེ། སྐྱེ་བོའི་ཚོགས་ཆེན་པོའི་དགའ་བ་སྐྱེས་ནས་ཀུ་ཆོ་དང་ག་ཞ་དག་བྱེད་དེ། ཉིད་ཀྱིས་འཐོར་ཞིང་གཏོར་ནས་བསྟོད་པའི་ཕྱིར་རོ། །འདི་ཆོས་ཀྱི་
འཁོར་ལོ་བསྐོར་བ་མ་ཡིན་ཞེས་པ་ནི་གཉི་ག་དག་མི་དམིགས་པའི་ཕྱིར་རོ། །གང་ལ་ཡང་ཞེས་པ་ནི་ཆོས་ཀྱི་འཁོར་ལས་གཞན་དུ་ཡང་མི་ཆགས་ཤིང་མ་ཆགས་པས་དམིགས་པ་དང་བྲལ་བའི་ཕྱིར་ལ། གང་དམིགས་པར་འགྱུར་བ་ནི་གང་དུ་མངོན་པར་བྱང་ཆུབ་པར་མི་འགྱུར་བ་ཞིག་ན། གང་
ཞིག་མ་སྨོས་པ་དེ་ཡོད་པ་མ་ཡིན་པས་གང་ལ་ཡང་དག་པར་བསྟན་པར་འགྱུར་བའི་རྣམ་པར་བྱང་བ་ཅན་གྱི་ཆོས་ཅུང་ཞིག་ཡོད་པ་མ་ཡིན་ནོ། །མངོན་པར་མ་གྲུབ་པ་ནི་མ་སྐྱེས་པས་སོ། །ཆོས་ནི་ཀུན་ནས་ཉོན་མོངས་པ་ཅན་གྱི་ལ། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ནི་རྣམ་

པར་བྱང་བ་རྣམས་སུ་བརྗོད་དོ། །བསྟན་པ་ཞེས་པ་ནི་དོན་དམ་པར་བསྟན་པས་སོ། །སྦྱིན་པའི་གནས་སུ་བྱས་པ་མེད་པ་ནི་གང་ཟག་མེད་པས་ཞེས་པ་ལ་དགོངས་པས་སོ་ཞེས་པ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་སྐབས་རྫོགས་པའོ།། །།ཀུན་མཁྱེན་པ་རྣམ་པ་གསུམ་གྱི་མཚན་ཉིད་བཤད་
ནས། སྦྱོར་བ་བརྗོད་པར་བྱ་སྟེ། དེ་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་སྟེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་བདག་ཉིད་ཅན་དེ། དེའི་མཐའི་སེམས་བསྐྱེད་པ་གཉིས་ནི་སྲིད་པ་དང་ཞི་བ་མཉམ་ཞིང་རོ་གཅིག་པའི་ཞིང་དག་པའི་
ཐབས་ལ་མཁས་པའི་བདག་ཉིད་ཅན་ནི་སངས་རྒྱས་ཀྱི་ས་ལ་མི་སློབ་པའི་འབྲས་བུ་སྟེ། དེ་ལྟར་ཡང་འཕགས་པ་རྣམ་པར་གྲོལ་སྡེས། སྲིད་དང་ཞི་བ་མཉམ་ཉིད་དང་། །ཞེས་པའི་འགྲེལ་པར་བཤད་དེ། འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་རྟོགས་པ་ན་བདེན་པ་མི་སློབ་པར་
འགྱུར་ཞེས་པ་དང་མདོ་སྡེ་དགོངས་པ་ངེས་པར་འགྲེལ་པར་ཡང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་ཕྲ་བ་སྤངས་པས་ཤེས་བྱ་ཐམས་ཅད་ལ་ཐོགས་པ་དང་ཆགས་པ་མེད་པར་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པས་བསྡུས་པ་ནི་ས་བཅུ་གཅིག་པའི་སངས་རྒྱས་ཀྱི་སར་བརྗོད་ཅེས་གསུངས་པས་
ན། སེང་གེ་བཟང་པོའི་ཁྱད་པར་གྱི་ལམ་ལ་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པ་རྣམ་པར་གཞག་པ་ནི་མི་འཐད་པ་ཉིད་དོ། །དེ་ལྟར་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཚན་མེད་རབ་ཏུ་སྦྱིན་ལ་སོགས་པའི་ཚིག་ལེའུར་བྱས་པའི་འགྲེལ་པར་སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ། ཐབས་
ལ་མཁས་པ་དང་མ་བྲལ་བར་སྦྱིན་པ་སྦྱིན་པར་བྱེད་ཅིང་མཚན་མར་ནི་མི་བྱེད་དོ་ཞེས་པ་དང་། བཅོམ་ལྡན་འདས་མ་བྲིས་ཤིང་གཞན་ཡང་རང་ཉིད་ཀྱིས་དད་པ་ལ་སོགས་པའི་ཐར་པའི་ཆ་དང་མཐུན་ལ་འཇུག་གི །དད་པ་ལ་སོགས་པའི་དབང་པོར་བརྗོད་པར་བྱ་བ་ནི་མེད་དོ། དབང་པོའི་དོན་མེད་
པའི་ཕྱིར་ཞེས་གསུངས་པས་ནི་དྲོད་ལ་སོགས་པ་དབང་པོ་འདི་རྣམས་ཉིད་འབྱུང་བར་འགྱུར་ཞེས་པ་ལ་དགོངས་པའི་ཕྱིར་ཏེ་ཁྱད་པར་གྱི་ལམ་ལ་དབང་པོ་འདི་རྣམས་མེད་པ་ཉིད་ན་ཆོས་ཀྱི་སྐུའི་དབང་པོ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྔ་མའི་བྱེ་བྲག་རྟོགས་ནས་འདིར་ཕྱི་མ་ལ་རྗེས་སུ་འཇུག་

ཅེས་པ་རིགས་ལ། དེའི་ཡང་ཐོས་པ་དང་བསམ་པའི་རང་བཞིན་ཐམས་ཅད་ཀྱང་དང་པོའི་ཉིད་དུ་ཤེས་པར་བྱ་སྟེ། བསྟན་པ་ལ་འཇུག་པའི་རྒྱུའི་ཕྱིར་རོ་ཞེས་བཤད་ལ། ཕྱིར་མི་ལྡོག་པའི་རྟགས་བཤད་པ་ཡང་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པའི་སྐད་
ཅིག་མ་རྗེས་སུ་ཤེས་པ་དང་འབྲེལ་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་བར་སྲིད་པར་འགྱུར་ཏེ། དེ་ནི་ཁམས་གསུམ་པའི་གཉེན་པོ་འབྱིན་པ་པོའི་ཕྱིར་རོ་ཞེས་གསུངས་ལ། འདི་ཡང་ལྟུང་བ་འདི་རྟོགས་པ་ནི་ཇི་ལྟར་ཁྱད་པར་གྱི་ལམ་ལ་གནས་པའི་མཚན་མ་མེད་པ་ལྷུན་གྱིས་གྲུབ་པ་ལ་
གནས་པ་ནས་གཞན་པ་རྣམས་སུ་སྲིད་པར་འགྱུར། གང་ཞིག་བྱང་ཆུབ་སེམས་དཔའི་ས་འོག་མ་ལ་གནས་པ་དེའི་ཡང་དག་པར་ཀུན་འབྱུང་ལ་རྗེས་སུ་ཤེས་པ་ལ་ཚད་མེད་པ་རྣམས་དགོས་ཏེ་དེ་ལ་ལས་གཞན་དུ་ན་དགུ་པ་ལ་འགོག་པར་ལྟུང་ཞེས་བཤད་ཅིང་། གང་ཡང་སློབ་དཔོན་
དཔའ་བོས་ཀྱང་རིང་དུ་སོང་བ་ལ་ཡིད་ཀྱིས་ཡོངས་སུ་ལོག་པ་ཀུན་ཏུ་སྲིད་ཅེས་བཤད་ལ། ས་མི་གཡོ་བ་ལ་ཡོངས་སུ