Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 88

Văn bản gốc(Tây Tạng)

Trang 7 / 18 (50.000 ký tự/trang)
། ཡོད་པ་ཡང་མེད། མེད་པ་མེད། གྲུབ་པར་བྱ་བ་མེད། དམིགས་སུ་མེད་དེ། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་སྒྲིབ་པ་ཐམས་
ཅད་དང་བྲལ་བ་འམ། རྣམ་པ་ཐམས་ཅད་དུ་ཤིན་ཏུ་གསལ་བ་ནི་བྱང་ཆུབ་པོ། །དེ་ཡང་ཆོས་ཀྱི་དབྱིངས་ལས་ཐ་མི་དད་པས་དེ་བཞིན་དུ་བྱང་ཆུབ་དེ་སྐྱེ་བ་མེད་དོ། །ཡོད་པ་མེད་དོ། །གྲུབ་པར་བྱ་བ་མེད་དོ། །དམིགས་པ་མེད་དེ། ཆོས་ཀྱི་དབྱིངས་ལས་ཐ་དད་པའི་བྱང་ཆུབ་མེད་པའི་ཕྱིར་
རོ། །མེད་པ་ཉིད་ཀྱང་མ་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་གང་ཡིན་པ་ཡོད་པ་ཉིད་ལ་དམིགས་པ་དེ་དག་ཁོ་ན་ལ་བྱང་ཆུབ་ཏུ་ཉེ་བར་གདགས་པའི་ཕྱིར་རོ། །དེའི་ཕྱིར་བྱང་ཆུབ་ཀྱི་རྟེན་པ་ཡོད་པ་རྫས་སུ་མ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱང་དེའི་རྟེན་དུ་ཇི་

ལྟར་འགྱུར་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ནམ་མཁའ་ལ་ནི་རྗེས་མེད་དེ། །གཟུགས་ཅན་གྱི་མཚན་ཉིད་རྗེས་མེད་པའི་ཕྱིར་རོ། །དེ་དེ་ཉིད་ཀྱིས་ན་མེད་དོ། །དེས་ན་མི་དམིགས་སོ། །ནམ་མཁའ་ལ་ཆ་ཤས་མེད་པས་བྱའི་རྗེས་མེད་ཅིང་མི་དམིགས་ཀྱང་ནམ་
མཁའ་དེའི་གཞིར་ཡང་འགྱུར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུའོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཆོས་ཀྱི་དབྱིངས་ནི་མེད་ཅིང་མི་དམིགས་སོ། །དེས་ན་ཡང་ཆ་མེད་ཅིང་བྲལ་བས་ན་བྱང་ཆུབ་ནི་མེད་ཅིང་མི་དམིགས་ཏེ། བྱའི་རྗེས་བཞིན་ནོ། །དེ་ནི་དེའི་རྟེན་དུ་འགྱུར་
ཏེ། དེ་ནི་བྱང་ཆུབ་ཀྱི་རྟེན་ནོ། །རྟོགས་པ་དྲུག་ནི་དྲོད་ལ་སོགས་པའི་རྟོག་པ་སྟེ། དོན་དམ་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ། །དེ་དག་གི་ཁྱད་པར་ནི་དཔེའི་ཁྱད་པར་ལས་ཤེས་པར་བྱའོ། །དེ་ལ་གཞིའི་གཟུང་བ་ཡོད་པར་འགྱུར་བ་མ་ཡིན་པར་ངེས་པས་ན་དྲོ་བར་གྱུར་པ་ནི་བྱང་ཆུབ་པོ། །དེས་ན་དེའི་དེ་དང་
འདྲ་བ་ཉིད་ཀྱི་དཔེ་ནི་རྨི་ལམ་ལ་སོགས་པ་སྟེ། འདི་ལྟར་རྨི་ལམ་ལ་སོགས་པ་ནི་རྨི་ལམ་ལ་སོགས་པ་ཉིད་ཀྱིས་ངེས་པར་རྨི་ལམ་ལ་སོགས་པའི་སྒྲར་བརྗོད་དོ། །དེའི་གཟུང་བའི་དངོས་པོའི་གནས་མི་དང་། གླང་པོ་དང་། རྟ་ལ་སོགས་པ་མེད་ཅིང་མི་དམིགས་ཏེ། དེ་ཉིད་མེད་པར་ངེས་པའི་ཕྱིར་རོ། །
བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ལ། བྱང་ཆུབ་ནི་དྲོད་དོ། །དེའི་ཚིག་གི་དོན་དུ་མངོན་པར་འདོད་པའི་བདག་དང་སྐྱེ་མཆེད་དྲུག་གི་རང་གི་ངོ་བོ་ཡང་མེད་ཅིང་མི་དམིགས་ཏེ། ཀུན་བརྟགས་པ་ཉིད་ཀྱི་ཕྱིར་རོ། །དེས་ན་གང་ཟག་གི་ཆོས་ཀུན་བརྟགས་པས་སྟོང་པ་ཉིད་ཀྱི་མཚན་ཉིད་ཆོས་ཀྱི་དབྱིངས་
ཉིད་དེའི་རྟེན་ཏེ། དེའི་དེ་ནི་དྲོད་དུ་གྱུར་པའི་རྟེན་ནོ། །རྩེ་མོར་གྱུར་པའི་བྱང་ཆུབ་ནི་གཟུང་བའི་གཉེན་པོ་ཇི་ལྟར་སྣང་བ་མེད་པར་ངེས་པའི་ཕྱིར་རོ། །དེས་ན་དེའི་དེ་དང་འདྲ་བའི་དཔེ་ཉིད་ནི་ཡང་དག་པའི་མཐའ་ལ་སོགས་པ་སྟེ། གཟུང་བ་མེད་པར་ངེས་པའོ། །དེའི་གཟུང་བའི་གནས་ནི་ཡང་དག་པའི་མཐའ་
ལ་སོགས་པའོ། །ལྷག་མ་ཡང་རྗེས་སུ་དཔག་པར་བྱ་སྟེ། དེ་ནི་རྩེ་མོར་གྱུར་པའི་རྟེན་ནོ། །བདག་གི་རྫས་དེ་ཉིད་ཀྱི་ཡང་གཟུགས་ལ་སོགས་པ་མེད་པར་ངེས་པ་ནི་བཟོད་པའི་བྱང་ཆུབ་པོ། དེས་ན་དེའི་དཔེ་ནི་སྒྱུ་མའི་སྐྱེས་བུ་ཞེས་བྱ་བ་ལ་སོགས་པས་གསུངས་སོ། །སྒྱུ་མ་ཉིད་དུ་ངེས་པའི་སྐྱེས་བུའི་

རྫས་ནི་སྒྱུ་མའི་སྐྱེས་བུ་སྟེ། དེའི་གཟུགས་ལ་སོགས་པའི་གནས་དེ་ཉིད་ནི་སྐྱེས་བུའོ། །དེ་ཡང་མེད་ཅིང་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བཟོད་པ་ལ་སྟེ། དེའི་ཕྱིར་གཟུང་བ་མེད་པར་ངེས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་པོ། །ལྷག་
མ་ནི་རྗེས་སུ་དཔག་པར་བྱ་སྟེ། འདི་ནི་བཟོད་པར་གྱུར་པའི་རྟེན་ནོ། །བཏགས་པའི་བདག་ཉིད་ཀྱང་མེད་པར་ངེས་པའི་ཕྱིར། ཆོས་ཀྱི་མཆོག་གི་བྱང་ཆུབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོད་བཞིན་ནོ། །དེས་ན་འདིའི་དཔེ་ནི་སྒྱུ་མའི་སྐྱེས་བུའི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་
སོ། །བཏགས་པ་པའི་ཡང་བདག་ཉིད་སེམས་ཅན་བཀག་པས་སྒྱུ་མའི་སྐྱེས་བུ་སྟེ། སྐྱེས་བུ་འདིའི་ཞེས་བྱ་བ་ནི་སྒྱུ་མའི་སྐྱེས་བུའོ། །དེའི་ནང་སྟོང་པ་ཉིད་ལ་སྤྱོད་པའི་ཞེས་བྱ་བ་ནི་བཞི་པའི་དོན་གྱི་དྲུག་པའོ། །བྱང་ཆུབ་འདོད་པའི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚིག་
གི་དོན་ཏོ། །རྟེན་གྱི་དངོས་པོ་ནི་བདག་དང་སྐྱེ་མཆེད་དེ་མེད་ཅིང་མི་དམིགས་པ་སྟེ། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་སྔ་མ་བཞིན་དུ་བཀག་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ཆོས་ཀྱི་མཆོག་སྟེ། ཆོས་ཀྱི་མཆོག་གི་བྱང་ཆུབ་པོ། །དེའི་རྟེན་སེམས་དཔའ་ནི་བྱང་
ཆུབ་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་ཆོས་ཀྱི་མཆོག་གི་རྟེན་ནོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཙམ་མཐོང་བའི་ཕྱིར་མཐོང་བའི་ལམ་གྱི་བྱང་ཆུབ་པོ། །དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྣམ་པར་རྟོག་པའི་ཕ་རོལ་དུ་འགྲོ་བའི་ཕྱིར་རོ། །དེས་ན་དེའི་དཔེ་གསུངས་པ་ནི་
དེ་བཞིན་གཤེགས་པའི་གཟུགས་ལ་སོགས་པའི་ཚིག་གི་དོན་ནི་ཀུན་བརྟགས་པར་མེད་དེ། ག་ལས་ཤེ་ན། གང་གི་ཕྱིར་དེ་མི་དམིགས་པས་སོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་མཐོང་བའི་ལམ་གྱི་རྟེན་ནོ། །བསྒོམ་པའི་ལམ་གྱི་འབྲས་བུ་ནི་སྒྲིབ་པ་ཐམས་ཅད་སྤོང་བའོ། །དེའི་རྣམ་གྲངས་
ནི་སྐྱེ་བ་མེད་པ་ལ་སོགས་པ་སྟེ། དེས་ན་འདིར་ཉེ་བའི་རིགས་པས་འདིར་དཔེར་བསྟན་པ་སྟེ། ཇི་ལྟར་དེ་དག་གིས་ཚིག་གི་དོན་རྟེན་གྱི་དངོས་པོ་མེད་ཅིང་མི་དམིགས་ཏེ། འོན་ཀྱང་ཆོས་ཀྱི་དབྱིངས་ཉིད་ནི་རྟེན་ཏེ། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་བསྒོམ་པའི་ལམ་ལའོ། །

དེས་ན་ཇི་ལྟར་མཐོང་བའི་དོན་དམ་པ་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་འདིར་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའ་ནི་བྱང་ཆུབ་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་བསྒོམ་པའི་ལམ་གྱི་རྟེན་ནོ། །གཉེན་པོའི་སྣང་བའི་འོད་ནི་སྣང་བ་སྟེ་ཉི་མའི་འོད་དོ། །དེའི་གནས་
ནམ་མཁའ་མེད་ཅིང་མི་དམིགས་ཏེ། གཟུགས་ཅན་གྱི་རྫས་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོ་སྟེ། དེ་ཉིད་ཡིན་ལ་དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་དུ་སྟེ། དེ་ནི་གཉེན་པོའི་རྟེན་ནོ། །མི་མཐུན་པའི་ཕྱོགས་སྤངས་པའི་
དཔེ་ནི་བསྐལ་པའི་མེ་འབར་བའི་ཚེ་ན་ས་ལ་སོགས་པའི་འདུ་བྱེད་ཐམས་ཅད་ཀྱི་རྟེན་པའི་གནས་མེད་པ་ཡིན་ཏེ། ཤི་བའི་འདུ་བྱེད་བཞིན་ནོ། །དེའི་གནས་ནི་ནམ་མཁའོ། །ཡང་ན་ས་ལ་སོགས་པའི་འདུ་བྱེད་ཟད་པར་འགྱུར་བ་ནི་དཔེ་སྟེ། དེ་དག་གི་རྟེན་ནི་མེད་དེ། གང་དུ་ཡང་མི་
གནས་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར་པའོ། །ཆོས་ཀྱི་དབྱིངས་དག་པ་ནི་བྱང་ཆུབ་སྟེ། མི་མཐུན་པའི་ཕྱོགས་སྤངས་པའི་མཚན་ཉིད་དོ། །དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ་དེ་ནི་སྤོང་བའི་རྟེན་ནོ། །དེ་དག་ནི་གཉེན་
པོ་དང་སྤོང་བ་དག་གོ། །ཡོངས་སུ་གཏུགས་པ་ནི་མཐར་འགྲོ་བ་སྟེ། གཉེན་པོ་ཁྱད་པར་དུ་གྱུར་ཅིང་མཐར་ཐུག་པ་དང་། མི་མཐུན་པའི་ཕྱོགས་ཟད་པའི་མཐར་ཐུག་པའོ། །དེ་ལ་དཔེ་ནི་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་སོགས་པ་ལ་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་ཟད་པའི་
མཐར་ཐུག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་གཉེན་པོར་གྱུར་པ་ལའོ། །དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་དེ་དག་ཡོངས་སུ་གཏུགས་པའི་རྟེན་ནོ། །ཤེས་རབ་དང་སྙིང་རྗེའི་རྟེན་དེའི་དཔེ་ནི་ཉི་མ་དང་ཟླ་བའི་འོད་དེ།
དེའི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་མཉམ་པ་དང་། སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་ཤེས་པའོ། །དེ་གཉི་ག་ཡང་བྱང་ཆུབ་སྟེ། དོན་དམ་པ་ཤེས་པའི་ཕྱིར་རོ། །དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་

ཏེ། དེ་ནི་ཤེས་རབ་དང་སྙིང་རྗེའི་རྟེན་ནོ། །ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ནི་སློབ་མ་དང་ཐུན་མོང་མ་ཡིན་པ་ཉིད་དོ། །ཉན་ཐོས་ལ་སོགས་པའི་ཡེ་ཤེས་ཀྱི་དཔེ་ནི་གཟའ་དང་རྒྱུ་སྐར་ལ་སོགས་པའི་འོད་དོ། །དེ་དག་གི་
གནས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གང་ཟག་ལ་བདག་མེད་པ་དང་། ནམ་མཁའི་ཕྱོགས་སོ། །དེ་གཉི་ག་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དོ། །དེ་ཉིད་བྱང་ཆུབ་སྟེ། ཉི་མ་དང་ཟླ་བའི་འོད་དང་འདྲ་ལ། དེའི་
རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ནི་སློབ་མ་དང་ཐུན་མོང་མ་ཡིན་པའི་རྟེན་ནོ། །རྒྱལ་ཆེན་རིས་བཞི་ནས་འོག་མིན་གྱི་བར་གྱི་མཐར་ཐུག་པའི་རིམ་པ་ནི་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ཏེ། དེ་བསྟན་པ་ལས་ངེས་པར་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཉེ་བར་གྱུར་པ་
རིགས་པ་འདིས་དེ་དག་གི་འོད་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་དཔེ་ཡིན་ནོ། །དེ་དག་གི་འོད་ཀྱི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་དེ་ཉིད་གོ་རིམས་སུ་སྟོན་པའོ། །དེ་ཉིད་སྟོན་པ་ནི་བྱང་ཆུབ་སྟེ། བྱང་ཆུབ་ཀྱི་རྩ་བ་ཉིད་ཀྱི་ཕྱིར་རོ། །དེའི་རྟེན་སེམས་
དཔའོ། །ལྷག་མ་ནི་སྔ་མ་བཞིན་ཏེ། དེ་ནི་གཞན་གྱི་དོན་གྱི་གོ་རིམས་ཀྱི་རྟེན་ནོ། །ཡེ་ཤེས་རྩོལ་བ་མི་མངའ་བ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་སྟེ། དེ་ཉེ་བའི་རིགས་པ་འདིས་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་དེ་འདྲ་བ་དཔེར་བསྟན་ཏོ། །དེའི་གནས་ནི་ནམ་མཁའོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འབྱུང་བའི་ཡེ་ཤེས་སོ། །ཡེ་ཤེས་དེ་ཉིད་ནི་བྱང་ཆུབ་སྟེ། དེའི་རྟེན་སེམས་དཔའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་ཅིའི་ཕྱིར་ཞེས་བྱ་བ་ལ། ཡེ་ཤེས་རྩོལ་བ་མི་མངའ་བ་དེ་ག་ལས་ཤེ་ནའོ། །འདི་ལྟར་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །བྱང་
ཆུབ་གང་ཡིན་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ཡེ་ཤེས་གང་གིས་སོ། །བྱང་ཆུབ་སེམས་དཔའི་ཚིག་གི་དོན་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ། །ལྡན་པ་མ་ཡིན་པ་ནི་ཀུན་རྫོབ་ཏུ་ཐ་དད་པ་མེད་པ་མ་ཡིན་པའོ། །མི་ལྡན་པ་མ་ཡིན་ཞེས་བྱ་བ་ནི་དོན་དམ་པར་ཐ་དད་པ་མེད་པའོ། །གཟུགས་

ཅན་མ་ཡིན་པ་ནི་གཟུགས་ཀྱི་ཕུང་པོ་མེད་པའོ། །དེ་མེད་པ་ནི་བེམས་པོ་ལ་གསལ་བ་དང་བྲལ་བའི་ཕྱིར་རོ། །གཟུགས་མེད་པའི་ཕྱིར་བསྟན་དུ་མེད་ཅིང་ཐོགས་པ་མེད་པའོ། །གལ་ཏེ་དེ་ལྟ་ན་ཡང་སྔོན་པོ་དང་། སེར་པོ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་དབྱེ་བ་གྲུབ་པོ་ཞེ་ན། མཚན་ཉིད་
གཅིག་པ་ཞེས་གསུངས་ཏེ། ཐ་དད་ན་ནི་ཅིག་ཅར་ཉམས་སུ་མྱོང་བ་དང་མི་ལྡན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་སྤྱིའི་མཚན་ཉིད་ཡོད་དོ་ཞེ་ན། འདི་ལྟར་མཚན་ཉིད་མེད་པ་ཞེས་གསུངས་སོ། །གང་གི་ཕྱིར་ཁྱད་པར་མེད་པས་སྤྱི་ཡང་མེད་པར་འགྱུར་ཏེ། དེ་བས་ན་དོན་
དམ་པར་ནི་གསལ་བ་ཙམ་མཚན་ཉིད་མེད་པ་ཡིན་ནོ། །རང་ལ་རག་ལས་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཉིད་དུ་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་མཐར་བྱང་ཆུབ་སེམས་དཔའ་རྣམས་ལ་གྲུབ་པོ། །རྒྱུ་གཞན་ཡང་ཆོས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱིས་ན་གང་གི་
ཕྱིར་ཞེས་བྱ་བའི་སྒྲ་ནི་རྒྱུའོ། །རྟོག་པ་མེད་པ་ནི་འདུ་ཤེས་མེད་པ་སྟེ། དེས་ན་ཆགས་པ་མེད་པ་ཉིད་དོ། །རྣམ་པར་རྟོག་པ་མེད་པ་ནི་མངོན་པར་ཞེན་པ་མེད་པའོ། །དེས་ན་ཡང་དག་པར་མེད་པ་ཉིད་དེ། དེས་ན་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ནི་རྩོལ་བ་མེད་པར་ཤེས་པར་
བྱའོ། །དེས་ན་ཡང་ཐམས་ཅད་དུ་རྩོལ་བ་མི་མངའ་བས་ཡེ་ཤེས་མཐར་གྲུབ་པ་སྟེ། དེ་ནི་ཡེ་ཤེས་རྩོལ་བ་མི་མངའ་བར་འཇུག་པའི་རྟེན་ནོ། །ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་མ་ཡིན། །ཞེས་བྱ་བ་ལ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ནི་རིགས་ཞེས་བརྗོད་དེ། དེ་
ཡང་ཐམས་ཅད་དུ་རོ་གཅིག་པ་ཡིན་པའི་ཕྱིར་ཐ་མི་དད་དོ། །ཐ་དད་པ་མ་ཡིན་པའི་ཕྱིར་འདི་ནི་ཉན་ཐོས་ཀྱི་རིགས་སོ། །འདི་ནི་རང་སངས་རྒྱས་ཀྱི་རིགས་སོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་སོ་ཞེས་རིགས་ཐ་དད་པར་རུང་བ་མ་ཡིན་ནོ་ཞེ་ན། རྟེན་པའི་ཆོས་ཀྱི་བྱེ་བྲག་
གིས། །དེ་ཡི་དབྱེ་བ་ཡོངས་སུ་བརྗོད། །ཅེས་བྱ་བ་ནི་ལེན་ནོ། །ཉན་ཐོས་ཀྱི་ཆོས་རྣམས་ཀྱི་རྟེན་གྱི་དབྱིངས་གང་ཡིན་པ་དེ་ནི་དེའི་རིགས་སོ། །གང་རང་སངས་རྒྱས་ཀྱི་གང་ཡིན་པ་དང་། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གང་ཡིན་པའི་ཡང་དེ་བཞིན་ནོ། །དཔེར་ན་བུམ་པར་ཁྱད་

པར་མེད་ཀྱང་ཁ་ཅིག་ནི་ཏིལ་མར་གྱི་བུམ་པ། ཁ་ཅིག་ནི་སྦྲང་རྩིའི་བུམ་པ་ལྟ་བུའོ། །སྒྲུབ་པའི་རྟེན་བརྗོད་ནས། དེའི་དམིགས་པ་བརྗོད་པར་བྱ་སྟེ། དེ་ནི། དམིགས་པ་ཆོས་རྣམས་ཐམས་ཅད་དེ། །དེ་ཡང་དགེ་ལ་སོགས་པ་ཡིན། །འཇིག་རྟེན་པ་ཡི་
རྟོགས་པ་དང་། །གང་དག་འཇིག་རྟེན་འདས་འདོད་དང་། །ཟག་བཅས་ཟག་པ་མེད་ཆོས་དང་། །གང་དག་འདུས་བྱས་འདུས་མ་བྱས། །སློབ་མ་ཐུན་མོང་ཆོས་རྣམས་དང་། །གང་དག་ཐུབ་པའི་ཐུན་མོང་མིན། །ཞེས་བྱ་བ་གསུངས་ཏེ། དགེ་ལ་སོགས་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་
བ་དང་། ལུང་དུ་མ་བསྟན་པའོ། །རྟོགས་པར་བྱ་བས་ན་རྟོགས་པ་སྟེ། དགེ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྟོགས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྟོགས་པའོ། །དེ་དག་ནི་ཕུང་པོ་གཉིས་ཏེ་ལྷག་མ་ནི་རྟོགས་པར་སླའོ། །འདི་དག་གི་
བཤད་པ་ནི་མདོ་ཉིད་ལས་བསྟན་པར་རིག་པར་བྱའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གང་ལགས་ཞེས་བྱ་བ་ནས། རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་པའི་ཕྱིར་བླང་བར་བྱའོ་ཞེས་བྱ་བའི་བར་གྱིས་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཞེས་བྱ་བ་ལ། འདིར་བྱང་
ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེས་ན་ཐུན་མོང་མ་ཡིན་པ་ཉིད་དོ། །སྒྲུབ་པའི་དམིགས་པ་བཤད་ནས་དེའི་ཆེད་དུ་བྱ་བ་བཤད་པར་བྱ་སྟེ། དེའི་སྐབས་སུ། རབ་འབྱོར་གྱིས་གསོལ་པ་ཞེས་བྱ་བ་ལ་སོགས་པ་ལ། གང་བྱང་ཆུབ་སེམས་དཔའ་དེ་ཇི་ལྟར་སེམས་དཔའ་ཆེན་པོ་ཞེས་བྱ་
བའི་སྒྲར་བརྗོད་ཅེ་ན་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་གྱི་ཕུང་པོ་ཆེན་པོའི་ཕུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་སྙམ་དུ་སེམས་ཅན་གྱི་ཕུང་པོ་ཆེན་པོའི་མཆོག་བྱེད་པར་འདོད་པའི་བསམ་པ་གང་ཡིན་པ་དེ་ནི་འདིར་སེམས་པ་སྟེ། སྤྱིའི་སྒྲར་ཡང་ཁྱད་
པར་ལ་བརྗོད་པའི་ཕྱིར་རོ། །ཆེན་པོ་གསུམ་གྱི་ཆེ་བའི་སེམས་པ་འདི་ལ་ཡོད་པས་ན་སེམས་དཔའ་ཆེན་པོའོ། །ཆེན་པོ་གསུམ་གང་ཞེ་ན། སེམས་ཆེན་པོ་ཉིད་དང་། སྤོང་བ་ཆེན་པོ་ཉིད་དང་། རྟོགས་པ་ཆེན་པོ་ཉིད་དེ། མདོ་ཇི་ལྟ་བ་བཞིན་ནོ། །དེ་ལ་སེམས་ཆེན་པོ་ནི་བཅོམ་ལྡན་འདས་ཀྱིས་

རྡོ་རྗེ་ལྟ་བུའི་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ལྟ་བ་ཐམས་ཅད་སྤང་བའི་ཕྱིར་སྟོན་པར་བྱེད་པ་ནི་སྤོང་བ་ཆེན་པོ་སྟེ། ཤཱ་རིའི་བུས་གསོལ་པའོ། །དེ་ནས་བྱང་ཆུབ་སེམས་ལ་སོགས་པ་ལ་ཡང་ཆགས་པ་མེད་པ་ཉིད་ནི་རྟོགས་པ་ཆེན་པོ་ཉིད་དུ་རབ་འབྱོར་གྱིས་འཕགས་པ་གང་
པོའི་ཚིག་གི་སྔོན་དུ་བསྟན་ཏོ། །དེའི་ཕྱིར། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ། །ཆེད་དུ་གཉེར་བ་ཡིན་
པས་ན་ཆེད་དུ་བྱ་བ་སྟེ། ལས་སུ་སྒྲུབ་པའོ། །འདི་ནི་རང་བྱུང་གི་སྒྲུབ་པའི་ཆེད་དུ་བྱ་བ་ཡིན་པར་ཤེས་པར་བྱའོ། །གང་སེམས་ཅན་ཐམས་ཅད་ཀྱི་མཆོག་ནི་ཅི་འདྲ་ཞེ་ན། ཆེན་པོ་གསུམ་གྱིས་བསྒྲུབ་པར་བྱ་བའོ། །གསུམ་པོ་གང་དག་ཅེ་ན། སེམས་དང་། སྤོང་བ་དང་། རྟོགས་པ་ཉིད་
གསུམ་མོ། །དེའི་ཕྱིར་དེ་ལ་དེ་རྣམས་དང་འབྲེལ་བའི་ཕྱིར་དེ་ཡང་ཆེན་པོའོ། །དེ་ལ་སེམས་དཔའ་པ་ཡིན་པ་དེ་ཡང་ཆེན་པོའོ། །དེས་ན་སེམས་དཔའ་ཆེན་པོ་ཞེས་བརྗོད་དོ། །སྒྲུབ་པའི་རྟེན་དང་དམིགས་པ་དང་ཆེད་དུ་བྱ་བ་བརྗོད་ནས་སྒྲུབ་པ་དག་བཤད་པར་བྱ་སྟེ། དེ་ལ་གནས་བརྟན་གང་པོས་
གོ་ཆ་དང་འཇུག་པའི་སྒྲུབ་པའི་སྐབས་བསྟན་ཏོ། །གོ་ཆ་ཆེན་པོ་བགོས་པའི་སེམས་ནི་སེམས་དཔའ་ཆེན་པོ་སྟེ། ཚིག་བར་མ་མི་མངོན་པར་བསྡུས་པའོ། །དེ་ནི་དང་པོའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ཤིང་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ་ནི་སེམས་དཔའ་ཆེན་པོ་སྟེ། དེ་ནི་
གཉིས་པའོ། །གོ་ཆ་ནི་ཐམས་ཅད་ཉེ་བར་བསྡོགས་པས་གོ་བགོས་པ་སྟེ། དཔུང་གི་ཚོགས་གོ་ཆ་བགོས་པ་བཞིན་ནོ། །རེ་རེ་ལ་ཡང་ཐམས་ཅད་ཉེ་བར་གནས་པ་ནི་གོ་ཆ་ཆེན་པོའོ། །འཕགས་པ་ཤཱ་རིའི་བུས་ཇི་ཙམ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྨྲས་སོ། །འཕགས་པ་གང་པོས་འདི་ལ་
ཞེས་བྱ་བ་ལ་སོགས་པ་ནས། དེ་ནས་འདི་ལྟར་ཞེས་བྱ་བ་ལ་སོགས་པའི་བར་གྱིས་གསུངས་སོ། །འདི་ཡང་སོ་སོར་སྦྱིན་པ་ལ་སོགས་པ་ལ་གནས་ཞེས་བྱ་བ་ནི་མི་གནས་པའི་ཚུལ་གྱིས་གནས་པ་སྟེ། བྱ་བ་དང་བྱེད་པ་པོ་སྒྱུ་མ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །འདི་དག་གིས་ནི་ཤེས་རབ་ཀྱི་ཕ་རོལ་

ཏུ་ཕྱིན་པ་ལ་ཉེ་བར་གནས་པ་གསུངས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་བྱ་བའི་དོན་ཏོ། །དེས་ནི་གསུམ་པོ་འདི་དག་གིས་ཉེ་བར་གནས་པ་སྟོན་པར་བྱེད་དོ། །འདི་
ལྟར་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པས་མི་བྱེད་ཅིང་། ཡོངས་སུ་སྤངས་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དེ་དག་ལ་བཟོད་པ་དང་། འདོད་པ་དང་། ཉེ་བར་སྤྱོད་པ་ནི་དད་པ་དང་། དགའ་བ་དང་། གུས་
པའི་མཚན་ཉིད་དེ། དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡང་དེ་དག་ལ་སེམས་བརྟན་ཞིང་ཉན་ཐོས་ལ་སོགས་པའི་ཡིད་ལ་བྱེད་པའི་སྐབས་མི་འབྱེད་དེ། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟར་ཡང་འདི་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་ཞིང་སེམས་
ཅན་ཐམས་ཅད་ཀྱང་དེ་དག་ལ་གཞག་པར་བྱའོ་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོའོ་ཞེས་དགོངས་པ་ཡིན་ནོ། །དེ་ལ་འདིས་ནི་ཉེ་བར་གནས་པ་གཉིས་སྟོན་ཏེ། འདི་ལྟར་སེམས་ཅན་ཐམས་ཅད་དང་ཐུན་མོང་ཉིད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་
སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་ལ་སྦྱིན་པ་ཆེན་པོ་ལ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་འདིས་སོ། །དེའི་འོག་ཏུ་ཁྱད་པར་གྱི་མཚན་ཉིད་ནི་དྲུག་ཚན་དྲུག་གིས་གསུངས་སོ། །དེའི་འོག་ཏུ་ཐབས་ལ་མཁས་པ་གཉིས་པོ་གང་ཡིན་པ་དེ་
ཡང་གོ་རིམས་བཞིན་དུ་ལྔ་པ་དང་དྲུག་པ་དག་ལ་དྲུག་ཏུ་སྦྱར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉེ་བར་གནས་པའོ། །ཐ་མས་ནི་གོ་ཆའི་སྒྲུབ་པའི་ཕན་ཡོན་སྟོན་ཏོ། །དེས་ན་བསྟན་བཅོས་མཛད་པས། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་
དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་བྱ་བ་ལ་གསུངས་པ། སྦྱིན་པ་ལ་སོགས་རྣམ་དྲུག་ལ། །ཞེས་བྱ་བ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་བར་རོ། །སོ་སོ་ཞེས་བྱ་བ་ནི་རེ་རེ་ལའོ། །དེ་དག་བསྡུས་པ་ནི་ཐམས་ཅད་ཉེ་བར་གནས་པའོ། །གང་གོ་ཆ་ཆེན་པོའི་སྒྲུབ་པའི་ངོ་བོ་ནི་གོ་ཆའི་སྒྲུབ་པ་སྟེ།

དྲུག་ཚན་དྲུག་གིས་མདོ་ལས་ཇི་ལྟར་གསུངས་པ་བཞིན་ནོ། །གོ་ཆའི་སྒྲུབ་པ་བཤད་ནས། འཇུག་པའི་སྒྲུབ་པ་བཤད་པར་བྱ་སྟེ། དེའི་དབང་དུ་བྱས་ནས་བསྟན་བཅོས་མཛད་པས། བསམ་གཏན་གཟུགས་མེད་སྦྱིན་སོགས་དང་། །ལམ་དང་བྱམས་ལ་སོགས་པ་དང་། །དམིགས་པ་མེད་
དང་ལྡན་པ་དང་། །འཁོར་གསུམ་རྣམ་པར་དག་པ་དང་། །ཆེད་དུ་བྱ་དང་མངོན་ཤེས་དྲུག །རྣམ་ཀུན་མཁྱེན་པའི་ཚུལ་ལ་ནི། །འཇུག་པའི་སྒྲུབ་པ་ཐེག་ཆེན་ལ། །འཛེག་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་ཏེ། འགྲོ་བའི་རྩོམ་པ་ནི་འཇུག་པའི་སྒྲུབ་པའོ། །དེ་ཉིད་ཐེག་པ་ཆེན་པོའི་
ལམ་གྱི་རང་བཞིན་ལ་འཛེག་པར་བྱེད་པའོ། །དེ་ཡང་བསམ་གཏན་དང་གཟུགས་མེད་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཏེ། དེས་ན་རྣམ་པ་དགུའོ། །མདོ་ལས། ཤཱ་རིའི་བུས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་ཤཱ་རིའི་བུས་དྲིས་པའོ། །གང་པོས་སྨྲས་པ་ཞེས་བྱ་བ་ལ་སོགས་པ་ནི་
ལན་ནོ། །འདོད་པ་དག་ལས་དབེན་པ་ཞེས་བྱ་བ་ཉོན་མོངས་པའི་འདོད་པ་དག་དང་བྲལ་བའི་ཕྱིར་དང་། དངོས་པོའི་འདོད་པ་དག་ལ་མི་དམིགས་པའི་ཕྱིར་རོ། །སྡིག་པ་མི་དགེ་བའི་ཆོས་ཀྱིས་དབེན་པ་ཞེས་བྱ་བ་ལ། འདོད་པའི་ཉོན་མོངས་པ་དག་ནི་འདོད་པའི་རྒྱུ་སྟེ། ལུས་དང་ངག་དང་ཡིད་ཀྱིས་
ཉེས་པར་སྤྱོད་པ་དག་གིས་སོ། །རྟོག་པ་དང་དཔྱོད་པ་དང་བཅས་པ་ཞེས་བྱ་བ་ནི་འདོད་པ་དག་གི་གཉེན་པོ་རྟོག་པ་དང་དཔྱོད་པ་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །དབེན་པ་ལས་སྐྱེས་པ་ནི་འདོད་པ་དག་ལས་དབེན་པར་སྐྱེས་པའོ། །དགའ་བ་དང་བདེ་བ་ཞེས་བྱ་བ་ནི་འདོད་པའི་དོན་སྒྲུབ་པ་དང་། ལུས་
དང་སེམས་ཤིན་ཏུ་སྦྱངས་པའི་དགའ་བ་དང་བདེ་བ་དང་བཅས་པའོ། །བསམ་གཏན་དང་པོ་ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའོ། །གནས་སོ་ཞེས་བྱ་བ་ནི་རང་གི་རྗེས་སུ་མྱོང་བའོ། །དེ་བཞིན་དུ་གཉིས་པ་ཞེས་བྱ་བ་ནི་དེ་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ཉེ་བར་ཞི་བས་ནང་
ཡོངས་ས་དང་བ་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་བསམ་གཏན་གཉིས་པ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་དོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ལ་སེམས་འཁྲུག་པར་བྱེད་པ་ཉིད་ཀྱི་སྐྱོན་མཐོང་ནས་དེ་དག་ལས་

བཟློག་སྟེ་སེམས་ཡང་དག་པར་འཛིན་ཏོ། །རྣམ་པར་རྟོག་པ་དང་དཔྱོད་པ་ཉེ་བར་ཞི་བས་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སོ། །སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་རྒྱུན་མི་འཆད་པར་འཇུག་པ་མེད་པའོ། །རྟོག་པ་
མེད་ཅིང་དཔྱོད་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྤངས་པའི་ཕྱིར་རོ། །གསུམ་པ་ཞེས་བྱ་བ་ནི་དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་
ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནི་དེ་ནི་རིགས་པ་ཡིན་པའི་ཕྱིར་རོ། །བཏང་སྙོམས་པའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པའི་དགའ་བ་ལ་བཏང་སྙོམས་པའི་ཕྱིར་རོ། །དྲན་པ་དང་ལྡན་ཤེས་བཞིན་དུ། །ཞེས་
བྱ་བ་ནི་ཤེས་རབ་ལན་མང་དུ་བྱས་པས་དགའ་བའི་སྐབས་མི་འབྱེད་པའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་ཚོར་བའི་བདེ་བ་དང་ཤིན་ཏུ་སྦྱངས་པའི་བདེ་བའོ། །ལུས་ཀྱི་ཞེས་བྱ་བ་ནི་གཟུགས་ཀྱི་ལུས་དང་སེམས་ཀྱི་ལུས་ཀྱིས་སོ། །འཕགས་པ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་སོ། །བདེ་བ་
ལ་གནས་སོ་ཞེས་བྱ་བའི་བར་གྱིས་འདི་ཉིད་བསམ་གཏན་པ་འདིའོ་ཞེས་བྱ་བ་ནི་ལྷག་མའོ། །བཞི་པ་ཞེས་བྱ་བ་ནི་དེ་བདེ་བ་ཡང་སྤངས། སྡུག་བསྔལ་ཡང་སྔ་ནས་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ནུབ་པས་སྡུག་བསྔལ་ཡང་མེད་པ་བདེ་བ་ཡང་མེད་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་
དག་པའི་བསམ་གཏན་བཞི་པ་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། དེ་ལ་བདེ་བ་སྤངས་པ་ནི་བསམ་གཏན་བཞི་པའོ། །སྡུག་བསྔལ་གྱི་ནི་གཉིས་པའོ། །དེ་ཉིད་ཀྱི་ཕྱིར་སྔ་ནས་ཞེས་བྱ་བ་སྨོས་སོ། །ཡིད་བདེ་བ་ནི་གསུམ་པ་ལའོ། །ཡིད་མི་བདེ་བ་ནི་གཉིས་པ་ལའོ། །སྔ་ཉིད་ནས་
ཞེས་བྱ་བར་རྗེས་སུ་འབྲང་ངོ་། །བཏང་སྙོམས་ཉིད་ནི་འདིར་ཚོར་བ་སྟེ། སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པའོ། །དེས་ནི་བདེ་བ་ཡང་མེད་སྡུག་བསྔལ་མེད་ཅེས་བྱ་བ་གསུངས་སོ། །བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པས་ཞེས་བྱ་བ་དེ་དག་ནི་འདིར་ཤིན་ཏུ་རྣམ་པར་དག་པ་ཐོབ་པའི་ཕྱིར་

རོ། །དེ་བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དག་ནི་གཉེན་པོའི་ཡན་ལག་གོ། །དགའ་བ་དང་བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ཉིད་ནི་དེ་གཉི་གའི་གནས་ཀྱི་ཡན་ལག་གོ། །བསམ་གཏན་གཉིས་པ་ལ་ཡན་ལག་
བཞི་སྟེ། ནང་ཡོངས་སུ་དང་བ་ནི་གཉེན་པོའི་ཡན་ལག་གོ། །ཡན་ལག་ལྷག་མ་ནི་སྔ་མ་བཞིན་ནོ། །གསུམ་པ་ལ་ནི་ཡན་ལག་ལྔ་སྟེ། བཏང་སྙོམས་དང་དྲན་པ་དང་ཤེས་བཞིན་ནི་གཉེན་པོའི་ཡན་ལག་གོ། །བདེ་བ་ནི་ཕན་ཡོན་གྱི་ཡན་ལག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །བཞི་
པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི་གཉེན་པོའི་ཡན་ལག་གོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ནི་ཕན་ཡོན་གྱི་ཡན་ལག་གོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཟུགས་མེད་པའི་དབང་དུ་བྱས་ནས་དེ་བཞིན་དུ་ནམ་
མཁའ་མཐའ་ཡས་སྐྱེ་མཆེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་
མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། གཟུགས་ཀྱི་འདུ་ཤེས་ནི་སྔོན་པོ་དང་། སེར་པོ་ལ་སོགས་པའི་འདུ་ཤེས་སོ། །དེ་དག་ལ་མ་ཆགས་པ་ནི་དེ་དག་ཐམས་ཅད་ལས་ཡང་དག་པར་འདས་པ་སྟེ། ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བསྒོམས་པས་སྣང་བ་མེད་པའི་
ཕྱིར་རོ། །ཐོགས་པའི་འདུ་ཤེས་ཞེས་བྱ་བ་ནི་རྩིག་པ་དང་། ར་བ་ལ་སོགས་པའི་སྒྲིབ་པའི་འདུ་ཤེས་སོ། །སྣ་ཚོགས་ཀྱི་འདུ་ཤེས་ཞེས་བྱ་བ་ནི་ཁང་བཟངས་དང་། སྐྱེད་མོས་ཚལ་དང་། རི་དང་། ཆུ་བོ་དང་། ཟླ་བ་དང་། ཉི་མ་ལ་སོགས་པའི་འདུ་ཤེས་སོ། །ནམ་མཁའ་མཐའ་ཡས་ཞེས་
བྱ་བ་ནི་འདི་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་དམིགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ། །ཇི་ལྟར་

འདི་ལས་ཡང་དག་པར་འདས་ཤེ་ན། དེ་རྣམ་པར་ཤེས་པ་གང་གིས་ནམ་མཁའ་མཐའ་ཡས་པར་མོས་པ་དེ་དེ་ཉིད་མཐའ་ཡས་པ་ལས་གྲོལ་བ་སྟེ། རྣམ་པ་ཐམས་ཅད་དུ་ནམ་མཁའི་འདུ་ཤེས་བཟློག་པའི་ཕྱིར་རོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་
ལས་ཡང་དག་པར་འདས་ཏེ། ཅུང་ཟད་མེད་པའི་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། རྣམ་ཤེས་མཐའ་ཡས་ལས་གྱེན་དུ་བསྐྱོད་པའི་དམིགས་པ་ཅུང་ཟད་ཀྱང་མི་མཐོང་བ་དེ་ནི་ཅུང་ཟད་མེད་པ་ཉིད་དུ་དམིགས་པ་བྱས་ཏེ་སྙོམས་པར་ཞུགས་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་
ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་བསྒྲུབས་ཏེ་གནས་སོ་ཞེས་བྱ་བ་ལ། ཅུང་ཟད་མེད་པའི་འདུ་ཤེས་ལས་ཀྱང་ཆགས་པ་དང་བྲལ་ནས་དེ་ལས་ཀྱང་ཟློག་པར་བྱེད་དེ། ཅུང་ཟད་མེད་པའི་འདུ་ཤེས་ཀྱང་སྔ་མ་ཉིད་ནས་བཟློག་
པས་འདུ་ཤེས་མེད་པའོ། །འདུ་ཤེས་ཕྲ་བར་འཇུག་པ་ཉིད་དེ། དེས་ན་འདུ་ཤེས་མེད་མིན་ནོ། །གང་ལ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཉེ་བར་འཛིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །བསམ་གཏན་དང་གཟུགས་མེད་པ་བརྒྱད་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཉིན་རེ་ཞིང་སྙོམས་པར་ཞུགས་
པ་དེའི་སྔོན་དང་ཕྱིས་ནི་ནམ་མཁའི་རྣམ་པ་དང་། རྟགས་དང་། མཚན་མ་ཡིད་ལ་བྱེད་པའི་ཕྱིར་རོ། །དེ་ལ་ཆོས་འདི་དག་ཐམས་ཅད་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ནམ་མཁའི་རྣམ་པ་སྟེ། ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཁས་མི་ལེན་པའི་ཕྱིར་རོ། །གཟུགས་ཅན་མ་ཡིན་
པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་མེད་པ་ཞེས་བྱ་བ་ནམ་མཁའི་རྟགས་ཏེ། དེ་དང་ཆོས་མཐུན་པའི་ཕྱིར་རོ། །མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་ནམ་མཁའི་མཚན་མ་སྟེ། ནམ་མཁའ་ལྟ་བུར་སྟོང་པ་ཉིད་ཀྱི་མཚན་མར་སྣང་བའི་ཕྱིར་རོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པ་ལ་སྤྱོད་པ་དེའི་ཚེ། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཉན་ཐོས་ལ་སོགས་པའི་

ཡིད་ལ་བྱེད་པ་གཏན་དུ་སྤངས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་དུ་ལྷག་མ་ནི་གོ་ཆ་དྲུག་གི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་ནི་དེ་ལྟ་བུའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །ལམ་
ལ་འཇུག་པ་ཡང་མདོ་ཇི་ལྟ་བ་བཞིན་ཏེ། ལམ་གྱི་རབ་ཏུ་དབྱེ་བ་ཡང་ལམ་གྱི་ཚོགས་ནས་རྣམ་པར་འགྲེལ་བར་འགྱུར་རོ། །ཚད་མེད་པའི་རབ་ཏུ་འཇུག་པ་བཤད་པར་བྱ་སྟེ། སེམས་ཅན་དཔག་ཏུ་མེད་པས་དམིགས་པའི་ཕྱིར་ཚད་མེད་པའོ། །དེ་ནི་བཞི་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་
བ་དང་། བཏང་སྙོམས་སོ། །དེ་ལ་བདེ་བ་ཡང་དག་པར་ལྡན་པའི་བསམ་པ་ནི་བྱམས་པའོ། །སྡུག་བསྔལ་དང་བྲལ་བའི་བསམ་པ་ནི་སྙིང་རྗེའོ། །བདེ་བ་དང་མི་འབྲལ་བའི་བསམ་པ་ནི་དགའ་བའོ། །ཀུན་ནས་ཉོན་མོངས་པ་དང་མི་ལྡན་པའི་བསམ་པ་ནི་བཏང་སྙོམས་སོ། །ཀྱེ་མ་མ་ལ་སེམས་
ཅན་ཐམས་ཅད་བདེ་བ་དང་ལྡན་པར་སྨོན་པ་དང་། སྡུག་བསྔལ་དང་བྲལ་བར་སྨོན་པ་དང་། བདེ་བ་དང་མི་འབྲལ་བར་སྨོན་པ་དང་། ཉོན་མོངས་པ་ལས་གྲོལ་བར་སྨོན་པ་དང་། བཞི་པོ་ཡང་མོས་པས་སྤྱོད་པའི་ས་ལ་ནི་སེམས་ཅན་ལ་དམིགས་པའོ། །རབ་ཏུ་དགའ་བ་ལ་སོགས་པ་བདུན་ལ་ནི་ཆོས་
ལ་དམིགས་པའོ། །དེ་ལས་གོང་མར་གྱུར་པ་རྣམས་ལ་ནི་དམིགས་པ་མེད་པའོ། །བྱམས་པ་དང་ལྡན་པའི་སེམས་ཀྱིས་ཞེས་བྱ་བ་ལ། འདི་ཙམ་གྱིས་ནི་ཡོན་ཏན་དང་ལྡན་པར་བསྟན་ཏོ། །ལྷག་མས་ནི་ཡོན་ཏན་བསྟན་ཏོ། །ཡངས་པ་ཞེས་བྱ་བས་ནི་བསམ་པ་ཆེན་པོ་བསྟན་ཏོ། །ཆེན་པོས་ཞེས་
བྱ་བས་ནི་འཕེལ་བའོ། །ཚད་མེད་པས་ཞེས་བྱ་བས་ནི་དམིགས་པ་ལས་སོ། །མི་གཉིས་པ་ཞེས་བྱ་བས་ནི་བདག་ཉིད་གཅིག་པ་ཉིད་ཀྱིས་རྣམ་པར་མི་རྟོག་པའི་ཕྱིར་རོ། །འགྲན་ཟླ་མེད་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་སྤངས་པའི་ཕྱིར་རོ། །དེ་ལ་བྱམས་པ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ནི་གོ་
རིམས་བཞིན་དུ་གནོད་སེམས་དང་། རྣམ་པར་འཚེ་བ་དང་། མི་དགའ་བ་དང་། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དག་གོ། །ལྷོད་པ་མེད་པ་ཞེས་བྱ་བ་ནི་གཉིད་དང་། རྨུགས་པ་ཉེ་བར་ཞི་བའི་ཕྱིར་རོ། །སྒྲིབ་པ་མེད་པ་ཞེས་བྱ་བ་ནི་རྒོད་པ་དང་འགྱོད་པ་ཉེ་བར་ཞི་བའི་ཕྱིར་རོ། །གནོད་པ་མེད་པ་

ཞེས་བྱ་བ་ནི་གསུམ་པོ་དེ་དག་ཉིད་ཀྱིས་སེམས་དྲི་མ་དང་བྲལ་བའི་ཕྱིར་རོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ཞེས་བྱ་བ་ནི་བཤེས་དང་དགྲ་དང་ཐ་མལ་པ་གསུམ་པོ་དག་ལ་ཡང་དག་པར་རབ་ཏུ་འཇུག་པའི་ཕྱིར་རོ། །ཤིན་ཏུ་བསྒོམས་པ་ཞེས་བྱ་བ་ནི་ཇི་སྐད་བརྗོད་པའི་རྣམ་པས་
གསུམ་པོ་དག་ལ་མཉམ་པ་ཉིད་དུ་གྱུར་པའི་ཕྱིར་རོ། །རྒྱས་པར་ཡང་ཞེས་བྱ་བ་ནི་ཁྱབ་པའོ། །འཇིག་རྟེན་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་དབྱེ་བས་ཐམས་ཅད་དང་ལྡན་པའོ། །ཕྱོགས་གཅིག་
ཅེས་བྱ་བ་ནི་ཕྱོགས་གཅིག་ཏུ་གྱུར་པའོ། །གང་དུ་ཞེ་ན། འཇིག་རྟེན་དུ་ཞེས་གསུངས་ཏེ་སྣོད་ཀྱི་འཇིག་རྟེན་དུའོ། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་བཞིན་དུ་མཐའ་ཡས་པའོ། །ནམ་མཁའི་ཁམས་བཞིན་དུ་འདི་ལ་མཐའ་གཏུགས་པ་ཡོད་པས་ན་དེ་སྐད་ཅེས་བྱའོ། །
ཉེ་བར་བསྒྲུབས་ཏེ་ཞེས་བྱ་བ་ནི་སེམས་ཡང་དག་པར་བྱས་པས་སོ། །གནས་སོ་ཞེས་བྱ་བས་ནི་འཕགས་པའི་གནས་པས་སོ། །ཕྱོགས་བཅུར་ཞེས་བྱ་བ་ནི་ཕྱོགས་བཅུར་གྱུར་པའོ། །དེ་ལྟར་ཞེས་བྱ་བ་ནི་རྟོགས་པར་སླའོ། །སེམས་ཡངས་པ་ཞེས་བྱ་བ་ནི་སྙིང་རྗེ་དང་དགའ་བ་དག་ལ་ཡང་བརྗོད་
པར་བྱའོ། །ཚད་མེད་པ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གོ་ཆ་བཞིན་དུ་མདོའི་རྗེས་སུ་འབྲང་སྟེ། དེ་ནི་ཚད་མེད་པའི་འཇུག་པའོ། །དེའི་འོག་ཏུ་ཚིག་དྲུག་གིས་ནི་ཐེག་པ་ཆེན་པོ་ལ་མི་དམིགས་པ་དང་ལྡན་པའི་འཇུག་པའོ། །འཁོར་གསུམ་ཡོངས་སུ་དག་པའི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །
བསྒོམ་པ་དང་རྣམ་པར་བསྒོམ་པའི་དོན་དུ་ཞེས་བྱ་བ་ལ། བསྒོམ་པ་ཞེས་བྱ་བ་ནི་བསྒོམ་པར་བྱ་བ་དང་། སྒོམ་པ་པོའི་གཟུགས་ལ་སོགས་པ་ཅུང་ཟད་ཀྱང་མེད་པའོ། །དེ་བས་ན་ཆོས་འདི་དག་ཐམས་ཅད་ནི་མིང་ཙམ་སྟེ། དེ་ནི་བསྒོམ་པའོ། །དེའི་རྣམ་པར་བསྒོམ་པ་ནི་དམིགས་པ་མེད་པའོ། །
དེའི་དོན་ནི་བསྒོམ་པའི་དེའི་དོན་དུ་སྟེ། ཆེད་དུ་བྱ་བའི་འཇུག་པའོ། །མངོན་པར་ཤེས་པ་དྲུག་གི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འཇུག་པ་ནི་མདོ་ཇི་ལྟ་བ་བཞིན་ནོ། །འཇུག་པའི་སྒྲུབ་པ་བཤད་ནས་ཚོགས་ཀྱི་བསྒྲུབ་པ་བཤད་པར་བྱ་སྟེ། དེ་ཡང་བསྟན་

བཅོས་མཛད་པས། བརྩེ་དང་སྦྱིན་ལ་སོགས་པ་དྲུག །ཞི་གནས་ལྷག་མཐོང་བཅས་པ་དང་། །ཟུང་དུ་འབྲེལ་བའི་ལམ་གང་དང་། །ཐབས་ལ་མཁས་པ་གང་ཡིན་དང་། །ཡེ་ཤེས་དང་ནི་བསོད་ནམས་དང་། །ལམ་དང་གཟུངས་དང་ས་བཅུ་དང་། །གཉེན་པོའི་ཚོགས་ཀྱི་བསྒྲུབ་པ་ཡི། །
རིག་པ་ཡིན་པར་ཤེས་པར་བྱ། །ཞེས་བྱ་བ་གསུངས་ཏེ། ཚོགས་ནི་བཅུ་བདུན་ཏེ། སྙིང་རྗེའི་ཚོགས་དང་། སྦྱིན་པའི་ཚོགས་དང་། ཚུལ་ཁྲིམས་ཀྱི་ཚོགས་དང་། བཟོད་པའི་ཚོགས་དང་། བརྩོན་འགྲུས་ཀྱི་ཚོགས་དང་། བསམ་གཏན་གྱི་ཚོགས་དང་། ཤེས་རབ་ཀྱི་
ཚོགས་དང་། ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་དང་། ཐབས་ལ་མཁས་པའི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་དང་། བསོད་ནམས་ཀྱི་ཚོགས་དང་། ལམ་གྱི་ཚོགས་དང་། གཟུངས་ཀྱི་ཚོགས་དང་། སའི་ཚོགས་དང་།
གཉེན་པོའི་ཚོགས་སོ། །དེ་ལ་སྙིང་རྗེའི་ཚོགས་ནི་སེམས་ཅན་ཤིན་ཏུ་མང་པོ་རྣམས་ངན་སོང་དག་ལས་རྣམ་པར་བཀྲོལ་ཏེ། ལྷ་དང་མིའི་དངོས་པོ་ལ་སོགས་པ་ཐོབ་པར་བྱེད་པ་ལས་སྙིང་རྗེའི་ཚོགས་ཏེ། མདོ་ཇི་ལྟ་བ་བཞིན་ནོ། །སྦྱིན་པ་ལ་སོགས་པ་དྲུག་གི་ཚོགས་ནི་མདོ་ཇི་ལྟ་བ་བཞིན་ནོ། །
བདག་གམ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལ་རབ་ཏུ་འགོད་པ་ནི་ཞི་གནས་ཏེ། དེ་ནི་ཞི་གནས་ཀྱི་ཚོགས་སོ། །སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་ལམ་དེའི་འབྲས་བུ་ལ་རབ་ཏུ་འགོད་པ་འདི་ནི་ཞི་གནས་ཀྱི་ཚོགས་གཞན་ནོ། །སེམས་ཅན་གཞལ་དུ་མེད་
པ་རྣམས་ཕ་རོལ་ཏུ་ཕྱིན་པ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་བཀོད་ཀྱང་འགའ་ཡང་བཀོད་པ་མེད་དེ། སྤྲུལ་པ་ལྟ་བུ་ཉིད་ཀྱི་ཕྱིར་དང་། ཐམས་ཅད་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་དང་། ཆོས་ཐམས་ཅད་མ་བྱས་རྣམ་པར་མ་བྱས་པ་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །རྣམ་
པར་མ་བྱས་པ་ནི་འཕེལ་བ་དང་ཉམས་པ་དག་གོ། །མངོན་པར་འདུས་བྱས་པ་ནི་ཡོན་ཏན་གྱི་ཁྱད་པར་རྣམས་ཀྱིས་སོ། །དེ་ནི་ལྷག་མཐོང་གི་ཚོགས་སོ། །ཞི་གནས་དང་ལྷག་མཐོང་ནི་ཟུང་ངོ་། །དེ་དང་འབྲེལ་བའི་ཕྱིར་ཟུང་དུ་འབྲེལ་བའི་ལམ་མོ། །འབྲེལ་ཞིང་བཅིངས་པ་ནི་ཡང་དག་པར་

ལྡན་པའོ། །གྲོལ་བ་ནི་མི་ལྡན་པའོ། །མེད་པ་དང་དབེན་པ་དང་ཞི་བ་ཉིད་ཀྱི་ཕྱིར་དེ་གཉི་ག་མི་དམིགས་ཏེ། དེའི་ཕྱིར་ཆོས་ཐམས་ཅད་མ་བཅིངས་མ་གྲོལ་བའོ། །དེའི་ཟུང་དུ་འབྲེལ་བའི་ལམ་གྱི་ཚོགས་སོ། །ཐེག་པ་ཆེན་པོ་ནི་གང་ལགས། ཅི་ཙམ་གྱིས་ན་ཡང་དག་པར་
ཞུགས་པར་རིག་པར་བགྱི་བ་ལགས། དེ་ནི་གང་ནས་འབྱུང་བ་ལགས། དེ་ནི་གང་དུ་གནས་པར་འགྱུར་བ་ལགས། དེས་ནི་སུ་ཞིག་འབྱུང་བར་འགྱུར་ཞེས་བྱ་བ་ལྔ་ནི་རབ་འབྱོར་གྱིས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཐེག་པ་ཆེན་པོའོ། །དེ་ཡང་མདོ་ཇི་ལྟ་བ་
བཞིན་ཏེ། དེ་ནི་ཐབས་ལ་མཁས་པའི་ཚོགས་སོ། །མདོ་འདི་ལས་གསུངས་པའི་སྟོང་པ་ཉིད་ཉི་ཤུ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་ཉེ་བར་དགོད་པ་དང་བཤད་པ་ནི་མདོ་ཉིད་ལས་སོ། །དེ་ལ་མི་གསལ་བ་བཤད་པར་བྱ་སྟེ། ཡོངས་སུ་བརྟགས་པའི་ངོ་བོས་ཐམས་ཅད་མེད་དེ། མེད་པ་དེའི་
ཕྱིར་གནས་པ་མེད་ཅིང་འཇིག་པ་མེད་དེ། རྟག་པ་དང་མི་རྟག་པ་མེད་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེས་སྟོང་པའོ། །ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་ལ་ནི་ནང་ནི་ཕྱིས་སྟོང་སྟེ་ཡུལ་མེད་པའི་ཕྱིར་རོ། །ཕྱི་ནི་ནང་གིས་སྟོང་སྟེ་དེ་དག་གི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་
བ་ནི་ཆོས་ཐམས་ཅད་ཀྱི་སོ་སོའམ་བསྡུས་པ་སྟོང་པ་ཉིད་དེ། དེ་ཉིད་ཀྱིས་སྟོང་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་དོ། །ཆེན་པོ་སྟོང་པ་ཉིད་ནི་ཕྱོགས་རྣམས་ཀྱི་སྟོང་པ་ཉིད་དོ། །ཕྱོགས་བཅུར་ཁྱབ་པའི་ཕྱིར་རོ། །སྐྱེ་བ་དང་འཇིག་པ་དང་། གནས་པ་དང་། གཞན་དུ་འགྱུར་བ་ཞེས་བྱ་བ་ནི་
འདུས་བྱས་ཀྱི་མཚན་ཉིད་དེ། རབ་ཏུ་སྐྱེས་པ་དང་། རྒྱུན་ཆད་པའི་མཚན་ཉིད་དང་། སྐད་ཅིག་ཅིང་འཇུག་པ་དང་། རྒྱུན་འཇུག་པ་དང་། སྔ་མ་དང་། ཕྱི་མ་རྒྱུན་མི་འདྲ་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་བཟློག་པ་ནི་འདུས་མ་བྱས་པའི་མཚན་ཉིད་དོ། །དེ་གཉིས་སྟོང་པ་ཉིད་ནི་གོ་རིམས་
བཞིན་དུ་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དོ། །མཐའ་མེད་པས་ན་མཐའ་ལས་འདས་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །དེའི་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དེ། ཐོག་མ་དང་ཐ་མ་དག་གི་མཐའ་མེད་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པ་སྟེ་

འཁོར་བའོ། །དེ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །དོར་བ་མེད་པ་ནི་གཏང་བར་བྱ་བ་མ་ཡིན་པ་སྟེ་ཐེག་པ་ཆེན་པོའོ། །དེའི་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་དོ། །དེ་བཞིན་གཤེགས་པ་ལ་སོགས་པས་མ་བྱས་པའི་ཕྱིར་རང་བཞིན་ཏེ། ཆོས་རྣམས་ཀྱི་
རང་བཞིན་གྱི་ཆོས་ཉིད་དེ་དེའི་སྟོང་པ་ཉིད་དོ། །དུས་གསུམ་ཕན་ཚུན་མི་དམིགས་པའི་ཕྱིར་མི་དམིགས་པ་སྟེ་དེའི་སྟོང་པ་ཉིད་དོ། །འདུས་བྱས་པ་ལས་བྱུང་བའི་ངོ་བོ་དེ་ནི་དངོས་པོ་མེད་པ་ཡང་མ་ཡིན་ལ་ངོ་བོ་ཉིད་ཀྱང་ཡིན་པས་ན་དངོས་པོ་མེད་པའི་ངོ་བོའོ། །སྦྱོར་བ་ལས་བྱུང་བའི་ངོ་བོ་ཉིད་དེ་
ཇི་ལྟར་མེད་ཅེ་ན། ཉེ་བར་ལེན་པ་ཡོད་ཀྱང་གཞན་མེད་ན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འདུས་པ་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རོ་ཞེས་གསུངས་སོ། །དེ་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །སྐྱེ་བས་ན་དངོས་
པོའོ། །དེ་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ནི་དངོས་པོ་སྟོང་པ་ཉིད་དོ། །སྐྱེ་བ་མེད་པས་ན་དངོས་པོ་མེད་པ་སྟེ། དེ་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ཆོས་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་ངོ་བོ་ནི་རང་གི་ངོ་བོ་སྟེ། ཡེ་ཤེས་དང་མཐོང་བ་དག་གིས་མ་བྱས་པའི་ཕྱིར་
རོ། །དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དོ། །འདི་ནི་དམ་པ་ཡང་ཡིན་པའི་ཕྱིར་གཞན་ཡང་ཡིན་ལ་གཞན་གྱིས་མ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ངོ་བོ་ཡང་ཡིན་པས་དེ་ནི་གཞན་གྱི་ངོ་བོ་སྟེ། དེ་བཞིན་ཉིད་དོ། །དེ་ནི་དེའི་བདག་ཉིད་ཀྱིས་སྟོང་པ་ཉིད་དེ། དེ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་
ན་དཔའ་བར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ནས། ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་བར་གྱིས་ཏིང་ངེ་འཛིན་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པ་ཟག་པ་མེད་པ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་རང་བཞིན་
ནོ། །སྔོན་གྱི་ཡིད་ལ་བྱེད་པའི་སྟོབས་ཀྱིས་སོ་སོ་སོ་སོར་བྱ་བ་བྱེད་པ་ན་མིང་སྣ་ཚོགས་སུ་བརྗོད་དོ། །དེ་ཉིད་དང་ལྡན་པ་ནི་བསོད་ནམས་ཀྱི་ཚོགས་སོ། །ལམ་གྱི་ཚོགས་བཤད་པར་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་ནི་ལམ་མོ། །དེ་ལ་གང་གིས་ཡང་དག་པར་ཤེས་པ་ནི་དྲན་པ་ཉེ་བར་གཞག་

པ་སྟེ། དྲན་པ་ཉེ་བར་གཞག་པ་དེ་དག་ནི་དམིགས་པའི་བྱེ་བྲག་གིས་བཞི་སྟེ། ལུས་དྲན་པ་ཉེ་བར་གཞག་པ་དང་། ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག་པ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ། །དེ་ལ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་
ཞིང་གནས་ནས་མི་དམིགས་པའི་ཚུལ་གྱིས་ལུས་དང་ལྡན་པའི་རྟོག་པས་རྣམ་པར་མི་རྟོག་གོ། །ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་ཡང་དེ་བཞིན་ནོ། །ནང་དང་ཕྱི་དང་། ཕྱི་ནང་གི་ཚོར་བ་དང་། སེམས་དང་། ཆོས་དག་ལ་ཚོར་བའི་རྗེས་
སུ་ལྟ་བ་ནས། ཆོས་ཀྱི་རྗེས་སུ་ལྟ་བའི་བར་གྱིས་གནས་ནས་མི་དམིགས་པའི་ཚུལ་གྱིས་ཆོས་ཀྱི་རྗེས་སུ་ལྟ་ཞིང་རྟུལ་བ་དང་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་གྱི་ཆགས་སེམས་དང་། ཡིད་མི་བདེ་བ་བསལ་ཞིང་རྣམ་པར་དཔྱོད་ཀྱང་ཆོས་དང་ལྡན་པའི་རྣམ་པར་རྟོག་པས་རྣམ་པར་མི་རྟོག་གོ། །
དེ་ལ་ནང་གི་ལུས་ནི་རང་གི་མིག་ལ་སོགས་པ་དྲུག་གོ། །ཕྱིའི་ལུས་ནི་རང་གི་ལུས་ལས་ཕྱི་རོལ་གྱི་འདུས་བྱས་སོ། །ཕྱི་ནང་གི་ལུས་ནི་རང་གི་ལུས་སུ་གྱུར་པའི་ལྷག་མ་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །ཚོར་བ་ལ་སོགས་པའི་རྣམ་པ་གསུམ་ཡང་ངོ་། །ལུས་རྣམ་པ་གསུམ་ལ་དམིགས་པའི་བྱ་བས་
སོ། །ཚོར་བ་ནི་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ། །ཆོས་ནི་སེམས་ལས་བྱུང་བ་དགེ་བ་དང་མི་དགེ་བའོ། །ལུས་ལ་སོགས་པ་ལ་རྗེས་སུ་ལྟ་བ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་ཆོས་ཉིད་ལ་རྗེས་སུ་ལྟ་བའོ། །ལུས་ལ་སོགས་པ་དང་ལྡན་པ་ཞེས་
བྱ་བ་ནི་ལུས་ལ་སོགས་པའི་འདུ་ཤེས་དང་ལྡན་པའོ། །རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །ལུས་འདི་གཅིག་དང་བདག་གི་ལུས་དང་། རྟག་པ་དང་། མི་རྟག་པ་དང་། བདེ་བ་དང་། སྡུག་བསྔལ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་མི་དམིགས་པའི་ཚུལ་གྱིས་དེ་རྗེས་སུ་མི་མཐོང་ཞིང་རྣམ་པར་མི་
རྟོག་གོ། །གུས་པར་བྱེད་པ་དང་རྟག་ཏུ་བྱེད་པ་དང་ལྡན་པའི་རྟུལ་བ་དང་ལྡན་པའོ། །རྗེས་སུ་ལྟ་བ་དང་། ཤེས་བཞིན་དང་ལྡན་པ་ནི་ཤེས་བཞིན་ཅན་ནོ། །མི་བརྗེད་པའི་བདག་ཉིད་ཀྱིས་ཀུན་ཏུ་སྲུང་བར་བྱེད་པ་དང་། རྣམ་པར་མི་གཡེང་བའི་དྲན་པ་དང་འབྲེལ་པས་དྲན་པ་དང་ལྡན་པའོ། །

བརྩོན་འགྲུས་དང་། ཤེས་རབ་དང་། དྲན་པ་དང་། འདི་དག་ཉིད་ཀྱི་ཕན་ཡོན་ནི་འཇིག་རྟེན་གྱི་ཆགས་སེམས་དང་ཡིད་མི་བདེ་བ་རྣམ་པར་བསལ་ཞེས་གསུངས་སོ། །བསལ་བ་ཞེས་བྱ་བ་ནི་སྤངས་པའོ། །འཇིག་རྟེན་ཞེས་བྱ་བ་འཇིག་རྟེན་གྱི་ཆོས་ལ་རྙེད་པ་དང་། གྲགས་པ་དང་། བདེ་བ་དང་།
བསྟོད་པ་དག་ལ་ནི་བརྣབ་སེམས་དང་། ཆགས་པའོ། །མ་རྙེད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་དང་། སྨོད་པ་ལ་ནི་ཡིད་མི་བདེ་བའོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚུལ་ལ་དྲན་པ་ཉེ་བར་གཞག་པ་བསྟན་ནས་ཉན་ཐོས་ཀྱི་ཚུལ་ལ་ལུས་དྲན་པ་ཉེ་བར་གཞག་པ་ཉིད་རྣམ་
པ་བཅུ་བཞི་གསུངས་ཏེ། དེ་ལ་ཤེས་བཞིན་གྱི་སྒོ་ནས་ནི་གསུམ་སྟེ། དབུགས་རིང་དུ་འགྲོ་བ་དང་འོང་བ་ལ་སོགས་པ་དེ་དག་ལ་ནི་གཅིག་གོ། །ཐུང་ངུ་འོང་བ་ལ་སོགས་པ་དག་ལ་གཉིས་པའོ། །དབྱུང་བ་དང་རྔུབ་པ་དྲན་པ་ལ་ནི་གསུམ་པའོ། །ཁམས་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་ནི་བཞི་
པའོ། །མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གི་སྒོ་ནས་ནི་ལྔ་པའོ། །མི་སྡུག་པའི་སྒོ་ནས་ནི་དགུའོ། །དེ་ལ་མངོན་དུ་འོང་བ་ཞེས་བྱ་བ་ནི་འགྲོ་བའོ། །ཕྱིར་མི་ལྡོག་པ་ཞེས་བྱ་བ་ནི་ལྡོག་པའོ། །ཀུན་ཏུ་ལྟ་བ་ཞེས་བྱ་བ་ནི་མདུན་དུའོ། །རྣམ་པར་ལྟ་བ་ཞེས་བྱ་བ་ནི་ཕྱོགས་མཚམས་སུའོ། །བསྐུམ་
པར་བྱ་བ་ནི་བསྡུས་པའོ། །ནང་དུ་ཡང་དག་པར་འཇོག་པ་ནི་ཞི་གནས་དང་། ལྷག་མཐོང་ལ་མངོན་པར་བརྩོན་པའོ། །དྲན་པ་འདི་ལ་ཡོད་པས་ན་དྲན་པ་དང་ལྡན་པའོ། །ལུས་ཀྱི་རླུང་སྣ་ནས་འཇུག་པ་ནི་བརྔུབ་པའོ། །འབྱུང་བ་ནི་ཕྱིར་འབྱུང་བ་སྟེ། རྫ་མཁན་ལེགས་པར་བསླབས་པའམ། དེའི་
ཉེ་གནས་ཀྱི་སློབ་མ་བཞིན་ནོ། །པགས་པ་དང་རློག་པ་ནི་ཕྱི་ནང་གི་དབྱེ་བས་སོ། །རྒྱུས་པ་ནི་རྩའོ། །མཁལ་མ་ནི་མཁལ་མའོ། །མཆིན་པ་ནི་མཆིན་པའོ། །གློ་བ་ནི་གློ་བའོ། །མཆེར་པ་ནི་མཆེར་པའོ། །ཞུ་བ་དང་མ་ཞུ་བ་ནི་ཟས་སོ། །མཆིལ་མའི་ཐལ་བ་ནི་བད་ཀན་གྱི་གོང་བུའོ། །ཁྲག་ནི་
ཁྲག་རུལ་བའོ། །ཆུན་པ་ནི་ཞིང་རྨོ་བའོ། །བང་བ་ནི་འབྲུ་རྣམས་ཀྱི་སྣོད་དོ། །དུར་ཁྲོད་ཅེས་བྱ་བ་ནི་བསྟན་པའོ། །རོ་བོར་བའི་གནས་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཤི་ནས་ཞག་གཅིག་ལོན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་རིམས་བཞིན་རྣམ་པར་བམ་པ་ལ་སོགས་པ་གསུམ་མོ། །གང་རྣམ་

པར་རྣགས་པ་དེ་ཉིད་ནི་རྣམ་པར་འབུས་གཞིགས་པ་ཡིན་ཏེ། སྲིན་བུ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་རྣམ་པར་ཟོས་པ་ནི་རྣམ་པར་འཐོར་བའོ། །དེ་ལ་དུར་ཁྲོད་ཀྱི་ལུས་མཐོང་བ་ན་བདག་ཉིད་ཀྱང་དེ་དང་འདྲ་བ་ཉིད་དུ་ཉེ་བར་སྦྱོར་རོ། །ཆོས་ཉིད་འདི་ཞེས་བྱ་བ་ནི་བསྟན་
པའོ། །འདི་ལྟ་བུའི་རང་བཞིན་ཅན་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །འོ་ན་གསོན་པོའི་ལུས་ནི་དེ་ལྟ་བུ་མ་ཡིན་ལ་ཤི་བའི་ལུས་ནི་དེ་ལྟ་བུ་ཡིན་ནོ་ཞེས་དོགས་པ་ལ། དེའི་ཕྱིར་ཆོས་ཉིད་འདི་ལས་མ་འདས་སོ་ཞེས་སྨོས་ཏེ། འགལ་བའི་རྐྱེན་ཉེ་བར་གནས་པ་ཡོད་ན་ངེས་པར་དེ་བཞིན་དུ་འགྱུར་
བའི་ཕྱིར་རོ། །སེམས་འདིས་ངེས་པར་འདོར་བ་ནི་ཡང་དག་པར་སྤོང་བ་སྟེ། དེ་དག་ནི་རྣམ་པ་བཞིའོ། །འདི་ལྟ་སྟེ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་འདུན་པ་སྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་འཇོག་གོ། །
དེ་བཞིན་དུ་སྐྱེས་པ་རྣམས་སྤང་བའི་ཕྱིར་དང་། དེ་བཞིན་དུ་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་དང་། དེ་བཞིན་དུ་སྐྱེས་པ་རྣམས་གནས་པ་དང་། འཕེལ་བར་བྱ་བ་དང་། ཕྱིར་ཞིང་འབྱུང་བར་བྱ་བའི་ཕྱིར་རོ། །དེ་ལ་འདུན་པ་སྐྱེད་པ་ནི་གོ་ཆའི་བརྩོན་འགྲུས་སོ། །དེ་ལྟར་འབད་པ་
བྱའོ་ཞེས་བྱ་བ་ནི་སྦྱོར་བའི་བརྩོན་འགྲུས་སོ། །བརྩོན་འགྲུས་རྩོམ་པ་ནི་མི་སྐྱོ་བའི་བརྩོན་འགྲུས་སོ། །སེམས་རབ་ཏུ་འཛིན་པ་དང་། ཡང་དག་པར་འཇོག་པ་ནི་ཐབས་ཀྱི་བརྩོན་འགྲུས་སོ། །དེ་ལས་ཞུམ་པ་ལ་སེམས་རབ་ཏུ་འཛིན་པའོ། །རྒོད་པ་ལ་སེམས་ཡང་དག་པར་འཇོག་པ་སྟེ། མངོན་
པར་འཇོག་པའོ། །རྫུ་འཕྲུལ་ནི་འཇིག་རྟེན་ལས་འདས་པའི་ཆོས་སོ། །རྫུ་འཕྲུལ་གྱི་རྐང་པ་སྟེ། གནས་ཡིན་པའི་ཕྱིར་རྫུ་འཕྲུལ་གྱི་རྐང་པའོ། །དེ་ཡང་བཞི་སྟེ། འདུན་པའི་ཏིང་ངེ་འཛིན་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། སེམས་ཀྱི་ཏིང་ངེ་འཛིན་དང་། དཔྱོད་པའི་ཏིང་ངེ་འཛིན་
ཏོ། །འདི་ལྟར་ཁ་ཅིག་ནི་སེམས་འདུན་པ་དྲག་པ་དང་ལྡན་པ་ཉིད་ཀྱིས་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །ཁ་ཅིག་གི་ཡང་དག་པར་སྤོང་བ་ནི་བརྩོན་འགྲུས་དང་ཤིན་ཏུ་ལྡན་པས་མི་དགེ་བ་ཡང་དག་པར་སྤངས་ཏེ་དགེ་བའི་ཆོས་སྐྱེད་པ་ཉིད་ཀྱིས་སོ། །ཁ་ཅིག་གི་ནི་ཞི་

གནས་དང་། རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དག་གིས་སེམས་ཡོངས་སུ་སྦྱངས་པ་ལས་སོ། །ཁ་ཅིག་ནི་ཅི་བདག་མི་དགེ་བ་ཕྲ་མོ་ལ་ཀུན་ཏུ་མི་སྤྱོད་དམ། ཅི་ཡང་ཀུན་ཏུ་མི་སྤྱོད་ཅེས་གང་བདག་ཉིད་ལ། ཡོངས་སུ་དཔྱོད་པ་ནི་ཡང་དག་པར་ཉེ་བར་དཔྱོད་པའོ། །
དེ་དག་སྐྱེས་པ་ལ་ཀུན་ནས་དཀྲིས་པ་ནི་རིང་དུ་གྱུར་ལ། བག་ལ་ཉལ་རྣམས་སྤང་བའི་ཕྱིར་ཡང་ཡང་དག་པར་སྤོང་བ་རྩོམ་པ་ནི་སྤོང་བ་འདུ་བྱེད་པ་བརྒྱད་མངོན་པར་འབྱུང་སྟེ། འདུན་པ་དང་། བརྩོན་འགྲུས་དང་། དད་པ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་
དང་། སེམས་པ་དང་། བཏང་སྙོམས་སོ། །དེ་ལ་གང་གི་ཚེ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱི་སྙོམས་པར་འཇུག་པ་བསྐྱེད་པར་བྱ་སྙམ་པ་ནི་འདུན་པའོ། །མི་དགེ་བའི་ཆོས་ཐམས་ཅད་ངེས་པར་འཇོམས་པ་ནི་བརྩོན་འགྲུས་སོ། །དད་པ་ནི་བླ་མའི་ཆོས་རྟོགས་པ་ལ་
བྱའོ། །དེའི་སྔོན་དུ་འགྲོ་བ་ནི་ཤིན་ཏུ་སྦྱངས་པའོ། །དེ་ལ་ཡང་དྲན་པ་ནི་ཤེས་བཞིན་གྱི་ཕྱོགས་སོ། །ཤེས་བཞིན་ནི་ལྷག་མཐོང་གི་ཕྱོགས་སོ། །དེ་ལ་སེམས་མངོན་པར་འདུ་བྱེད་པ་ནི་སེམས་པའོ། །ཉོན་མོངས་པ་མེད་པ་ནི་བཏང་སྙོམས་སོ། །དེ་འདུན་པ་ལ་སོགས་པའི་ཏིང་ངེ་འཛིན་སྤོང་
བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་སྒོམ་པར་བྱེད་དེ། དབེན་པ་ནི་ཉོན་མོངས་པ་ལས་སོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པའི་འདོད་ཆགས་དང་བྲལ་བའོ། །འགོག་པ་ནི་སྡུག་བསྔལ་ལོ། །དེ་དག་ལ་བསྟན་ནས་རྣམ་པར་སྤོང་བ་ནི་སྡུག་བསྔལ་ཏེ། དེ་དག་ལ་བརྟེན་པའོ། །
དེའི་ཕྱིར་ཡོངས་སུ་གྲུབ་པ་སྒོམ་མོ། །མཆོག་ཏུ་དབང་བྱེད་པས་ན་དབང་པོ་སྟེ། དད་པ་ལ་སོགས་པ་ལྔའོ། །འཇིག་རྟེན་ལས་འདས་པའི་ཆོས་སྐྱེད་ཅིང་ཐོབ་པ་ལ་བདག་པོར་གྱུར་པས་ན་དབང་པོ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་
དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པའི་རྟགས་མཐོང་བ་ལས་ཕྱིས་ཁྱད་པར་ཅན་དུ་འབྱུང་བ་ལ་ངེས་པ་སྐྱེ་བའི་ཕྱིར་སྟོན་པ་དང་ཉན་ཐོས་དེ་དག་གི་རྟོགས་པ་ལ་དད་པ་སྐྱེ་བ་དེ་ནི་འདིའི་དད་པའི་དབང་པོའོ། །དད་པ་ལྷག་པས་

ན་བརྩོན་འགྲུས་ལ་སོགས་པ་ཡང་ལྷག་པར་འགྱུར་ཏེ། དེས་ན་དབང་པོ་ལྔར་འགྱུར་རོ། །དེ་ལྟར་དབང་པོ་སྒོམ་པ་ན་བདུད་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་དད་པའི་སྟོབས་ནས་ཤེས་རབ་ཀྱི་བར་རོ། །བྱང་ཆུབ་ནི་ཡང་དག་པ་ཇི་ལྟ་བ་བཞིན་
དུ་རྟོགས་པའི་མཐོང་བའི་ལམ་ནི་རྫོགས་པའི་བྱང་ཆུབ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནས། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་བར་དུའོ། །དེ་ལ་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་ནི་ལྷག་མཐོང་གི་ཕྱོགས་སོ། །ཤིན་
ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ནི་ཞི་གནས་ཀྱི་ཕྱོགས་སོ། །དྲན་པ་ནི་གཉི་གའི་ཕྱོགས་སོ། །དེས་དེ་དག་ཐོབ་པས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་བདག་ཉིད་ཀྱིས་མཐོང་ནས་བསྒོམ་པས་སྤང་བར་བྱ་བ་དག་སྤོང་བའི་ཕྱིར་འཕགས་པའི་
ལམ་ཡན་ལག་བརྒྱད་ཕུང་པོ་གསུམ་དུ་སྒོམ་པར་བྱེད་དོ། །དེ་ལ་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་བརྩོན་པ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། ཚོར་བ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་
པ་དང་། ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །འཕགས་པ་ནི་སློབ་པ་རྣམས་སོ། །དེ་དག་གིས་ནི་ཉོན་མོངས་པ་ཐམས་ཅད་སྤང་བའི་ཕྱིར་དང་། རྣམ་པར་གྲོལ་བ་མངོན་སུམ་དུ་བྱ་བའི་ཕྱིར་འཕགས་པ་སློབ་པའི་ལམ་འདི་སྐྱེད་པར་བྱེད་དོ། །དེ་བས་ན་འདི་འཕགས་པ་རྣམས་ཀྱི་
ཡན་ལག་བརྒྱད་ཡིན་པས་ན་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དེ་དག་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་སྟེ། སྡེ་ཚན་བདུན་རེ་རེར་རྣམ་པར་དབྱེ་བ་བྱས་ནས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་སུམ་ཅུ་རྩ་བདུན་དུ་འགྱུར་རོ། །བྱང་ཆུབ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་སོ། །
དེའི་རྗེས་སུ་མཐུན་པ་ནི་བྱང་ཆུབ་ཀྱི་ཕྱོགས་སོ། །ཏིང་ངེ་འཛིན་གསུམ་ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྟེ། རང་གི་མཚན་ཉིད་ཀུན་བརྟགས་པ་དེའི་ངོ་བོ་གཏན་དུ་མེད་པས་དེས་སྟོང་པའོ། །ཡོངས་སུ་གྲུབ་པའི་རང་གི་ངོ་བོ་ནི་བརྗོད་དུ་མེད་པས་མཚན་མ་མེད་པ་སྟེ། དེས་ན་མཚན་

མ་མེད་པའོ། །གཞན་གྱི་དབང་གི་ངོ་བོ་ནི་འཁྲུལ་པ་སྟེ། མེད་པའི་ངོ་བོར་སྣང་བའི་ཕྱིར་རོ། །འཁྲུལ་པའི་རྩ་བ་ཡང་ཉོན་མོངས་པ་སྟེ། དེའི་ཕྱིར་དེ་ནི་སྤང་བར་བྱ་བ་ཡིན་གྱི། སྨོན་པར་འོས་པ་ནི་མ་ཡིན་ཏེ། དེས་ན་སྨོན་པ་མེད་པའོ། །ཤེས་པ་བཅུ་གཅིག་ནི་མདོ་ཇི་ལྟ་བ་བཞིན་ཏེ།
སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་སྡུག་བསྔལ་འབྱུང་བ་མི་སྐྱེ་བ་སྟེ་དེ་ཤེས་པའོ། །སྤངས་པ་ཤེས་པ་ཞེས་བྱ་བ་ནི་ཀུན་འབྱུང་གི་བདག་ཉིད་ཉོན་མོངས་པ་ལ་སོགས་པ་སྤངས་པ་སྟེ་དེ་ཤེས་པའོ། །སྡུག་བསྔལ་འགོག་པ་ཤེས་པ་ཞེས་བྱ་བ་ནི་སྡུག་བསྔལ་དག་འགོག་པ་སྟེ་དེ་ཤེས་པའོ། །འགོག་པ་མངོན་
སུམ་དུ་བྱ་བ་དེ་ལམ་གང་གིས་འགོག་པ་མངོན་སུམ་དུ་བྱེད་པ་ནི་དེའི་ཤེས་པ་སྟེ། འདིས་སྡུག་བསྔལ་འགོག་པའོ། །འདོད་ཆགས་ལ་སོགས་པ་ཟད་པ་ཤེས་པ་ནི་ཟད་པ་ཤེས་པའོ། །འདོད་ཆགས་ལ་སོགས་པ་མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བར་ཤེས་པའོ། །རྣམ་པར་གྲོལ་བ་མངོན་སུམ་
དུ་བྱེད་པ་ཤེས་པ་ནི་ཆོས་ཤེས་པའོ། །མི་རྟག་པ་ཉིད་ལ་སོགས་པ་དེ་རྗེས་སུ་དཔག་པས་ཤེས་པ་ནི་རྗེས་སུ་ཤེས་པའོ། །གཅིག་ཏུ་ཀུན་བརྟགས་པ་ལ་དམིགས་པ་ཉིད་ཡིན་པའི་ཕྱིར་གཞན་གྱི་སེམས་ཤེས་པ་ནི་ཀུན་རྫོབ་ཤེས་པའོ། །ལམ་ལ་འདྲིས་པ་ནི་ལམ་ལ་གོམས་པའོ། །སྒྲ་ཇི་བཞིན་
ཤེས་པ་ནི་དེ་བཞིན་གཤེགས་པ་རྣམས་དང་ལྷ་དང་མི་ལ་སོགས་པ་ཐམས་ཅད་ཀྱི་སྐད་ཤེས་པའོ། །དབང་པོ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ཏེ། རྣམ་པར་བྱང་བའི་ཆོས་རྣམས་ལ་བདག་པོ་ཡིན་པའི་ཕྱིར་དབང་པོའོ། །དབང་པོ་གང་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱའོ། །ཀུན་ཤེས་པའི་དབང་པོ་དང་ཀུན་ཤེས་པ་བསྲུང་བའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོའོ། །སྣང་བ་མེད་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་ཕྱིན་ཅི་ལོག་བཞི་སྣང་བ་མེད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྲོས་པའི་མཚན་མ་ཐམས་ཅད་ནུབ་པས་ཆོས་ཉིད་
ཙམ་ལ་དམིགས་པའི་ཕྱིར་རོ། །དྲེགས་པ་འདུལ་བ་ནི་ཇི་ལྟར་འོས་པ་ཉོན་མོངས་པ་འདུལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བཅས་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ། །སངས་རྒྱས་ལ་སོགས་པ་རྗེས་སུ་དྲན་པ་བཅུ་ནི་མདོ་ཇི་ལྟ་བ་བཞིན་ནོ། །

བསམ་གཏན་དང་གཟུགས་མེད་པ་ནི་འཇུག་པའི་སྒྲུབ་པར་བསྟན་པའོ། །ཚད་མེད་པ་ཡང་འཇུག་པའི་སྒྲུབ་པའི་ཚད་མེད་པ་བཞིན་ནོ། །རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་
པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་གཉིས་པའོ། །སྡུག་པར་མོས་པ་ནི་རྣམ་པར་ཐར་པ་གསུམ་པའོ། །གསུམ་པོ་འདི་དག་ནི་སྤྲུལ་པའི་སྒྲིབ་པའི་གཉེན་པོར་འགྱུར་བའི་ཕྱིར་རྣམ་པར་དག་པའོ། །དེ་ལ་དང་པོ་གཉིས་ནི་མི་སྡུག་པའོ། །གསུམ་པ་ནི་སྡུག་པའོ། །རྣལ་འབྱོར་
པ་ཁ་ཅིག་འདོད་པ་ན་སྤྱོད་པའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོར་ནང་གི་སྒྲ་ལ་སོགས་པ་ལ་དམིགས་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་ནས་དེ་ཉིད་ཀྱི་འོག་ཏུ་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ལ་དམིགས་ཏེ། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ། །བསམ་
གཏན་དང་པོའི་ཁ་དོག་གི་འདོད་ཆགས་ལ་སོགས་པའི་གཉེན་པོར་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་བསྟན་ཏེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་ནང་གི་གཟུགས་ལ་དམིགས་པའི་ཕྱིར་གཟུགས་ཅན་ཞེས་བརྗོད་དོ། །ཕྱི་རོལ་གྱི་གཟུགས་ལ་དམིགས་པའི་
ཕྱིར་གཟུགས་ལ་ལྟ་བ་ཞེས་བརྗོད་དོ། །རྣལ་འབྱོར་པ་ལ་ལ་ནང་ལ་མི་དམིགས་པ་ཉིད་ཀྱིས་ཕྱི་རོལ་གྱི་དངོས་པོ་ལ་སོགས་པ་འབའ་ཞིག་ལ་དམིགས་ཤིང་སྔ་མ་བཞིན་དུ་བསམ་གཏན་དང་པོའམ་གཉིས་པ་ལ་སྙོམས་པར་ཞུགས་པ་ཡང་བརྗོད་དོ། །དེ་ནི་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་
གཟུགས་རྣམས་ལ་ལྟ་བ་ཞེས་བྱའོ། །དེ་བཞིན་དུ་མི་སྡུག་པ་རྣམ་པར་སྒོམ་པས་སེམས་ཀྱི་རྒྱུད་ཞུམ་པ་དགའ་བར་བྱ་བའམ། ཅི་བདག་ཡིད་དུ་འོང་བའི་གཟུགས་རྣམས་སྡུག་པ་ཉིད་དུ་ཡིད་ལ་བྱེད་པ་ན་ཁ་དོག་ལ་འདོད་ཆགས་ལ་སོགས་པ་སྐྱེ་འམ་ཞེས་སད་པའི་ཕྱིར་ཡིད་དུ་འོང་བའི་གཟུགས་ལ་དམིགས་ནས།
བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་ལ་སྡུག་པར་མོས་པར་འགྱུར་ཞེས་བརྗོད་པར་བྱའོ། །དེ་ནི་གཟུགས་ཅན་གྱི་རྣམ་པར་ཐར་པ་གསུམ་མོ། །གཟུགས་མེད་པའི་རྣམ་པར་ཐར་པ་ལ་ནི་ལྔ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ནས། འདུ་ཤེས་དང་ཚོར་བ་འགོག་པ་

ཞེས་བྱ་བའི་རྣམ་པར་ཐར་པ་ཞེས་བྱ་བའི་བར་དུའོ། །དེ་ལ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་གཟུགས་མེད་པ་བཞིའི་དག་པ་པ་ནི་དེའི་རོ་མྱང་བའི་སྒྲིབ་པའི་གཉེན་པོ་ཡིན་པའི་ཕྱིར་རྣམ་པར་ཐར་པ་སྟེ། ཞི་བར་གནས་པ་ཞེས་ཀྱང་བརྗོད་དོ། །འདུ་ཤེས་དང་ཚོར་བ་འགོག་པ་ཡང་
ཐར་པ་དང་རྗེས་སུ་མཐུན་པར་གནས་པའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་རྟེན་ཅིང་ལངས་ནས་སེམས་དང་སེམས་ལས་བྱུང་བ་རྣམས་འགོག་པ་སྟེ། དེའི་སྒྲིབ་པ་སྤངས་པའི་ཕྱིར་རྣམ་པར་ཐར་པ་སྟེ་ཞི་བར་གནས་པ་ཞེས་ཀྱང་བརྗོད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་
པ་དགུ་ཞེས་བྱ་བ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་།
ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་ཀུན་ནས་
ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཞེས་བྱ་བ་ལ། དེ་དག་གི་མཚན་ཉིད་མདོའི་གོ་རིམས་ཇི་ལྟ་བ་བཞིན་ནོ། །གནས་ལ་ཡང་གནས་
སུ་གནས་པ་ལ་ཡང་གནས་མ་ཡིན་པར་རབ་ཏུ་ཤེས་ཞེས་བྱ་བ་ནི་ཉེས་པར་སྤྱོད་པ་རྣམས་ལས་མི་འདོད་པའི་རྣམ་པར་སྨིན་པ་ནི་གནས་སོ། །འདོད་པ་ནི་གནས་མ་ཡིན་པའོ། །ལེགས་པར་སྤྱོད་པ་རྣམས་ལས་འདོད་པ་ནི་གནས་སོ། །མི་འདོད་པ་ནི་གནས་མ་ཡིན་པའོ། །སེར་སྣས་དབུལ་བ་ནི་གནས་སོ། །
ལོངས་སྤྱོད་ཆེན་པོ་ནི་གནས་མ་ཡིན་པའོ། །སྦྱིན་པ་ལས་ལོངས་སྤྱོད་ཆེན་པོ་ནི་གནས་སོ། །དབུལ་པོར་གྱུར་པ་ནི་གནས་མ་ཡིན་པའོ། །འཆལ་པའི་ཚུལ་ཁྲིམས་ཀྱིས་ངན་འགྲོར་སྐྱེ་བ་ནི་གནས་སོ། །བདེ་འགྲོ་ནི་གནས་མ་ཡིན་པའོ། །ཚུལ་ཁྲིམས་ཀྱི་བདེ་འགྲོར་སྐྱེ་བ་ནི་གནས་སོ། །ངན་འགྲོ་

ནི་གནས་མ་ཡིན་པ་སྟེ། དེ་ལ་སོགས་པ་གནས་དང་གནས་མ་ཡིན་པ་རབ་ཏུ་མཁྱེན་པ་ནི་དག་པ་དང་མ་ཆགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་དེ་ཉིད་ཀྱི་ཕྱིར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་པ་ནི་ཕྱིན་ཅི་མ་ལོག་པར་རོ། །དེས་ན་དག་པ་ཉིད་ཅེས་བརྗོད་དོ། །གང་
དང་གང་ཡང་དག་པ་ཞེས་ཟློས་པ་ནི་ཆགས་པ་མེད་པར་བསྟན་ཏོ། །རྣམ་པ་གང་དང་གང་གིས་ཡང་དག་པ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པའི་ཕྱིར་ཐོགས་པ་མེད་པ་བསྟན་ཏོ། །ཡེ་ཤེས་དེ་ཉིད་སྟོབས་ཏེ་གཏན་དུ་གཞན་གྱིས་མི་ཐུབ་པའི་ཕྱིར་དང་གཏན་དུ་གཞན་དག་ཟིལ་གྱིས་གནོན་པའི་ཕྱིར་
རོ། །འདས་པ་ཞེས་བྱ་བ་ལ་སོགས་པ་ལ་འདིར་གནས་དང་རྒྱུ་ཞེས་བྱ་བ་ནི་གནས་དང་རྒྱུ་དང་བཅས་པའོ། །ཕྱོགས་གང་དུ་དེའི་ལས་བྱེད་པ་དེ་ནི་གནས་སོ། །ཉན་ཐོས་ལ་སོགས་པ་གང་གི་རྒྱུ་དེའི་ལས་ཏེ་རྒྱུད་དང་བཅས་པའོ། །རྣམ་པར་སྨིན་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །ཁམས་
སྣ་ཚོགས་ཞེས་བྱ་བ་ནི་བསྟན་པའོ། །ཁམས་དུ་མ་ཞེས་བྱ་བ་ནི་རྗེས་སུ་བསྟན་པའོ། །ཁམས་ནི་ལྷག་པའི་བསམ་པ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་མི་གཡོ་བ་ལ་སོགས་པ་སྐྱེད་པར་བྱེད་པའོ། །མོས་པ་སྣ་ཚོགས་ཞེས་བྱ་བ་ནི་འདིར་འདོད་པ་ནི་མོས་པ་སྟེ། དཔེར་ན་ཆགས་
པ་ལ་གནས་པ་ཡང་ཞེ་སྡང་ལ་མོས་པ་དང་། ཞེ་སྡང་ལ་གནས་པ་ཡང་ཆགས་པ་ལ་མོས་པ་ལྟ་བུའོ། །དབང་པོའི་རིམ་པ་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་དབང་པོ་ཐ་དད་པ་ཉིད་དེ། འདི་ནི་དབང་པོ་རྟུལ་པོའོ། །དབང་པོ་འབྲིང་པོའོ། །དབང་པོ་རྣོན་པོའོ། །དབང་པོ་མེད་པའོ་ཞེས་བྱ་བ་ལ་
སོགས་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འདིར་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ཁམས་ཡང་དག་པ་ཉིད་དུ་ངེས་པ་དང་མ་ངེས་པ་ཤེས་པ་ནི་དེ་དག་གི་རྗེས་སུ་མཐུན་པའི་ལམ་མཁྱེན་ཅིང་སྟོན་པ་དང་། ལོག་པ་ཉིད་དུ་ངེས་པ་ནི་བཏང་སྙོམས་སུ་བྱ་བ་དང་མཐུན་པར་བཏང་སྙོམས་
སུ་བྱེད་དོ། །འདི་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ལམ་མོ། །འདི་ནི་ཞེ་སྡང་གི་གཉེན་པོར་གྱུར་པའི་ལམ་མོ་ཞེས་བྱ་བ་ལ་སོགས་པའོ། །བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དང་ལྡང་བ་ཞེས་བྱ་བ་ལ།

བསམ་གཏན་ནི་བཞི་པའོ། །རྣམ་པར་ཐར་པ་ནི་བརྒྱད་དོ། །ཏིང་ངེ་འཛིན་ནི་གསུམ་སྟེ། རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ་ལ་སོགས་པའོ། །སྙོམས་པར་འཇུག་པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའོ། །ཀུན་
ནས་ཉོན་མོངས་པ་ལ་སོགས་པ་དེ་ལ་ཀུན་ནས་ཉོན་མོངས་པ་ནི་རོ་མྱང་བའོ། །རྣམ་པར་བྱང་བ་ནི་མི་དམིགས་པ་ལ་སོགས་པའོ། །ལྡང་བ་ནི་སེང་གེ་རྣམ་པར་བསྒྱིངས་པའམ་ཐོད་རྒལ་བའོ། །ལྷག་མ་གསུམ་ནི་མདོ་ཇི་ལྟ་བ་བཞིན་ནོ། །སེང་གེ་བཞིན་དུ་ཤིན་ཏུ་བསྙེངས་པ་མེད་པས་རིགས་པར་
གསུངས་པ་ནི་མི་འཇིགས་པ་སྟེ། དེའི་དངོས་པོའམ་ལས་ནི་དེ་ཉིད་དོ། །མི་འཇིགས་པ་ནི་བཞི་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་འཇིགས་པ་དང་། ཟག་པ་ཟད་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་ལ་མི་འཇིགས་པ་དང་། ངེས་པར་འབྱིན་པའི་ལམ་ལ་མི་འཇིགས་པའོ། །
མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་ལ། མི་འཇིགས་པ་ནི་དེར་དམ་འཆའ་བ་དང་། དགོད་པ་ལ་ཞེས་བྱ་བའི་དོན་ཏོ། །དང་པོ་གཉིས་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་དེ་རང་གི་དོན་ཏོ། །ཐ་མ་གཉིས་ནི་གཞན་གྱི་དོན་ཏེ་གཞན་དག་ལ་དེ་སྟོན་པའི་ཕྱིར་རོ། །མཚན་ཉིད་
རྒྱ་ཆེར་ནི་མདོ་ཇི་ལྟ་བ་བཞིན་ནོ། །འདིར་ཡང་དགེ་སྦྱོང་དང་བྲམ་ཟེ་སྨོས་པ་ནི་ཤེས་རབ་ཀྱི་མངོན་པའི་ང་རྒྱལ་བྱེད་པའི་ཕྱིར་རོ། །ལྷ་དང་བདུད་སྨོས་པས་ལྷའི་མིག་དང་ཕ་རོལ་གྱི་སེམས་ཤེས་པ་ཕུན་སུམ་ཚོགས་པའི་ཕྱིར་རོ། །ཚངས་པ་ནི་མཐུ་ལ་སོགས་པ་ཆེ་བའི་ཕྱིར་རོ། །རྒྱུ་དེ་མི་མཐོང་ཞེས་བྱ་
བ་ནི་དེ་དག་གིས་བརྒལ་བའི་རྒྱུར་གྱུར་པའི་སྐྱོན་ནོ། །བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ལུས་ལ་སོགས་པའི་ལས་རྣམ་པར་དག་པ་སྟེ། སྐུ་ལ་སྤུ་ལྡང་བ་དང་། སྤ་བཀོང་བ་ལ་སོགས་པ་དང་། གསུང་ལ་ཞུམ་པ་དང་། དམན་པ་
ལ་སོགས་པ་དང་། ཐུགས་ལ་དོགས་པ་དང་ཞུམ་པ་ཉིད་ལ་སོགས་པ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གོ་རིམས་བཞིན་དུ་ཁྱུ་མཆོག་གི་གནས་སུ་དམ་བཅའ་སེང་གེའི་སྒྲ་ཡང་དག་པ་སྒྲོག །ཚངས་པའི་འཁོར་ལོ་སྐོར་བར་མཛད། །ཚངས་པ་ནི་དེ་བཞིན་གཤེགས་པ་སྟེ། འཇིག་རྟེན་ཐམས་ཅད་

ལས་མངོན་པར་འཕགས་པའི་ཕྱིར་རོ། །ཚངས་པ་དེ་རྣམས་ཀྱིའོ། །ཡང་ན་ཚངས་པ་ནི་ཐར་པ་སྟེ། དེའི་དོན་གྱི་ཕྱིར་ཚངས་པའི་འོ། །འགྲོ་བའི་དོན་གྱིས་ན་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ཡན་ལག་བཅུ་
གཉིས་ནི་ཆོས་སོ། །དེའི་བརྗོད་པར་བྱ་བ་མ་ལུས་པ་ནི་དོན་ཏོ། །དེ་དག་ཉིད་ཀྱི་མིང་གི་ཚོགས་ལ་སོགས་པ་རྣམ་པ་མང་པོའི་ཚིག་ངེས་པ་ནི་ངེས་པའི་ཚིག་གོ། །ཡང་ན་རྒྱུའི་ཆོས་ཐམས་ཅད་ནི་ཆོས་སོ། །འབྲས་བུའི་ཆོས་ཐམས་ཅད་ནི་དོན་ཏོ། །འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་རྣམས་
ཀྱི་སྐད་ཐམས་ཅད་ནི་ངེས་པའི་ཚིག་སྟེ། དེ་དག་སོ་སོར་རིག་པ་ནི་གོ་རིམས་བཞིན་དུ་ཆོས་སོ་སོར་རིག་པ་དང་། དོན་སོ་སོར་རིག་པ་དང་། ངེས་པའི་ཚིག་སོ་སོར་རིག་པའོ། །ཆོས་ལ་སོགས་པ་གཞན་དག་ལ་སྟོན་པའི་ཕྱིར་ཆོས་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་མངོན་སུམ་དུ་གྱུར་
པ་ནི་སྤོབས་པ་སྟེ། འདི་ནི་དེ་ཡང་ཡིན་ལ་སོ་སོ་ཡང་དག་པར་རིག་པ་ཡང་ཡིན་པས་ན་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །མ་འདྲེས་པར་སྤྱོད་པའི་ཕྱིར་ཆོས་མ་འདྲེས་པ་དག་སྟེ། གཞན་དག་དང་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཅོ་བརྒྱད་དེ། མདོ་ཇི་ལྟ་བ་
བཞིན་ནོ། །དེ་ལ་དང་པོ་ལུས་ཀྱི་ལས་དང་། གཉིས་པ་ངག་གི་ལས་དང་། དེ་ནས་བཞི་ནི་ཡིད་ཀྱི་ལས་ཡོངས་སུ་དག་པའོ། །དེ་ནས་དྲུག་ནི་དེ་བཞིན་གཤེགས་པའི་དབང་པོའི་རྟེན་དང་བཅས་པ་དང་། འབྲས་བུ་དང་བཅས་པ་ལ་མ་ཐོབ་པའི་ཡོངས་སུ་ཉམས་པ་མེད་པའི་ཕྱིར་རོ། །དེ་
ལ་རྟེན་ནི་འདུན་པའོ། །འབྲས་བུ་ནི་རྣམ་པར་གྲོལ་བའོ། །དབང་པོ་ནི་བརྩོན་འགྲུས་ལ་སོགས་པའོ། །དེ་ནས་ནི་གསུམ་ནི་ལུས་ལ་སོགས་པའི་ལས་རྣམས་ལ་ཡེ་ཤེས་གནས་པ་ཉིད་ཀྱིས་ཡེ་ཤེས་ཀྱི་རྒྱུ་ཉིད་དང་། ཡེ་ཤེས་དང་ལྷན་ཅིག་སྤྱོད་པ་ཉིད་ཀྱིས་སོ། །དེ་ནས་དུས་གསུམ་ལ་མ་ཆགས་
མ་ཐོགས་པའི་ཡེ་ཤེས་འཇུག་སྟེ། དེས་ན་གསུམ་སྟེ་དྲུག་པོ་དེ་དག་གིས་བཅོ་བརྒྱད་དུ་འགྱུར་རོ། །འཁྲུལ་པ་མི་མངའ་བ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པ་རྣམས་གྲོང་ལ་སོགས་པར་བསོད་ནམས་ཀྱི་ཕྱིར་རྒྱུ་བ་ན་གླང་པོ་ཆེ་དང་། བ་གླང་དང་། ཁྱི་གཏུམ་པོ་དང་། ཚེར་མ་དང་། སྡིག་

སྦྲུལ་ལ་སོགས་པའི་གནོད་པ་འབྱུང་བ་དང་། ཡང་ན་དགོན་པ་ན་ཆོམ་རྐུན་དང་སྟག་ལ་སོགས་པའི་འཇིགས་པ་དེ་ལྟ་བུའི་འཁྲུལ་པ་དེ་བཞིན་གཤེགས་པ་ལ་རྣམ་པ་ཐམས་ཅད་དུ་མི་མངའ་བ་སྟེ། རྟག་ཏུ་ཡང་དག་པར་རྟོག་པར་མཛད་པ་ཉིད་ཀྱི་ཕྱིར་རོ། །ཅ་ཅོ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་
བཅོམ་པ་དག་དགོན་པ་ན་ལམ་སྟོར་ནས་ཅ་ཅོའི་སྒྲ་འབྱིན་པ་བག་ཆགས་ཀྱི་དབང་གིས་གད་མོ་རྟ་གད་འབྱིན་པ་དེ་ལྟ་བུ་སངས་རྒྱས་ལ་མི་མངའ་སྟེ། རྟག་ཏུ་མཉམ་པར་བཞག་པའི་ཕྱིར་རོ། །བསྙེལ་བ་མི་མངའ་བ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་བརྗེད་པས་བྱ་བ་ཤོར་བ་དང་། དུས་ལས་
ཡོལ་བར་འགྱུར་བ་དེ་ལྟར་སངས་རྒྱས་ལ་མི་མངའ་སྟེ། ཐུགས་རྗེ་ཆེན་པོ་མངའ་བའི་ཕྱིར་རོ། །ཐུགས་མཉམ་པར་མ་བཞག་པ་མེད་པ་ཞེས་བྱ་བ་ནི་འདི་ལྟར་དགྲ་བཅོམ་པ་དག་གང་གི་ཚེ་སྙོམས་པར་ཞུགས་པ་ཉིད་ནི་མཉམ་པར་གཞག་པ་ཡིན་གྱི་ཚེ་ནི་མ་ཡིན་ནོ། །དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ།
རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ། །ཐ་དད་པའི་འདུ་ཤེས་མེད་པ་ཞེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་དག་ནི་ཕུང་པོ་ལ་གཅིག་ཏུ་མི་མཐུན་པར་འདུ་ཤེས་ལ་མྱ་ངན་ལས་འདས་པ་ལ་ནི་ཞི་བར་འདུ་ཤེས་པ་དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། གཉི་ག་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་རོ། །
སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་ཅེས་བྱ་བ་ནི་ཇི་ལྟར་དགྲ་བཅོམ་པ་རྣམས་སོ་སོར་མ་བརྟགས་པར་སེམས་ཅན་གྱི་དོན་ཡལ་བར་འདོར་གྱི། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་ནི་དུས་ལ་སོགས་པ་སོ་སོར་བརྟགས་ནས་ཡལ་བར་འཇོག་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །
འདུན་པ་ཉམས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ནི་དགྲ་བཅོམ་པ་དག་ནི་སངས་རྒྱས་ཀྱི་ས་དང་སངས་རྒྱས་ཀྱི་མཛད་པ་ལ་འདུན་པ་ལ་སོགས་པ་མི་སྐྱེ་སྟེ། དེ་བས་ན་དེ་དག་ལས་མ་ཐོབ་པའི་ཡོངས་སུ་ཉམས་པས་ཡོངས་སུ་ཉམས་པ་ཡིན་ཏེ། དེ་ལྟར་སངས་རྒྱས་ནི་མ་ཡིན་ཏེ། དེ་དག་
ལས་ཁྱད་པར་གྱི་ཆོས་མ་ཐོབ་པ་མི་མངའ་བའི་ཕྱིར་དང་། ཐོབ་པ་རྣམས་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་ནི་གོ་སླའོ། །དེ་ནི་ལམ་གྱི་ཚོགས་སོ། །གཟུངས་ཀྱི་ཚོགས་བཤད་པར་བྱ་སྟེ། དེ་ལ་གཟུངས་ཀྱི་སྒོ་རྣམས་ལ་ཞེས་བྱ་བ་ལ་གཟུངས་ནི་བཞི་སྟེ། བཟོད་པའི་གཟུངས་དང་། ཆོས་

ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་སོ། །དེ་རྣམས་ཀྱི་སྒོ་ནི་ཡི་གེ་རྣམས་སོ། །ཡི་གེ་ངེས་པར་བསམས་པའི་སྟོབས་ཀྱིས་དེ་དག་འབྱུང་བར་འགྱུར་རོ། །གཅིག་ཉིད་ལ་མང་པོའི་ཚིག་ནི་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པ་ཡིན་ཏེ།
དེ་ཡང་འདིར་གཟུངས་ཀྱི་སྒོ་ལས་སྐྱེས་པའི་ཡེ་ཤེས་ཉིད་ལ་གཟུངས་ཀྱི་སྒོ་ཞེས་བྱའོ། །ཡི་གེའི་ཚུལ་མཉམ་པ་ཉིད་ཅེས་བྱ་བ་ལ། ཡི་གེས་འདྲེན་པར་བྱེད་ཤེས་པར་བྱེད་པས་ན་ཡི་གེའི་ཚུལ་ཏེ། དོན་དམ་པར་དེ་ཉིད་ཆོས་ཐམས་ཅད་ཀྱི་མཚན་ཉིད་ཡིན་ལ་དེ་ལ་དམིགས་པའི་ཡེ་ཤེས་ལ་དེ་སྐད་ཅེས་བརྗོད་
དོ། །ཡི་གེའི་སྒོ་ཞེས་བྱ་བ་ནི་འདིའི་སྒོ་ཡི་གེ་ཡིན་པས་ན་ཡི་གེའི་སྒོའོ། །ཡི་གེས་འཇུག་པར་བྱེད་པ་སྟེ། ཐོབ་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །ཨ་ཞེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་ཡིན་ནོ་ཞེས་བྱ་བ་ལ། ཡི་གེ་ཨའི་སྒོ་ནི་ཡང་དག་པ་ཇི་ལྟ་བ་བཞིན་
རྟོགས་པར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་དང་རྒྱུའོ། །ཅིའི་ཕྱིར་ཞེ་ན་གཟོད་མ་ནས་སྐྱེ་བ་མེད་པའི་ཕྱིར་ཏེ། གང་གི་ཕྱིར་ཆོས་ཐམས་ཅད་གཟོད་མ་ནས་དྲི་མ་དང་བཅས་པའི་གནས་སྐབས་ཉིད་ན་སྐྱེ་བ་མེད་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་འདི་ཡི་གེ་ཨ་མ་སྐྱེས་པའི་དོན་དུ་སྒྲོ་བཏགས་ནས་
སྒོམ་པ་ན་གོམས་པའི་སྟོབས་ལས་ཡི་གེ་ཨ་ཙམ་ཤིན་ཏུ་བསྒོམས་པས་ཆོས་ཐམས་ཅད་མི་སྐྱེ་བའི་བཟོད་པ་ཐོབ་སྟེ། དེ་བས་ན་བཟོད་པའི་གཟུངས་སུ་འགྱུར་རོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཤད་པའི་ཚོགས་འཛིན་པའི་རྒྱུར་གྱུར་པ་ནི་ཆོས་ཀྱི་གཟུངས་
སོ། །དེ་ནས་དེའི་དོན་འཛིན་པའི་རྒྱུ་ནི་དོན་གྱི་གཟུངས་སོ། །སེམས་ཅན་ཐམས་ཅད་ཀྱི་ཡམས་དང་གནོད་པ་ཡང་དག་པར་ཞི་བར་བྱ་བའི་དོན་གྱི་སྔགས་ཀྱི་གཞི་ནི་གསང་སྔགས་ཀྱི་གཟུངས་སོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་ཆོས་ཐམས་ཅ