Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 88
Văn bản gốc(Tây Tạng)
Trang 17 / 18 (50.000 ký tự/trang)
ྱིས་དྲིས་ཤིག །བྱམས་པས་སྨྲས་པ། བྱམས་པ་ཞེས་བྱ་བའི་མིང་དང་། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་སྟོང་པ་ཉིད་ལན་ལྡོན་ནམ། ངས་ནི་གང་གིས་ལན་ལྡོན་པ་དང་ཀླན་པ་མ་མཐོང་ ངོ་། །གཟུགས་སྐུའི་ཆེད་དུ་ཞིང་སྦྱོང་བ་ནི། སེམས་ཅན་འཇིག་རྟེན་དེ་བཞིན་དུ། །སྣོད་ཀྱི་འཇིག་རྟེན་མ་དག་པ། །དེ་ལ་དག་པར་བྱ་བའི་ཕྱིར། །སངས་རྒྱས་ཞིང་ནི་དག་པ་ཉིད། །ཅེས་པ་ལ་གཉིས་ཏེ། རྗེས་འཇུག་གི་ཞིང་སྦྱོང་དང་། སྔོན་བྱུང་གང་གཱའི་ལྷ་མོའོ། །རྗེས་འཇུག་ནི་ཕར་ཕྱིན་དྲུག་གི་ མི་མཐུན་པའི་ཕྱོགས་ནས་བཟུང་ནས། ཞིང་སྦྱོང་ཉི་ཤུ་རྩ་ལྔ། འཁོར་བ་ནི་རིང་ངོ་། །སེམས་ཅན་གྱི་ཁམས་ནི་མཐའ་ཡས་སོ་སྙམ་པ་མཐོང་ན་བདག་སངས་རྒྱས་པའི་ཞིང་དུ་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར་ཕར་ཕྱིན་ལ་སྤྱོད་པའོ། །ཞིང་སྦྱོང་བའི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་གསུམ་ པའོ།། །།གང་གཱའི་ལྷ་མོས་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱའོ་སྙམ་སྟེ། མཆོད་པ་ཕུལ་བས་བཀའ་སྩལ་པ། སྔོན་མར་མེ་མཛད་ཀྱི་དྲུང་དུ་ང་ལུང་བསྟན་པའི་ཚེ་འདིས་ཀྱང་སྨོན་ལམ་བཏབ་པོ། །འདི་ཚེ་འདས་ནས་བུད་མེད་ཀྱི་ལུས་སྤངས་ཏེ་དཔེ་སྐར་མ་ལྟ་བུའི་བསྐལ་ པ་ལ་དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་ཅེས་བྱ་བར་འགྱུར་རོ་ལ་སོགས་པའོ། །གང་གཱའི་ལྷ་མོའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པ་ནི། འདི་ཡི་ཡུལ་དང་སྦྱོར་བ་དང་། །དགྲ་རྣམས་ལས་ནི་འདས་པ་དང་། །མི་གནས་ཇི་བཞིན་ཤུགས་དང་ནི། །ཐུན་ མོང་མ་ཡིན་མཚན་ཉིད་དང་། །མ་ཆགས་པ་དང་མི་དམིགས་དང་། །མཚན་མ་སྨོན་ལམ་ཟད་པ་དང་། །དེ་ཡི་རྟགས་དང་ཚད་མེད་དང་། །ཐབས་ལ་མཁས་པ་རྣམ་པ་བཅུ། །ཞེས་པ་ལ། ཡུལ་དང་སྦྱོར་བའི་ཐབས་ལ་མཁས་པ་ནི་སྟོང་པ་ཉིད་ལ་འདྲིས་པར་བྱའི་མངོན་དུ་ནི་མི་བྱའོ། །སངས་རྒྱས་ ཀྱི་ཆོས་མ་འདྲེས་པའི་བར་རོ། །གཟུགས་ལ་སོགས་པ་སྟོང་པར་ཤེས་པར་བྱ་བའི་དུས་ཡིན་གྱི་མངོན་དུ་བྱ་བ་ནི་མ་ཡིན་ནོ། །དགྲ་རྣམས་ལས་འདས་པའི་ཐབས་ལ་མཁས་པ་ནི་སྐྱེས་བུ་དཔའ་བ་ཞིག་གིས་འབྲོག་དགོན་པར་གཉེན་འདུན་མང་པོ་ཁྲིད་དེ་དགྲའི་ཚོགས་པས་ཀྱང་དཔའ་བ་མང་པོ་སྤྲུལ་ནས་བདེ་ བར་ཁྱིམ་དུ་འོང་བའི་དཔེས་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་ལོ། །གནས་པ་མེད་པའི་ཐབས་ལ་མཁས་པའི་དཔེས་ནི་བྱ་ནམ་མཁའ་ལ་འཕུར་ནས་དེར་ཡང་མི་གནས་ས་ལ་ཡང་མི་ལྟུང་བའི་དཔེས། མཚན་མ་ལ་ཡང་མི་སྤྱོད་མཚན་མ་མེད་པ་མངོན་དུ་ཡང་མི་བྱེད་དོ། །དགེ་བའི་རྩ་བ་ཤུགས་ འཕེལ་བའི་དཔེ་མདའ་བརྒྱུད་མར་ལོང་བཏགས་པས་ས་ལ་ལྟུང་བའི་སྐབས་མི་འབྱེད་པའི་དཔེས་ཚོགས་མ་རྫོགས་པར་སྟོང་ཉིད་དམ་པ་ཐོབ་པར་མི་བྱེད་དོ། །ཐུན་མོང་མ་ཡིན་པར་ཐབས་ལ་མཁས་པ་ནི་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པ་ལ་སྐྱོ་དུབ་མེད་པར་སེམས་ཅན་འདི་དག་ནི་བྱེད་པའི་སྐྱེས་བུ་བཅུ་གཉིས་ ལ་འདུ་ཤེས་ཅན་ཏེ། དེ་སྤང་བའི་ཕྱིར་རྣམ་ཐར་སྒོ་གསུམ་སྟོན་པའོ། །མ་ཆགས་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་པས་དེ་སྤང་བའི་ཕྱིར་རྣམ་ཐར་སྒོ་གསུམ་མོ། །མི་དམིགས་པའི་ཐབས་ལ་མཁས་པ་ནི་གཟུགས་ནས་སངས་རྒྱས་ཀྱི་ཆོས་མ་ འདྲེས་པའི་བར་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ་ཆོས་སྟོན་པའོ། །མཚན་མ་མེད་པའི་ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་པ་སྟེ། བུད་མེད་དང་སྐྱེས་པ་དང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་མཚན་མ་ལ་སྤྱོད་པ་སྤོང་བའོ། །སྨོན་པ་མེད་པའི་ ཐབས་ལ་མཁས་པ་ནི་སེམས་ཅན་འདི་དག་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་པ་སྟེ། བརྒྱ་བྱིན་ལ་མངོན་པར་དགའ་བ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མངོན་པར་དགའ་བའི་སྨོན་ལམ་གྱི་ཉེས་པ་སྤང་བའི་ཕྱིར་སྨོན་པ་མེད་པའི་ཆོས་སྟོན་པའོ། །ཚད་མེད་པའི་ཐབས་ལ་ མཁས་པ་ནི་སྙིང་རྗེའི་དབང་གིས་ཇི་སྐད་དུ་དྲིས་པའི་ལན་སྟོན་པའོ། །རྣམ་ཐར་སྒོ་གསུམ་གྱི་ཐབས་ལ་མཁས་པའི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།སྦྱོར་ལམ་གྱི་རྩེ་མོ་ལ་བཞི་ལས་རྟགས་དང་རྣམ་པར་འཕེལ་བ་ལ་སོགས་པ་བཞིས་སྟོན། རྟགས་ནི། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་པ་ལ། རྨི་ལམ་ལྟ་བུར་མཐོང་བའི་རྟགས་ནི་རྨི་ལམ་གྱི་གནས་སྐབས་ན་ཆོས་ཐམས་ཅད་རྨི་ལམ་ནས། སྤྲུལ་པའི་བར་ལྟ་བུར་མཐོང་བའོ། །འདོད་པ་ཟད་པའི་རྟགས་ནི་ཁམས་གསུམ་དང་ཉན་རང་གི་བྱང་ཆུབ་ རྨི་ལམ་ན་ཡང་མི་འདོད་པའོ། །དེ་བཞིན་གཤེགས་པ་མཐོང་བ་ནི་སངས་རྒྱས་འཁོར་མང་པོས་བསྐོར་བ་མཐོང་བའོ། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་མཐོང་བ་ནི་ནམ་མཁའ་ལ་འཕགས་ཤིང་སྤྲུལ་པ་འགྱེད་པ་མཐོང་བའོ། །ཆོས་སྟོན་པ་མཐོང་བ་ནི་གྲོང་ལ་སོགས་པ་བཅོམ་པ་མཐོང་ནས་རྨི་ ལམ་མམ་སད་པ་ནའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་སྙམ་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི་རྨི་ལམ་མམ་སད་པ་ན་ངན་སོང་གསུམ་མཐོང་ན་དེ་ལྟ་བུའི་མིང་ཡང་མེད་པར་བྱ་བའི་ཕྱིར་བརྩོན་པའོ། །བདེན་པའི་ཚིག་གྲུབ་པ་ནི་གྲོང་ཁྱེར་ཚིག་པ་མཐོང་ན་དེ་ལ་བདེན་པ་བརྗོད་པའོ། །མཐུ་ ཕུན་སུམ་ཚོགས་པའི་རྟགས་ནི་སྐྱེས་པ་དང་བུད་མེད་མི་མ་ཡིན་པས་ཟིན་པ་མཐོང་ན་བདེན་པ་བརྗོད་པའོ། །མངོན་པའི་ང་རྒྱལ་མེད་པའི་རྟགས་ལ་གསུམ་ལས། ཡོན་ཏན་གྱི་གཞི་ལས་བྱུང་བ་དང་། མིང་གི་གཞི་ལས་བྱུང་བ་དང་། དབེན་པའི་གཞི་ལས་བྱུང་བའི་བདུད་ཀྱི་ཕྱེ་འཐོར་ལས་ང་རྒྱལ་མི་སྐྱེ་ བའོ། །ཕ་རོལ་གནོན་པའི་དགེ་བའི་བཤེས་གཉེན་བསྟེན་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་ནི་སྟོན་པའོ། །སྒྲོན་མ་བློ་ཤེས་པ་ཤེས་རབ་བོ། །དེས་བསྟན་པའི་ཤེས་རབ་ཕ་རོལ་ཕྱིན་པའི་རྟགས་ནི་ཤེས་ རབ་ཕ་རོལ་ཕྱིན་པ་ལ་མཚན་ཉིད་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་སྤྱི་དང་རང་གི་མཚན་ཉིད་མེད་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བའི་རྟགས་ནི་བདག་ཏུ་འཛིན་པས་འཁོར་ཞིང་འཁྱམས་པས་བདག་མེད་པ་ནི་རྣམ་པར་བྱང་བ་དེ་རྫོགས་པའི་བྱང་ཆུབ་དང་ཉེ་བའོ། །རྣམ་པར་འཕེལ་བ་ནི། འཛམ་ བུའི་གླིང་གི་སྐྱེ་བོ་སྙེད། །སངས་རྒྱས་མཆོད་པའི་དགེ་བ་སོགས། །དཔེར་མཛད་ནས་ནི་རྣམ་མང་དུ། །རྣམ་འཕེལ་བཅུ་དྲུག་བདག་ཉིད་དོ། །ཞེས་པས་འཛམ་བུའི་གླིང་གི་སྐྱེ་བོ་ལ་སོགས་པ་མཆོད་པས་དགེ་བའི་རྩ་བ་འཕེལ་བ་ནི་སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པ་ཐམས་ཅད་སྔ་ཕྱི་མེད་པར་ མིའི་ལུས་ཐོབ་པར་གྱུར་ཏེ། སངས་རྒྱས་པ་དེ་དག་ལ་རིམ་གྲོ་བྱས་པ་དང་། དེ་དག་དགེ་བ་བཅུ་ནས་དགྲ་བཅོམ་པའི་བར་ལ་བཀོད་པ་བས། རིགས་ཀྱི་བུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་ལ་སོགས་པ་བྱས་ན་བསོད་ནམས་མང་དུ་འཕེལ་ལོ། །དེ་ཅིས་ན་ཐམས་ཅད་ཀྱི་སྦྱིན་པའི་ གནས་སུ་འགྱུར། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པར་ཟ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་པ་ནི་ནོར་བུ་རིན་པོ་ཆེ་རྙེད་ནས་བོར་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་དཔེས་ཡུམ་ཡིད་ལ་བྱེད་པ་མི་དོར་བའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ནི་རབ་འབྱོར་གྱིས་གསོལ་པ། གཟུགས་ ནས་རྣམ་མཁྱེན་གྱི་བར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་རྣམས་ཀྱི་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། དེ་མ་ཡིན་པ་གཞན་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཀའ་སྩལ་པ་དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གང་ སྤྱོད་པ་དང་གང་གིས་སྤྱོད་པ་དེ་མཐོང་སྙམ་ན། གསོལ་པ། མ་མཐོང་ལགས་སོ། །མ་མཐོང་བ་དེ་ཉིད་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །བྱང་ཆུབ་པར་བྱེད་པ་དང་། བྱང་ཆུབ་པར་བྱ་བ་མི་དམིགས་པ་ནི་གང་གིས་བྱང་ཆུབ་པར་བྱ་བ་ལ་སོགས་པ་ཡང་དག་པར་རྗེས་སུ་མ་མཐོང་བའོ། །རྣམ་པར་ རྟོག་པ་སྤང་བའི་ལེའུ་སྟེ་ཞེ་དྲུག་པའོ།། །།དགེ་བ་བཅུ་ལ་སོགས་པ་ཟིལ་གྱིས་གནོན་པའི་སྟོང་གསུམ་གྱི་སེམས་ཅན་རྣམས་དགེ་བ་བཅུ་ཚད་མེད་པ་བཞི། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་བཀོད་པ་བས། རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ཁྱད་པར་དུ་འཕགས་པའོ། ། ལྷའི་རིགས་ཐམས་ཅད་འོང་བ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པའི་དྲུང་དུ་ལྷའི་བུ་རྣམས་ཉེ་བར་འོང་བའོ། །བདུད་ཀྱི་བར་ཆད་ཡོང་བའི་གང་ཟག་བཅུ་གཉིས་ནི། མ་མོས་པ་དང་། ཐེ་ཚོམ་ཟ་བ་དང་། དགེ་བཤེས་དང་བྲལ་བ་དང་། ཡུམ་མ་ཡིན་པ་ལ་སློབ་པ་ དང་། ཡུམ་མ་ཡིན་པ་ལ་བསྔགས་པ་དང་། ཟབ་མོའི་གཏིང་མི་རྟོགས་ཟེར་བ་དང་། རང་ལ་བསྟོད་པ་དང་། གཞན་ལ་བརྙས་པ་དང་། མིང་རུས་ཀྱིས་དྲེགས་པ་དང་། ཉན་ཐོས་བརྙེས་པ་དང་། མགོ་འགྲེ་བ་དང་། བྱང་ཆུབ་སེམས་དཔའ་ནང་རྩོད་པ་དང་། ཞིང་ཁྱད་པར་ཅན་ལ་རྩོད་པའོ། །མཐུ་བཅོམ་པ་ནི་ རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ལ་བདུད་ཟུག་རྔུ་ལངས་ནས་བར་ཆོད་བྱས་ཀྱང་མི་ཚུགས་པའོ། །སྟོན་པ་དང་མཚུངས་པ་ནི་རིགས་ཀྱི་བུ་ཡུམ་འཛིན་པ་ལ་སོགས་པ་ལ་ནི་སྟོན་པ་དང་མཚུངས་པར་ལྟ་སྟེ་གྲུ་གཅིག་ཏུ་ཞུགས་པ། བསླབ་པ་མཉམ་པའོ། །སྤྱོད་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །། བསླབ་པ་མཉམ་པ་ནི་སྟོང་པ་བཅོ་བརྒྱད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པའོ། །དེ་ལ་རབ་འབྱོར་གྱིས་སྨྲས་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ཟད་པ་དང་མི་སྐྱེ་བ་དང་སྟོང་པ་དང་རང་བཞིན་མེད་པར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་པའི་ལན་ཟད་པ་དང་མི་སྐྱེ་ བ་དང་དབེན་པ་དང་ངོ་བོ་ཉིད་མེད་པ་ལ་སློབ་ན་ཡུམ་ལ་སློབ་པ་ལགས་སམ་ཟེར་བ་དེ་ཁྱོད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་དེ་བཞིན་ཉིད་ལ་ཟད་པ་དང་མི་སྐྱེ་བ་དང་སྟོང་པ་དང་རང་བཞིན་མེད་པ་དང་དབེན་པའི་རང་བཞིན་མཐོང་ངམ་དྲིས་པས་མ་མཐོང་ལགས་སོ། །སངས་རྒྱས་ཀྱི་རིགས་ཅན་དུ་འགྱུར་ བ་ནི་དེ་ལྟར་སློབ་པ་དེ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །སངས་རྒྱས་ཐོབ་པའི་རྒྱུ་མཚན་ནི་མཁར་གྱི་རྒྱལ་པོ་བས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལས་བསགས་པ་ཉུང་བའི་དཔེས་ཡུམ་ལ་སློབ་པ་དཀའོ། །ཕ་རོལ་ཏུ་ཕྱིན་པ་དང་མི་མཐུན་པའི་ སེམས་མི་སྐྱེ་བ་ནི་དེ་ལྟར་སྤྱོད་པ་ལ་ནི་སེར་སྣ་ལ་སོགས་པ་མི་འབྱུང་ངོ་། །གཟུགས་ལ་སོགས་པ་མི་འཛིན་པ་ནི་ཡུམ་ལ་སྤྱོད་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཡོངས་སུ་མི་འཛིན་ཏོ། །དགེ་བ་ཐམས་ཅད་སྡུད་པ་ནི་འཇིག་ཚོགས་ཀྱི་ལྟ་བར་ལྟ་བ་ཐམས་ཅད་འདུས་པས་རྗེས་འགྲོ་དང་། སྲོག་གི་དབང་པོ་ འགགས་ན་དབང་པོ་གཞན་འགགས་པས་ལྡོག་པའི་དཔེས་ཡུམ་དུ་དགེ་བ་ཐམས་ཅད་འདུས་པའོ། །ཕུན་སུམ་ཚོགས་པ་ཐོབ་པ་ནི་ཡུམ་ཡོད་ན་དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པའོ། །རྫོགས་པའི་བྱང་ཆུབ་དང་ཉེ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་རང་ལ་རྫོགས་པའི་བྱང་ཆུབ་དང་ཉེ་ བའོ། །བསླབ་པ་མཉམ་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།ངེས་པ་ནི། སེམས་ཅན་དོན་ཡོངས་མི་གཏོང་བ། །ཀུན་མཁྱེན་ཉིད་གསུམ་ཆོས་རྣམས་ཀྱིས། །ཡོངས་སུ་རྫོགས་པ་བླ་མེད་པ། །ངེས་པ་ཞེས་ནི་རབ་ཏུ་བརྗོད། །ཅེས་པ་ནི་བརྒྱ་བྱིན་འདི་སྙམ་དུ་སེམས་པར་གྱུར་ཏེ། ཕ་ རོལ་ཏུ་ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཐོབ་པས་ཀྱང་དག་པ་གཞན་ཟིལ་གྱིས་གནོན་ན། བླ་ན་མེད་པའི་བྱང་ཆུབ་ལྟ་ཅི་སྨོས། སེམས་ཅན་གང་བླ་ན་མེད་པའི་བྱང་ཆུབ་ལ་མོས་ཤིང་དམིགས་པ་ལས། སངས་རྒྱས་ཀྱི་ཆོས་རྣམ་པ་ཐམས་ཅད་མཁྱེན་པའི་ཆོས་རང་འབྱུང་གི་ཆོས་ཟག་པ་མེད་པའི་ ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག །སེམས་ཀུན་དུ་གནས་པ་ནི། གླིང་བཞི་པ་དང་སྟོང་དག་དང་། །སྟོང་གཉིས་གསུམ་དག་དཔེར་བྱས་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །ཏིང་འཛིན་ཡོངས་སུ་བསྒྲག་པ་ཡིན། །ཞེས་པ་ནི་སེམས་དང་པོ་བསྐྱེད་པ་དང་། སྤྱོད་པ་ཡུན་རིང་པོ་སྦྱངས་པའི་ སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་ནི་ཚད་གཟུང་བར་མི་ནུས་ཀྱི། སྟོང་གསུམ་གྱི་རྡུལ་ཕྲ་རབ་དེ་རྣམས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་སྐྲའི་ཉག་མ་རེ་རེས་བླངས་ནས་ཚད་གཟུང་བར་ཡང་མི་ནུས་སོ། །གཟུང་རྟོག་གི་མདོར་བསྟན་ནི། འཇུག་པ་དང་ནི་ལྡོག་པ་དང་། །གཟུང་བའི་རྣམ་རྟོག་སོ་སོར་དེ། །དགུ་ཡི་བདག་ཉིད་ ཇི་བཞིན་ཡུལ། །མིན་པའི་བདག་ཉིད་དག་ཅེས་བྱ། །ཞེས་པ་ལ། འཇུག་ལྡོག་གི་རྣམ་རྟོག་གི་དབྱེ་བའོ། །ཡུལ་ཇི་ལྟ་བ་མ་ཡིན་པ་ནི་ཕྱིན་ཅི་ལོག་སྟེ། རྣམ་རྟོག་གི་ངོ་བོའོ། །འཛིན་རྟོག་མདོར་བསྟན་པ་ནི། སེམས་ཅན་རྫས་དང་བཏགས་ཡོད་པ། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །སོ་སོའི་སྐྱེ་བོ་འཕགས་ དབྱེ་བས། །སོ་སོར་དེ་དག་དགུ་བདག་ཉིད། །གལ་ཏེ་གཟུང་དོན་དེ་བཞིན་མེད། །དེ་དག་གང་གིས་འཛིན་པར་འདོད། །ཅེས་པ་ལ། སོ་སོའི་སྐྱེ་བོའི་རྣམ་རྟོག་རྫས་སུ་འདོད་པ་དང་། འཕགས་པའི་རྣམ་རྟོག་བཏགས་པ་གཉིས་ནི་དབྱེ་བའོ། །གཟུང་བ་མེད་པར་འཛིན་པ་ནི། །ཕྱིན་ཅི་ལོག་སྟེ་རྣམ་རྟོག་གོ། ། དེ་རེ་རེ་ལའང་དགུ་དགུའོ། །འཇུག་པའི་ཕྱོགས་ཀྱི་རྣམ་རྟོག་རྒྱས་བཤད་ནི། ངོ་བོ་ཉིད་དང་རིགས་དང་ནི། །ལམ་ནི་ཡང་དག་འགྲུབ་པ་དང་། །ཤེས་པའི་དམིགས་པ་མ་འཁྲུལ་དང་། །མི་མཐུན་ཕྱོགས་དང་གཉེན་པོ་དང་། །རང་གིས་རྟོགས་དང་བྱེད་པ་དང་། །དེ་ཡི་ལས་བྱས་ འབྲས་བུ་ལ། །འཇུག་པའི་ཕྱོགས་ཀྱི་རྟེན་ཅན་གྱི། །རྣམ་རྟོག་དེར་ནི་རྣམ་དགུར་འདོད། །ཅེས་པ་ནི་ངོ་བོ་ཉིད་ཀྱི་རྣམ་རྟོག་ནི་རབ་འབྱོར་གྱིས་སྨྲས་པ། སྒྱུ་མ་ལྟ་བུའི་སེམས་ཇི་ལྟར་འཚང་རྒྱ་ལགས་ཀྱི་ལན་ཁྱོད་ཀྱིས་སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་དང་། དེ་ལས་གཞན་པ་ཡང་དག་པར་རྗེས་སུ་མཐོང་ངམ། རབ་ འབྱོར་གྱིས་གསོལ་པ་མ་མཐོང་ལགས། དེ་ཅིས་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་མེད་ཅིང་མི་དམིགས་པས་སངས་རྒྱ་བ་མ་མཆིས་སོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ཤིན་ཏུ་དབེན་པའོ། །རིགས་ལ་རྣམ་པར་རྟོག་པ་ནི་ནམ་མཁའ་དང་སྤྲུལ་པ་དང་གཟུགས་བརྙན་ དང་འཁྲུལ་འཁོར་ལ་ཉེ་རིང་མེད་པའི་དཔེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ནི་ཉན་རང་དང་རིང་ལ། རྫོགས་པའི་བྱང་ཆུབ་དང་ཉེའོ་སྙམ་དུ་མི་སེམས་སོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྣམ་པར་མི་རྟོག་པས་སོ། །ལམ་འགྲུབ་པ་ལ་མི་རྟོག་པ་ནི་རབ་འབྱོར་གྱིས་གསོལ་པ། ཆོས་ ཐམས་ཅད་རྣམ་པར་མི་རྟོག་ན་འགྲོ་བ་རིགས་དྲུག་རྒྱུན་ཞུགས་ལ་སོགས་པའི་འཕགས་པ་ཇི་ལྟར་བྱུང་བ་ལག་པ་ཞེས་པའི་ལན་རིགས་དྲུག་ནི་འཁྲུལ་པ་ལས་བྱུང་ལ། རྒྱུན་ཞུགས་ལ་སོགས་པ་ནི་རྣམ་པར་མི་རྟོག་པ་ལས་ཡིན་ནོ། །ལེའུ་བཞི་བཅུ་དགུ་པའོ།། །།ཤེས་པའི་དམིགས་པ་མ་ འཁྲུལ་བའི་རྟོག་པ་ནི་ཤཱ་རིའི་བུས་སྨྲས་པ། རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་སྙིང་པོ་ལ་སྤྱོད་པ་ལགས་སོ། །རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་ལ་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ དུ་སྙིང་པོ་ལ་སྤྱོད་པ་ལྟ་ཅི་སྨོས། མི་མཐུན་པའི་གཉེན་པོའི་རྣམ་རྟོག་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་ཀྱང་། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ནི་དཀའ་བ་བྱེད་པའོ། །རང་གི་རྟོག་པའི་རྣམ་རྟོག་ནི་རབ་འབྱོར་གྱིས་སྨྲས་པ། ཡུམ་ལ་སྤྱོད་ཀྱང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་ པ་ནི་དཀའ་སྟེ། དེ་བས་ཀྱང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་དགོད་པར་འདོད་པ་ནི་དཀའོ། །དེ་ཅིས་ན་ནམ་མཁའ་མེད་པ་དང་སྟོང་པ་དང་དབེན་པ་དང་གསོག་དང་གསོབ་བཞིན་དུ་སེམས་ཅན་མེད་པའི་དོན་བྱེད་པ་ནི་ནམ་མཁའ་དང་རྩོད་པར་འདོད་པ་ནམ་མཁའ་འདུལ་བར་འདོད་པའོ། ། དེ་ཅིས་ན་ཆོས་ཐམས་ཅད་དབེན་པའི་ཕྱིར་རོ། །དེ་ལྟར་རྟོགས་པའི་ཕན་ཡོན་དྲུག་ནི་ལྷ་རྣམས་ཕྱག་འཚལ་བ་དང་། སངས་རྒྱས་དགོངས་པ་དང་། བདུད་ཀྱི་བར་ཆད་ཀྱིས་མི་ཚུགས་པ་དང་། ལྷའི་བུ་སྤྲོ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པ་ཆེད་དུ་བརྗོད་པ་མཛད་པ་དང་། དེ་བཞིན་ཉིད་ལ་གནས་ཤིང་ བྱང་ཆུབ་པའོ། །བྱེད་པའི་རྣམ་རྟོག་ནི་དེ་བཞིན་ཉིད་ཀྱང་མེད་དེ་དེ་ལས་གཞན་པ་མེད་ན། དེ་བཞིན་ཉིད་ལ་གནས་ནས་སངས་རྒྱས་ནས་ཆོས་བསྟན་ནས་ལུང་སྟོན་པ་གང་ཡང་མེད་དོ། །ཆགས་པ་མེད་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།ལས་སུ་བྱ་བའི་རྣམ་རྟོག་ནི་རབ་འབྱོར་ནི་ཅི་དང་ཅི་སྟོན་པ་དེ་ ཐམས་ཅད་སྟོང་པ་ཉིད་ལས་བརྩམས་ཤིང་ཆོས་སྟོན་པས་ན། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་ཡང་མེད་ན་སྦྱིན་པ་ལ་སོགས་པ་ལ་སྤྱོད་པ་ལྟ་ཅི་སྨོས། འབྲས་བུའི་རྣམ་པར་རྟོག་པ་ནི་འཕགས་པ་རབ་འབྱོར་གྱིས་གནས་པ་དེས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཆར་ཡང་མི་ཕོད་དོ། །དེ་ལ་དགེ་ སློང་བརྒྱ་དྲུག་ཅུ་ཙམ་མཆོད་པ་ཕུལ་ནས་ལུང་བསྟན་པའོ། །བྱང་ཆུབ་སེམས་དཔའི་མཐོང་ལམ་དངོས་ལ་དྲུག་སྟེ། བྱང་ཆུབ་ཀྱི་རྒྱུ་དང་། གཞན་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། བྱང་ཆུབ་ཡིན་པ་དང་། རྟེན་འབྲེལ་རང་བཞིན་མེད་པ་ལ་ཟད་པ་དང་མི་སྐྱེ་བ་མེད་པ་དང་། ཡོད་པར་འདོད་པ་ ལ་བྱང་ཆུབ་མེད་པ་དང་། འཁྲུལ་པ་ལ་འཁྲུལ་པར་ངོ་ཤེས་པ་ཡུམ་དང་ཡུམ་ཡོད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའོ། །བྱང་ཆུབ་ཀྱི་རྒྱུ་གསུམ་ནི། བྱང་ཆུབ་ལ་གཞན་སྟོན་པ་དང་། །དེ་ཡི་རྒྱུ་ནི་ཡོངས་གཏོད་དང་། །དེ་འཐོབ་བར་ཆད་མེད་པའི་རྒྱུ། །བསོད་ནམས་མང་པོའི་མཚན་ཉིད་དོ། །བྱང་ ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་དེ། སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་གྱི་གནས་དང་། མིའི་ནང་ནས་ཚེ་འཕོས་པའོ། །དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསྐྱེད་པའོ། །སངས་རྒྱས་མངོན་དུ་གྱུར་པའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་སྤྱད་པས་ཐེག་པ་འོག་མར་མི་ལྟུང་པའོ། ། ཡོངས་སུ་གཏད་པ་ནི་ཀུན་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཁྱོད་ལ་གཏད་ཀྱི་ཆུད་མ་གསན་པར་ཟུང་ཤིག །འདི་བཟུང་ན་དུས་གསུམ་གྱི་བྱང་ཆུབ་གཟུང་བར་འགྱུར་རོ། །ང་སྟོན་པ་ཡིན་པ་བཞིན་དུ་འདི་ཡང་སྟོན་པ་ཡིན་ནོ། །འདི་ལ་མཆོད་པ་ལ་སོགས་ པ་བྱས་ན་དུས་གསུམ་གྱི་སངས་རྒྱས་དང་ང་ལ་མཆོད་པ་བྱས་པ་ཡིན་ནོ། །དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལས་འབྱུང་བ་ཡིན་ནོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་སྤྱད་ཀྱང་ཟད་པར་མ་གྱུར་པ་མཛོད་ཡིན་ནོ། །བསོད་ནམས་མང་བ་ནི་སྟོང་གསུམ་གྱི་སེམས་ཅན་དགྲ་བཅོམ་ པ་ཉིད་ལ་བཀོད་པ་བས་ཡུམ་ཚིག་འགའ་ཞིག་སྐད་ཅིག་གམ་ཡུད་ཙམ་བྱང་ཆུབ་སེམས་དཔའ་ལ་བྱིན་ན་བསོད་ནམས་ཆེའོ། །གང་ཡང་མཐོང་བ་མེད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་མཐོང་བ་ནི་མཐོང་ལམ་བརྡས་བསྟན་པའོ། །ཟད་པ་ཤེས་པ་དང་མི་སྐྱེ་བ་ཤེས་པ་ནི། དྲི་མ་ཟད་དང་མི་སྐྱེ་བའི། །ཡེ་ཤེས་ བྱང་ཆུབ་ཅེས་བརྗོད་དེ། །ཟད་མེད་སྐྱེ་མེད་ཕྱིར་དེ་དག །གོ་རིམས་བཞིན་དུ་ཤེས་པར་བྱ། །ཞེས་པ་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཡུམ་ལས་བྱུང་ཡང་ཟད་པར་མ་གྱུར་ཏེ། བསམ་གཏན་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་ཅིས་ན་སྐྱེ་ བའང་མེད་ན་ཟད་པར་མི་འགྱུར་བ་ལྟ་ཅི་སྨོས། ཡོངས་སུ་གཏད་པའི་ལེའུ་སྟེ་ང་གཅིག་པའོ།། །།རྟེན་འབྲེལ་རང་བཞིན་མེད་པ་ལ་ཟད་པ་དང་སྐྱེ་བ་མི་འཐད་པ་ནི། འགོག་པ་མེད་པའི་རང་བཞིན་ལ། །མཐོང་ཞེས་བྱ་བའི་ལམ་གྱིས་ནི། །རྣམ་པར་རྟོག་རིགས་ཅི་ཞིག་ཟད། །སྐྱེ་མེད་རྣམ་པ་ཅི་ཞིག་ཐོབ། །ཅེས་པ་ནི་གཟུགས་ ནས་རྟེན་འབྲེལ་གྱི་བར་དུ་མི་ཟད་པ་དང་ཟད་མི་ཤེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཡོད་པར་འདོད་པ་ལ་གྲོལ་བ་མི་འཐད་པ་ནི། གཞན་གྱི་ཆོས་རྣམས་ཀྱང་ཡོད་ལ། །ཤེས་བྱ་ལ་ཡང་སྟོན་པ་ཡི། །སྒྲིབ་པ་ཟད་པར་བརྗོད་པ་གང་། །འདི་ལ་ཁོ་བོས་མཚར་དུ་བརྩིས། །ཤེས་ པ་ནི་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྐྱེ་བ་མེད་པ་དང་ཟད་པ་མེད་པ་མ་རྟོགས་པས་ཕྱིར་ལྡོག་པའོ། །འཁྲུལ་པ་མེད་པ་ལ་འཁྲུལ་པར་ངོ་ཤེས་པའི་ཡུམ་ནི། འདི་ལ་བསལ་བ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་ མཐོང་ན་རྣམ་པར་གྲོལ། །ཞེས་པས། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས། བྱེད་པའི་སྐྱེས་བུ་བཅུ་གཉིས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་པ་དང་མི་རྟག་པ། བདེ་བ་དང་སྡུག་བསྔལ། བདག་དང་བདག་མེད། ཞི་བ་དང་མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ཅིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་ཡང་དག་པར་རྗེས་སུ་མི་མཐོང་། །ཆོས་གང་གིས་མཐོང་བར་གྱུར་པ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མི་ཟད་པའི་ལེའུ་སྟེ་ལྔ་བཅུ་གཉིས་སོ།། །།ཡུམ་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པ་ནི། སྦྱིན་པ་ལ་སོགས་རེ་རེ་ལ། །དེ་དག་ཕན་ཚུན་ བསྡུས་པ་གང་། །སྐད་ཅིག་གཅིག་གིས་བཟོད་པ་ཡིས། །བསྡུས་པ་དེ་འདིར་མཐོང་བའི་ལམ། །ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་དྲུག་དྲུག་གོ། །སྐབས་འདིར་བསྒོམ་ལམ་གྱི་ཏིང་ངེ་འཛིན་ནི། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་ཞེས་པ་ལ་སོགས་སོ། །ཐོད་རྒལ་གྱི་ལེའུ་སྟེ་ལྔ་བཅུ་གསུམ་ པའོ།། །།ལེའུ་འདི་ནས་མཐོང་ལམ་གྱི་རྟོག་པ་དགུ་གསུམ་བསྒོམ་ལམ་གྱི་རྟོག་པ་དགུ་བཞི་སྟོན། དེ་ལ་མཐོང་ལམ་གྱི་ལྡོག་པའི་ཕྱོགས་ཀྱི་རྟོག་པ་ནི། སྲིད་དང་ཞི་བར་ལྟུང་ཕྱིར་དང་། །རྟོགས་པ་དམན་པ་ཉིད་དང་ནི། །ཡོངས་སུ་འཛིན་པ་མེད་པ་དང་། །ལམ་གྱི་རྣམ་པ་མ་ཚང་དང་། །གཞན་ གྱི་རྐྱེན་གྱིས་འགྲོ་བ་དང་། །ཆེད་དུ་བྱ་བ་ལོག་པ་དང་། །ཉི་ཚེ་བ་དང་སྣ་ཚོགས་ཉིད། །གནས་དང་འཇུག་ལ་རྨོངས་པ་དང་། །རྗེས་ལ་འགྲོ་ཞེས་བྱ་བ་ལ། །རྣམ་རྟོག་དགུ་ཡི་བདག་ཉིད་འདི། །ལྡོག་པའི་ཕྱོགས་ཀྱི་རྟེན་ཅན་དེ། །ཉན་ཐོས་ལ་སོགས་ཡིད་ལས་འབྱུང་། །ཞེས་པ་ལ། །སྲིད་དང་ཞི་ བར་མི་ལྟུང་བ་ནི་ཉི་མའི་དཀྱིལ་འཁོར་ནི་གླིང་བཞི་ལ་མཐུན་པར་འཇུག་གོའི་དཔེ་དང་། རྟོགས་པ་དམན་པ་ཉིད་ནི་རིན་པོ་ཆེ་སྣ་བདུན་དང་བྲལ་ན་འཁོར་ལོས་སྒྱུར་བའི་མིང་མི་ཐོབ་པའི་དཔེ་དང་། །ཡོངས་སུ་འཛིན་པ་མེད་པ་ནི་ཁྱིམ་ཐབ་མེད་པའི་བུད་མེད་འཕྱོན་མ་རྣམས་ཀྱིས་ཚོགས་པའི་དཔེ་དང་། ལམ་གྱི་རྣམ་པ་ མ་ཚང་བ་ནི་གོ་མཚོན་ཚང་བའི་དཔའ་བོ་གཞན་གྱིས་མི་ཐུབ་པའི་དཔེ་དང་། གཞན་གྱི་རྐྱེན་གྱིས་འགྲོ་བ་ནི་མཁར་གྱི་རྒྱལ་པོ་རྣམས་འཁོར་ལོས་སྒྱུར་བའི་དྲུང་དུ་ནང་ནུབ་འགྲོ་བའི་དཔེ་དང་། ཆེད་དུ་བྱ་བ་ལོག་པ་ནི་ཆུ་རྣམས་གང་གཱ་དང་འགྲོགས་ན་རྒྱ་མཚོ་ཆེན་པོ་རྡོལ་བའི་དཔེ་དང་། ཉི་ཚེ་བ་ནི་ཐབས་རྐྱང་པ་ ལག་པ་གཡོན་པ་དང་འདྲ་བའི་དཔེ་དང་། སྣ་ཚོགས་ཉིད་ནི་ཆུ་ཀླུང་རྣམས་རྒྱ་མཚོར་ཕྱིན་ན་རོ་གཅིག་ཏུ་འགྱུར་བའི་དཔེ་དང་། གནས་དང་འཇུག་ལ་རྨོངས་པ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྗེས་སུ་རིན་པོ་ཆེ་སྣ་བདུན་འབྲང་བའི་དཔེ་ཡུམ་གྱི་རྗེས་སུ་ཕ་རོལ་ཏུ་ཕྱིན་པ་ལྔ་འབྲང་བ་ནི་བྱང་ཆུབ་ སེམས་དཔའ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ། འཛིན་པ་དང་ནི་གཏོང་བ་དང་། ཡིད་ལ་བྱེད་དང་ཁམས་རྣམས་ནི། །གསུམ་ཆར་ཉེ་བར་འབྲེལ་པ་དང་། །གནས་དང་མངོན་པར་ཞེན་པ་དང་། །ཆོས་ཀྱི་དངོས་པོ་བཏགས་པ་དང་། ། ཆགས་པ་དང་ནི་གཉེན་པོ་དང་། །ཇི་ལྟར་འདོད་བཞིན་འགྲོ་ཉམས་ལ། །འཛིན་པ་དང་པོར་ཤེས་པར་བྱ། །ཞེས་པ་ལ། འཛིན་པ་དང་གཏོང་བའི་རྣམ་པར་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་མི་འཛིན་མི་གཏོང་ངོ་། །ཡིད་ལ་བྱེད་པའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིད་ལ་མི་བྱེད་དོ། ། ཁམས་གསུམ་དང་ཉེ་བར་འབྲེལ་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིད་ལ་བྱས་ན་ཁམས་གསུམ་དང་འབྲེལ་ལོ། །གནས་ཀྱི་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་སོ། །མངོན་པར་ཞེན་པའི་རྟོག་པ་ཆོས་དེ་རྣམས་ལ་མ་ཆགས་པའོ། །ཆོས་ ཀྱི་དངོས་པོ་བཏགས་པའི་རྟོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེས་ཆོས་ཐམས་ཅད་སྒྲུབ་པ་དང་། དེས་ཆོས་འཛིན་པར་མ་བཏགས་པའོ། །ཆགས་པའི་རྟོག་པ་ནི་དེ་ཚོའི་སྐྱོན་མེད་པའོ། །གཉེན་པོའི་རྟོག་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་གཟུགས་ཤེ་འམ། འདི་ནི་གཟུགས་སོ་ཞེ་འམ། རྟག་པ་དང་མི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བདག་ཡོད་མེད་དང་། ཞི་བ་དང་མ་ཞི་བ་དང་། སྟོང་པ་དང་མི་སྟོང་པ་དང་། མཚན་མ་ཡོད་པ་དང་མཚན་མ་མེད་པ་དང་། སྨོན་པ་ཡོད་མེད་དང་། དབེན་པ་དང་མི་དབེན་ཞེས་བྱ་བར་མི་རྟོག་སྟེ། ངོ་བོ་ཉིད་མེད་པའི་ཕྱིར་རོ། །རྟོག་པ་ནི་འཁོར་ལོས་ སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་ནི་གང་དང་གང་འགྲོ་བ་དེ་དང་དེར་དཔུང་ཚོགས་འགྲོ་བ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་རྗེས་སུ་འབྲང་ངོ་། །འཛིན་པའི་རྣམ་པར་རྟོག་པ་གཉིས་པ། ཆེད་བཞིན་ངེས་པར་མི་འབྱུང་དང་། །ལམ་ལ་ལམ་མིན་ངེས་འཛིན་དང་། །འགག་དང་བཅས་པའི་ སྐྱེ་བ་དང་། །དངོས་པོ་ལྡན་དང་མི་ལྡན་དང་། །གནས་དང་རིགས་ནི་འཇིག་པ་དང་། །དོན་དུ་གཉེར་དང་རྒྱུ་མེད་དང་། །ཕྱིར་རྒོལ་བ་ནི་དམིགས་པ་ལ། །འཛིན་པའི་རྣམ་རྟོག་གཞན་ཡིན་ནོ། །ཞེས་པ་ལ། ཆེད་བཞིན་དུ་ངེས་པར་མི་འབྱུང་བའི་རྟོག་པ་ནི་ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ཞོན་ ནས་ལམ་མཉམ་པ་ནས་འགྲོ་བའི་དཔེས་ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཁ་ལོ་བསྒྱུར་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ནས་འགྲོའོ། །ལམ་ལ་ལམ་མ་ཡིན་པར་ངེས་པ་འཛིན་པའི་རྟོག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་ རོལ་ཏུ་ཕྱིན་པ་ལྔ་ནི་ལམ་ལ། ཉན་རང་ནི་ལམ་མ་ཡིན་པའོ། །འགག་དང་བཅས་པའི་སྐྱེ་བ་ནི་ཆོས་ཐམས་ཅད་སྐྱེ་འགག་མེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆེད་དུ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་སྤྱོད་པའོ། །དངོས་པོ་དང་ལྡན་པ་དང་མི་ལྡན་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་ དང་མི་ལྡན་པའི་ཚུལ་གྱིས་ཡུམ་ལ་སྤྱོད་པའོ། །གནས་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་གནས་པའོ། །རིགས་འཇིག་པ་ནི་ཤིང་ཐོག་ཨ་མྲའམ་པ་ན་ཟ་བར་འདོད་པས་དེའི་སོ་ནམ་བྱེད་པའི་དཔེས་བྱང་ཆུབ་པར་འདོད་པས་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ། །དོན་དུ་གཉེར་བ་ནི་སེམས་ ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་འདོད་པའོ། །རྒྱུ་མེད་པ་ནི་རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའི་དཔེས་ཆོས་ཐམས་ཅད་ཀྱི་སྒོ་ཤེས་རབ་ཕ་རོལ་ཕྱིན་མའོ། །ཕྱིར་རྒོལ་བ་དམིགས་པའི་རྟོག་པ་ནི་སྐྱེས་བུ་གོ་མཚོན་ཚང་བ་ཕས་ཀྱི་རྒོལ་བས་མི་ཚུགས་པའི་དཔེས་ཕ་རོལ་ ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱིས་ཟིན་ན་གཞན་གྱིས་མི་འཕྲོགས་པའོ།། །།བསྒོམ་ལམ་གྱི་རྣམ་པར་རྟོག་པ་བཞི་ལས་དང་པོ་ནི། མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི། །བསྟང་བས་ཡོངས་སུ་མ་བཟུང་དང་། །དུས་གསུམ་ཡོན་ཏན་མེད་པ་དང་། །ལེགས་པའི་ལམ་ནི་རྣམ་གསུམ་ལ། ། གཟུང་བའི་རྣམ་རྟོག་འདི་གཅིག་སྟེ། །སྦྱོར་བ་རྣམས་ཀྱི་སྤྱོད་ཡུལ་ཅན། །ཞེས་པ་ལ། མདོར་བསྡུས་པ་དང་རྒྱས་པའི་རྣམ་པར་རྟོག་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཤེས་ནས་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །དེ་བཞིན་ཉིད་སྐྱེ་བ་མེད་འགག་པ་མེད། གནས་པ་མེད་འདུ་འབྲལ་ མེད་པ་ཤེས་པའོ། །འགྲེའོ། །བསྟང་བས་ཡོངས་སུ་མ་བཟུང་བ་ནི་རིགས་ཀྱི་བུ་ཡུམ་ལ་སྤྱོད་པ་ལ་སངས་རྒྱས་ཀྱི་དགོངས་པ་མཛད་དོ། །དུས་གསུམ་ཡོན་ཏན་མེད་པ་ནི་གཟུགས་ལ་སོགས་པ་སྟོང་ཞེས་བྱ་བ་ལ་སོགས་པའོ། །ལེགས་པའི་ལམ་ནི་རྣམ་གསུམ་ནི་དེ་ལྟར་ ཡུམ་ལ་སློབ། གནས། དེ་ལྟར་སྒོམ་པའོ། །གཟུང་རྟོག་གཉིས་པ་ནི། གཉིས་པ་སེམས་དང་སེམས་བྱུང་རྣམས། །འཇུག་པའི་ཡུལ་ཅན་ཡིད་བྱེད་དེ། །སེམས་མི་སྐྱེ་དང་བྱང་ཆུབ་ཀྱི། །སྙིང་པོ་ཡིད་ལ་མི་བྱེད་དང་། །ཐེག་པ་དམན་པ་ཡིད་བྱེད་དང་། །རྫོགས་པའི་བྱང་ཆུབ་ཡིད་མི་བྱེད། ། བསྒོམ་དང་སྒོམ་པ་མེད་པ་དང་། །དེ་དག་ལས་ནི་བཟློག་ཉིད་དང་། །ཇི་བཞིན་དོན་མིན་རྣམ་རྟོག་པ། །བསྒོམ་པའི་ལམ་ལ་ཤེས་པར་བྱ། །ཞེས་པ་ལ། སེམས་མི་བསྐྱེད་པ་ནི་སེམས་དང་པོ་བསྐྱེད་པ་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པ། ཐེག་པ་དམན་པ་ ཡིད་ལ་བྱེད་པ་ནི་ཉན་རང་གི་ཡིད་ལ་བྱེད་པ་དང་བྲལ། རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་བྲལ་བ། བསྒོམ་དང་སྒོམ་པ་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པས་བྱང་ཆུབ་མི་ཐོབ། ཇི་བཞིན་དོན་མ་ཡིན་པའི་རྟོག་པ་ནི་ཡིད་ལ་བྱེད་པ་མེད་པ་ བྱང་ཆུབ་ཐོབ་པའོ། །འཛིན་པའི་རྣམ་པར་རྟོག་པ་དང་པོ་ནི། །སེམས་ཅན་བཏགས་པའི་སྤྱོད་ཡུལ་དང་། །ཆོས་བཏགས་པ་དང་སྟོང་མིན་ཉིད། །ཆགས་དང་རབ་འབྱེད་བདག་ཉིད་དང་། །དངོས་པོར་བྱེད་དང་ཐེག་གསུམ་དང་། །ཡོན་ནི་དག་པ་མ་ཡིན་དང་། །སྤྱོད་པ་རྣམ་པར་འཁྲུག་པ་ལ། །འཛིན་ པར་བྱེད་པ་དང་པོ་སྟེ། །ཤེས་པར་བྱ་བ་བསྒྲགས་པ་ཡིན། །ཞེས་པ་ལ། སེམས་ཅན་བཏགས་པའི་སྤྱོད་ཡུལ་ནི་སེམས་ཅན་ལ་སོགས་པར་མ་བཏགས་པ་དང་། ཆོས་བཏགས་པ་དང་ནི་གཟུགས་ལ་སོགས་པ་ལ་འཕེལ་འགྲིབ་མེད་པར་ཆོས་སུ་མ་བཏགས་པ་དང་། སྟོང་པ་མ་ཡིན་པ་ཉིད་ནི་གཟུགས་ གཟུགས་ཀྱིས་སྟོང་ཞེས་པ་ལ་སོགས་པ་དང་། ཆགས་དང་ནི་ས་བཅུ་ལ་མ་ཆགས་པ་དང་། རབ་ཏུ་འབྱེད་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རབ་ཏུ་དབྱེ་བ་མེད་པ་དང་། དངོས་པོར་བྱེད་དང་ནི་སངས་རྒྱས་ནས་སེམས་ཅན་ཡོངས་སུ་སྨིན་པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དངོས་པོ་མེད་པ་དང་། ཐེག་པ་གསུམ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སངས་རྒྱས་ཀྱི་སྤྱན་ལྔས་ཀྱང་མ་གཟིགས་པ་དང་། ཡོན་དག་པ་མ་ཡིན་པ་ནི་སངས་རྒྱས་དང་དེའི་སྤྲུལ་པ་ལ་ཡོན་གནས་ཁྱད་མེད་པ་དང་། སྤྱོད་པ་རྣམ་པར་འཁྲུགས་པའི་རྟོག་པ་ནི་ཆོས་ཉིད་རྣམ་པར་མི་འཁྲུགས་པའོ། །འཛིན་པའི་རྣམ་པར་རྟོག་པ་ཐ་མ་ནི། ཐམས་ ཅད་མཁྱེན་ཉིད་གསུམ་དག་གི། །བདག་ཉིད་ཇི་བཞིན་སྒྲིབ་ལམ་གསུམ། །ཞི་ལམ་དེ་བཞིན་ཉིད་སོགས་དང་། །མཚུངས་པར་ལྡན་དང་མི་ལྡན་དང་། །མི་མཉམ་སྡུག་བསྔལ་ལ་སོགས་དང་། །ཉོན་མོངས་རྣམས་ཀྱི་རང་བཞིན་དང་། །གཉིས་སུ་མེད་ལ་ཀུན་རྨོངས་པ། །རྣམ་པར་རྟོག་པ་ཐ་མར་ བཞེད། །ཅེས་པ་ལ། ཐམས་ཅད་ཤེས་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་སྐྱེ་མེད་དུ་ཤེས་པ་དང་། ལམ་ཤེས་པ་ནི་ལམ་གསུམ་རྫོགས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཤེས་པ་དང་། སྒྲིབ་པ་རྣམ་གསུམ་ནི་འཕགས་པའི་གང་ཟག་ཉོན་མོངས་པའི་སྒྲིབ་པ་སྤངས་པ་ལ་ཁྱད་ མེད་བག་ལ་ཉལ་ལ་ཕྱེ་བའོ། །ཞི་ལམ་ནི་རྒྱུན་ཞུགས་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཀྱིས་ཐ་དད་ཀྱི་དོན་གྱི་རྗེས་སུ་ཞུགས་པ་ལ་དབྱེ་བ་མེད། དེ་བཞིན་ཉིད་སོགས་ནི་དེ་བཞིན་ཉིད་དང་ཆོས་ཉིད་ལ་སོགས་པ་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། མི་མཉམ་སྡུག་བསྔལ་ལ་སོགས་ནི་འཕགས་པའི་ བདེན་པ་བཞི་མཉམ་པ་ཉིད་དུ་ཤེས་པའོ། །ཉོན་མོངས་རྣམས་ཀྱི་རང་བཞིན་དུག་གསུམ་ནི་ཕན་པར་ཡང་མི་བྱེད་གནོད་པར་ཡང་མི་བྱེད་དོ། །གཉིས་སུ་མེད་ལ་ཀུན་རྨོངས་ནི། གཉིས་དང་གཉིས་མ་ཡིན་པས་བྱང་ཆུབ་མི་ཐོབ། དེའི་མཇུག་བསྡུ་བ་མགོན་པོས་གསུངས་པ་ནི། ཡམས་ནད་འདི་དག་ཟད་ནས་ནི། ། ཡུན་རིང་ལོན་ནས་དབུགས་ཕྱིན་ལྟར། །རྣམ་པ་ཀུན་ཏུ་འགྲོ་བ་ཡི། །བདེ་སྒྲུབ་ཡོན་ཏན་ཕུན་ཚོགས་ཀུན། །རྒྱ་མཚོ་ཆེ་ལ་ཆུ་བོ་བཞིན། །འབྲས་བུ་མཆོག་གིས་སྤ་བ་ཡིན། །ཞེས་པ་ནི་རྣམ་པར་རྟོག་པ་རིམས་ནད་དང་འདྲ་བ་ཟད་ནས་རྒྱ་མཚོ་ཆེན་པོ་ལ་ཆུ་བོ་བཞིས་བརྒྱན་པ་བཞིན་དུ་བདེ་བ་སྒྲུབ་པའི་ཡོན་ཏན་ ཕུན་སུམ་ཚོགས་པ་འབྱུང་ངོ་། །ཆོས་གཉིས་ཀྱི་ཞུ་བ་མང་པོའི་ལེའུ་སྟེ་ང་བཞི་པའོ།། །།ལེའུ་འདི་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་ཞུས་ལན་གསུམ། ལོག་སྒྲུབ་ཀྱི་གཞི་ལས། སེམས་དཔའ་ཆེན་པོ་དེ་ལ་ནི། །རྣམ་པ་ཀུན་དུ་རྟེན་པར་བྱེད། །ཅེས་པ་ལ། རབ་འབྱོར་གྱིས་གསོལ་པ། ཡུམ་ ཡང་ཟབ་བྱང་ཆུབ་ཏུ་སེམས་བསྐྱེད་པའང་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ལ་ཞིག་ནམ་མཁའ་གཞི་མ་མཆིས་པ་ལ་ལྗང་བུ་སྐྱེད་པར་འཚལ་བ་བཞིན་ནོ། །བཀའ་སྩལ་པ། སེམས་ཅན་མེད་པར་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་པ་ནི་དཀའ་བ་བགྱིད་པ་སྟེ། དཔེར་ན་སྐྱེས་བུ་ལ་ ལ་ཞིག་ལྗང་བུ་བསྐྱེད་པར་འདོད་ན། སྐྱེས་བུ་དེས་ལྗང་བུ་དེའི་རྩ་བ་ལ་སོགས་པ་མ་དམིགས་པར་འདབ་མ་དང་འབྲས་བུ་ལ་ལོངས་སྤྱོད་པར་བྱེད་པ་བཞིན་དུ་སེམས་ཅན་རྣམས་ངན་སོང་གསུམ་ལས་བཏོན་ནས་མངོན་མཐོ་དང་ངེས་ལེགས་ལ་སོགས་པ་ལ་འགོད་པ་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་རྟོགས་པས་དེ་བཞིན་ གཤེགས་པར་བརྗོད་དོ། །བསོད་ནམས་ཀྱི་ཁྱད་པར་ནི། སྟོང་གསུམ་སྐྱེ་བོ་ཉན་ཐོས་དང་། །བསེ་རུའི་རྟོགས་པ་ཕུན་ཚོགས་དང་། །བྱང་ཆུབ་སེམས་དཔའི་སྐྱོན་མེད་ལ། །བཀོད་པའི་དགེ་བ་སྤེལ་མཛད་ནས། །བསོད་ནམས་མང་པོ་ཉིད་ཀྱིས་ནི། །སངས་རྒྱས་ཉིད་ཀྱི་བར་མེད་དེ། །བར་ཆད་མེད་པའི་ཏིང་ངེ་ འཛིན། །འདི་ནི་རྣམ་པ་ཀུན་མཁྱེན་ཉིད། །ཅེས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་སེམས་ཅན་ཐམས་ཅད་འཕགས་པ་ཉན་རང་ལ་བཀོད་པ་བས། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའི་དགེ་བ་ཁྱད་པར་དུ་འཕགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ལ་བར་གཞན་གྱིས་མ་ཆོད་པའི་ཕྱིར་ རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེད་པའི་རྣམ་པ་ཐམས་ཅད་མཁྱེན་པ་ནི། འདི་ཡི་དམིགས་པ་དངོས་མེད་དེ། །བདག་པོ་དྲན་པ་ཡིན་པར་བཞེད། །རྣམ་པ་ཞི་ཉིད་འདི་ལ་ནི། །རབ་ཏུ་སྨྲ་རྣམས་བརྒྱུད་མར་རྒོལ། །ཞེས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ནི་དངོས་པོ་ མེད་པ། བདག་པོ་ནི་དྲན་པ། རྣམ་པ་ནི་ཞི་བ། རབ་ཏུ་སྨྲ་བ་རྒོལ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དངོས་པོ་མེད་ན་འདི་ལྟར་མི་འཐད་དོ་ཞེས་ནས་རྒོལ་བ་ནི། དམིགས་པ་འཐད་དང་དེ་ཡི་ནི། །ངོ་བོ་ཉིད་ངེས་གཟུང་བ་དང་། །རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་དང་། །དམ་པའི་དོན་དང་ཀུན་རྫོབ་དང་། །སྦྱོར་དང་ དཀོན་མཆོག་གསུམ་པོ་དང་། །ཐབས་བཅས་ཐུབ་པའི་རྟོགས་པ་དང་། །ཕྱིན་ཅི་ལོག་ནི་ལམ་བཅས་དང་། །གཉེན་པོ་མི་མཐུན་ཕྱོགས་དག་དང་། །མཚན་ཉིད་དང་ནི་བསྒོམ་པ་ལ། །སྨྲ་བ་རྣམས་ཀྱི་ལོག་རྟོགས་པ། །རྣམ་པ་ཀུན་མཁྱེན་ཉིད་བརྟེན་ནས། །རྣམ་པ་བཅུ་དྲུག་དག་ཏུ་བཞེད། །ཅེས་པ་ལ། དམིགས་པ་ནི་རབ་འབྱོར་གྱིས་སྨྲས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་མེད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མ་མཆིས་པ་ལགས་སམ་གྱི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་དམིགས་པ་མེད་པ་དེ་ཉིད་དམིགས་པའོ། །ངོ་བོ་ཉིད་ངེས་པ་ནི་རབ་འབྱོར་གྱིས་གསོལ་ པ། །ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་སེམས་དང་པོ་བསྐྱེད་པ་ཐབས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་གྱི་སེམས་ཅན་ཡོངས་སུ་སྨིན་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་དངོས་པོ་མེད་པ་དེ་ཉིད་ཀྱི་ཕྱིར་སེམས་ཅན་ཡོངས་སུ་ སྨིན་པར་བྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ་ནི་ངོ་བོ་ཉིད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་མི་འཐད་ཞུས་པའི་ལན། ཡུམ་ལ་སྤྱོད་པའི་ཚེ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཀྱང་མི་རྟོག་མཚན་མར་མི་བྱེད་པ་དེ་དངོས་པོ་ཡོད་ པའམ་དངོས་པོ་མེད་པ་ཡིད་ལ་མི་བྱེད་པ་དེ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །ཆོས་ཐམས་ཅད་དངོས་པོ་མེད་ན་བདེན་པ་གཉིས་མི་འཐད་དོ་ཞུས་པའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཀུན་རྫོབ་དེ་ཀ་དངོས་པོ་མེད་པ་ནི་དོན་དམ་མོ། །ཡང་དག་པར་བསྟན་པའི་ལེའུ་སྟེ་ལྔ་བཅུ་ ལྔ་པའོ།། །།གསོལ་པ། བྱང་ཆུབ་ཀྱི་སྤྱོད་པ་གང་ལགས། བཀའ་སྩལ་པ། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ཞེས་བྱ་བར་སྤྱོད་དེ། ཅི་ནས་བློ་རྣམ་པ་གཉིས་སུ་མི་འགྱུར་བ་ནི་སྦྱོར་བའོ། །ཆོས་ཐམས་ཅད་དངོས་པོ་མེད་པ་ལ་སངས་རྒྱས་མི་འཐད་དོ་ཞུས་པའི་ལན། ཆོས་ཐམས་ཅད་ དངོས་པོ་མེད་པར་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ། །ཆོས་དཀོན་མཆོག་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་འགག་དང་འཁོར་འདས་མ་མཆིས་པར་འགྱུར་རོ་ཞུས་པའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་སྐྱེ་འགག་མེད་པ་ལ་སོགས་པ་དེ་ཉིད་ཆོས་ཡིན། དེ་ཅིས་ ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་ལ་སྤྱོད་པས་ན་དགེ་བའི་རྩ་བ་མི་འཕེལ་བ་ལ་གཉིས་འཛིན་མེད་པ་ནི་ཆོས་སོ། །དགེ་འདུན་ནི་དགེ་བའི་བཤེས་གཉེན་གྱིས་གསུངས་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་རྟོགས་ནས་བསྙེན་བཀུར་བའོ། །དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བའི་ ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།ཐབས་བཅས་ནི་སྦྱིན་པས་སེམས་ཅན་རྣམས་སེར་སྣ་ལས་ཟློག་པའོ། །སྦྱིན་པའི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།ཚུལ་ཁྲིམས་ཀྱིས་སེམས་ཅན་རྣམས་མི་དགེ་བ་ལས་ཟློག་པའོ། །ཕ་རོལ་ཏུ་ཕྱིན་པ་བཞིས་སེམས་ ཅན་གྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་བཞི་ལ་སྤྱོད་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཐབས་ཀྱི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།ཐུབ་པའི་རྟོགས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་མེད་པའི་ངོ་བོ་ཉིད་ལས་མི་གཡོ་བས་དངོས་པོ་དང་དངོས་པོ་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ ཡིན་པ་བཞིས་བྱང་ཆུབ་མི་ཐོབ་པར་སྤྲོས་པ་མེད་པ་ནི་ཐུབ་པའི་རྟོགས་པའོ། །ཕྱིན་ཅི་ལོག་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བ་ལ་སོགས་པ་སྤྲོས་པ་ཡིན་པས་དེ་ཚོ་ནི་བྱང་ཆུབ་སེམས་དཔའ་མི་སྤྲོའོ། །དེ་ཅིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་ སྤྲོར་མེད་པ་སྟེ་དངོས་པོ་མེད་པའི་ཕྱིར་རོ། །ལམ་བཅས་ནི་ཆོས་ཐམས་ཅད་དངོས་པོ་མེད་ན་རྒྱུན་ཞུགས་ལ་སོགས་པ་འཕགས་པའི་གང་ཟག་རྣམས་ཇི་ལྟར་མཆིས་པ་ལགས་ཀྱི་ལན། ཆོས་ཉིད་བརྩན་པར་བྱས་ནས་རྒྱུན་ཞུགས་ལ་སོགས་པའི་ལམ་དངོས་པོ་མེད་པ་སྟེ། བྱང་ཆུབ་ ཀྱི་ཕྱོགས་ལ་བསླབ་པར་བྱའོ། །གཉེན་པོ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ལ་ཇི་ལྟར་བསླབ་པར་བགྱིའི་ལན། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་འདུལ་བ་འདི་ལ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ལ་སོགས་པར་ཤེས་པ་ནི་བྱང་ཆུབ་ཀྱི་ ཕྱོགས་སོ། །མི་མཐུན་པའི་ཕྱོགས་ནི་འཕགས་པའི་ཆོས་འདུལ་བ་ཞེས་བགྱི་བ་གང་ལགས་ཀྱི་ལན། འཕགས་པའི་གང་ཟག་རྣམས་ལ་ཉོན་མོངས་པ་རྣམས་དང་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ནི་འཕགས་པའི་ཆོས་འདུལ་བའོ། ། མཚན་ཉིད་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་མ་མཆིས་པར་འགྱུར་རོའི་ལན། མཚན་ཉིད་མེད་པར་ཤེས་པ་དེ་ཉིད་ཡུམ་ལ་སྤྱོད་པའི་མཚན་ཉིད་དེ། སྔར་མཚན་ཉིད་གཅིག་མེད་པ་ཡོད་པར་འགྱུར་བ་མེད་དོ། །སྒོམ་པ་ནི་ཆོས་ཐམས་ཅད་ མཚན་ཉིད་མ་མཆིས་དངོས་པོ་མ་མཆིས་ན་སྒོམ་པ་མ་མཆིས་པར་འགྱུར་རོའི་ལན། སྒོམ་པ་མ་མཆིས་པ་དེ་ཉིད་སྒོམ་པ་ཡིན་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་མི་སྒོམ་པ་རྣམ་པར་སྒོམ་པའོ། །ཇི་ལྟར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་དངོས་པོ་ཡོད་ཅེས་བྱ་བར་ མི་སྒོམ་མོ། །དངོས་པོ་གང་ཞེ་ན། མིག་དང་གཟུགས་ནས་སངས་རྒྱས་དང་བྱང་ཆུབ་ཀྱི་བར་གཉིས་ནི་དངོས་པོའོ། །དངོས་པོའི་འདུ་ཤེས་ཅན་ལ་སྦྱིན་པ་ལ་སོགས་པ་མེད་དོ། །ཐ་ན་མཐུན་པའི་བཟོད་པ་ཡང་མེད་ན་གཟུགས་ལ་སོགས་པ་ཡོངས་སུ་ཤེས་པ་ལྟ་ཅི་སྨོས། རྣམ་ འཕེལ་གྱི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།མཐར་གྱིས་པ་ནི། སྦྱིན་པ་ཤེས་རབ་བར་དག་དང་། །སངས་རྒྱས་ལ་སོགས་དྲན་དང་ཆོས། །དངོས་མེད་ངོ་བོ་ཉིད་ཀྱིས་དེ། །མཐར་གྱིས་པ་ཡི་བྱ་བར་བཞེད། །ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་མི་མཉམ་པ་དང་མཉམ་པའི་ཕུང་པོ་ ལྔ་རིམ་གྱིས་སློབ་པའོ། །རྗེས་སུ་དྲན་པ་དྲུག་ནི་སངས་རྒྱས་ལ་ཕུང་པོ་ལྔ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། ཆོས་དགེ་མི་དགེ་ལ་སོགས་པར་ཡིད་ལ་མི་བྱེད་པ་དང་། དགེ་འདུན་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་དུ་ཡིད་ལ་མི་བྱེད་པ་དང་། ཚུལ་ཁྲིམས་ལུས་ངག་ཡིད་གསུམ་དུ་ཡིད་ ལ་མི་བྱེད་པ་དང་། གཏོང་བ་ལོངས་སྤྱོད་ལ་སོགས་པར་ཡིད་ལ་མི་བྱེད་པའོ། །ལྷ་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་ཀྱི་ལྷར་ཡིད་ལ་མི་བྱེད་པའོ། །དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་རྗེས་སུ་དྲན་པ་དྲུག་གོ། །ཆོས་ཐམས་ཅད་དངོས་པོ་མེད་པར་ཡིད་ལ་མི་བྱེད་པ་དང་བཅུ་ གསུམ་མོ། །མཐར་གྱིས་པའི་ལེའུ་སྟེ་དྲུག་ཅུ་པའོ།། །།སྐད་ཅིག་མའི་བཞི་ལས། དངོས་པོ་མེད་པའི་སྐད་ཅིག་མ་ནི། སྦྱིན་པ་ལ་སོགས་རེ་རེ་ཡིས། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་དེ་ནི་ཤེས་པར་བྱ། །ཞེས་པ་ནི་ཆོས་ ཐམས་ཅད་དངོས་པོ་མེད་པ་ལ་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའོ། །དཔེ་ནི་མགོན་པོས། ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོགས་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་ཅིག་ཅར་འགུལ་བ་ལྟར། །སྐད་ཅིག་ཅིག་ཤོས་དེ་བཞིན་ནོ། །དམིགས་ པ་མེད་པའི་སྐད་ཅིག་ནི། གང་ཚེ་ཆོས་དཀར་ཐམས་ཅད་ཀྱི། །རང་བཞིན་ཤེས་རབ་ཕ་རོལ་ཕྱིན། །རྣམ་སྨིན་ཆོས་ཉིད་གནས་སྐབས་སྐྱེས། །དེ་ཚེ་སྐད་ཅིག་གཅིག་ཤེས་བྱ། །ཞེས་པ་ནི་ཆོས་ཐམས་ཅད་མཚན་མ་མེད་པ་བྱེད་པ་མེད་པ་དམིགས་པ་མེད་པར་ཕ་ རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱེད་པའོ། །མཚན་མ་མེད་པའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།མཚན་ཉིད་མེད་པའི་སྐད་ཅིག་མ་ནི། །སྦྱིན་ལ་སོགས་ལ་སྤྱོད་པ་ཡིས། །ཆོས་ཀུན་རྨི་ལམ་འདྲར་གནས་ནས། །ཆོས་ཀུན་མཚན་ཉིད་མེད་པར་ནི། །སྐད་ཅིག་མ་ནི་གཅིག་ གིས་རྟོགས། །ཞེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི་རྨི་ལམ་ལ་སོགས་པ་ལ་མཚན་ཉིད་མེད་དོ། །གཉིས་སུ་མེད་པའི་སྐད་ཅིག་མ་ནི། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་ མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པར་ནི། །སྐད་ཅིག་མ་ནི་གཅིག་གིས་མཐོང་། །ཞེས་པ་ནི་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟ་བུའི་ཉེར་ལེན་གྱི་ཕུང་པོ་ལྔ་ལ་གནས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་ནི་མི་མཐོང་རྨི་ལམ་རྨི་བ་པོ་མི་མཐོང་ཞེས་པ་ལ་སོགས་པས་བསྟན། ངོ་བོ་ཉིད་ཀྱི་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། །ཟག་མེད་ཆོས་ཀུན་རྣམ་ཀུན་དུ། །རྣམ་པར་དག་འགྱུར་གང་དག་ཡིན། །དེ་དག་རང་གི་མཚན་ཉིད་ཅན། །ཞེས་པ་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་མ་བཅོས་པའི་ཕྱིར་ངོ་བོ་ཉིད་ཀྱི་སྐུའོ། ། མཚན་ཉིད་མེད་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།ལེའུ་འདི་ནས་འགྲོ་རྣམས་ཞི་བ་དང་། བསྡུ་བའི་དངོས་པོ་བཞི་སྟོན་པ་ནི་ཞུས་ལན་དྲུག །ཕྱོགས་བསྐོར་བདུན། བསྡུ་བའི་དངོས་པོ་བཞི་སྟེ་བཞི་བཅུ་སྟོན་པ་ལས། འགྲོ་རྣམས་ཞི་བའི་ལས་དང་ནི། །བསྡུ་རྣམས་ བཞི་ལ་འགོད་པ་དང་། །ཀུན་ནས་ཉོན་མོངས་བཅས་པ་ཡིས། །རྣམ་པར་བྱང་བ་རྟོགས་པ་དང་། །བདག་ཉིད་ཇི་བཞིན་སེམས་ཅན་གྱི། །དོན་དང་ཕ་རོལ་ཕྱིན་དྲུག་དང་། །སངས་རྒྱས་ལམ་དང་རང་བཞིན་གྱིས། །སྟོང་པ་ཉིད་དང་གཉིས་ཟད་དང་། །བརྡ་དང་དམིགས་པ་མེད་ པ་དང་། །ལུས་ཅན་རྣམས་ནི་ཡོངས་སྨིན་དང་། །བྱང་ཆུབ་སེམས་དཔའི་ལམ་དང་ནི། །མངོན་པར་ཞེན་པ་བཀག་པ་དང་། །བྱང་ཆུབ་ཐོབ་དང་སངས་རྒྱས་ཞིང་། །རྣམ་པར་དག་དང་ངེས་པ་དང་། །སེམས་ཅན་དོན་ནི་ཚད་མེད་དང་། །སངས་རྒྱས་བསྟེན་སོགས་ཡོན་ཏན་དང་། །བྱང་ཆུབ་ ཡན་ལག་ལས་རྣམས་ནི། །ཆུད་མི་ཟ་དང་བདེན་མཐོང་དང་། །ཕྱིན་ཅི་ལོག་ནི་སྤོངས་པ་དང་། །དེ་བཞིན་མེད་པའི་ཚུལ་དང་ནི། །རྣམ་པར་བྱང་དང་ཚོགས་དང་ནི། །འདུས་བྱས་དང་ནི་འདུས་མ་བྱས། །ཐ་དད་ཉིད་དུ་མི་མཐོང་དང་། །མྱ་ངན་འདས་ལ་འགོད་པ་ནི། །ཆོས་ཀྱི་སྐུ་ཡི་ ཕྲིན་ལས་ཏེ། །རྣམ་པ་ཉི་ཤུ་བདུན་དུ་འདོད། །ཅེས་པ་ལས། དང་པོ་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དངོས་པོ་མ་མཆིས་པ་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སེམས་བསྐྱེད་ནས་སེམས་ཅན་གྱི་དོན་མི་འཐད་དོ་ཞུས་པའི་ལན། ཆོས་ཐམས་ཅད་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིན་ཡང་། བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁྲུལ་ནས། རྨི་ལམ་མཐོང་ངོ་རྨི་ལམ་རྨི་བ་པོ་ཡང་མཐོང་ངོ་ལ་སོགས་ཏེ། དགེ་མི་དགེའི་ལས་ཀྱིས་འགྲོ་དྲུག་གི་སྣང་བ་ཤར་བས་བྱང་ཆུབ་སེམས་དཔའ་དོན་མཛད་དོ། །གཉིས་པ་རབ་འབྱོར་གྱིས་སྨྲས་ པ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སེམས་ཅན་གྱི་དོན་མཛད་པ་ནི་ངོ་མཚར་ལགས་སོ། །བཀའ་སྩལ་པ། ཆོས་ཐམས་ཅད་རང་བཞིན་མེད་པ་ལ་སེམས་བསྐྱེད་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་གྱི་དོན་མཛད་པ་ནི་ངོ་མཚར་རྨད་ཀྱི་ཆོས་སོ། །གསུམ་པ་རབ་འབྱོར་གྱིས་ གསོལ་པ། ཉན་རང་ལ་མ་མཆིས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ། །ཕྱོགས་བསྐོར་བདུན་ནི། ངས་སངས་རྒྱས་ཀྱི་སྤྱན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གཟིགས་ན། བྱང་ཆུབ་སེམས་དཔའ་ རྣམས་ཆེད་དུ་བསམས་ནས་ཕྱོགས་བཅུའི་དམྱལ་བ། ཕྱོགས་བཅུའི་དུད་འགྲོ། ཕྱོགས་བཅུའི་ཡི་དགས། ཕྱོགས་བཅུའི་འདོད་ལྷ། ཕྱོགས་བཅུའི་གཟུགས་ཁམས་ཀྱི་ལྷ། ཕྱོགས་བཅུའི་མི་རྣམས་ཀྱི་དོན་བྱེད་པ་མཐོང་ངོ་། །བསྡུ་བ་བཞི་ནི་ཟང་ཟིང་གི་སྦྱིན་པ་དང་། ཆོས་ ཀྱི་སྦྱིན་པ་དྲན་པ་ཉེ་བར་གཞག་པ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་གྱི་ཆོས་སྐུ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་ལོངས་སྐུ་དང་། ཡི་གེས་ཡི་གེ་མེད་པའི་དོན་རྟོགས་པར་གྱིས་ཤིག་ཅེས་པ་ཡན་ཆོད་ཆོས་ཀྱི་སྦྱིན་ པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་པ་ནི་སྙན་པར་སྨྲ་བ་དང་། དེ་དྲུག་གི་དོན་ལ་དོན་སྤྱོད་པ་ནི་དོན་སྤྱོད་པ་དང་། དེ་དྲུག་དང་མི་འགལ་བ་ནི་དོན་མཐུན་པའོ། །སྤྲུལ་པའི་སྐུའི་ཞུས་ལན་གསུམ་ནི་རབ་འབྱོར་གྱིས་གསོལ་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན། བྱང་ཆུབ་སེམས་ དཔས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་རྣམ་མཁྱེན་གྱི་བར་ལ་སྤྱད་དེ། སེམས་ཅན་ལ་ཆོས་སྟོན་པ་ལགས། སྟོང་པ་ལ་ནི་སེམས་ཅན་མ་མཆིས། སེམས་ཅན་མ་མཆིས་པས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་མཆིས་ལགས་སོ་ཞུས་པའི་ལན། སེམས་ཅན་མེད་པས་སྟོང་པ་བཅོ་ བརྒྱད་དུ་རིག་པར་བྱའོ། །གཟུགས་ནས་རྣམ་མཁྱེན་གྱི་བར་དུ་བདག་ཉིད་ཀྱིས་སྟོང་པ་རིག་ནས་གཞན་ལ་སྟོང་པ་ཉིད་དུ་སྟོན་ཏེ། དཔེར་ན། སངས་རྒྱས་ཀྱི་སྤྲུལ་པས་སྤྲུལ་པ་མང་པོ་སྤྲུལ་ཏེ། ལ་ལ་སྦྱིན་པ་ནས་ལ་ལ་རྣམ་མཁྱེན་གྱི་བར་ལ་བཀོད་ན་གང་ཡང་བཀོད་པ་ཡོད་སྙམ་མམ། དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་བཅིངས་མ་གྲོལ། མ་བཅིངས་མ་གྲོལ་བ་གང་ཡིན་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་མ་ཡིན་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་རོ། །དེ་ལྟར་ཤེས་ན་ཆོས་ཀྱི་དབྱིངས་ལ་འགལ་ བ་མེད་དོ། །གནོད་པ་མེད་དོ། །ཞུས་ལན་གཉིས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་དེ་བཞིན་ཉིད་ཀྱང་གཞན། ཡང་དག་པའི་མཐའ་ཡང་གཞན་མ་ཡིན་ན། ལས་རྒྱུ་འབྲས་མི་འཐད་དེ། ཆོས་ཀྱི་དབྱིངས་ལ་རྣམ་པར་དག་པ་མ་མཆིས་པའི་སླད་དུའོ་ཞེས་ པ་ལ། བཀའ་སྩལ་པ། ལས་རྒྱུ་འབྲས་ཀུན་རྫོབ་ཏུ་གསུངས་ཀྱི། དོན་དམ་པར་མ་ཡིན་ནོ། །ཞུས་ལན་གསུམ་པ་བསྒོམས་པ་དང་མ་བསྒོམས་པས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འཕགས་པའི་གང་ཟག་ཆར་ཕྱེ་ནས་བསྟན་པ་མ་ཡིན་ན། ཀུན་སྦྱོར་གསུམ་སྤངས་པའི་ཕྱིར་རྒྱུན་ཞུགས་ ཐོབ་པོ་ཞེས་བྱ་བ་ལ་སོགས་པ་ཇི་ལྟར་རྟོགས་པར་བགྱི་ཞུས་པའི་ལན། རྒྱུན་དུ་ཞུགས་པ་ལ་སོགས་པ་འདུས་བྱས་དང་འདུས་མ་བྱས་མཚན་ཉིད་མེད་པར་ཁོང་དུ་ཆུད་པའི་ཚེ། བདག་ཉིད་དགེ་བའི་ལམ་ལ་སྤྱོད་ཅིང་གཞན་མ་ལ་འགོད་པའི་དཔེ་ནི་སྤྲུལ་པ་དེ་དགེ་བ་སྤྱོད་ཀྱང་དེའི་རོ་མྱང་བ་ནི་ མེད་དོ། །མཚན་དཔེའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།ལེའུ་འདི་ནས་ཀུན་ནས་ཉོན་མོངས་པས་རྣམ་པར་བྱང་བ་རྟོགས་པ་དང་། བདག་ཉིད་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་འགོད་པའི་ཕྲིན་ལས་དང་གཉིས་ལས། དང་པོ་ལ་གསུམ་ནི། རབ་འབྱོར་ གྱིས་གསོལ་པ། ཇི་ལྟར་ཆོས་རྣམས་མཚན་ཉིད་མེད་པར་རྟོགས་ལགས། ལན་སྤྲུལ་པ་ནི་ཉོན་མོངས་པ་དམིགས་པ་བཅུ་གཅིག་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་པ་མེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པ་གང་ལ་ཡང་མི་སྤྱོད་ན་ཆོས་ཀྱི་ཚུལ་རྟོགས་པ་ཡིན་ནོ། ། གཉིས་པ་གསོལ་པ། ཕུང་པོ་ལྔ་སྤྲུལ་པ་ལྟ་བུ་ལགས་ན། སྤྲུལ་པ་ལ་ནི་ཕུང་པོ་ལྔ་ཀུན་ནས་ཉོན་མོངས་རྣམ་པར་བྱང་བ་འགྲོ་བ་ལྔ་མ་མཆིས་ན་ཇི་ལྟར་བྱང་ཆུབ་སེམས་དཔའི་མཐུར་འགྱུར་ལགས། ལན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱོད་པའི་ཚེ། འགྲོ་བ་ལྔ་ལ་སོགས་པ་ལ་དམིགས་ ཏེ། སྤྲུལ་པ་ལྟ་བུར་ཤེས་སོ། །མཐོང་ངོ་། །རྟོགས་སོ། །གསོལ་པ་སྤྲུལ་པ་ལྟ་བུར་རྟོགས་ལགས་ན་གང་གི་དོན་དུ་བྱང་ཆུབ་སེམས་དཔའ་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཅིང་སངས་རྒྱས་ཀྱི་ཞིང་དག་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལགས། ལན་གལ་ཏེ་སེམས་ཅན་རྣམས་ རང་རང་གིས་སྤྲུལ་པ་ལྟ་བུར་མ་ཤེས་པའི་དོན་དུ་སེམས་ཅན་རྣམས་ཀྱི་དོན་མཛད་དོ། །གསུམ་པ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ལ་སོགས་པ་ལགས་ན་སེམས་ཅན་རྣམས་ཅི་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཡུམ་ལ་སྤྱོད་ཅིང་སེམས་ཅན་རྣམས་གྱེན་དུ་བསྐྱོད་པ་ལགས། ལན་སེམས་ ཅན་རྣམས་ནི་མིང་དང་མཚན་མ་མེད་པ་ལ་ཞེན་པ་ལགས། དེའི་ལོག་རྟོགས་འགེགས་པའོ། །བདག་ཉིད་ཇི་བཞིན་སེམས་ཅན་གྱི་དོན་བྱེད་པ་ལ་གཉིས་ལས་དང་པོ་གསོལ་པ། ཆོས་ཐམས་ཅད་མིང་དང་མཚན་མར་བས་ལ། ཆོས་སུ་རྟོགས་པ་ལས་བྱུང་བ་ལགས་ན་བྱང་ཆུབ་སེམས་དཔའ་ ཡུམ་ལ་སྤྱོད་པའི་ཚེ། བདག་གཞན་དགེ་ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལགས། ལན་ཐལ་བ་ནི་གལ་ཏེ་དངོས་པོའམ་དངོས་པོའི་མཚན་མ་གཅིག་ཡོད་ན་ནི། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། བདག་གཞན་དགེ་བ་ ལ་སྤྱོད་ཅིང་སེམས་ཅན་རྣམས་ཐེག་པ་གསུམ་ལ་གཞོལ་བ་ལ་སྦྱོར་བར་མི་འགྱུར་བར་ཐལ་བ་ལས། ལྡོག་པ་དངོས་པོ་དང་དངོས་པོའི་མཚན་མ་མེད་པས་ན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པའི་ཚུལ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ནས་སངས་རྒྱས་ཀྱི་ཆོས་མ་ འདྲེས་པའི་བར་རང་རྫོགས་པར་བྱས་ནས་གཞན་དགེ་བ་ལ་སྦྱོར་ཏེ། གལ་ཏེ་ཆུང་ངུ་ན་སྐྲའི་རྩེ་མོ་ཆ་ཤས་བཞག་པ་ཙམ་ཅིག་ཡོད་ཀྱང་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། མཚན་མ་མེད་པ་དྲན་པ་མེད་པ་ཡིད་ལ་བྱེད་པ་མེད་པར་སངས་རྒྱ་བར་མི་འགྱུར་ཏེ། སེམས་ཅན་རྣམས་ ཀྱང་འཇོག་པར་མི་འགྱུར་བར་ཐལ་བ་ལས། དེ་ལས་ཟློག་པའི་ཕྱིར་རོ། །གསོལ་པ་ཆོས་ཐམས་ཅད་མཚན་མ་མ་མཆིས་པ་ལ་སོགས་པ་ལགས་ན། འདི་དག་ནི་དམིགས་པ་བཅུ་གཅིག་འཕགས་པའི་གང་ཟག་གོ་ཞེས་ཇི་ལྟར་འབྲང་བར་བགྱིའི་ལན། མཚན་མ་མེད་པ་ལ་ཡང་གཞན་ ལ་ཆོས་དེ་རྣམས་ཀྱང་གཞན་ཞིག་ཡིན་སྙམ་མམ། གསོལ་པ་དེ་ལྟ་མ་ལགས་སོ། །མཚན་མ་མེད་པ་ཉིད་རྒྱུན་དུ་ཞུགས་པ་ལ་སོགས་པ་ཡིན་ནམ། གསོལ་པ་དེ་མ་ལགས་སོ། །རྣམ་གྲངས་དེས་ན་ཆོས་ཐམས་ཅད་མཚན་མ་མེད་པར་རིག་པར་བྱ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ནས་ རྣམ་མཁྱེན་གྱི་བར་དུ་དགེ་བའི་རྩ་བ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། །བྱང་ཆུབ་སེམས་དཔའ་ནི་རྣམ་ཐར་སྒོ་གསུམ་ལ་སྤྱོད་པས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་སློབ་པ་ཡིན་ནོ། །ཞུས་ལན་གཉིས་པ། ཕན་ཚུན་ཐ་དད་པའི་ཆོས་དེ་དག་ལ་བསླབས་ན་ཆོས་ཀྱི་དབྱིངས་ རྣམ་པར་དཀྲུག་པར་མི་འགྱུར་རམ། ལན་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མེད་པས། དམིགས་པ་བཅུ་གཅིག་ལ་སོགས་པ་ཆོས་ཐམས་ཅད་དབྱེར་མེད་པའི་ཚུལ་གྱིས་ཆོས་ཀྱི་དབྱིངས་ལ་བསླབ་པར་བྱའོ། །གསོལ་པ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ ན། བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པས། ཇི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མེད་པ་ལ་བསླབ་པར་བགྱི། ཐ་དད་མེད་པ་ལ་ཐ་དད་དུ་བསླབས་ན་ཕྱིན་ཅི་ལོག་ཏུ་མི་འགྱུར་རམ། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན། ཆོས་ཀྱི་དབྱིངས་ ཀྱང་གཞན་མ་ལགས་སོ། །དེའི་ལན་གཟུགས་དང་རྣམ་མཁྱེན་གྱི་བར་ཡང་གཞན་མ་ཡིན་པས་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་ལས་མ་གཏོགས་པའི་ཆོས་གང་ཡང་མ་མཐོང་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤེས་ནས་མིང་མེད་པ་ལ་མིང་གི་བརྡས་ སྟོན་ཏེ་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ་ཞེས་བྱ་བར་སྟོན་ཏོ། །དཔེར་ན་སྒྱུ་མ་མཁན་གྱིས་རྫས་ཀྱི་རྣམ་པ་གྱི་ན་ཞིག་ལ་བརྟེན་ཏེ་གཟུགས་ཀྱི་བྱེ་བྲག་སྣ་ཚོགས་གླང་པོ་ནས་སངས་རྒྱས་ཀྱི་སྐུའི་ཡན་ལག་རྫོགས་པའི་བར་དུ་བསྟན་ན། དེ་ལ་སེམས་ཅན་བྱིས་པའི་ངང་ཚུལ་ཅན་དག་ དེ་ལ་ངོ་མཚར་དུ་འཛིན། སྐྱེས་བུ་མཁས་ཤིང་གསལ་བ་མགོ་སྐོར་དུ་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཀྱི་དབྱིངས་སུ་མ་གཏོགས་པའི་ཆོས་གང་ཡང་མ་མཐོང་ཡང་། ཐབས་ལ་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཀྱང་། སེམས་ཅན་མི་དམིགས་ པར་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་དུ་བདག་ཀྱང་སྤྱོད་གཞན་ཡང་སྤྱོད་དུ་འཇུག་ཆོས་ཀྱི་དབྱིངས་དུས་གསུམ་དུ་འགྱུར་བ་མེད་པ་སེམས་ཅན་རྣམས་ལ་སྟོན་ཏོ། །མཉམ་པ་ཉིད་ཀྱི་ལེའུ་སྟེ་རེ་བཞི་པའོ།། །།ལེའུ་འདི་ནས་ཕྲིན་ལས་ལྔ་ལས། དང་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཞུས་པ། སེམས་ཅན་དང་སེམས་ཅན་དུ་གདགས་པ་དམིགས་སུ་མ་མཆིས་ན་སུའི་དོན་དུ་བྱང་ཆུབ་སེམས་དཔའ་ཡུམ་སྒོམ་པ་ལགས། ལན་ཐབས་ལ་མཁས་པས་སེམས་ཅན་རྣམས་ལ་ཡང་དག་པའི་མཐའ་ལ་འགོད་པའི་ཐབས་ལ་མཁས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སེམས་ཅན་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་ཅིང་དྲུག་པོ་དེ་ཉིད་རང་བཞིན་གྱིས་སྟོང་ཞིང་མི་དམིགས་པའོ། །སངས་རྒྱས་ཀྱི་ལམ་གྱི་མཛད་པ་ནི་དགེ་བ་བཅུ་ནས་རྣམ་མཁྱེན་གྱི་བར་ལ་བདག་ཉིད་གནས་ཤིང་སེམས་ཅན་གཞན་འགོད་ དོ། །རང་བཞིན་གྱིས་སྟོང་པ་ཉིད་ཀྱི་མཛད་པ་ལ་ཞུས་ལན་གཉིས་ལས། དང་པོ་ནི་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་དང་ཆོས་དང་ཆོས་མ་ཡིན་པ་ཡང་མ་དམིགས་ན། བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ཐམས་ཅད་མཁྱེན་ པ་ཉིད་ཀྱི་དོན་དུ་འཇུག་ལ། ལན་དེ་དེ་བཞིན་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཆོས་དེ་རྣམས་མ་དམིགས་སོ། །གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཞིག་མ་ཡིན་ན་ནི། བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནས་ཏེ་སངས་ རྒྱས་ནས་རང་བཞིན་སྟོང་པ་ཉིད་དུ་མི་སྟོན་ཏེ། རབ་འབྱོར་གྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་ནི་རང་བཞིན་གྱིས་སྟོང་ངོ་། །དེ་བས་ན་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་གྱིས་སྟོང་པ་ཞེས་བྱ་བར་ཆོས་སྟོན་ཏོ། །རང་བཞིན་གྱིས་སྟོང་པ་ཞེས་བྱ་བའི་གོ་བ་ནི་ འཇིག་པར་མི་འགྱུར། ཕྱིས་མེད་པར་འགྲོ་བ་མ་ཡིན། འཕེལ་འགྲིབ་མེད། སྐྱེ་འགག་མེད། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མེད་དེ་ཡུལ་ན་མི་གནས་ཕྱོགས་ན་མི་གནས་པ་འགྲོ་འོང་མེད་པ་དེ་ལ་གནས་ནས་བླ་ན་མེད་པའི་བྱང་ཆུབ་ལ་འཇུག་པ་མེད་པའི་ཚུལ་གྱིས་ འཇུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་མཐོང་ནས། སྒྲིབ་པའི་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རང་བཞིན་སྟོང་པ་ཉིད་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ནས་དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་མི་དམིགས་ན། བླ་ན་མེད་པའི་བྱང་ཆུབ་ལ་དངོས་པོར་ཐེ་ ཚོམ་ལྟ་ག་ལ་འོང་། དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་འཁོར་རྣམ་པ་བཞི་ལ་ཆོས་བསྟན་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པ་ཐོབ་པ་མེད་པ་བཞིན་དུ་ཕྱིན་ཅི་ལོག་གི་སྐྱེས་བུ་ཕྱིན་ཅི་མ་ལོག་པ་ལ་འགོད་དོ། །གང་ལ་ཕྱིན་ཅི་ལོག་མེད་པ་དེ་ལ་བདག་ནས་རྣམ་ མཁྱེན་གྱི་བར་དུ་མེད་དོ། །གང་ལ་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མེད་པ་དེ་ནི་རང་བཞིན་སྟོང་པ་ཉིད་དེ། དེ་ལ་གནས་ཤིང་ཕྱིན་ཅི་ལོག་ཏུ་གྱུར་པ་སེམས་ཅན་གྱི་འདུ་ཤེས་གཟུགས་ཀྱི་འདུ་ཤེས་ཟག་པ་དང་བཅས་པའི་འདུ་ཤེས་ལས་འགྲེལ་ཏོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ནས་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དུ་དོན་དམ་པ་ནི་མ་ཡིན་ཏེ། འདུས་མ་བྱས་མ་སྐྱེས་པ་འབྱུང་བ་མེད་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ། །དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སྟེ། བདག་ནས་རྣམ་མཁྱེན་གྱི་བར་དུ་མེད་དོ། །བྱང་ཆུབ་ སེམས་དཔའ་ནི་རང་བཞིན་གྱིས་སྟོང་པ་ཉིད་ཡོངས་སུ་ཤེས་པ་ལས་ལམ་གྱི་དོན་དུ་བྱང་ཆུབ་ལ་འཇུག་པ་མེད། དེ་ནི་སྔ་ཕྱི་བར་གསུམ་དུ་རང་བཞིན་གྱིས་མི་སྟོང་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས། སེམས་ཅན་ཡོངས་སུ་སྨིན་ པ་དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཚུལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་མི་འགྱུར་རོ། །ཞུས་ལན་གཉིས་པ་ནི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་ སྟོང་པ་ཉིད་ལ་སྤྱོད་ཅིང་། གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་གཞན་ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན་ཡང་ཞེས་འགལ་བར་མི་བགྱིད། གཟུགས་ནས་རྣམ་མཁྱེན་ཉིད་ཀྱང་རང་བཞིན་སྟོང་པ་ཉིད་དོ་ཞེས་བརྗོད་པ་ནི་ངོ་མཚར་ཏོ། །དེའི་ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ ཡང་གཞན་མ་ཡིན་རང་བཞིན་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ཏེ། གལ་ཏེ་གཟུགས་ནས་རྣམ་མཁྱེན་གྱི་བར་རང་བཞིན་སྟོང་པ་མ་ཡིན་ན་ནི། རང་བཞིན་གྱིས་སྟོང་པར་ཁོང་དུ་ཆུད་ནས་སངས་མི་རྒྱ་བར་ཐལ་བ་ལས། རང་བཞིན་གྱིས་སྟོང་པ་ནི་འཇིག་པའམ་རྟག་ཏུ་གནས་ པའམ་འགྲོ་ས་མེད་དེ། གཞན་དུ་ན་འཇིག་རྟེན་རྣམས་ནི་རྨོངས་ཤིང་ཕུང་པོ་ལ་མངོན་པར་ཞེན་པས་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་མི་གྲོལ་ལོ། །དེའི་ཕྱིར་བྱང་ཆུབ་སེམས་དཔས་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ ངམ་མི་སྟོང་ཞེས་རྣམ་པར་འཁྲུག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ནི་འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ། །འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་པ་ཉིད་དོ་ཞེས་རྣམ་པར་འཁྲུག་པར་མི་བྱེད་དོ། །དཔེར་ན་ནམ་མཁའ་ནི་ནམ་མཁའ་འཁྲུག་ པར་མི་བྱེད་དོ། །དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡང་སྟོང་པ་ཉིད་འཁྲུག་པར་མི་བྱེད་དོ། །སྟོང་པ་ཉིད་ཀྱང་དེ་རྣམས་འཁྲུག་པར་མི་བྱེད་དེ། གཉིས་ཀ་དམིགས་སུ་མེད་པའི་ཕྱིར་རོ། །གཉིས་ཟད་ཀྱི་མཛད་པ་ནི། གལ་ཏེ་ཆོས་ཐམས་ཅད་ མ་མཆིས་ལགས་ན་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར། གཉིས་སུ་འབྱེད་པ་ལ་ནི་བྱང་ཆུབ་མ་མཆིས་སོ། །ལན་དེ་དེ་བཞིན་ནོ། །གཉིས་ལ་སྤྱོད་པ་ལ་བྱང་ཆུབ་མེད་དོ། །བྱང་ཆུབ་ནི་གཟུགས་ནས་རྣམ་མཁྱེན་ གྱི་བར་ལ་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བདག་གམ་བདག་གིར་བྱ་བ་མེད་པ་སྟེ། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བདག་གམ་བདག་གིར་བྱ་བ་མེད་དོ། བྱང་ཆུབ་འཛིན་པ་དང་མི་འཛིན་པ་གང་ལ་ཡང་མི་སྤྱོད་དོ། །གསོལ་པ་འོ་ན་བྱང་ཆུབ་ཅི་ལ་སྤྱོད་ལགས། ལན་མགོ་བསྒྲེ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་དང་། དགྲ་བཅོམ་པའི་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་གང་ལ་སྤྱོད། ལན་དགྲ་བཅོམ་པ་ལ་ཉལ་བ་མ་མཆིས་ན་རྨི་ལམ་གྱི་བློ་འཛིན་པའམ་མི་འཛིན་པ་གང་ཡང་མི་སྤྱོད་དོ། །བརྡའི་མཛད་པ་ནི་གསོལ་པ་བྱང་ཆུབ་འཛིན་པ་ དང་མི་འཛིན་པ་གང་ལ་ཡང་མི་སྤྱོད། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་ཡང་མི་སྤྱོད་ན། སྤྱིར་ལུགས་ཀྱིས་ནི་ཕར་ཕྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྫོགས་པར་བྱས་ནས་སངས་རྒྱ། ཕར་ཕྱིན་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་མ་རྫོགས་ན་སངས་རྒྱ་བར་མི་ནུས་ སོ། །ལན་ཕར་ཕྱིན་ནས་རྣམ་མཁྱེན་གྱི་བར་མ་རྫོགས་ན་སངས་མི་རྒྱ་རྫོགས་ན་སངས་རྒྱ་ཞེས་པ་དེ་བས་གཟུགས་ནས་རྣམ་མཁྱེན་གྱི་བར་དེ་ཡང་རང་བཞིན་ལ་གནས་ཏེ་སངས་རྒྱའོ། །རང་བཞིན་དེ་ཡང་ཉེ་བར་ཞི་བ་སྟེ། འཕེལ་འགྲིབ་མེད། སྐྱེ་འགག་མེད། ཀུན་ནས་ཉོན་ མོངས་པ་དང་རྣམ་པར་བྱང་བ་མེད། ཐོབ་པ་དང་མངོན་པར་རྟོགས་པ་མེད་དེ། འཇིག་རྟེན་གྱི་ཐ་སྙད་དུ་སངས་རྒྱའི་དོན་དམ་པར་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མ་ཡིན་ནོ། །དེ་བས་ན་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་ལ་སྤྱོད་ཀྱང་སེམས་དང་སེམས་ཅན་ དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མི་དམིགས་སོ། །མགོ་བསྒྲེ་བ་ནི་རབ་འབྱོར་དགྲ་བཅོམ་པ་ཐོབ་ཅེས་པ་དེ་དག་དམིགས་པར་འགྱུར་རམ། །གསོལ་པ་མ་ལགས་སོ། །འཇིག་རྟེན་གྱི་ཐ་སྙད་ཀྱིས་བསྟན་པ་ལགས་སོ། །དོན་དེ་བཞིན་དུ་གཟུགས་ནས་རྣམ་མཁྱེན་ གྱི་བར་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པའོ། །བྱང་ཆུབ་སེམས་དཔའ་ནི་ཆོས་གང་ཡང་འཕེལ་འགྲིབ་བམ་ཕན་གནོད་གང་ཡང་མི་དམིགས་ཏེ་ཆོས་ཀྱི་རང་བཞིན་ཉེ་བར་གཟུང་ན་ཆོས་རྣམས་ཀྱི་རང་བཞིན་ལ་མ་དམིགས་ན། །སེམས་དང་པོ་བསྐྱེད་པ་ནས་རྣམ་མཁྱེན་གྱི་བར་ དུ་དམིགས་པར་འགྱུར་བ་ལྟ་ཅི་སྨོས། དེ་ལྟར་བྱང་ཆུབ་ལ་སྤྱོད་ཅིང་སངས་རྒྱས་ཏེ་སེམས་ཅན་གྱི་དོན་བྱེད་དོ། །ཆོས་ཉིད་འཁྲུག་པ་མེད་པའི་ལེའུ་སྟེ་རེ་ལྔ་པའོ།། །།ལེའུ་འདི་ནས་མི་དམིགས་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་གཉིས་སྟོན་པ་ལས། དང་པོ་ལ་ཞུས་ལན་བདུན་ནི་གསོལ་པ། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་ནས་རྣམ་མཁྱེན་གྱི་བར་རྫོགས་པར་བགྱིས་ཀྱང་སངས་མི་རྒྱ་ལགས་སམ། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཐབས་མཁས་པས་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ལ་སྤྱོད་ཀྱང་། དེ་དག་ ཀྱང་མི་དམིགས་དེ་ལས་གཞན་དུའང་མི་སྤྱོད་ན། བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་ཏེ། ཡུམ་ལ་དེ་ལྟར་སྤྱོད་ན་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱའོ། །ཞུས་ལན་གཉིས་པ་ནི་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས། དེའི་ ལན་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་མི་སྦྱོར་མི་འབྱེད་དེ། གང་སྦྱར་བར་བྱ་བའམ་དབྱེ་བར་བྱ་བ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཞུས་ལན་གསུམ་པ་ནི་གང་སྦྱར་བའམ་དབྱེ་བར་བྱ་བའི་ངོ་བོ་ཉིད་མ་མཆིས་ན། ཡུམ་ལ་ཇི་ལྟར་བསླབ་པར་བགྱི། ཡུམ་ལ་མ་བསླབས་ན་སངས་ རྒྱ་བར་མི་ནུས་ལགས་སོ། །དེའི་ལན་དེ་དེ་བཞིན་ཏེ་ཐབས་ལ་མཁས་པ་ཡིན་གྱི་འོན་ཏེ་མ་དམིགས་ན། འདི་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་རོ་ཞེས་ཅི་ཞིག་གཟུང་། སྦྱིན་པ་ནས་རྣམ་མཁྱེན་གྱི་བར་ནི་གཟུང་དུ་མེད་པ་སྟེ། སློབ་པ་དང་བྱང་ཆུབ་དང་སངས་རྒྱས་ནས་སོ་སོའི་སྐྱེ་ བོའི་བར་རོ་ཞེས་ཡོད་པར་ག་ལ་འགྱུར། ཞུས་པ་བཞི་པ་ནི་ཆོས་ཐམས་ཅད་དངོས་པོ་མ་མཆིས་པ་ལ་སོ་སོའི་སྐྱེ་བོ་ནས་སངས་རྒྱས་ཀྱི་བར་དུ་དམིགས་སུ་མ་མཆིས་ལགས། ལན་ཇི་ལྟར་གཟུགས་ནས་རྣམ་མཁྱེན་གྱི་བར་ལ་བྱིས་པ་སོ་སོའི་སྐྱེ་བོས་མངོན་ པར་ཞེན་པར་འགྱུར་བ་དེ་ལྟར་ཡོད་པར་འགྱུར་ཏམ། ཡོད་དམ་ཡོད་པར་འགྱུར་རམ། གསོལ་པ་དེ་རྣམས་ཕྱིན་ཅི་ལོག་ལགས་ཀྱི་དེ་ནི་མ་མཆིས་ལགས་སོ། །ལན་ཆོས་ཐམས་ཅད་དངོས་པོ་མེད་པ་ལ་ཕྱིན་ཅི་ལོག་གི་དབང་གིས་དངོས་པོར་བཟུང་བ་དེ་བྱང་ཆུབ་སེམས་དཔའ་ཐབས་ལ་ མཁས་པས་དེ་ལས་བཟློག་ནས་བྱང་ཆུབ་ལ་འཇོག་གོ། །ཞུ་བ་ལྔ་པ་ནི་བྱང་ཆུབ་ལ་འཇུག་པའི་ཐབས་ལ་མཁས་པ་དེ་གང་ལགས། ལན་བྱང་ཆུབ་སེམས་དཔའ་ཡུམ་ལ་སྤྱོད་པའི་ཚེ་ཆོས་གང་ལ་ཐོགས་པའི་དངོས་པོའམ་ཞུམ་པའམ། སྒྱིད་ལུག་པའམ། ཚི་ཆད་ནས་ལེ་ལོར་གྱུར་པའི་ དངོས་པོ་མ་མཐོང་སྟེ། སེམས་ཅན་རྣམས་རྨོངས་པས་ཕུང་པོ་ཁམས་སྐྱེ་མཆེད་རྟེན་འབྲེལ་ལ་མངོན་པར་ཞེན་པས། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་མཚན་ཉིད་མེད་པར་ཡང་དག་པར་རྗེས་སུ་མཐོང་ནས། སྒྱུ་མའི་མཁན་པོ་ལྟ་བུའི་ལུས་ཀྱིས་ཕར་ཕྱིན་དྲུག་གི་མི་མཐུན་ པའི་ཕྱོགས་ལས་བཟློག་སྟེ། རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་བཀོད་དོ། །ཞུས་པ་དྲུག་པ་ནི་སེམས་ཅན་གཏན་མ་མཆིས་ན་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་ཞིང་། རྒྱུན་ཞུགས་ནས་རྣམ་མཁྱེན་གྱི་བར་དུ་ཐོབ་པར་འགྱུར་ལགས། ལན་ཀུན་རྫོབ་ཀྱི་བརྡས་དེ་ཚེ་སྟོན་པ་མ་གཏོགས་ པར་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་གདགས་ཀྱང་མི་དམིགས་ན་རྒྱུན་ཞུགས་པ་ལ་སོགས་པ་ལྟ་ཅི་སྨོས། ཞུས་པ་བདུན་པ་ནི་ཆོས་གཅིག་གམ་ཐ་དད་ཀྱང་མི་དམིགས། ཁམས་གསུམ་དང་འདུས་བྱས་དང་འདུས་མ་བྱས་དང་། སེམས་ཅན་དུ་གདགས་པ་མི་དམིགས་ན་སེམས་ཅན་ བཅིངས་གྲོལ་ཀུན་ནས་ཉོན་མོངས་དང་རྣམ་བྱང་ལས་ཀྱི་རྒྱུད་ཐ་དད་པ་ལས་དང་ཉོན་མོངས་རྣམ་པར་སྨིན་པས་བདག་གམ་སེམས་ཅན་ཐམས་ཅད་རྒྱུན་ཆད་པར་མི་འགྱུར་ལགས་སམ། དེའི་ལན་སྔོན་སེམས་ཅན་འགྲོ་བ་ལྔ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོད་པ་ཕྱིས་མེད་པར་འགྱུར་བ་ མེད་དེ། དེ་བཞིན་གཤེགས་པ་ནི་བྱུང་རུང་མ་བྱུང་རུང་དེ་བཞིན་ཉིད་ལ་སོགས་པར་གནས་ཏེ། དེ་ལ་བྱེད་པའི་སྐྱེས་བུ་བཅུ་གཉིས་ཕུང་པོ་ཁམས་ལ་སོགས་པ་ལྟ་ཅི་སྨོས། འགྲོ་བ་ལྔའི་འཁོར་བ་ནས་དགྲོལ་བ་ལྟ་ག་ལ་ཡོད། བྱང་ཆུབ་སེམས་དཔས་སྔོན་གྱི་སངས་རྒྱས་ལ་ཡང་ ངོ་བོ་ཉིད་ཀྱིས་སྟོང་པ་དེ་ཐོས་ནས། སེམས་ཅན་ཕྱིན་ཅི་ལོག་གི་སྐྱེ་བོ་རྣམས་དྲང་བའི་ཕྱིར་བྱང་ཆུབ་ལ་འཇུག་གོ། །དཔེར་ན་སྒྱུ་མའི་མཁན་པོ་རྣམས་སྤྲུལ་པ་ཞིག་གིས་སྲོག་ཆགས་མང་པོ་སྤྲུལ་ཏེ། བཟའ་བ་དང་བཅའ་བས་ཚིམ་པར་བྱས་ནས། བདག་གིས་བསོད་ནམས་མང་དུ་ སྤེལ་ལོ་ཞེས་ཡང་ཡང་དུ་བརྗོད་ན། དེས་ཚིམ་པར་བྱས་པའམ་བསོད་ནམས་མང་དུ་འཕེལ་བ་ཡོད་དམ། མ་མཆིས་ལགས་སོ། །ལན་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། སྦྱིན་པ་ནས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱད་ཀྱང་ལམ་ཡོངས་སུ་རྫོགས་པ་ དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། སེམས་ཅན་དེ་ལྟ་བུ་བཏུལ་བ་གང་ཡང་མེད་དོ། །ཞུས་ལན་གཉིས་པ་ལུས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པའི་ཕྲིན་ལས་ནི་རབ་འབྱོར་གྱིས་གསོལ་པ། སེམས་ཅན་ཡོངས་སུ་སྨིན་པ་ དང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱིད་པའི་བྱང་ཆུབ་གྱི་ལམ་གང་ལགས། བཀའ་སྩལ་པ། སྦྱིན་པ་ནས་མ་འདྲེས་པའི་བར་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ཏེ། འདི་ལྟར་སྦྱིན་པ་པོ་ལ་སོགས་པའི་གང་ཟག་དྲུག་གིས་སེམས་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བྲལ་ བ་དག་མཐོང་ན། ཁྱོད་ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ལ་མི་སྤྱོད། དེ་དག་རྣམས་ཀྱིས་སྨྲས་པ། བདག་ཅག་རྐྱེན་དང་མི་ལྡན་པའི་ཕྱིར་རོ། །གང་ཟག་དྲུག་པོས་སྨྲས་པ། ཕར་ཕྱིན་དྲུག་གི་རྐྱེན། ཟས་འདོད་པ་ལ་ཟས་ཞེས་པ་ནས་མིའི་ཡོ་བྱད་གང་ཡང་རུང་བའི་བར་ དུ་སྦྱིན་གྱི། ཕར་ཕྱིན་དྲུག་ལ་སོགས་པ་ལ་སྤྱོད་ཅིག་ཅེས་པ་ནས་ཡོན་དག་སྤེལ་གཏོངས་ཀྱི་ཕར་ཕྱིན་དྲུག་སྟེ། ལེའུ་རེ་དྲུག་པའོ།། །།ལེའུ་འདི་ནས་མཛད་པ་བཞི་ནི་བྱང་ཆུབ་སེམས་དཔའི་ལམ་དང་མངོན་པར་མ་ཞེན་པ་དང་། བྱང་ཆུབ་ཐོབ་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པའོ། །བྱང་ཆུབ་སེམས་དཔའི་ལམ་ནི་སྦྱིན་པ་ནས་རྣམ་མཁྱེན་གྱི་བར་རོ། །གསོལ་པ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན། བྱང་ཆུབ་སེམས་དཔའ་དམིགས་པ་བཅུ་གཅིག་རྒྱུན་ཞུགས་ལ་སོགས་པ་འདི་དག་ཅེས་བསླབས་ན། སྤྲོས་པར་མི་འགྱུར་ལགས་སམ། ལེན་བྱིས་པ་སོ་སོའི་སྐྱེ་བོས་ཆོས་འདི་དག་སྟོང་པར་མི་ཤེས་པས་མངོན་པར་མ་ཞེན་པའི་མཛད་པ་ནི་བྱང་ཆུབ་སེམས་དཔའི་ཡུམ་ལ་སྤྱོད་པའི་ཚེ་ཆོས་ཐམས་ཅད་མངོན་པར་འདུ་བྱ་བ་མ་གཏོགས་པར་གཟུགས་ནས་རྣམ་མཁྱེན་གྱི་བར་མི་དམིགས་ཏེ། ངོ་བོ་ཉིད་སྟོང་པའི་ཕྱིར་སེམས་ཅན་རྣམས་ལ་སྦྱིན་ པ་ནས་རྣམ་མཁྱེན་ལ་སྤྱོད་ཅིང་དེས་རློམ་སེམས་སུ་མ་བྱེད་ཅིག །དེ་ལ་སྙིང་པོ་གང་ཡང་མེད་དོ་ཞེས་ནས་ཕར་ཕྱིན་དྲུག་ལ་མི་གནས། བསམ་གཏན་བཞི་ནས་མངོན་ཤེས་དྲུག་གི་བར་དང་། དེ་མཉམ་པར་གཞག་པ་དང་། རྣམ་པ་གང་གིས་མཉམ་པར་གཞག་པ་ལ་མི་གནས། ཉན་རང་གི་བྱང་ ཆུབ་ཐོབ་ཀྱང་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་དང་པོ་བསྐྱེད་པ་ནས་བཟུང་ནས་ས་བཅུའི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་སེམས་གཞན་གང་ཡང་མ་བསྐྱེད་དོ། །བྱང་ཆུབ་ཐོབ་པའི་མཛད་པ་ནི། གསོལ་པ། ཆོས་ཐམས་ཅད་མ་སྐྱེས་ལགས་ན། བྱང་ཆུབ་ཇི་ལྟར་བསྒྲུབ་ པར་བགྱི། དེའི་ལན་ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ཡང་དེ་ལྟ་བུ་མི་ཤེས་པའི་དོན་དུ། བྱང་ཆུབ་ཀྱི་ལམ་གྱི་སེམས་ཅན་རྣམས་འཁོར་བ་ལས་ཐར་བར་བྱེད་དོ། །སྐྱེས་པ་དང་མ་སྐྱེས་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པ་ལ་གནས་ནས་བྱང་ཆུབ་ཐོབ་པར་བྱེད་པ་མེད་པ་མ་ཡིན་ གྱི། འཇིག་རྟེན་གྱི་ཐ་སྙད་ཀྱིས་བྱང་ཆུབ་ཐོབ་པར་བསྟན་པའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའི་མཛད་པ་ནི་གསོལ་པ། ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི། དེའི་ལན་བྱང་ཆུབ་སེམས་ དཔའ་སེམས་དང་པོ་བསྐྱེད་པ་ནས་ལུས་ངག་གི་གནས་ངན་ལེན་སྦྱངས་ནས་སངས་རྒྱས་ཀྱི་ཞིང་དག་པར་བྱེད་དོ། །དེ་ལ་གནས་ངན་ལེན་ནི་མི་དགེ་བ་བཅུ་དང་ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་དང་བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དང་བྲལ་བ་དང་། ཉན་རང་གི་བྱང་ཆུབ་ལ་འདོད་པ་བསྐྱེད་ཅིང་མངོན་དུ་ བྱེད་པ་དང་། གཟུགས་ནས་རྒ་ཤིའི་བར་གྱི་འདུ་ཤེས་དང་། ཁམས་གསུམ་དང་། དམིགས་པ་བཅུ་གཅིག་གི་འདུ་ཤེས་ནི་གནས་ངན་ལེན་ནོ། །གནས་ངན་ལེན་སྦྱོང་བ་གསུམ་ནི་བདག་ཕར་ཕྱིན་དྲུག་ལ་སྤྱོད་ཅིང་གཞན་ཡང་སྐུལ་བ་དང་།