Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 78

Văn bản gốc(Tây Tạng)

Trang 1 / 14 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། དྷརྨྨ་མཎྜལ་སཱུ་ཏྲ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་ཀྱི་དཀྱིལ་
འཁོར་ཆོས་ཉིད་སྤྲོས་པ་མེད། །གསུང་གི་དཀྱིལ་འཁོར་བསྟན་པ་བརྗོད་དུ་མེད། །སྐུ་ཡི་དཀྱིལ་འཁོར་སྣང་བ་རང་བཞིན་མེད། །དཀྱིལ་འཁོར་གཙོ་ལ་དཀྱིལ་འཁོར་ཚུལ་དུ་མོས། །རྒྱུད་ཀྱི་
རྒྱལ་པོ་མ་ལུས་གཞུང་དོན་ལས། །ལྷ་དང་ཕོ་བྲང་ཇི་སྙེད་བསྟན་པ་ལས། །གནས་ཤིང་བཞེངས་ཚུལ་ཐུན་མོང་གྱུར་པ་རྣམས། །ལམ་གྱི་རྣལ་འབྱོར་དོན་དུ་ཅུང་ཟད་བཤད། །གཞུང་འདིར་ཚད་
མས་ལུས་སྨོས་པ། །ངོ་བོ་དབྱེ་བ་ངེས་ཚིག་དང་། །གནས་ཐབས་སྐྱོན་ཡོན་དཔེ་དག་དང་། །དོན་རྟགས་བརྒྱད་ཀྱིས་དོན་རྣམས་བསྡུས། །ངོ་བོ་ཆོས་རྣམས་ཐམས་ཅད་དེ། །བདེན་པ་གཉིས་ཀྱི་
མཚན་ཉིད་ཅན། །དོན་དམ་སྤྲོས་པ་མེད་པ་ལས། །ཀུན་རྫོབ་གཙོ་འཁོར་དེ་ཉིད་དོ། །དབྱེ་བ་རང་བཞིན་ཏིང་འཛིན་དང་། །གཟུགས་བརྙན་དཀྱིལ་འཁོར་རྣམ་པ་གསུམ། །རང་བཞིན་དོན་དམ་

ཀུན་རྫོབ་གཉིས། །དོན་དམ་རྣམ་མིན་རྣམ་གྲངས་ཅན། །དང་པོ་རྣམ་གྲངས་མིན་པ་ནི། །སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས། །བླ་ན་མེད་པ་རྟོགས་གྱུར་པ། །རྒྱལ་བས་གསུངས་པའི་ཡེ་ཤེས་གང་། །དེ་
ནི་དཀྱིལ་འཁོར་སྙིང་པོར་གསུངས། །དེ་ལྟར་རྒྱུད་རྒྱལ་ཀུན་ལས་བཤད། །རྣམ་གྲངས་ཅན་གྱི་དཀྱིལ་འཁོར་ནི། །ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་རྣམས། །ལྷ་དང་ལྷ་མོའི་རང་བཞིན་དུ། །ངང་གིས་ཆོས་མཐུན་དེ་ལྟར་
གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །འོག་མིན་བླ་མེད་གནས་མཆོག་ན། །འབྲས་བུ་རྒྱལ་བའི་དཀྱིལ་འཁོར་རྣམས། །དོན་དམ་མཚོན་ཕྱིར་རྟགས་སུ་སྣང་། །ཏིང་འཛིན་དཀྱིལ་འཁོར་རྣམ་གསུམ་སྟེ། །རང་
བཞིན་དེ་ལ་བསྒོམ་པ་དང་། །གཟུགས་དེ་ལ་ནི་བསླབ་པ་དང་། །རབ་ཀྱི་རྩལ་གྱིས་བསྐྱེད་པའོ། །གཟུགས་བརྙན་དཀྱིལ་འཁོར་གཉིས་ཡིན་ཏེ། །གཟུགས་བརྙན་ལྷག་པའི་གཟུགས་བརྙན་ནོ། །དང་པོ་རྣམ་པ་
དྲུག་ཡིན་ཏེ། །གསེར་དངུལ་ལུགས་དང་དུང་རྡོ་འབུར། །རྭ་ཤིང་བཞོགས་རས་བལ་རིས་དང་། །ས་མྱག་ལྡེར་དང་རྡུལ་ཚོན་གཅལ། །ལྷག་པའི་གཟུགས་བརྙན་རྣམ་གསུམ་སྟེ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་དང་

ཡན་ལག་ལྔ། །ནང་ནི་འཁོར་ལོ་དངས་མ་ལྔ། །གསང་བ་རྡོ་རྗེ་པདྨ་སྦྱར། །དེ་དག་སྤྱི་ཡི་དབྱེ་བའོ།། །།ངེས་ཚིག་དཀྱིལ་ནི་གཙོ་བོ་སྟེ། །འཁོར་ནི་དེ་ཡི་སྤྲུལ་པ་ཡིན། །ཡང་ན་འདས་པའི་དཀྱིལ་ཡིན་ཏེ། །འཁོར་ཞེས་འཇིག་རྟེན་པ་ལ་བྱ། །གནས་ཐབས་དཀྱིལ་
འཁོར་རྣམ་གསུམ་ལས། །རང་བཞིན་དོན་དམ་དཀྱིལ་འཁོར་ནི། །ཅི་ཡང་མ་ཡིན་ཇི་ལྟའི་ཚུལ། །དང་པོའི་གནས་ལུགས་ཉིད་དུ་གནས། །རང་བཞིན་ཀུན་རྫོབ་དཀྱིལ་འཁོར་ནི། །རྟེན་དང་བརྟེན་པ་རྣམ་པ་གཉིས། །རྟེན་ཡང་གཞི་དང་གཞལ་ཡས་ཁང་། །གཞི་ནི་འབྱུང་བའི་
དཀྱིལ་འཁོར་བསྟན། །གཞལ་ཡས་དངོས་དང་གདན་ཡིན་ཏེ། །གཞལ་ཡས་དངོས་ལ་རྣམ་པ་བརྒྱད། །དབྱིབས་དང་ཁ་དོག་རྩིག་པ་དང་། །ཤིང་དང་ལོངས་སྤྱོད་ར་བ་འོབས། །རྒྱན་དང་མཐའ་ཡི་ཞིང་ཁམས་སོ། །དབྱིབས་ལ་རྣམ་པ་བཞི་ཡིན་ཏེ། །ཕྱི་དང་ནང་དང་སྒོ་དང་
བཞི། །ཕྱི་དབྱིབས་མཆོད་རྟེན་མཁར་ཐབས་དང་། །རྒྱལ་ཁབ་རི་བོའི་གུར་དུ་འདོད། །ནང་དབྱིབས་རིགས་དང་ཕྲིན་ལས་རྣམས། །སོ་སོའི་རྒྱུད་བཞིན་ཤེས་པར་བྱ། །སྒོ་ལ་འོག་དང་སྟེང་ཡིན་ཏེ། །འོག་ནི་སྒོ་དང་སྒོ་ཁང་ཅན། །སྟེང་ནི་སྐས་དང་གླང་རྒྱབ་སོགས། །ཇི་ལྟར་མཛེས་
པའི་ཚུལ་དུ་བཞེངས། །གཞི་ཡི་དབྱིབས་ནི་ཚད་མེད་དེ། །རྒྱ་མ་ཆད་དེ་ཕྱ་ལེ་བའོ། །ཁ་དོག་རྣམ་པ་མང་ཡོད་ཀྱང་། །རིགས་དང་ཡེ་ཤེས་ཕྲིན་ལས་དང་། །སྤྱི་མཐུན་ལྷུན་པོའི་ཚུལ་ཉིད་དུ། །སྔགས་རྒྱུད་རྣམས་ནས་ཚུལ་བཞིན་འབྱུང་། །རྩིག་པ་རྨང་དང་ལོགས་དང་རྩེ། །
རྨང་ནི་ནང་དུ་རྐྱང་པ་དང་། །ཕྱི་ནི་རིན་ཆེན་ལྔ་རུ་བརྩེགས། །ལོགས་ནི་རྨང་བཞིན་བཞེངས་པ་ལས། །ཕྱི་ནི་རྩེ་ལ་ཕ་གུས་བསྟོད། །སྒོ་ཕུགས་གོང་དུ་བསྟན་པ་བཞིན། །ཤིང་ལ་སྒོ་ཕུགས་རྣམ་པ་གཉིས། །ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེག །གདུང་
ཆེན་བཞི་ཡི་རེ་མིག་ཀྱང་། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་གྲལ་ཐོག་ཅི་རིགས་པའོ། །སྒོ་ཁང་ཕྱི་ཟུར་བཞི་པོ་ལ། །ཀ་བ་བཞི་བཞིས་གདུང་སྣ་ནི། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང་། །ཀ་གདན་ཀ་ཞུ་ཅི་རིགས་པའོ། །ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་

སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །ར་བ་རྡོ་རྗེའི་མུ་ཁྱུད་དེ། །འོབས་ནི་མེ་འོབས་ཁོར་ཡུག་ཡིན། །རྒྱན་ནི་བླ་རྒྱན་འོག་རྒྱན་དང་། །རྩེ་རྒྱན་དང་ནི་ལོགས་རྒྱན་དང་། །སྒོ་རྒྱན་དང་ནི་རྣམ་པ་ལྔ། །དོན་རྟགས་
སྐབས་སུ་ཤེས་པར་བྱ། །ཞིང་ཁམས་སྐུ་གསུམ་འདུལ་ཚད་ཀྱང་། །སོ་སོའི་རྒྱུད་ལས་བསྟན་པར་ཟད། །གདན་གཉིས་སེང་གེ་གླང་སོགས་ཁྲི། །ཉི་ཟླ་པདྨ་རིན་ཆེན་གདན། །གཙོ་འཁོར་རྣམས་ལ་ཅི་རིགས་པར། །རྒྱུད་ལས་གསུངས་པ་བཞིན་དུ་བཤམ། །བརྟེན་པ་ལྷ་ཡི་དཀྱིལ་
འཁོར་ལ། །སྐུ་དང་སྐུ་མདོག་མཚན་དཔེ་དང་། །ཕྱག་རྒྱ་ཕྱག་མཚན་བཞུགས་སྟབས་ཚུལ། །རྒྱན་ཆས་འོད་ཀྱིས་བསྡུས་པའོ། །སྐུ་ནི་ཞལ་གཅིག་ཕྱག་གཉིས་དང་། །ཞལ་གསུམ་ཕྱག་དྲུག་དེ་བཞིན་དུ། །ཕོ་དང་མོ་ཡི་དབང་པོ་ཅན། །དེ་ལ་སོགས་པའི་མཐའ་ཡས་མཆོག །སྐུ་
མདོག་ཉི་མ་ཟླ་བ་དང་། །གསེར་དང་པདྨ་རཱ་ག་དང་། །ཨིནྡྲ་ནཱི་ལ་ལ་སོགས་པ། །འདྲེས་དང་མ་འདྲེས་ཁ་དོག་ཅན། །མཚན་ནི་སུམ་ཅུ་རྩ་གཉིས་ཏེ། །དུང་དང་མཛོད་སྤུ་སྤྱི་གཙུག་དང་། །ཐུན་མོང་མཚན་ནི་ཉི་ཤུ་དགུ། །བསོད་ནམས་ཁྱད་འཕགས་མདོ་བཞིན་བཤད། །དཔེ་བྱད་བཟང་
པོ་བརྒྱད་ཅུ་སྟེ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །ཕྲིན་ལས་ཁྱད་པར་གནས་སྐབས་ལས། །དཔེ་བྱད་བཟང་པོ་མདོ་བཞིན་བརྩེ། །ཕྱག་རྒྱ་ཕྱག་གི་འདུ་བྱེད་དེ། །བཅིངས་དང་དགྲོལ་དང་བསྒྱུར་བ་ལས། །དམ་ཚིག་ལས་སུ་ཕྱེ་བ་ཡང་། །བྱང་ཆུབ་མཆོག་ལ་སོགས་པ་ཡིན། །ཕྱག་མཚན་
ཕྱག་ན་བསྣམས་པ་སྟེ། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་ལ་སོགས་པ། །དོན་རྣམས་མཚོན་ཕྱིར་རྟགས་སུ་བསྣམས། །བཞུགས་སྟབས་རྫོགས་དང་སེམས་ཚུལ་དང་། །བཞེངས་དང་སྟང་སྟབས་ལ་སོགས་པ། །གཙོ་བོ་ཉིད་ནི་ཀུན་དུ་ཞལ། །འཁོར་རྣམས་གཙོ་བོ་ཉིད་ལ་བལྟ། །
ཡུམ་དང་བཅས་པའི་དཀྱིལ་འཁོར་ནི། །ཡུམ་རྣམས་གཡོན་ནས་ཡབ་ལ་བལྟ། །སྒོ་བ་ཡབ་ཡུམ་ལྡན་པ་རྣམས། །ཕོ་མོ་གཡས་གཡོན་ཟུར་གྱིས་གནས། །ཚུལ་ནི་རྣམ་པ་དགུ་ཡིན་ཏེ། །ལྷ་དང་ལྷ་མོའི་དཀྱིལ་འཁོར་རྣམས། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་

ལྷུན་སྡུག་གཟི་བྱིན་ནོ། །རྒྱན་ནི་རྣམ་པ་བདུན་ཡིན་ཏེ། །དབུ་རྒྱན་སྙན་ཆ་མགུར་ཆུ་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །ཕྱག་དང་ཞབས་ཀྱི་གདུ་བུའོ། །ཆས་ནི་རྣམ་པ་ལྔ་ཡིན་ཏེ། །སྟོད་གཡོགས་དང་ནི་སྨད་དཀྲིས་དང་། །ཟེ་ཁབ་དང་ནི་ཆོས་གོས་དང་། །གཙང་གོས་རྣམ་པ་ལྔ་རུ་བཤད། །
འོད་ནི་འགྱེད་དང་བསྡུ་བ་དང་། །ངོ་བོ་གཟུགས་བརྙན་རྣམ་པ་དང་། །ལས་རྣམས་ལྔ་ཡི་དབྱེ་བ་ཡིས། །སྣང་བ་གཏན་ལ་དབབ་པར་བྱ། །འགྱེད་པ་ཐུན་མོང་ཐུན་མོང་མིན། །བསྡུ་བ་བྱེ་བྲག་བཅུ་གཉིས་ཏེ། །ངོ་བོ་གསལ་བ་ཡོན་ཏན་ཅན། །གཟུགས་བརྙན་སྐུ་གསུང་ཐུགས་སུ་སྣང་། །
ལས་ནི་སྣོད་སྦྱང་བཅུད་སྨིན་བྱེད། །དེ་ལྟར་མདོ་སྡེ་དག་ལས་གསུངས། །རང་བཞིན་དཀྱིལ་འཁོར་ཇི་ལྟ་བུར། །ལྷག་མ་རྣམས་ཀྱང་དེ་བཞིན་གནས། །རྣལ་འབྱོར་ལམ་ལ་གནས་པ་ཡིས། །དེ་ལྟར་ཡིད་ལ་གོམས་པར་གྱིས། །རང་བཞིན་དཀྱིལ་འཁོར་མ་རྟོགས་ན། །ཆོས་ཉིད་ལྟ་
བའི་དོན་དང་འགལ། །བདག་མེད་ལྟ་བ་མ་རྟོགས་ན། །བླ་མེད་བྱང་ཆུབ་ཐོབ་མི་འགྱུར། །ཏིང་འཛིན་དཀྱིལ་འཁོར་མ་བསྒོམས་ན། །རྟོག་པའི་དབང་བསྒྱུར་ཏིང་འཛིན་ལ། །མ་བསྒོམས་ལམ་ལ་བགྲོད་མེད་ཅིང་། །ཡུན་གྱིས་འབྲས་བུ་འབྱུང་མི་འགྱུར། །གཟུགས་བརྙན་དཀྱིལ་
འཁོར་མ་མཚོན་ན། །རྨོངས་པས་དོན་རོ་མི་ཚོར་ཏེ། །གཞན་དོན་མཐར་ནི་མི་ཕྱིན་པས། །བྱང་ཆུབ་སྤྱོད་པ་ཉིད་དང་འགལ། །སྐྱོན་བཟློག་པ་ནི་ཡོན་ཏན་ཏེ། །དཀྱིལ་འཁོར་གསུམ་ལ་གནས་བྱས་ནས། །བདག་གཞན་དོན་རྣམས་མ་ལུས་པ། །ཐབས་ལ་མཁས་པས་མྱུར་དུ་
འགྲུབ། །ཐབས་མཁས་ཐུགས་རྗེའི་མཛད་སྤྱོད་ཀྱིས། །འདོད་ལ་ཞེན་པའི་གདུལ་བྱ་རྣམས། །མི་སྤང་ལམ་དུ་དྲང་བའི་ཕྱིར། །འཁོར་ལོས་སྒྱུར་རྒྱལ་ཆོས་བཞིན་མཛད། །ཞིང་ཁམས་དང་ནི་ཕོ་བྲང་དང་། །བཙུན་མོ་སྲས་དང་འཁོར་རྣམས་དང་། །ལོངས་སྤྱོད་རྒྱན་དང་དམ་ཁྲིམས་
རྣམས། །འཁོར་ལོས་སྒྱུར་རྒྱལ་དག་དང་མཚུངས། །དོན་རྟགས་རྣམ་གྲངས་བསྟན་པ་ནི། །གཞི་ལམ་འབྲས་བུར་བཅས་པའི་ཆོས། །ཡོན་ཏན་རྣམ་གྲངས་ཇི་སྙེད་པ། །དཀྱིལ་འཁོར་གསུམ་ལ་ཡོངས་སུ་རྫོགས། །རྒྱས་པར་རྟེན་དང་བརྟེན་པ་གཉིས། །རྟེན་ལ་གཞི་ཡི་དོན་རྟགས་ནི། །

མཁའ་རླུང་མེ་དང་ཆུ་དང་ས། །ཡུམ་ལྔའི་རྟགས་ཏེ་རི་རབ་དང་། །རི་ཕྲན་གླིང་དང་གླིང་ཕྲན་རྣམས། །ཡབ་ཀྱི་རྟགས་ཏེ་ཕོ་བྲང་སྤྱི། །གཙུག་ཏོར་འཁོར་ལོས་སྒྱུར་བའི་ཚུལ། །གཞན་ཡང་དབྱིབས་ཀྱི་དོན་རྟགས་རྣམས། །མཆོད་རྟེན་བརྒྱད་སོགས་བསྟན་པ་ནི། །
སྡུག་བསྔལ་བརྒྱད་སྒྲོལ་མཛད་པ་བརྒྱད། །མཁར་ཐབས་རྒྱལ་ཁབ་རི་བོ་རྣམས། །བདུད་དཔུང་འཇོམས་དང་འདོད་སྤྱོད་དང་། །བསྲུང་བའི་དོན་དུ་ཤེས་པར་བྱ། །འཁོར་ལོ་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་རིགས་ཀྱི་རྟགས། །ཟླུམ་པའི་པདྨ་ལེ་ཙེ་བཞི། །གྲུ་བཞི་འཁོར་ལོ་རིན་ཆེན་
རྒྱས། །ཟླ་གམ་གྲུ་ཆད་གཞུ་དབྱིབས་དབང་། །གྲུ་གསུམ་བྷ་ག་ཁྲོ་ཞལ་དྲག །སྒོ་ནི་ཡེ་ཤེས་བཞི་དག་དང་། །བསྡུ་བ་ཚད་མེད་རྣམ་ཐར་བཞི། །ལམ་སྟེགས་བརྒྱད་ནི་འཕགས་ལམ་དང་། །ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད། །སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ནི་མ་རིག་མུན་
པ་ལ། །ཡེ་ཤེས་དཀར་མཐོངས་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་རེ་མིག་ཅན། །སྐས་དང་གླང་པོའི་རྒྱབ་འདྲ་དང་། །གདུགས་ཅན་ལ་སོགས་སྟེང་དབྱིབས་ནི། །གདུལ་བྱ་ཡིད་འོང་བྱ་བའི་ཕྱིར། །ཇི་ལྟར་མཛེས་པར་བསྟན་པ་ཡིན། །ཆོས་དབྱིངས་མུ་མེད་བརྡལ་བའི་ཕྱིར། །གཞི་
དབྱིབས་ཚད་མེད་བསྟན་པ་ཡིན། །ཁ་དོག་དོན་རྟགས་བསྟན་པ་ནི། །དཀར་དམར་སེར་ལྗང་མཐིང་ག་རྣམས། །སྐུ་གསུང་ཡོན་ཏན་ཕྲིན་ལས་དང་། །ཐུགས་ཀྱི་རྟགས་ཏེ་གོ་རིམས་བཞིན། །མེ་ལོང་ཡེ་ཤེས་སོ་སོར་རྟོག །མཉམ་ཉིད་བྱ་བ་ནན་ཏན་དང་། །ཆོས་ཀྱི་དབྱིངས་ཀྱང་གོ་
རིམས་བརྟགས། །ཡང་ན་སྤྱི་མཐུན་ལྷུན་པོ་བཞིན། །ཡང་ན་ཞི་དབང་རྒྱས་པ་དང་། །སྣ་ཚོགས་དྲག་པོ་གོང་མ་བཞིན། །རྩིག་པའི་དོན་རྟགས་བསྟན་པ་ནི། །རྐྱང་པ་རང་བྱུང་ཡེ་ཤེས་ཏེ། །ལྔ་རིམ་ཡེ་ཤེས་ལྔ་ཡི་རྟགས། །སུམ་རིམ་སྐུ་གསུང་ཐུགས་སུ་སྦྱར། །ཕ་གུ་ཡོན་ཏན་སྤགས་
པ་སྟེ། །རྩེ་ལ་རྣམ་པ་མང་ཡོད་ཀྱང་། །རེ་ཞིག་བྱང་ཆུབ་ཆེན་པོ་ལ། །དྲན་དང་ཡང་དག་རྫུ་འཕྲུལ་དབང་། །བང་རིམ་བཞི་ཡི་དོན་དུ་བཞེད། །བུམ་རྟེན་སྟོབས་ཏེ་བུམ་པ་ནི། །བྱང་ཆུབ་ལམ་ཡིན་བྲེ་དག་ནི། །འཕགས་པའི་ལམ་དུ་ཤེས་པར་བྱ། །སྒོ་གཏན་རྟ་བབས་བཞི་པོ་ནི། །གསུམ་

ནི་ཁམས་གསུམ་བཞི་པ་ནི། །འཕགས་ལམ་པདྨས་མཚན་མ་ཅན། །ཤིང་གི་དོན་རྟགས་བསྟན་པ་ནི། །ཕུགས་ཀྱི་ཤིང་གི་གནས་ཚུལ་ནི། །ཀ་གདན་བསྙེན་གནས་ཀླུ་ཆེན་བརྒྱད། །ཀ་བ་འཕགས་ལམ་ལྷ་ཆེན་བརྒྱད། །ཀ་ཞུ་རྣམ་ཐར་གཟའ་ཆེན་བརྒྱད། །གདུང་ནི་མི་འཇིགས་
རྒྱལ་ཆེན་བཞི། །ཕྱམ་རྩ་སྟོང་ཉིད་ཕ་རོལ་ཕྱིན། །དེས་མཚོན་རྒྱུ་སྐར་ཉི་ཤུ་བརྒྱད། །ཕྱམ་ནི་གནོད་སྦྱིན་ཉེར་བརྒྱད་ཀྱིས། །སྟོབས་བཅུ་མ་འདྲེས་བཅོ་བརྒྱད་མཚོན། །གྲལ་ཐོག་ཡོན་ཏན་བསམ་མི་ཁྱབ། །སྒོ་ཁང་ཕྱི་ཟུར་བཞི་པོ་ན། །ཀ་གདན་ཀ་བ་ཀ་ཞུ་ནི། །དྲན་དང་སྤང་དང་རྫུ་
འཕྲུལ་རྐང་། །གོ་རིམས་བཞིན་དུ་སྦྱར་བར་གསུངས། །གདུང་བཞི་སྣོལ་མར་བཏང་བ་ནི། །བདེན་བཞི་བསམ་གཏན་བཞི་དང་ལྡན། །ལོངས་སྤྱོད་རྣམས་ཀྱི་དོན་རྟགས་ནི། །བསོད་ནམས་ཚོགས་ནི་རྫོགས་པའི་ཕྱིར། །གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི། །ལྷ་མོ་རྣམས་ཀྱིས་
མཉེས་པར་བསམ། །ར་བ་འོབས་ཀྱི་དོན་རྟགས་ནི། །རྡོ་རྗེ་ར་བས་བདུད་དཔུང་བཟློག །མེ་ཡི་འོབས་ཀྱིས་ཉོན་མོངས་བསྲེག །ཆུ་དང་རླུང་ལ་སོགས་པ་ཡང་། །ཅི་རིགས་ཉིད་དུ་སྦྱར་བར་བྱ། །གཞན་ཡང་རྒྱན་གྱི་དོན་རྟགས་ནི། །བླ་རྒྱན་ཆོས་ཉིད་བླ་རེ་ནི། །ཐབས་དང་ཤེས་རབ་ཉི་ཟླ་
དང་། །ཡེ་ཤེས་ཕྲ་མེན་སྐར་ཚོགས་གསལ། །འོག་གཞི་རྒྱན་གྱི་དོན་རྟགས་ནི། །གདན་གྱི་སྐབས་སུ་འཆད་པར་འགྱུར། །རྩེ་རྒྱན་རྣམ་གཅིག་མཆོད་རྟེན་ལ། །སྲོག་ཤིང་སྐུ་གསུང་ཐུགས་སུ་བསྟན། །འཁོར་ལོ་ཤེས་པའི་ཁྱད་པར་ནི། །ཆར་ཁེབས་ཐུགས་རྗེ་ཆེན་པོ་སྟེ། །
འཕན་ནི་མཆོད་པའི་ལྷ་མོ་ལ། །དྲིལ་བུ་སྟོང་པ་ཉིད་ཀྱི་སྒྲ། །ཟླ་ཚེས་ཐབས་དང་ཤེས་རབ་ཡིན། །ཏོག་ནི་མི་ནུབ་རྒྱལ་མཚན་ནོ། །ལོགས་རྒྱན་ཕྱམ་མགོ་འཛི་པ་ཏྲི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲ་བ་དྲ་བ་ཕྱེད་གྱུར་པ། །དབྱིབས་དང་ཡེ་ཤེས་བརྡ་ཡིན་ནོ། །སྒོ་རྒྱན་རྣམ་པ་
མང་ཡོད་ཀྱང་། །རེ་ཞིག་དབང་གི་རྟགས་བཅུ་དང་། །རྒྱན་དགུ་དང་ནི་རྫས་བརྒྱད་དང་། །རིན་ཆེན་བདུན་དང་བརྡ་དྲུག་གོ། །བཟློག་སྟེ་བརྡ་དྲུག་བཤད་པ་ལས། །སྟེང་གི་ཆོས་ཀྱི་འཁོར་ལོ་ནི། །གཙོ་བོའི་རྟགས་ཏེ་རི་དགས་ནི། །འཁོར་གྱི་བརྡར་ནི་ཤེས་པར་བྱ། །འོག་གི་དབུས་ཀྱི་

གཅོད་ཆེན་ནི། །ངེས་དོན་སྒྲ་སྟེ་གཎྜཱི་ནི། །དྲང་དོན་སྒྲ་ཞེས་གསུངས་པའོ། །ཐབས་དང་ཤེས་རབ་མཚོན་པ་ནི། །རྡོ་རྗེ་དྲིལ་བུ་གཉིས་ཡིན་ནོ། །རིན་ཆེན་བདུན་ནི་འདི་ཡིན་ཏེ། །དབང་གི་འཁོར་ལོ་རིན་ཆེན་དང་། །ལྷ་མོ་བཙུན་མོ་རིན་ཆེན་དང་། །སྒོ་བ་དམག་
དཔོན་ཚུལ་དགུ་དང་། །མངོན་ཤེས་བློན་པོ་བྱ་བ་སྟེ། །སྟོབས་བཅུ་གླང་པོ་རིན་པོ་ཆེ། །རྫུ་འཕྲུལ་རི་དགས་རྟ་ཡི་ཚུལ། །ཡིད་བཞིན་ནོར་བུ་རིན་ཆེན་ནོ། །རྫས་བརྒྱད་བདུད་འཇོམས་རྒྱལ་མཚན་དང་། །ཐུགས་རྗེའི་གདུགས་དང་དཔལ་བེའུའི་ཐུགས། །བདུད་རྩིའི་བུམ་པ་མི་སྙེམས་ཉ། །
ཆོས་ཀྱི་དུང་དང་དགོས་འདོད་སྐོང་། །ཆོས་ཀྱི་འཁོར་ལོ་དེ་ལྟར་རོ། །སྒོ་ཁང་ནང་གི་རྒྱན་དགུ་ནི། །སྨད་ན་ཉོན་མོངས་ཟིལ་གྱིས་གནོན། །གླང་དང་སེང་གེ་ངང་པ་དང་། །སྟོབས་དང་མི་འཇིགས་ཚད་མེད་དེ། །སཱ་ལའི་ཤིང་གི་ཚལ་ཡིན་ནོ། །བར་ན་ལམ་རྣམས་སོ་སོར་འབྱེད། །རི་
དང་མི་དང་སྲང་ཁྲམ་དང་། །གཡོ་དང་འབྱེད་དང་བསྟབ་པ་སྟེ། །བློན་པོ་རིན་པོ་ཆེ་བཞིན་ནོ། །སྟེང་ན་སྡུག་བསྔལ་དང་དུ་ལེན། །ཀླུ་དང་ཆུ་སྲིན་ག་རུ་ཌ། །ཡེ་ཤེས་ཐུགས་རྗེའི་བྱིན་རླབས་ཏེ། །ཁྱུང་གིས་ཀླུ་རྒྱལ་བསླང་བ་བཞིན། །དབང་གི་རྟགས་བཅུ་འདི་ལྟ་སྟེ། །དབུ་རྒྱན་ཅོད་པན་ཕྲེང་བ་
དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡིས་ཡེ་ཤེས་དང་། །ཆོས་མོས་རྫུ་འཕྲུལ་སྨོན་ལམ་དང་། །སྐྱེ་ལས་ཚེ་དང་ལོངས་སྤྱོད་དང་། །སེམས་ལ་དབང་བ་གོ་རིམས་སོམོ། །གདན་གྱི་དོན་རྟགས་མི་འཇིགས་སྟོབས། །རྫུ་འཕྲུལ་དབང་
དང་ལས་ཀྱི་ཁྲི། །ཐབས་དང་ཤེས་རབ་སྐྱོན་མེད་དང་། །དགོས་འདོད་ཚུལ་དུ་མཚོན་པའོ། །བརྟེན་པ་ལྷ་ཡི་དོན་རྟགས་ནི། །ལྷ་དང་ལྷ་མོར་བསྟན་པ་ཡང་། །གཞི་ནི་གཟུང་དང་འཛིན་པ་སྟེ། །ལམ་ནི་ཐབས་དང་ཤེས་རབ་ཡིན། །འབྲས་བུ་དབྱིངས་དང་ཡེ་ཤེས་སོ། །སྐུ་དང་སྐུ་མདོག་ཕྱག་རྒྱ་
དང་། །ཕྱག་མཚན་བཞུགས་སྟབས་ཚུལ་དང་ནི། །རྒྱན་ཆས་དོན་གྱི་རྣམ་གྲངས་ནི། །གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང་། །མཚོན་པ་ཐབས་ཀྱི་ཕྱག་རྒྱ་དང་། །མཛད་པ་ལས་ཀྱི་ཕྱག་རྒྱར་སྦྱར། །དེ་ཡང་རྒྱུད་རྒྱལ་མ་ལུས་ཀྱི། །དགོངས་པ་མདོར་ནི་བསྡུས་པ་ཡིན། །མཚན་དང་དཔེ་བྱད་འོད་དང་

གསུམ། །བསོད་ནམས་རྫོགས་ཤིང་ཡོན་ཏན་མཚོན། །སེམས་ཅན་དོན་རྣམས་མཛད་པ་སྟེ། །རྒྱས་པར་མདོ་སྡེའི་དགོངས་པ་བཞིན། །དོན་རྟགས་རྟགས་ཀྱི་ཆོས་མཐུན་ནི། །གཞུང་འདིར་འདི་ལྟར་སྦྱོར་མོད་ཀྱི། །གཞན་དུ་ཆོས་མཐུན་མཐའ་ཡས་པ། །རྒྱུད་དང་རྟོག་པ་རྣམས་ལས་
བྱུང་། །དཀྱིལ་འཁོར་དབང་དང་དམ་ཚིག་གསུམ། །རྒྱུད་རྣམས་ཀུན་གྱི་སྲོག་ཤིང་པས། །རྣལ་འབྱོར་གསང་སྒོར་ཞུགས་རྣམས་ཀྱིས། །གཅེས་སྤྲས་ཡིད་ཀྱི་གཞུང་འདི་སྤྱད། །དཀྱིལ་འཁོར་དོན་བསྡུས་རྒྱུད་ཀྱི་མན་ངག་འདི། །ནོངས་སུ་ངེས་ཀྱིས་ལྷ་ལ་བཟོད་པར་གསོལ། །འདི་
བརྩམས་དགེ་བས་སེམས་ཅན་མ་ལུས་ཀུན། །དཀྱིལ་འཁོར་གསུམ་གྱི་ཀློང་དུ་གནས་གྱུར་ཅིག །སློབ་དཔོན་སངས་རྒྱས་གསང་བས་མཛད་པ། དཀྱིལ་འཁོར་གྱི་ཆོས་མདོར་བསྡུས་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སངས་རྒྱས་གསང་བས། དབས་མཉྫུ་ཤྲཱི་དང་། བྲན་
ཀ་མུ་ཏི་ཏ་གཉིས་ལ་བརྫངས་པ། བོད་ཡུལ་དུ་ལོ་ཙཱ་བ་ཀ་བ་དཔལ་བརྩེགས་ལ་སོགས་པས་བསྒྱུར་བའོ།། ༄། །གཞལ་ཡས་ཁང་གསལ་བར་བྱེད་པའི་མངོན་རྟོགས་མུན་སེལ་སྒྲོན་མ་བཞུགས།། ༄༅། །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་ལྷུན་གྲུབ་འོག་
མིན་གཞལ་ཡས་དང་། །བྲིས་པ་རྡུལ་ཚོན་བསྐྱེད་པ་ཏིང་འཛིན་གྱིས། །བདེ་གཤེགས་བཞུགས་གནས་གཞལ་ཡས་གསལ་བྱེད་པ། །ཏིང་འཛིན་མུན་སེལ་སྒྲོན་མ་བསྟན་པར་བྱ། །དེ་ཡང་ལུས་དོན་ཚུལ་དུ་བསྟན་པ་ནི། །ཚད་དབྱིབས་རྒྱུ་དང་རྩེ་མོའི་གནས་ལུགས་དང་། །ནང་
དང་སྒོ་ཡི་གནས་ལུགས་བསྟན་པ་དང་། །རྒྱན་གྱི་བྱེ་བྲག་རྣམས་ཀྱིས་མདོར་བསྟན་པའོ། །ཚད་ནི་འདི་ཞེས་ངེས་པར་བསྟན་དུ་མེད། །བློས་འཁྱུད་སྒོམ་བདེ་གང་དུ་གནས་པའོ། །དབྱིབས་ནི་ཕོ་བྲང་སྙིང་པོ་བུམ་པ་ཟླུམ། །གྲུ་ཆད་ལྷ་རྣམས་རྒྱས་ཕྱིར་གྲུ་བཞིའོ། །རྒྱུ་ནི་ཞི་ཁྲོ་གཉིས་
ལས་དང་པོ་ནི། །ཡེ་ཤེས་རྒྱུ་ལས་རིན་པོ་ཆེ་རུ་སྣང་། །པཉྩ་རེ་ཁཱ་རྡོ་རྗེ་ར་བ་དང་། །ཐོག་དང་ཀ་གདུང་ལ་སོགས་དེ་ལྟར་རོ། །རྩེ་མོ་བུམ་པ་ཆོས་ཉིད་གཅིག་ཏུ་འཁྱིལ། །སྣ་ཚོགས་ཆོས་ཀྱི་འཁོར་ལོ་བྱ་འདབ་ལྡན། །ཏོག་ལྡན་རྨ་བྱའི་མདོངས་ལྟར་གནས་པའོ། །ནང་གི་གནས་

ཚུལ་འཁོར་ལོ་པདྨ་འམ། །ཀ་བཞི་གདུང་བརྒྱད་གྲུ་གསུམ་ཟླ་གམ་སོགས། །རང་གཞུང་གང་ཡིན་ལྟར་ཏེ་དེ་ཉིད་ཀྱང་། །ལྟེ་བ་མཐོ་སྟེ་འཁོར་ལོ་པདྨ་སོགས། །རིམ་གྱིས་དམའ་སྟེ་གྲུ་ཆད་ལྷག་རྣམས་མཉམ། །རྡོ་རྗེ་ར་བ་རིན་ཆེན་རྐྱང་སྦག་གི། །བར་དང་ཕྱི་
རིམ་རྩིག་པ་དག་ཏུ་གནས། །ཕ་གུ་བད་དང་མདའ་ཡབ་བང་རིམ་ཚུལ། །སྟེང་ནས་བྱ་འདབ་སེང་མགོ་མུ་ཏིག་ལྡན། །རྩིག་གསེབ་རིན་ཆེན་ཀ་བ་དག་གིས་བཏེག །དེ་འོག་རྟ་བབས་ལྷ་མོ་ལ་སོགས་གནས། །ཕྱི་ནང་མཆོད་བྱེད་ཡང་ན་བར་ཁྱམས་ལའོ། །སྒོ་ལ་
གཉིས་ཏེ་ཁྱུད་ཅན་ཁྱུད་མེད་དོ། །ཁྱུད་མེད་གློ་འབུར་ཚུལ་ཏེ་སྒོ་བ་གཅིག །ཁྱུད་ཅན་སྒོ་བ་གཉིས་ཏེ་ཕྱེད་སྒོའོ། །སྒོ་ཟུར་རྩིག་གསེབ་ཀ་ཐུང་བཅུ་དྲུག་གི། །རྒྱན་གྱིས་རྟ་བབས་རིམ་པ་བརྒྱད་ལྡན་འདེགས། །དེ་གཉིས་རྣམ་ཐར་བརྒྱད་དང་ལྡན་ཕྱིར་རོ། །མཛེས་པའི་རྟ་བབས་
ཐེམ་སྐས་གླང་ཆེན་ཚུལ། །མཆོད་རྟེན་མགོ་ལྔ་ལྟར་དུ་འདོད་ཟེར་བ། །འདི་ཡི་གཞུང་མིན་གཞན་དུ་རིག་པར་བྱ། །མུན་པ་ཝ་རན་རིན་ཆེན་ཆུན་འཕྱང་མཛེས། །བཅུ་གཅིག་རྡོ་རྗེ་དག་དང་ལྡན་པའོ། །རྒྱན་ལ་བདག་པོ་ཕྱི་ནང་སྟེང་འོག་ལོགས། །བདག་པོ་ཡབ་ཡུམ་ལ་སོགས་སྐབས་
དང་སྦྱར། །བླ་རེ་བཞི་གདན་དྲ་བ་མུ་ཏིག་ཕྲེང་། །གདན་ལ་སེང་གེ་གླང་ཆེན་རྟ་དང་ཁྱུང་། །ནམ་མཁའ་ལྡིང་དང་ཉི་ཟླ་པདྨ་ཁྲི། །ཕྱི་ལ་རྩེ་མོའི་རྒྱན་དང་སྒོ་དྲུང་ངོ་། །རྩེ་རྒྱན་གདུགས་དང་རྒྱལ་མཚན་རི་དགས་མཛེས། །སྒོ་དྲུང་རྒྱན་ནི་རྔམ་གློག་འོག་རིམ་ནས། །རྒྱལ་བ་གོང་མ་
རྣམས་ཀྱིས་བཤད་ལྟར་རོ། །མཐའ་མ་མུ་ཁྱུད་རྡོ་རྗེ་མེ་རིས་བསྐོར། །ཞི་བའི་གཞལ་ཡས་དོན་ནི་དེ་ལྟར་གནས། །ཁྲོ་བོའི་གཞལ་ཡས་དོན་ནི་འདི་ལྟ་སྟེ། །ཚད་དབྱིབས་རྩེ་མོ་སྒོ་རྣམས་འདྲ་གཅིག་ལ། །རྒྱུ་དང་ནང་དང་རྒྱན་གྱི་བྱེ་བྲག་རྣམས། །གོང་ལྟར་མི་གནས་བྱེ་བྲག་
བསྟན་པ་ནི། །རྒྱུ་ནི་དུར་ཁྲོད་འབར་བའི་རྩིག་པ་སྟེ། །ཐོད་པ་ཆེ་ཕྲ་གནམ་ལྕགས་འབར་བས་སྤྲས། །ནང་གཞི་ཀེང་རུས་རཀྟའི་ཟིལ་པ་ཆགས། །ཞིང་དང་ཚངས་པའི་ཀ་གདུང་རྣམས་དང་ལྡན། །ཆུ་སྲིན་སྦྲུལ་དང་ཉི་ཟླ་ཀ་ཞུའི་རྒྱན། །གཟའ་དང་རྒྱུ་སྐར་ཕྱམ་དང་གྲལ་

ཐབས་མཛེས། །ཞིང་གི་སྤང་ལེབ་མ་ཏང་གནས་ཀྱིས་གཡོགས། །རྒྱན་ནི་སྟེང་ནས་ཞིང་ཆེན་འོག་གདན་ཀྱང་། །ཉི་ཟླ་པདྨ་དྲེགས་པ་སེམས་ཅན་ནོ། །རྩེ་མོ་ཙིཏྟའི་ཏོག་ལ་ཞིང་གི་གདུགས། །ཕ་གུ་ཐོད་པ་སྣ་ཚོགས་བད་དུ་བྱས། །དྲ་བ་དྲ་ཕྱེད་ཐོད་སྦྲུལ་དྲིལ་བུ་དང་། །
མཆོད་པའི་ལྷ་མོ་ཕྱི་ནང་མེད་པར་དབུལ། །སྒོ་རྒྱན་རྟ་བབས་ཐོད་པ་འབར་བ་ལ། །དེ་སྟེང་ཆུ་སྲིན་ཆོས་ཀྱི་འཁོར་ལོར་ལྟ། །རྩེ་ལ་གདུགས་དང་རྒྱལ་མཚན་གྲུ་བཞིར་མཛེས། །མཐའ་མ་ལྕགས་རི་མེ་འོད་འབར་བའི་ནང་། །དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་གཏམས་པ་ནི། །
ཁྲོ་བོའི་དཀྱིལ་འཁོར་གཞལ་ཡས་བསྟན་པའོ། །དེ་ནི་བུམ་པ་གཅིག་ཏུ་འཁྱིལ་པའི་གཞུང་། །མཆོད་རྟེན་མགོ་བོ་ལྟར་དུ་གནས་པ་ནི། །དབུས་ཀྱི་ཕོ་བྲང་མཆོད་རྟེན་བུམ་པའི་ཚུལ། །སྒོ་བཞི་རྟ་བབས་མཆོད་རྟེན་ཚུལ་དུ་གནས། །དེ་རྣམས་མཐོ་སྟེ་གྲུ་ཆད་
ལྷ་རྣམས་དམའ། །བཅུ་གཅིག་རྡོ་རྗེ་སྒོ་ཡི་པྱམ་སྒོ་ལ། །གྲུ་ཆད་གདུང་མགོ་ཟླ་ཚེས་རྡོ་རྗེའོ། །རྟ་བབས་བཞིར་འདོད་གསང་སྔགས་ཕྱི་ཡི་གཞུང་། །བདག་འདྲ་ཨུཌྱན་པདྨ་རྒྱལ་པོ་ཡིས། །ཏིང་འཛིན་ཉམས་ལེན་དགོངས་པ་མཐར་ཕྱིན་ཀྱང་། །ཕྱི་རབས་ལམ་པ་
རྣམས་ཀྱི་དོན་ཆེད་དུ། །རྒྱུད་ལུང་ཀུན་དང་མི་འགལ་མུན་སེལ་བའི། །སྒྲོན་མ་ཨ་མྲྀ་ཏ་ཡི་དོན་དུ་བརྩམས། །དགེ་བས་སེམས་ཅན་ཀུན་གྱིས་འཕགས་ཐོབ་བསྔོ། །གཞལ་ཡས་ཁང་གསལ་བའི་མངོན་རྟོགས་མུན་སེལ་སྒྲོན་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་
མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ན་ཡ་ཏྲ་ཡ་པྲ་དཱི་པ། བོད་སྐད་དུ། ཚུལ་གསུམ་གྱི་སྒྲོན་མ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཤེས་རབ་ཐུགས་རྗེའི་སྣང་བ་ཡིས། །འགྲོ་བའི་མངོན་སུམ་སྤྱན་
གྱུར་ཅིང་། །ཡེ་ཤེས་འོད་ཀྱིས་མུན་སེལ་མཛད། །རྒྱལ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ལུང་དང་རིགས་པ་ཇི་བཞིན་དང་། །བདག་གི་ཤེས་སྟོབས་ཅི་ཡོད་པས། །ཚུལ་གསུམ་གྱི་ནི་སྒྲོན་མ་འདི། །དེ་ཉིད་གྲུབ་ཕྱིར་བཤད་པར་བྱ། །གལ་ཏེ་འདི་ལ་སྐྱེ་བོ་འགའ། །སྐལ་བ་དམན་པས་མི་

འཇུག་ཀྱང་། །བདག་ཉིད་ཀྱི་ནི་རང་གི་ཡིད། །སྦྱོང་བའི་ཐབས་སུ་འདི་གྱུར་མོད། །ཡང་དག་རིག་མེད་པར་འཇིག་རྟེན། །མྱ་ངན་འདས་པ་མི་འཐོབ་ཅེས། །སངས་རྒྱས་ཀྱིས་གསུངས་འདིར་ཚད་མ། །རྒན་པོ་རྣམས་ཀྱིས་གསལ་བར་བཤད། །འདི་ན་ཐེག་པ་ཆེན་པོའི་
ཚུལ་ལ་གོ་ཆ་ཆེན་པོ་བགོས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ནས་བརྩམས་ཏེ། བཅོམ་ལྡན་འདས་སྟོབས་བཅུ་དང་ཐུགས་རྗེ་ཆེན་པོའི་བདུད་རྩིས་ཐུགས་བརླན་པས། མདོ་སྡེ་དང་རྒྱུད་ཀྱི་རྒྱལ་པོ་དེ་དང་དེ་རྣམས་སུ་ས་དང་། ཏིང་ངེ་འཛིན་དང་། གཟུངས་དང་། ཕ་རོལ་ཏུ་ཕྱིན་པ་དང་།
མངོན་པར་ཤེས་པ་དང་། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་རྣམས་ཐུགས་རྗེ་ཆེན་པོའི་བདུད་རྩིའི་གསུང་ཉིད་ཀྱིས་སྟོན་པར་མཛད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཁོ་ན་ཕུན་སུམ་ཚོགས་པ་མ་ལུས་པའི་རྒྱུ་ཡིན་པར་གསུངས་ལ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་
བཞིན་གཤེགས་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ལ་སོགས་པའི་རྣམ་གྲངས་ཀྱིས་སྟོན་པར་མཛད་པ་ཡིན་པས་དེ་ཉིད་ནི་ཐར་པ་འདོད་པ་རྣམས་ཀྱིས་མཆོག་ཏུ་བླང་བར་བྱ་བ་ཡིན་ནོ། །དྲིས་པ་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་གཞན་དག་
ཀྱང་དེ་ཁོ་ན་ཉིད་ཡིན་པར་གསུངས་ལ། ཡེ་ཤེས་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །དེ་གོམས་པར་བྱེད་པའི་རིམ་པ་ཉིད་ཀྱིས་ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་སྐྱེས་པ་དགྲ་བཅོམ་པ་བྱ་བ་བྱས་པ། བྱེད་པ་བྱས་པ་ཞེས་བྱ་བ་ལ་སོགས་པར་གསུངས་ན་ཇི་ལྟར་ན་གཉིས་
སུ་མེད་པའི་ཡེ་ཤེས་དེ་ཉིད་གཅིག་པུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་དུ་བཤད། འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། བདེ་བར་གཤེགས་པའི་བསྟན་པ་ལ་ནི་དེ་གཙོ་བོར་གྱུར་པ་ཉིད་ཡིན་ཞིང་ཐེག་པ་ཆེན་པོར་ཡང་དེ་ལྟར་ཁས་བླངས་པ་ཡིན་པའི་
ཕྱིར་རོ། །ཡང་ན་འདི་དག་ནི་སངས་རྒྱས་ཀྱི་བཀའ་ཡིན་དུ་ཟིན་ཀྱང་ཚད་མ་དང་མི་ལྡན་པས་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེ་ན། དེ་ལྟར་ན་ཐམས་ཅད་མཁྱེན་པ་ནི་མི་ཤེས་པ་ཡིན་ནོ་ཞེས་སངས་རྒྱས་སྤངས་པའི་ཕྱིར་ཉེས་པ་ཆེན་པོར་འགྱུར་ལ། དེ་ལྟ་ཡིན་ན་ནི་ཐེག་པ་ཆེན་པོ་ལའང་སུ་ཞིག་ཡིད་ཆེས་པར་

འགྱུར། འདི་ནི་ཚད་མ་དང་མི་ལྡན་པ་ཡང་མ་ཡིན་ཏེ། འདིར་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་འདིར་མ་བཤད་པ་ཡིན་ནོ། །གཞན་ཡང་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ནི་ཐེག་པ་ཆེན་པོར་ཡང་བཅོམ་ལྡན་འདས་ཀྱིས་བསྟན་ན་དེ་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་གང་ལས་ངེས་པར་
བྱས། སངས་རྒྱས་ཀྱི་བཀའ་ཉིད་ལ་དད་པ་དང་ལྡན་པ་རྣམས་དེ་ཁོ་ན་ཉིད་དང་ཅིག་ཤོས་སུ་འབྲང་བའི་རིགས་པ་མ་ཡིན་ནོ། །གཉིས་སུ་མེད་པའི་ཡེ་ཤེས་ནི་དེ་ཁོ་ན་ཉིད་ཡིན་པར་འདུལ་བ་ལ་སོགས་པར་ཡང་ཅིའི་ཕྱིར་མ་བསྟན། བཅོམ་ལྡན་འདས་ནི་དེ་ཁོ་ན་ཉིད་མ་ཡིན་པ་དེ་ཁོ་ན་ཉིད་
དུ་སྟོན་པར་མི་མཛད་ཅིང་། དེ་ཁོ་ན་ཉིད་སྦེད་པར་ནི་མི་མཛད་དེ། སངས་རྒྱས་འབྱུང་བ་ནི་དེ་ཁོ་ན་ཉིད་སྟོན་པར་མཛད་པ་ལ་བརྩོན་པ་དང་། སངས་རྒྱས་རྣམས་ལ་ནི་སློབ་དཔོན་གྱི་དཔེ་མཁྱུད་མི་མངའ་ཞིང་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་པའི་ཕྱིར་དང་། བདེན་པ་ལ་དམིགས་པ་ཉིད་ནི་
འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་པར་བཅོམ་ལྡན་འདས་ཀྱིས་ཡང་དག་པར་བསྔགས་པ་མཛད་དེ། འདི་ནི་བདེ་བར་འགྲོ་བའི་ལམ། །ལམ་འདི་རྣམ་པར་དག་པའི་ཕྱིར། །ཞུགས་པར་བྱེད་པ་རབ་སྤོང་ཞིང་། །སྒོམ་བྱེད་བདུད་ཀྱི་འཆིང་བ་གཅོད། །ཅེས་བྱ་བ་ལ་སོགས་པ་
གསུངས་པ་ཡིན་པས་ལུང་ལས་སམ། དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སོགས་པའི་བདེན་པ་ནི་བདེན་པ་མ་ཡིན་པ་མ་ཡིན་གྱི་འདི་ནི་བདག་ཏུ་འཛིན་པའི་བུད་ཤིང་གི་མེ་འབར་བ་འབའ་ཞིག་ཡིན་ནོ། །འདིར་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་སྡུག་བསྔལ་གྱི་བདེན་པ་ལ་སོགས་པ་ཡང་དེ་
ཁོ་ན་ཉིད་ཡིན་ནོ་ཞེས་གསུངས་ལ་ཞེས་གང་སྨྲས་པ་དེ་ལ། དཔེར་ན་མི་གཙང་སེལ་བྱེད་ལྟར། །ཉོན་མོངས་སྤོང་ཕྱིར་བདེན་པ་དག །སྟོན་པར་མཛད་ཀྱི་དེ་ཉིད་ནི། །དོན་དམ་བདག་ཅན་ཡིན་པར་འདོད། །བདེན་པ་བསྒོམས་པ་ལས་ཉོན་མོངས་པ་སྤོང་བས་དེ་ཁོ་ན་ཉིད་དུ་མི་འགྱུར་ཏེ། མི་
གཙང་བ་བསྒོམ་པ་ལ་སྩོགས་པ་ཡང་འདོད་ཆགས་ལ་སྩོགས་པ་རྣམ་པར་སྤོང་བའི་དོན་ཡིན་པའི་ཕྱིར། དེའི་དམིགས་པ་རུས་གོང་ལ་སོགས་པ་ཡང་དེ་ཁོ་ན་ཉིད་ཡིན་པར་ཐལ་བར་འགྱུར་ལ། ཡང་དེའི་ཚེ་ན་འཇིག་རྟེན་པའི་ལམ་ལ་དམིགས་པའམ། ནམ་མཁའ་ལ་སྩོགས་པ་ཅུང་ཟད་ཀྱང་

དེ་ཁོ་ན་ཉིད་མ་ཡིན་པར་མི་འགྱུར་རོ། །དོན་དམ་པ་ནི་དེ་ཁོ་ན་ཉིད་ཡིན་གྱི་སྡུག་བསྔལ་ནི་དོན་དམ་པ་མ་ཡིན་ཏེ། དེ་ལས་དམན་པ་ཉིད་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཉིད་ཀྱིས་སྡུག་བསྔལ་དོན་དམ་པ་ཉིད་ཡིན་ཞེས་ཁོ་བོ་ཅག་སྨྲའོ། །དེ་ཉིད་ཀྱི་ཕྱིར་བཅོམ་
ལྡན་འདས་ཀྱིས་སྡུག་བསྔལ་གྱི་བདེན་པ་ཞེས་གསུངས་པ་དང་། དབྱིག་གཉེན་གྱི་ཞལ་སྔ་ནས་ཀྱིས་ཀྱང་། གཉིས་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །ཡང་གཉིས་ནི་འཕགས་པ་མ་ཡིན་པའི་བདེན་པའོ་ཞེས་བཤད་པ་ཡིན་ནོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར།
ཉན་ཐོས་རྣམས་ནི་འཇུག་པའི་ཕྱིར། །སྡུག་བསྔལ་སྩོགས་བདེན་ཉིད་གསུངས་པ། །མེད་དུ་ཟིན་ཀྱང་ཐུགས་རྗེ་ཡིས། །བདག་ཡོད་ཅེས་གསུངས་པ་ལྟ་བུ་ཡིན། །ཞེས་བྱ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཉན་ཐོས་རྣམས་བརྩོན་འགྲུས་ཆུང་བས། བྱང་ཆུབ་སེམས་དཔའི་སྤྱོད་
པ་ཆེན་པོ་ལ་འཇུག་པར་མི་ནུས་པར་མཁྱེན་ནས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཐུགས་ཀྱིས་སྡུག་བསྔལ་ལ་སྩོགས་པ་བདེན་པ་མ་ཡིན་དུ་ཟིན་ཀྱང་བདེན་པར་གསུངས་ཏེ། ཇི་ལྟར་ན་འདི་དག་དད་པ་ཙམ་གྱིས་སྡུག་བསྔལ་ལ་སྩོགས་པར་བསྒོམས་པས་ཟག་པ་མེད་པའི་ཡེ་
ཤེས་ཐོབ་ནས་རིམ་གྱིས་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བས་ཟད་པ་དང་མི་སྐྱེ་བ་ཤེས་པ་ཐོབ་པ་སྟེ། བྱ་བ་བྱས་པ། བྱེད་པ་བྱས་པ། ཟག་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དང་། སླར་ཡང་དེ་བཞིན་གཤེགས་པའི་འོད་ཟེར་
རྣམས་ཀྱིས་ཡང་དག་པར་བསྐུལ་ནས། དགེ་བའི་རྩ་བ་ཡོངས་སུ་སྨིན་པས་དུས་རིང་པོ་མི་ཐོགས་པ་ཉིད་དུ་སྤྲུལ་པའི་ཚོགས་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་བསགས་ནས། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་འཇུག་པས་ཏིང་ངེ་འཛིན་མ་ལུས་པ་རྟོགས་པའི་ཡེ་ཤེས་ཀྱི་
ཚོགས་ཀྱིས་བླ་ན་མེད་པ་རབ་ཀྱི་མཐར་ཐུག་པ་ལ་ཞུགས་པའི་གནས་འཐོབ་པར་འགྱུར་བ་ཡིན་ནོ། །ཡང་གལ་ཏེ་འདི་དག་སྒྲ་ཇི་བཞིན་པ་ཉིད་དུ་གཟུང་ན། དེའི་ཚེ་བདག་ཡོད་དོ་ཞེས་ཀྱང་གསུངས་པས་བདག་ཀྱང་དེ་ཁོ་ན་ཉིད་དུ་འགྱུར་རོ། །བཀའ་དེ་ཡང་ཕྱིན་ཅི་ལོག་པར་གསུངས་པའི་

ཉེས་པ་ཡོད་པ་མ་ཡིན་ཏེ། དགོས་པའི་ཕྱིར་དགོངས་ཏེ་གསུངས་པ་ནི་ཡོན་ཏན་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར་རབ་ཏུ་འབར་བའི་ཁྱིམ་གྱི་ནང་ན་གནས་པའི་བྱིས་པ་རྣམས་གདོན་པའི་ཕྱིར། ཕ་ཡིས་ལག་པ་སྟོང་པ་བསྟན་པ་ལ་ཉེས་པ་ཅི་ཞིག་ཡོད། བྱ་བ་
རྣམས་ནི་བསམ་པའི་དབང་ལས་དགེ་བ་དང་། མི་དགེ་བར་འགྱུར་ཏེ་འདི་ནི་འོག་ནས་བཤད་པར་བྱའོ། །ཡང་ན་ཕྱིན་ཅི་མ་ལོག་པའི་གནས་འཐོབ་པའི་རྒྱུ་ཉིད་ཡིན་ན་སྡུག་བསྔལ་ལ་སོགས་པ་བདེན་པར་གསུངས་ཏེ། དཔེར་ན་སངས་རྒྱས་རྣམས་ནི་འབྱུང་བ་བདེ། །
ཞེས་བྱ་བ་ལྟ་བུའོ། །དེ་བས་ན་དེ་ཁོ་ན་ཉིད་དུ་ན་སྡུག་བསྔལ་ལ་སྩོགས་པའི་བདེན་པ་ནི་བདེན་པ་མ་ཡིན་གྱི་ཞེས་བྱ་བ་དེའི་ལན་བཏབ་པ་ཡིན་ནོ། །འདི་ནི་ཁོ་བོ་ཅག་གིས་གང་གིས་ན་བདག་ཏུ་འཛིན་པའི་བུད་ཤིང་གིས་མེ་སྦར་བར་གྱུར་པའི་སོར་མོ་བསྐྱོད་པ་ཙམ་
གྱིས་བཤད་པ་ཡང་མ་ཡིན་ཏེ། གཞན་དུ་ན་བཅོམ་ལྡན་འདས་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། བྱང་ཆུབ་པར་འདུག་པ་ན་བདེན་པ་གཅིག་ཀྱང་ཇི་ལྟ་བ་བཞིན་དུ་མ་མཐོང་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་
པ་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། སྐྱེ་བ་མེད་པ་ནི་བདེན་གྱིས་ཆོས་གཞན་དག་ནི་བདེན་པ་མ་ཡིན་ནོ་ཞེས་གསུངས་པ་དང་། གཞན་ཡང་དོན་འདི་ནི་མདོ་སྡེ་གཞན་དག་ལས་ཀྱང་མང་དུ་ན་ཅིའི་ཕྱིར་སངས་རྒྱས་ཀྱི་གསུང་དེའི་རྗེས་སུ་འཇུག་པའི་ཁོ་
བོ་ཅག་ལ་ཁྱེད་རྣམས་སྨོད་པར་བྱེད། ཚད་མ་ནི་ཚད་མ་རྣམ་འགྲེལ་ཉིད་དུ་སྨྲས་པས་ཞེས་གང་སྨྲས་པ་དེ་ཡང་དེ་ཚད་མ་དང་འགལ་བ་ཡང་གཞི་གཉིས་སུ་མེད་པའི་ཚུལ་གྱིས་རྗེས་སུ་འབྲངས་ནས་དེ་ཉིད་དུ་བཤད་པ་མ་ཡིན་ནམ། དེ་ནི་མུ་སྟེགས་པས་ཁས་བླངས་པའི་རྒྱུས་
ན་སྐད་ཅིག་མ་མ་ཡིན་པ་བཀག་པ་ཡིན་ལ། ཟབ་མོའི་ཚུལ་བསྟན་པས་ནི་སྐད་ཅིག་མ་ཡང་བཀག་པས་ཉེས་པ་ཅི་ཡང་མེད་དོ། །དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོགས་ལས་ཀྱང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་བདེན་པ་དང་ཅིག་ཤོས་ཉིད་གསལ་བ་

ཁོ་ནར་རྟོགས་པར་མཛད་པ་དང་། གདོད་མ་ནས་མ་སྐྱེས་པར་ནི་བཅོམ་ལྡན་འདས་ཀྱིས་མདོ་སྡེ་མཐའ་ཡས་པ་ལས་རབ་ཏུ་བསྟན་པ་ཡིན་ནོ། །དེ་ཡང་གླང་པོའི་མཆན་བཅིངས་ཀྱི་མདོ་ལས། གང་གིས་སྐྱེ་བ་འབྱུང་བ་ནི། །དངོས་པོ་གང་ཡང་རྙེད་མི་འགྱུར། །དངོས་
པོ་མེད་པའི་ངོ་བོ་ལ། །བྱིས་པ་རྣམས་ནི་འབྱུང་བར་འདོད། །ཅེས་གསུངས་པ་དང་། དེ་བཞིན་དུ་དཀོན་མཆོག་འབྱུང་གནས་ལས། གང་གི་དངོས་པོ་ཉིད་ནི་ཡོད་མིན་པ། །དངོས་པོ་གཞན་གྱི་རྐྱེན་དུ་ཇི་ལྟར་འགྱུར། །དངོས་མེད་གཞན་ནི་ཇི་ཞིག་བསྐྱེད་འགྱུར་ཞེས། །རྒྱུ་འདི་བདེ་བར་
གཤེགས་པས་བསྟན་པ་ཡིན། །ཞེས་བཤད་པ་དང་། འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས་ཀྱང་། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་སྟོང་ཞིང་། །སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང་། །དངོས་པོ་ཉིད་མེད་དངོས་པོ་མེད་པའང་མེད། །ཆོས་རྣམས་ཐམས་
ཅད་སྟོང་པའི་ངོ་བོ་ཉིད། །ཅེས་གསུངས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་། དཔེར་ན་ཆུ་ཤིང་རློན་པའི་ཕུང་པོ་ལས། །སྙིང་པོ་འདོད་པའི་སྐྱེས་བུས་རྣམ་བཙལ་ན། །ཕྱི་དང་ནང་ན་དངོས་པོ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་
གྱིས། །ཞེས་གསུངས་པ་དང་། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། ཚུལ་བཞིན་འདྲི་བ་ནི་གང་ཚུལ་བཞིན་མ་ཡིན་པར་འདྲི་བ་ནི་གང་ཞེ་ན། སྨྲས་པ། མ་སྐྱེས་པ་ནི་ཚུལ་བཞིན་ཏེ་དེ་འདྲ་བ་ནི་ཚུལ་བཞིན་དུ་འདྲི་བའོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་ཆོས་ཐམས་ཅད་ནི་
རྩའི་སྒོ་སྟེ་འཆི་འཕོ་དང་སྐྱེ་བ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་སྒོ་སྟེ། ངོ་བོ་ཉིད་སྟོང་པ་ཉིད་ཉེ་བར་བཟུང་བས་སོ་ཞེས་གསུངས་པ་དང་། ཡབ་དང་སྲས་མཇལ་བ་ལས་ཀྱང་། ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་མཉམ་པ་ཉིད་ཀྱིས་མཉམ་སྟེ། འདས་པའི་དུས་ཀྱི་
ཆོས་ཐམས་ཅད་ནི་ངོ་བོ་ཉིད་དང་བྲལ་བའོ། །མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ཀྱི་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་གསལ་བར་མཛད་པ་ནི། ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། ཆོས་གང་དངོས་པོ་མེད་པ་དེ་ནི་འདས་པ་མ་

ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་འདས་པའོ་ཞེས་རྣམ་པར་འཇོག་པར་མི་ནུས། མ་འོངས་པ་མ་ཡིན། ད་ལྟར་བྱུང་བར་འཇོག་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །དེ་བཞིན་དུ་བདེན་པ་
གཉིས་ལ་འཇུག་པ་ལས་ཀྱང་། ཡང་འཇམ་དཔལ་ཡང་དག་པའི་སྦྱོར་བ་གང་ཞིག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། སྐྱེ་བ་མེད་པ་གང་དང་མཉམ་པ་མཚམས་མེད་པ་ལྔ་པོ་དེ་དང་མཉམ་མོ་ཞེས་བྱ་བ་ལ་
སོགས་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྒྱ་ཆེར་བཤད་ནས་སྨྲས་པ། ཡང་འཇམ་དཔལ་དོན་དམ་པའི་བར་གྱི་མཉམ་པ་ཉིད་གང་གིས་རྣམ་པར་བྱང་བ་མཉམ་པ་ཉིད་ཡིན་པ་ཆོས་ཐམས་ཅད་དེ་དང་མཉམ་པ་ཡིན་ནམ། འཇམ་
དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཆོས་ཐམས་ཅད་ནི་མ་སྐྱེས་པའི་མཉམ་པ་ཉིད་དང་། དོན་དམ་པར་ཆོས་ཐམས་ཅད་ནི་ཤིན་ཏུ་མ་བྱུང་བའི་མཉམ་པ་ཉིད་དང་། དོན་དམ་པར་ཆོས་ཐམས་ཅད་དངོས་པོ་མེད་པའི་མཉམ་པ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་དང་།
སངས་རྒྱས་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང་། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་སློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །ཅེས་གསུང་
པ་དང་། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། རབ་འབྱོར་གཟུགས་ནི་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནས་རྣམ་པར་ཤེས་པའི་བར་དུ་ཉེ་བར་བཟུང་སྟེ་སྟོང་པའི་མཚན་ཉིད་ཅན་དུ་གསུངས་པ་དང་། དཀོན་མཆོག་གི་ཟ་མ་ཏོག་ལས་ཀྱང་། འཇམ་
དཔལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་ཆོས་མ་ཡིན་པ་ཡིན་ནམ། སྨྲས་པ། བཙུན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཡང་དག་པར་བྱུང་བ་ནི་འགའ་ཡང་མེད་དེ། གང་འབྱུང་བ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ་ཞེས་བརྗོད་པར་མི་བྱའོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་འདི་ལྟར་

ཆོས་ཐམས་ཅད་ནི་ཆོས་མ་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་འདི་དག་ཐམས་ཅད་ཡོངས་སུ་བརྟགས་པའི་ངོ་བོ་ཉིད་ལ་དགོངས་ནས་གསུངས་སོ་ཞེས་གང་བཤད་པ་དེ་ཡང་བདེན་པ་ཉིད་ཡིན་ནོ། །ཡོངས་སུ་བརྟགས་པའི་ངོ་བོ་ཉིད་དུ་བརྗོད་པ་ནི་ཚད་མ་དང་འགལ་
བ་ཡིན་ཡང་བྱིས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་དུ་ཉེ་བར་བཟུང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་སྐྱེ་བ་ལ་སོགས་པ་ཉིད་ཡོངས་སུ་བརྟགས་པ་ཡིན་པས་ཚད་མ་དང་འགལ་ཏེ་དེས་ན་མ་སྐྱེས་པ་དེ་ཉིད་དེ་ཁོ་ན་ཡིན་པར་གྲུབ་པ་ཡིན་ནོ། །འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཡང་དག་པར་སྡུད་
པ་ལས་གསལ་བ་ཁོ་ནར་གསུངས་པ་ཡིན་ཏེ། རིགས་ཀྱི་བུ་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ལ་འཇིག་རྟེན་པ་རྣམས་ཞུགས་པ་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་གྱིས་སྐྲག་པའི་གནས་སྤང་བར་བྱ་བའི་ཕྱིར་སྐྱེ་བ་དང་འགག་པར་འགྱུར་རོ་
ཞེས་ཐ་སྙད་དུ་གསུངས་པ་ཡིན་གྱི་འདི་ལ་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྐྱེ་བ་མེད་པ་དང་། སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བསྟན་པ་གཉིས་སུ་མེད་པ་ཉིད་དེ་ཁོ་ན་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་ཡང་འདུལ་བ་ལ་སྩོགས་པར་གཉིས་
སུ་མེད་པ་འདི་ཅིའི་ཕྱིར་མ་བསྟན་ཞེས་སྨྲ་ན། དེར་ནི་བརྩོན་འགྲུས་ཆུང་བའི་ཕྱིར། །ཞེས་བཤད་པ་ཉིད་ཀྱི་ཕྱིར་ཏེ། དེ་ཡང་རང་གི་དོན་ཙམ་ལ་མངོན་པར་བརྩོན་ཞིང་བདེན་པ་བསྟན་པ་ཉིད་ཀྱི་དོན་བྱེད་ལ། ཆོས་ཐམས་ཅད་བདག་མེད་པའི་ཏིང་ངེ་འཛིན་ལ་ནི་གཡང་ས་དང་འདྲ་བར་ལྟ་
བས་གཉིས་སུ་མེད་པ་མ་བསྟན་པ་ཡིན་ཏེ། སྟོན་པ་པོ་རྣམས་ནི་ཐམས་ཅད་ལ་ཐམས་ཅད་སྟོན་པར་མི་མཛད་དེ། ཉེ་བར་སྟོན་པ་དེ་ནི་དགོས་པའི་དབང་དུ་མཛད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཟབ་པ་དང་རྒྱ་ཆེ་བའི་བསམ་པ་ཅན་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་
དགོས་པ་མ་ཡིན་པས་ན། འཕགས་པའི་བདེན་པ་བཞི་སྟོན་པར་མཛད་པ་ཡང་དགོས་པ་ཡིན་ནོ། །གལ་ཏེ་འདི་སྐད་ཅེས་སྡུག་བསྔལ་ལ་སྩོགས་པ་ཉིད་དེ་ཁོ་ན་ཉིད་ཡིན་ལ། དེ་མཐོང་བ་ཡང་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སྩོགས་པས་འཐོབ་པར་འགྱུར་བ་ཡིན་པས་སྟོབས་

དང་ལྡན་པའི་འབད་པས་བསྒྲུབ་པར་བྱ་བ་ཡིན་ལ། གཉིས་སུ་མེད་པའི་ཡེ་ཤེས་འདི་ཡང་དེ་ཁོ་ན་ཉིད་མ་ཡིན་དུ་ཟིན་ཀྱང་དེ་ཁོ་ན་ཉིད་དུ་བསྟན་པ་ནི་དེ་ཁོ་ན་ཉིད་ལ་འཇུག་པའི་ཕྱིར་ཡིན་པས། སེམས་ཅན་ཐམས་ཅད་ཇི་ལྟར་འདོད་པར་བསྒོམ་པར་བྱའོ་ཞེས་ཅིའི་ཕྱིར་མི་འཆད་དེ། གཉིས་
སུ་མེད་པའི་ཡེ་ཤེས་ཀྱི་ཕྱོགས་སུ་ལྷུང་བས་ཅི་ཞིག་བྱ་ཞེས་ཟེར་ན་འདིར་བརྗོད་པར་བྱ་སྟེ། སྟོང་པ་ཉིད་ཀྱིས་ཐེག་ཆེན་དུ། །དེ་སྐད་གསུངས་པས་དེ་དེ་བཞིན། །ཤེས་ཀྱི་དེ་དང་མི་མཐུན་པ། །ཐུབ་གསུང་མེད་པར་ཇི་ལྟར་ནུས། །འདིར་ནི་རང་གི་རྟོག་པས་སྨྲས་པ་མ་ཡིན་ཏེ། གཞན་
དུ་ན་སྟོན་པ་ཉིད་ཀྱིས་ལང་ཀར་གཤེགས་པའི་མདོ་ལས། ཏིང་འཛིན་དྲེགས་པས་མྱོས་ནས་ནི། །ཟག་པ་མེད་པའི་དབྱིངས་ན་འཁོད། །ཅེས་གསུངས་པ་དང་། ཡང་དེ་ཉིད་ལས་བློ་གྲོས་ཆེན་པོ་འདི་ནི་ཉན་ཐོས་ཀྱི་ཐེག་པའི་མངོན་པར་རྟོགས་པའི་རིགས་ཀྱི་མྱ་ངན་ལས་འདས་པ་
མ་ཡིན་པ་ལ་མྱ་ངན་ལས་འདས་པའི་བློ་ཅན་ཏེ། བློ་གྲོས་ཆེན་པོ་འདི་ལ་ལྟ་བ་ངན་པ་ལས་ལྡོག་པར་བྱ་བའི་ཕྱིར་རྣལ་འབྱོར་དུ་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཀྱིས་ན་ལམ་གཞན་གྱིས་ཐར་བར་འགྱུར་བ་མེད་པས་བཅོམ་ལྡན་འདས་ཀྱིས་ཐེག་པ་གཅིག་ཉིད་དུ་གསུངས་པ་ཡིན་ནོ། །དེ་དང་དེར་
བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཉན་ཐོས་དང་ལྷན་ཅིག་གནས་པ་དང་། ཀུན་དུ་སྨྲ་བའི་བསླབ་པ་ལ་སོགས་པ་དགག་པ་བསྟན་པ་ཡིན་ལ། བདག་ཅག་རྣམས་ཀྱང་དེ་ལྟར་འཇུག་པ་ཡིན་ནོ། །འདི་ལྟར་གསུང་རབ་གང་ལས་ཀྱང་གཉིས་སུ་མེད་པའི་ཡེ་
ཤེས་ཉིད་བདེན་པའི་ཡེ་ཤེས་ཐོབ་པའི་ཐབས་ཡིན་པར་མ་བསྟན་ན་ཇི་ལྟར་ན་ཕྱིན་ཅི་ལོག་ཏུ་འཇུག་པར་བྱ། སྔོན་གྱི་མཁས་པ་རྣམས་ཀྱིས་ཀྱང་གཅིག་དུ་མ་ཉིད་དུ་མི་འཐད་པས། དངོས་པོ་མེད་པ་ཡིན་པར་རིགས་པའི་སྟོབས་ཉིད་ཀྱིས་བསྟན་ལ། བཅོམ་ལྡན་འདས་ཀྱིས་ཀྱང་ལང་ཀར་
གཤེགས་པ་ལས། ཇི་ལྟར་མེ་ལོང་དག་ལ་གཟུགས། །གཅིག་དང་དུ་མ་རྣམ་སྤངས་པར། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་དངོས་ཉིད་དོ། །ཞེས་གསུངས་པ་དང་། ཡང་། བློ་ཡིས་རྣམ་པར་བརྟགས་ན་ནི། །ངོ་བོ་ཉིད་ནི་དམིགས་སུ་མེད། །དེ་ཕྱིར་དེ་དག་བརྗོད་མེད་དང་། །དངོས་

པོ་མེད་པར་བསྟན་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །ལུང་དང་རིགས་པས་གང་གྲུབ་པ། །དེ་སྤངས་ལུང་མེད་དེ་ཉིད་གཞན། །ཚད་མ་མེད་པར་མཁས་པ་དག །ཁས་འཆེས་པར་ནི་ཇི་ལྟར་བྱེད། །ཇི་ལྟར་གཉིས་སུ་མེད་པ་ཉིད་ལ་སྐྱེ་བ་མེད་པ་དང་། དངོས་པོ་མེད་
པ་སྟོང་པ་ཉིད་ལ་སོགས་པའི་ཚིག་གིས་བཤད་ཀྱི་གཅིག་དང་དུ་མ་ལ་སོགས་པས་དེ་མི་འཇལ་ལོ། །དེ་ལྟར་དོན་དམ་པ་ནི་སྒྲོན་མ་ཉིད་དུ་ངེས་པར་བཤད་པས་ན་དེ་ཉིད་ངེས་པར་གཟུང་བར་བྱའོ། །དེ་བས་ན་འདི་ལྟར་གཉིས་སུ་མེད་པ་ཉིད་གཅིག་པུ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བར་གནས་སོ། །
ཡང་བརྟུལ་ཞུགས་དང་སྦྱངས་པའི་ཡོན་ཏན་ལ་སོགས་པས་ཐོབ་པའི་བདེན་པའི་ཡེ་ཤེས་དང་། གཉིས་སུ་མེད་པའི་ཡེ་ཤེས་ཀྱང་སེམས་ཅན་ཐམས་ཅད་ཀྱིས་ཇི་ལྟར་འདོད་པར་བསྒོམ་པར་བྱའོ་ཞེས་གང་སྨྲས་པ་དེ་ནི་ཐེག་པ་ཆེན་པོ་ལ་སྨོད་པའི་ཚིག་ཡིན་པས་མི་ཤེས་པ་འབའ་
ཞིག་གསལ་བར་སྟོན་པ་ཡིན་གྱི། རང་གི་གཞུང་འཛུགས་པར་ནུས་པ་ནི་མ་ཡིན་ཏེ་གང་དུ་གདུང་བ་ཉེ་བར་བསྟན་པ་དེ་ཉིད་དུ་ཕྱིན་ཅི་མ་ལོག་པ་ཉིད་མ་ཡིན་ཏེ། ཕྱི་རོལ་པ་རྣམས་ལ་ཡང་མེ་ལྔ་བསྟེན་པ་ལ་སོགས་པའི་དཀའ་ཐུབ་ཆེས་ལྷག་པ་ཡོད་མོད་ཀྱིས་དེ་ལ་ནི་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་
ཀྱི་གཏམ་ཙམ་ཡང་མེད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེའི་རིགས་ཅན་རྣམས་ལ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཐབས་སུ་དེ་ལ་བརྟུལ་ཞུགས་ལ་སོགས་པ་སྟོན་པར་མཛད་དེ། མཁས་པ་ཚུལ་ཁྲིམས་ལ་གནས་ཏེ། །སེམས་དང་ཤེས་རབ་བསྒོམ་པར་བྱ། །ཞེས་བྱ་བ་ལ་སོགས་
པ་གསུངས་པ་ཡིན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་འདོད་ཆགས་དང་བྲལ་བ་གོ་འཕང་མཆོག་ཐོབ་པའི་སྒོ་མ་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་རོ། །འདི་ནི་དེ་རྣམས་ཀྱི་འགྲོ་བ་ལ་རང་བཞིན་གྱིས་བརྩེ་བ་ཡིན་ཏེ། གང་སྲོག་ཆགས་གཅིག་ཅིག་སྡུག་བསྔལ་བར་
མཐོང་ན་ཡང་ཅི་ན་ཡང་མི་འདོར་བར་སེམས་པ་མ་ཡིན་པས། ཡུལ་གཅིག་ལ་ཆགས་པའང་འཁོར་བར་གནས་པའི་རྒྱུ་ཡིན་ལ། འགྲོ་བ་མ་ལུས་པ་ཡུལ་དུ་གྱུར་པ་དེ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་ཇི་ལྟར་འགྱུར། དེ་ཡང་། གང་ཞིག་སྲོག་དང་བུ་དང་དེ་བཞིན་ས་དང་ཆུང་མ་ནོར། །

ཕོངས་པ་རྣམས་ཀྱི་དོན་དུ་རྩྭ་བཞིན་ལེགས་པར་གཏོང་བྱེད་ཅིང་། །ས་གསུམ་གདོན་པར་བྱ་ཕྱིར་གོ་བགོས་སེམས་ཅན་དམ་པ་ནི། །དེ་ལས་ལྷག་པའི་ཆགས་ལ་བརྟེན་པ་ས་སྟེང་གཞན་སུ་ཡོད། །ཅེས་བཤད་པ་ཡིན་ནོ། །དེ་བས་ན་སྲིད་པ་གསུམ་གྱི་དགོས་པའི་ཐབས་ལ་གཞོལ་བ་
རྣམས་ནི་རང་གི་དོན་ཙམ་དོན་དུ་གཉེར་བ་མ་ཡིན་པས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བྲལ་བའི་ལམ་རྗེས་སུ་གནང་བ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ཡིན་ན་ནི་བག་ཆགས་དང་བཅས་པའི་ཉེས་པ་མ་ལུས་པ་དང་བྲལ་ཞིང་རྣམ་པར་དག་པའི་བྱང་ཆུབ་ཀྱི་ཡེ་ཤེས་ཕུན་
སུམ་ཚོགས་པ་མཐའ་ཡས་པའི་གནས་དེ་བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་ཐོབ་པར་འགྱུར། འདོད་ཆགས་ལ་སོགས་པ་ནི་ཁ་ན་མ་ཐོ་བ་མེད་པའི་ཡོན་ཏན་གྱི་གནས་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་བརྗོད་པར་བྱ་སྟེ། ཇི་ལྟར་དེ་ཡི་ཁམས་གསུམ་པར། །ཆགས་པ་ལམ་
ཤེས་ཉིད་ཡིན་ལྟར། །དེ་བཞིན་དེ་ཡང་བློ་ལྡན་གྱིས། །གོ་འཕང་མཆོག་ཐོབ་ཐབས་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཐ་མལ་པའི་བརྟུལ་ཞུགས་དང་། སྦྱངས་པའི་ཡོན་ཏན་ལ་སོགས་པ་ཡིད་ལ་བྱེད་པའི་བསམ་པས་མི་འཇུག་གི་དེའི་
ཡིད་ལ་མངོན་པར་འདོད་པའི་བརྟུལ་ཞུགས་ཀྱི་མཆོག་ནི་གཅིག་ཁོ་ན་ཡིན་ཏེ། འདི་ལྟ་སྟེ་སྙིང་རྗེ་ཆེན་པོའོ། །བརྟུལ་ཞུགས་ཆེན་པོ་དེ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱ་བ་རྣམས་ལ་ངེས་པ་ཡོད་པ་མ་ཡིན་ཏེ། ཇི་ལྟ་ཇི་ལྟར་དེའི་གཞན་གྱི་དོན་གྱི་ཚོགས་ཕུན་སུམ་ཚོགས་
པར་འགྱུར་བ་དེ་ལྟ་དེ་ལྟར་བྱ་བ་རྣམས་ལ་འཇུག་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཀུན་དུ་ཆགས་པས་ངན་འགྲོར་འགྲོ་བའི་བུད་མེད་བཏང་སྙོམས་སུ་གཞག་སྟེ། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་ལྟོས་པར་མི་བྱེད་ཀྱི་བླ་ན་མེད་པའི་གོ་འཕང་ཐོབ་པའི་
སྤྱོད་པ་གང་ཡིན་པ་འདི་ཉིད་དེ་རྣམས་ཀྱི་ཚངས་པར་སྤྱོད་པ་ཡིན་ནོ། །དེ་བས་ན་དེ་རྣམས་ནི་ཕྱིན་ཅི་མ་ལོག་པའི་ལམ་སྟོན་ཅིང་སྨད་པའི་བྱ་བ་བ་ལང་ཁྱིའི་བརྟུལ་ཞུགས་ལ་སོགས་པ་ལ་ཡང་འཇུག་པ་ཡིན་ཞིང་ངན་འགྲོ་ཐམས་ཅད་དུ་ཡང་ངང་པའི་རྒྱལ་པོ་མཚོ་ནང་དུ་འཇུག་པ་བཞིན་དུ་

འཇུག་པ་ཡིན་ནོ། །མང་དུ་བཤད་པས་ཅི་ཞིག་བྱ་སྟེ། དེ་ཇི་ལྟ་ཇི་ལྟར་སེམས་ཅན་མ་ལུས་པ་ཡོངས་སུ་སྐྱོབ་པའི་ཐབས་སུ་གྱུར་པའི་སྙིང་རྗེ་ཆེན་པོའི་བརྟུལ་ཞུགས་ལ་སྤྱོད་ཅིང་། གང་གིས་རིམ་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དྲི་མ་མེད་པ་མ་ལུས་
པར་བྱས་ཏེ། འགྲོ་བ་མ་ལུས་པའི་དགོས་པ་ཅིག་ཅར་བྱེད་པར་ནུས་པའི་ཀུན་དུ་བཟང་པོ་ཉིད་ཀྱི་བདེ་བར་གཤེགས་པའི་གོ་འཕང་བླ་ན་མེད་པར་ཡང་གཞན་གྱིས་དགོས་པ་བྱེད་པ་ཉིད་ཀྱི་ཕྱིར་འགྲོ་བར་འགྱུར་གྱི་དེ་རྣམས་སངས་རྒྱས་སུ་གྱུར་ནས་ཀྱང་རང་གི་དགོས་པ་བྱ་བར་དགོངས་པ་
སྔོན་དུ་འགྲོ་བས་འཇུག་པ་མ་ཡིན་ནོ། །འདིར་དཔེ་བསྟན་པ་ནི་ཇི་ལྟར་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདོད་ཆགས་ལ་རྒྱབ་ཀྱིས་ཕྱོགས་པར་མི་སྟོན་པ་དང་། རྗེ་བཙུན་རིན་ཆེན་སྒྲོན་མ་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་ཇི་ལྟར་ཡང་
ངེས་པ་ལ་མི་འཇུག་སྟེ། འདི་ནི་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ཤེས་པ་ཡིན་ཏེ། གང་འདོད་ཆགས་ལ་སོགས་པ་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་འདོད་པར་མི་བྱེད་པར་བླ་ན་མེད་པའི་གོ་འཕང་བསྒྲུབ་བོ་ཞེས་གསུངས་པས། འདོད་ཆགས་ལ་སོགས་པ་ཉིད་མངོན་པར་
བྱང་ཆུབ་པའི་དགོས་པའི་རྐྱེན་དུ་གྱུར་པ་ཡིན་ནོ། །ཉོན་མོངས་པ་སྤངས་པ་རྣམས་ཇི་ལྟར་ན་མངོན་པར་བྱང་ཆུབ་པར་འགྱུར་ཞེས་རྟོག་ན། ཉོན་མོངས་པ་དེ་གང་ཡིན། ཅི་ཞིག་སྤང་བར་བྱ་བ་དེ་མ་མཐོང་སྟེ། ཉོན་མོངས་པ་རྣམས་སམ། དེ་སྤང་བ་དེ་ཁོ་ན་ཉིད་མ་ཡིན་པ་མེད་དེ། ཆོས་
ཐམས་ཅད་གདོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །རིམ་པ་འདིས་ཅི་མ་ལུས་པའི་ཕུན་སུམ་ཚོགས་པའི་གནས་ཐོབ་པར་འགྱུར་རམ། མི་འགྱུར་བ་ཞེས་དཔྱད་པར་བྱ་སྟེ། གཞན་དུ་ན་གལ་ཏེ་འདོད་ཆགས་མ་སྤངས་པར་གྱུར་ཀྱང་། ཀུན་དུ་བཟང་པོ་གང་ཡིན་པ་འདིར་འགྱུར་ན་དེ་སྤངས་པས་
ཅི་ཞིག་བྱ། ཡང་འདིར་ཁྱེད་ལ་འདོད་ཆགས་སྤང་བ་བསྟན་དུ་ཟིན་ཀྱང་ཅིའི་ཕྱིར་རྟོགས་པར་མ་གྱུར། དེ་ཡང་འདིར་བདག་ཏུ་མངོན་པར་ཞེན་པ་སྔོན་དུ་འགྲོ་བས་རང་དང་གཞན་དུ་རྣམ་པར་ཕྱེ་བའི་ཡུལ་རྣམས་ལ་ཀུན་དུ་ཞེན་པ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་རྣམས་ཡིན་ལ། གང་

ཡང་བདག་ཏུ་འཛིན་པ་རྩ་བ་ནས་བཏོན་པ་རྣམས་ལ་ནི་བདག་དང་གཞན་གྱི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་རྣམས་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མཉམ་པ་ཉིད་ཀྱིས་བསམ་པས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་དུ་འཇིག་རྟེན་ན་རྣམ་པར་གནས་ཏེ། འདོད་པར་བྱ་བ་དང་མི་མཐུན་པའི་
ཡུལ་དུ་སྒྲོ་འདོགས་པ་མེད་པ་ཡིན་ན་ཅིའི་ཕྱིར་ཕྱིན་ཅི་ལོག་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར། ཡང་སྨྲས་པ། གང་ཞིག་ཉེས་པ་མ་ལུས་སྐྱེད་བྱེད་འཇིག་ཚོགས་ལྟ་བའི་བུད་ཤིང་ངེས་སྲེག་ཅིང་། །བདག་གཞན་རབ་དབྱེའི་ཡུལ་རྣམས་རྩ་ནས་འབྱིན་པ་དེ་ནི་ཉེས་
པ་བསྐྱེད་མ་ཡིན། །ཉེས་མེད་ཟིན་ཀྱང་རིག་ལྟར་སྙིང་རྗེས་སྒྱུ་མའི་སྐྱེས་བུ་ལྟ་བུར་ལས་རྣམས་ལ། །བློ་བཟང་སྔོན་གྱི་སྨོན་ལམ་ཉིད་ཀྱིས་འཁོར་ལོ་འཁོར་བའི་ཤུགས་བཞིན་སྦྱོར་བར་འགྱུར། །གལ་ཏེ་དེ་ལྟ་ན་ནི་སྨོན་ལམ་དང་སྙིང་རྗེའི་ཤུགས་ཟད་ནས། ཕུན་སུམ་ཚོགས་པ་མཐའ་
ཡས་པའི་ཀུན་དུ་བཟང་པོ་ཉིད་ཟད་པས། ཤིན་ཏུ་རྣམ་པར་དག་པ་མ་ཡིན་པར་འཁོར་ལོའི་དཔེ་ཉིད་ཀྱིས་འགྱུར་ཏེ། དཔེར་ན་རྫ་མཁན་གྱིས་འདུས་བྱས་པའི་འཕེན་པའི་ཤུགས་ཟད་པ་དང་། འཁོར་ལོ་འཁོར་བ་སྡོད་པར་འགྱུར་ཏེ། འདི་ཡང་དེ་དང་འདྲ་བར་འགྱུར་རོ་ཞེ་ན། ཅི་དཔེའི་
ཆོས་ཐམས་ཅད་ནི་དཔེ་བསྟན་པའི་རྗེས་སུ་འགྲོ་བ་མ་ཡིན་ཏེ། ཆོས་འགའ་ཞིག་གིས་དཔེ་དང་དཔེས་བསྟན་པ་མཉམ་གྱི་ཐམས་ཅད་ཀྱི་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ཡང་སྡེར་མོ་དང་མཆེ་བ་ལ་སོགས་པ་སེང་གེའི་ཡན་ལག་མ་ལུས་པ་དང་ལྡན་པས་སྐྱེས་བུ་སེང་གེ་ཞེས་སྨྲ་བ་མ་ཡིན་གྱི་
འོན་ཀྱང་དཔའ་བ་ལ་སོགས་པ་འགའ་ཞིག་ལས་དེ་སྐད་ཅེས་བཏགས་པ་ཡིན་ནོ། །འདིར་ཡང་ཇི་ལྟར་རྫ་མཁན་གྱི་འབད་པ་མེད་པར་ཡང་འཁོར་ལོ་འཁོར་བ་དེ་བཞིན་དུ་དམིགས་པ་མེད་པའི་གནས་སྐབས་སུ་ཡང་སྙིང་རྗེས་དམིགས་པ་དང་བཅས་པའི་བྱ་བའི་དོན་རྫོགས་པར་འགྱུར་བས་
ན། དཔེ་དེ་ཙམ་གྱི་སྒོ་ནས་བསྟན་པ་ཡིན་ནོ། །དེ་ཡང་། དེ་ཡི་བྱིན་རླབས་ཙམ་གྱིས་ནི། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་སོགས་ལས་ཀྱང་ཆོས་སྟོན་པ། །ཅི་འདོད་པར་ནི་འབྱུང་བར་འགྱུར། །ཞེས་གང་བཤད་པའོ། །ཡང་ཀུན་དུ་བཟང་པོ་ཉིད་ཇི་ལྟར་ན་བརྟག་པ་ཡིན་པའི་ཕྱིར་རྒྱུའི་ཁྱད་

པར་འདིར་བརྗོད་དགོས་སོ་ཞེ་ན། དེ་བཤད་པར་བྱ་སྟེ། བེམས་པོ་བེམས་པོ་མིན་བརྟེན་པས། །འདུས་བྱས་ཁྱད་པར་ཉིད་ཡོད་དེ། །ཕྱིན་ལོག་ཕྱིན་ཅི་མ་ལོག་པའི། །ཡུལ་དུ་གྱུར་ཕྱིར་ཟད་པ་ཟད། །ལུས་ཀྱི་གར་ལ་སོགས་པར་མངོན་པར་འདུས་བྱས་པ་ནི་བསླབ་
པ་རྒྱུན་ཆད་པས་ན་ཡུན་རིང་པོར་རྗེས་སུ་འབྲེང་བར་མ་མཐོང་གི་ཡིད་ནི་དེའི་དོན་གོང་དུ་ཆུད་པའི་ཡུལ་ལ་དུས་ལྷག་པར་རྗེས་སུ་འབྲང་བ་ཡིན་ཏེ། དེ་བས་ན་བེམས་པོ་དང་བེམས་པོ་མ་ཡིན་པ་ལ་བརྟེན་པས་འདུས་བྱས་པ་ལ་ཁྱད་པར་ཡོད་དོ། །འདུས་བྱས་པ་ལ་ཁྱད་པར་མེད་པ་མ་
ཡིན་མོད་ཀྱི། འོན་ཀྱང་བེམས་པོ་མ་ཡིན་པ་ལ་བརྟེན་པའི་འདུ་བྱེད་ཀྱང་ཤིན་ཏུ་གནས་པ་མ་ཡིན་ཏེ། ཤིན་ཏུ་རྒྱུན་མི་འཆད་པར་ནི་སྤང་བར་བྱའོ་ཞེ་ན། ཕྱིན་ཅི་མ་ལོག་པའི་ཡུལ་ཡིན་པའི་ཕྱིར་དེ་སྤང་བར་བྱ་བ་མ་ཡིན་ཏེ། དེ་ཡང་ཅི་སྲིད་ཕྱིན་ཅི་མ་ལོག་པར་མ་རྟོགས་པ་དེ་སྲིད་ཀྱི་
བར་དུ་སྦྲུལ་གྱི་བློ་སྐྱེའི་དེ་དང་བྲལ་ནས་ནི། ཐེག་པ་ཡང་དག་པའི་ཡུལ་མངོན་པར་འདུས་བྱས་པ་གནས་ཀྱི་སླར་ཡང་ཕྱིན་ཅི་ལོག་ལ་འཇུག་པར་ནི་མི་འགྱུར་རོ། །བརྗེད་པ་ཉིད་ལས་འགྱུར་རོ་ཞེ་ན། བརྗེད་པ་ཉིད་རེ་ཞིག་ཇི་ལྟ་བུ་ཡིན། གོམས་པའི་རྒྱུན་ཆད་པ་ཡིན་ནོ་ཞེ་ན། དེ་ནི་
རིགས་པར་སྨྲས་པ་ཡིན་ཏེ། གོམས་པའི་རྒྱུན་ཆད་པ་ལས་བརྗེད་པ་ཡིན་ལ། བརྗེད་པ་ལས་ནི་ཕྱིན་ཅི་ལོག་ལ་འཇུག་པར་འགྱུར་རོ། །སེམས་དཔའ་ཆེན་པོ་གང་ཡིན་པའི་སྨོན་པའི་སེམས་ནས་དེ་ཁོ་ན་ཉིད་ལ་རབ་ཏུ་གནས་པས། སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་
རྗེ་ཆེན་པོ་ལ་གོམས་པ་ནི་རྒྱུན་རྣམ་པར་ཆད་པ་མེད་པས། དེས་བརྗེད་པ་དང་ཕྱིན་ཅི་ལོག་པ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་མཆོག་ཏུ་གྱུར་པའི་དེ་ཁོ་ན་ཉིད་ཀྱི་རྗེས་སུ་འགྲོ་བའི་གཞན་གྱི་དོན་བྱེད་པའི་བག་ཆགས་རྒྱུན་མི་འཆད་པར་གྲུབ་པ་ཡིན་པས། དོན་ཐམས་ཅད་ཕུན་སུམ་ཚོགས་
པ་ཐམས་ཅད་མཁྱེན་པ་ཉིད་དུ་རིག་པ་ཁོ་ན་ཡིན་ནོ། །ཤིན་ཏུ་སྤོས་པས་ཆོག་གོ། །དེ་བས་ན་འདི་ནི་ངོ་མཚར་དུ་གྱུར་པ་ཡིན་ཏེ། སེམས་ཅན་རྣམས་ཀྱི་སྤྱོད་ལམ་ཤེས་པས་ཡོངས་སུ་དག་ནས་གང་སེམས་ཅན་མ་ལུས་པའི་འཁོར་བ་ལ་ཀུན་དུ་ཆགས་པའི་སེམས་ལས་ཀྱང་རྒལ་ཏེ།

འཁོར་བའི་རྒྱ་མཚོ་ལས་འགྲོ་བ་སྒྲོལ་བར་བྱེད་པ་ནི་ཐབས་ལ་མཁས་པ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དྲིས་པ། ཚངས་པའི་ལྟ་བ་ལ་ཡང་གཉིས་སུ་མེད་པ་འདི་འཆད་ལ། ཚངས་པའི་དེ་ཁོ་ན་ཉིད་དང་། ཡང་དག་པར་རིག་པའི་དེ་ཁོ་ན་ཉིད་ཅེས་བྱ་བར་མིང་ཙམ་གྱིས་ཁྱད་པར་དུ་
ཕྱེ་བ་ནི་རིགས་པ་ཡིན་ཏེ། གཉིས་སུ་མེད་པར་ཁས་འཆེས་པར་མཉམ་པའི་ཕྱིར་རོ། །དེ་བས་ན་མུ་སྟེགས་པའི་ལྟ་བ་ཉིད་དང་འདིའི་དོན་རྟོགས་པ་གཅིག་པ་ཉིད་ཡིན་པའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ནི་དོན་མེད་པ་མ་ཡིན་ནོ། །དེ་ནི་ཁྱེད་ལྟ་བུའི་བདག་ཉིད་དགྲ་བཅོམ་པ་རྣམས་ལ་
ཁྱད་པར་མེད་པས་དོན་མེད་པ་ནི་བདེན་མོད་ཀྱི་ཉན་ཐོས་ཀྱི་ཐེག་པའམ། མུ་སྟེགས་ཀྱི་ཚུལ་ལས་ཐེག་པ་ཆེན་པོའི་ཁྱད་པར་གང་ཡིན་པ་དེ་བརྗོད་པར་བྱའོ། །སྨོན་ལམ་དང་ནི་འཇུག་པ་དང་། །དེ་བཞིན་ཟབ་དང་རྒྱ་ཆེ་ཉིད། །མི་ལྡོག་འབྲས་བུ་ཐོབ་པས་ཀྱང་། །ཐེག་པ་ཆེན་པོ་ཁྱད་
པར་འཕགས། །སྨོན་ལམ་ལ་སོགས་པ་འདི་དག་ཀྱང་གོང་ནས་གོང་དུ་རྒྱུར་གྱུར་པས་བླ་ན་མེད་པའི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་དོན་ཡིན་ལ། དོན་འདི་ནི་གཞན་གང་དུ་ཡང་མ་ཐོས་ན་ཅིའི་ཕྱིར་ཐེག་པ་ཆེན་པོའི་གཞུང་རྒྱས་པ་ལ་དོན་
མེད་པ་ཡིན། དེ་ལ་དང་པོ་དེའི་རིགས་དང་ལྡན་པ་རྣམས་ནི། སྨོན་ལམ་བླ་ན་མེད་པ་དེ་ལྟ་བུ་གང་ཡིན་པ་དེ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ལྟར་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་པ་དང་། དང་པོ་སེམས་བསྐྱེད་པ་ཉིད་ན་བདག་ཉིད་ཆེན་པོ་དེ་རྣམས་མཐའ་ཡས་པ་ལ་
བར་ཆད་མེད་པར་འཇུག་ཅིང་། བདེ་བར་གཤེགས་པ་མ་ལུས་པའི་ཡོན་ཏན་གྱི་ས་བོན་དུ་གྱུར་པ་དེ་ལྟ་བུའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་བཞིན་དུ་ལྷའི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་པ་དང་། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་སྤྱན་རས་ཀྱིས་འཚོ་བ་དང་།
བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་དགའ་བར་འགྱུར་བ་ཡིན་ཏེ། རྒྱ་ཆེར་བཤད་པ་ཅི་ཞིག་བྱ་སྟེ། བླ་ན་མེད་པ་ཐོབ་པའི་ཐབས་ལ་རབ་ཏུ་གནས་པ་ཉིད་ཀྱིས་སངས་རྒྱས་འབྱུང་བ་དང་འདྲ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འགྲོ་བ་རྣམས་དབུགས་འཕྱིནཔའི་རྒྱུ་ཡིན་ཏེ། དེ་ཇི་ལྟར་

འཇམ་དཔལ་གྱི་སྨོན་ལམ་ལས། འཁོར་བའི་ཐ་མ་མེད་པ་ཡི། །སྔོན་གྱི་ཐ་མ་ཇི་སྲིད་པ། །དེ་སྲིད་སེམས་ཅན་ཕན་དོན་དུ། །སྤྱོད་པ་དཔག་ཡས་སྤྱད་པར་བགྱི། །ཞེས་བྱ་བ་ལྟ་བུ་དང་། རྗེ་བཙུན་རིན་ཆེན་སྒྲོན་མ་ལས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དང་པོ་
བསྐྱེད་པའི་གནས་སྐབས་སུ་འདི་དག་གསལ་བར་བསྟན་པ་དང་། བཟང་པོ་སྤྱོད་པ་ལ་སོགས་པར་ཡང་བཤད་པ་ཡིན་ཏེ། འདི་དག་ནི་རེ་ཞིག་ཐེག་པ་ཆེན་པོ་ལ་ཞུགས་པའི་བདག་ཉིད་ཆེན་པོ་རྣམས་ཀྱི་སྨོན་ལམ་གྱི་ཁྱད་པར་ཡིན་ནོ། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་
གསུམ་སྐྱེས་པ་རྣམས། །སེམས་ཅན་ཀུན་ལ་བཏང་བ་དང་། །དེ་བསྲུང་དག་པ་སྤེལ་བའོ། །ཞེས་བཤད་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཇུག་པ་ཡང་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་བདག་ཉིད་ཀྱི་དངོས་པོ་རྣམས་སྦྱིན་པ་དང་། བྱིན་ནས་ཀྱང་བསྲུང་བ་གང་ཡིན་པའོ། །
ཇི་ལྟར་ན་བྱིན་པ་བསྲུང་བར་བྱ་ཞེ་ན། དེ་བརྗོད་པར་བྱ་སྟེ། སེམས་ཅན་མ་ལུས་པས་ཡོངས་སུ་ལོངས་སྤྱད་པའི་དོན་ཉིད་དུ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་བྱིན་ལ་དེ་ཡང་གང་གི་ཚེ་ཇི་ཞིག་ལྟར་བཏང་བས་སེམས་ཅན་ཐམས་ཅད་ཀྱིས་ཉེ་བར་ལོངས་སྤྱོད་པར་མི་འགྱུར་བས་བྲན་ལྟར་
བདག་པོས་ཉེ་བར་ལོངས་སྤྱོད་པའི་དོན་དུ་བདག་ཉིད་ཀྱི་དངོས་པོ་རྣམས་སྲུང་བར་བྱེད་པ་ལ་ཉེས་པ་མེད་དོ། །དེ་ཡང་། སེམས་ཅན་རྣམས་ཀྱི་ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་སྦྱིན་པར་བྱ། །མ་བསྲུངས་ལོངས་སྤྱོད་ག་ལས་འོངས། །གང་མི་སྤྱོད་པ་ཅི་ཞིག་སྦྱིན། །དེ་བས་སེམས་ཅན་
ལོངས་སྤྱོད་ཕྱིར། །ལུས་ལ་སོགས་པ་བསྲུང་བར་བྱ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་བསྲུང་བ་ཡང་བདག་པོ་ཉིད་ཀྱི་དོན་དུ་དག་པར་བྱ་སྟེ། ཚུལ་ཁྲིམས་ལ་སོགས་པ་རྣམ་པར་དག་པའི་བདག་ཉིད་ཀྱིས་དངོས་པོས་བདག་པོ་སེམས་ཅན་མ་ལུས་པའི་དོན་རྫོགས་པར་འགྱུར་བས་
སྦྱང་བར་རིགས་པ་ཡིན་ནོ། །དག་པ་ཡང་བདག་པོའི་དོན་ཉིད་དུ་འཕེལ་བར་བྱའོ། །བྲན་ཡང་འཁོར་ལོས་སྒྱུར་བ་ལ་སོགས་པར་སྐྱེས་པར་གྱུར་པས། བདག་པོ་སེམས་ཅན་རྣམས་ཀྱིས་འདི་དང་ཕ་རོལ་གྱི་དོན་དེ་འགྲུབ་པ་ཡིན་པར་རིགས་པ་ཉིད་ཡིན་ནོ། །དེ་བཞིན་དུ་ལོངས་སྤྱོད་དང་དུས་

གསུམ་དུ་གཏོགས་པའི་དགེ་བའི་རྩ་བ་རྣམས་ཀྱང་བཏང་བ་དང་། བསྲུང་བ་དང་། དག་པ་དང་། འཕེལ་བ་རྣམས་ཤེས་པར་བྱ་སྟེ། དོན་འདི་ནི་བསླབ་པ་ཀུན་ལས་བཏུས་པར་གསལ་བར་བྱས་པས་འདིར་རྒྱ་ཆེར་མ་སྤྲོས་སོ། །འཇུག་པ་ཡང་ཐབས་ལ་མཁས་པ་འདི་དང་རྗེས་སུ་འབྲེལ་པ་ཡིན་ནོ། །
སེམས་ཅན་ལ་དམིགས་སྙིང་རྗེ་གང་། །འཇུག་ཚེ་ཆོས་ཉིད་ལ་གནས་པ། །དེ་ནི་དམིགས་མེད་ཉིད་ཐོབ་པས། །ཟབ་ཅིང་རྒྱ་ཆེ་ཉིད་དུ་འགྲོ། །བྱང་ཆུབ་སེམས་དཔའ་ཚངས་པའི་གནས་བཞི་ཡོངས་སུ་རྫོགས་པས་སྡུག་བསྔལ་གསུམ་གྱིས་ཟིན་པའི་སེམས་ཅན་གྱི་ཁམས་ལ་དམིགས་པ་ན་
སེམས་ཅན་མ་ལུས་པ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སྟོབས་ཅན་འབྱུང་བར་འགྱུར་ལ། སྙིང་རྗེ་ཆེན་པོ་དེས་སེམས་ཅན་རྣམས་ལ་དམིགས་ནས་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ནི། སྦྱིན་པ་ལ་སོགས་པ་
ཡོངས་སུ་རྫོགས་པར་མི་འགྱུར་རོ། །དེའི་གནས་སྐབས་སུ་ནི་སྦྱིན་པ་ཆེན་པོ་ལ་སོགས་པ་ཡོངས་སུ་དག་པའི་སྒོ་ནས་དེ་ཡང་མི་དམིགས་པའི་སྦྱོར་བས་ཡོངས་སུ་དག་པར་འགྱུར་བས་དེ་ནི་དེའི་ཆོས་ལ་དམིགས་པར་གྱུར་པའི་སྙིང་རྗེ་སྐྱེས་པར་གྱུར་པ་ཡིན་ནོ། །དེ་ལྟར་བསྐལ་པ་གྲངས་མེད་པ་
གསུམ་དུ་ཆོས་ལ་དམིགས་པའི་སྙིང་རྗེ་གོམས་པར་བྱས་པ་ཡོངས་སུ་རྫོགས་པ་ལ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྐྱེ་བར་འགྱུར་ཏེ། འདི་ནི་དེའི་ཟབ་པ་དང་རྒྱ་ཆེ་བ་ཡིན་པས་ཟབ་པ་དང་རྒྱ་ཆེ་བའི་ཁྱད་པར་རོ། །མཐའ་ཡས་པ་དང་འབར་བ་ཡི། །སྨོན་ལམ་སོགས་ཀྱིས་དེ་ཉིད་དུ། །རོ་གཅིག་
ཆོས་དབྱིངས་ཉིད་ཐོབ་ནས། །སླར་ཡང་ལྡོག་པར་ཇི་ལྟར་འགྱུར། །མཐའ་ཡས་པའི་སེམས་ཅན་གྱི་ཁམས་གདོན་པའི་བསམ་པས་མཐའ་ཡས་པའི་སྨོན་ལམ་དང་། བརྩོན་འགྲུས་འབར་བས་ཞུགས་པ་ནི། ཇི་ལྟར་གཞོན་ནུ་དོན་ཐམས་ཅད་གྲུབ་པས་རྒྱ་མཚོ་བསྐམ་པའི་ཕྱིར་ཞུགས་པ་
དང་འདྲ་སྟེ། དེ་ནི་ཐམས་ཅད་ཟབ་ཅིང་རྒྱ་ཆེ་བའི་རྗེས་སུ་འགྲོ་བ་ཉིད་དུ་སྤྱོད་ལ། དེ་དག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱིན་གྱིས་བརླབས་པའི་མཐའ་ཡས་པའི་བརྩོན་འགྲུས་འབར་བ་དང་། སྨོན་པ་དང་འཇུག་པ་ལ་སོགས་པས་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཉིད་རྟོགས་ལ། ཕུན་

སུམ་ཚོགས་པ་མཐའ་ཡས་པ་ཐོབ་པ་དང་སྟོབས་མཐའ་ཡས་པ་དང་ལྡན་པའི་ཕྱིན་ཅི་མ་ལོག་པའི་རྒྱུའི་སྟོབས་ཀྱིས་ན་ལྡོག་པར་འོས་པ་མ་ཡིན་པས་ན་མི་རྟོག་པའི་རྒྱུའི་ཁྱད་པར་ཡིན་ནོ། །ཀུན་དགའ་མི་ཟད་སྣང་བ་དང་། །སྣ་ཚོགས་རང་བཞིན་མི་རྟོག་པ། །སྙིང་རྗེ་ཆེན་
པོའི་རོ་ཡིས་ཁྱབ། །ཆོས་དབྱིངས་བདག་ཉིད་ཅན་འབྲས་བུ། །གང་དེ་མཆོག་ཏུ་དགའ་བའི་ངོ་བོ་ཉིད་ཀྱི་སྣང་བ་ཅན། མི་ཟད་པ་སྣ་ཚོགས་པའི་བདག་ཉིད་ཅན་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོ་ཉིད་དེ་ནི་སྨོན་ལམ་ལ་སོགས་པ་མ་ལུས་པའི་འབྲས་བུ་ཡིན་ནོ། །དེ་ལ་སྙིང་རྗེ་ཆེན་
པོའི་ཤུགས་ཀྱི་དབང་གིས་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་འཇུག་ལ། གཞན་གྱི་བྱ་བ་མ་ལུས་པ་རྗེས་སུ་བསྒྲུབ་པའི་བདག་ཉིད་ཅན་མཐའ་ཡས་པའི་བྱང་ཆུབ་ཀྱི་རྩིས་ཁྱབ་པ་མི་ཟད་པའི་གསེར་གྱི་གཏེར་ལྟ་བུའོ། །གནས་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཐམས་
ཅད་ལ་ཕན་པར་མཛད་པའི་རྣམ་པར་མི་རྟོག་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ནི་ཇི་སྐད་དུ་བཤད་པའི་རྒྱུ་གཞན་ལས་འབྱུང་བར་ནི་མི་རིགས་ཀྱི་ཕྱིན་ཅི་མ་ལོག་པའི་ཐབས་ཀྱི་ཞིང་དམ་པ་ལ་གནས་པ་ནི། གཞན་གྱི་དགོས་པའི་དོན་དུ་སྨོན་ལམ་གྱི་ས་བོན་དང་རྗེས་སུ་མཐུན་པའི་འདུས་བྱས་པས་མི་
ལྡོག་པའི་ཆོས་ཅན་འགྲོ་བ་ལ་ཕན་པར་བྱེད་པའི་གནས་བདེ་བར་གཤེགས་པའི་གོ་འཕང་དུ་འགྱུར་བ་ནི་རིགས་པ་ཉིད་ཡིན་ཏེ། འབྲས་བུ་ནི་རྒྱུ་དང་མཐུན་པ་ཡིན་པའི་ཕྱིར་རོ། །དེ་བས་ན་བླ་ན་མེད་པའི་གོ་འཕང་འཐོབ་པའི་རྒྱུ་སྨོན་ལམ་ལ་སོགས་པ་ནི་ཐེག་པ་ཆེན་པོ་ཉིད་དུ་སྟོན་ན་ཅིའི་ཕྱིར་ཐེག་པ་
ཆེན་པོའི་གཞུང་རྒྱས་པ་དོན་མེད་པ་ཡིན། གང་ཡང་། འདུ་ཤེས་མེད་པའི་སྦྱོར་བ་དང་། །ས་བོན་མེད་པའི་ཏིང་ངེ་འཛིན། །ཞེས་བྱ་བ་ལ་སོགས་པའི་མིང་གིས་མུ་སྟེགས་པ་རྣམས་སྟོན་ལ། དེ་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཉིད་ལ་དེ་ལྟར་བཤད་དེ། དེ་ཉིད་ནི་སེམས་ཀྱི་འཇུག་པའི་
འདུ་ཤེས་མ་ལུས་པ་ལས་ལྡོག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་བསམ་གཏན་བཞི་པའི་ས་ཅན་ཡིན་ལ། བསམ་གཏན་བཞི་པ་ཉིད་ལས་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་ལ་འདུ་ཤེས་མེད་པ་ནི་དེའི་འབྲས་བུ་ཡིན་ནོ། །དེ་ཉིད་ཀྱང་ཤིན་ཏུ་རྨོངས་ཤིང་

དགེ་བའི་བཤེས་གཉེན་མ་བསྟེན་པས་མྱ་ངན་ལས་འདས་པའི་འདུ་ཤེས་ཀྱིས་སྙོམས་པར་འཇུག་ལ། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་མངོན་དུ་ཕྱོགས་པར་གྱུར་པ་གང་ཡིན་པ་དེས་ནི་སླར་ཡང་དམྱལ་བ་དང་། ཡི་དགས་དང་། དུད་འགྲོར་སྐྱེ་བར་འགྱུར་བ་གང་ཡིན་པ་འདི་
ལ་ནི། ས་བོན་མེད་པའི་ཏིང་ངེ་འཛིན། །ཅེས་བྱ་བའི་མིང་དུ་བཏགས་པར་རིགས་པ་ཉིད་ཡིན་ཏེ། ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་རྒྱུ་དང་བྲལ་བའི་ཕྱིར་རོ། །འདིར་བྱིས་པའི་རྩེད་མོའི་ཚུལ་གྱི་འབྲས་བུ་བརྟགས་པ་ནི་དེས་ཆོག་གོ། །དེ་ཡང་རིག་བྱེད་ཀྱི་མཐར་སྨྲ་བ་དང་།
ཞི་བ་དང་། གྲངས་ཅན་དང་། གཅེར་བུ་པ་ལ་སོགས་པའི་གཞུང་དམན་པ། བརྫུན་པའི་བློ་ཅན་དོན་དམ་པ་མ་རྟོགས་པ་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པས་སེམས་ལ་རིལ་པོར་འཛིན་པ་བརྟན་པར་བྱེད་པ། འདུལ་བའི་དུས་ལ་མ་བབ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་ཀྱང་
བཏང་སྙོམས་སུ་བཞག་པ། འཁོར་བའི་མདུད་པ་སླར་ཡང་དམ་པོ་ཉིད་དུ་བྱེད་པ་རྣམས་ལ་ནི་སྙིང་རྗེས་བརྒྱན་པ་རྣམས་ཀྱིས་རྒུད་པ་ལ་འཇུག་པ་རྣམས་ལ་སྙིང་བརྩེ་བར་བྱ་བ་ཡིན་གྱི་ཞེ་སྡང་བར་འོས་པ་ནི་མ་ཡིན་ནོ། །གང་ཡང་བདེ་བར་གཤེགས་པའི་ཚུལ་ཅན་ཕྱིན་ཅི་མ་ལོག་པའི་བློས་
འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་རྟོགས་པ་ལ་མཁས་པ་དེ་ལ་ནི་ངན་པར་བཤད་པའི་གྲུབ་པའི་མཐའི་རྗེས་སུ་འགྲོ་བའི་བློ་ཅན་གྱིས་བསྐྱོད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་ཚངས་པ་ལ་སོགས་པའི་ལྟ་བ་ལས་ཐེག་པ་ཆེན་པོའི་དོན་གྱི་ཁྱད་པར་ཤིན་ཏུ་མང་བ་ཡང་གདུལ་བྱའི་
བསམ་པ་མང་བ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་ཉོན་མོངས་པས་བཅིངས་པ་ཐམས་ཅད་ནི། བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེའི་གནས་ཡིན་ཏེ། དེ་ཡང་སེམས་ཀྱི་སྤྱོད་པ་མཐའ་ཡས་པའི་ཕྱིར། ཐབས་ཀྱི་ཚུལ་མཐའ་ཡས་པས་འདུལ་བ་ཡིན་པས་སངས་རྒྱས་ཀྱི་ཆོས་
བསྟན་པ་ཡང་མཐའ་ཡས་ཤིང་སྣ་ཚོགས་པ་ཁོ་ནར་རིགས་པ་ཉིད་ཡིན་ནོ། །དེ་བས་ན་ཐར་པའི་ལམ་ལ་གུས་པས་སྤྲོ་བར་གྱུར་པ་ཡིན་ཞིང་། དབང་པོའི་ཁྱད་པར་གྱིས་མྱུར་བ་དང་རིང་བ་དང་། ཤིན་ཏུ་རིང་བ་ཉིད་དུ་རྣམ་པར་གྲོལ་བའི་སྐལ་བ་ཅན་ཡིན་པས། སངས་རྒྱས་པ་ཉིད་

ལུང་བསྟན་པའི་དོན་ཕན་ཚུན་རྣམ་པར་དཔྱོད་པ་ནི་མཛེས་ཀྱིས་ཤིན་ཏུ་དམན་པའི་བློ་ཅན་ལྟ་བ་ངན་པའི་མེས་རྒྱུད་ཚིག་པ་བདེ་བའི་ལམ་ལས་ཤིན་ཏུ་རིང་ཞིང་ཡོངས་སུ་ཉམས་པ་དང་། དམུས་ལོང་འོ་མའི་ཡོན་ཏན་དཀར་པོ་ལ་སོགས་པ་ཡོངས་སུ་རྟོག་
པར་བྱེད་པ་དང་འདྲ་བ་གཞན་དག་དང་ཐེག་པ་ཆེན་པོ་ཡོངས་སུ་བརྟགས་པས་ཅི་ཞིག་བྱ། འདིར་བརྒལ་བ་གལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུའི་རྒྱུའི་ཚོགས་ནི་སྨོན་ལམ་ལ་སོགས་པ་ཡིན་པར་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་སྟོན་ལ། དེ་ལྟར་ན་སྨོན་ལམ་ལ་སོགས་པ་ནི་
མི་འཕོ་བའི་གནས་ཐོབ་པའི་རྒྱུར་གྱུར་པ་ཉིད་ཡིན་པས་གསང་སྔགས་ཀྱི་ཐེག་པ་ཆེན་པོ་བསྟན་པས་ཅི་ཞིག་བྱ། རྣམ་པ་ཐམས་ཅད་མཁྱེན་པ་དེ་ཡང་བྱམས་པ་དང་སྙིང་རྗེ་ལ་སོགས་པ་མ་ལུས་པ་གོམས་པར་བྱས་པའི་རབ་ཀྱི་མཐར་ཐུག་པ་ཉིད་དང་། དེས་ཀུན་ནས་སློང་བའི་སྦྱིན་
པ་དང་། ཚུལ་ཁྲིམས་ལ་སོགས་པ་ལས་འབྱུང་བ་ཡིན་ནོ། །གསང་སྔགས་ཀྱི་ཚུལ་ལས་ནི་ཕལ་ཆེར་དེ་དང་འགལ་བའི་བྱ་བ་རྣམས་ཀུན་དུ་སྟོན་ཏེ། དབང་དུ་བྱ་བ་དང་། མངོན་སྤྱོད་ལ་སོགས་པའི་ལས་རྣམས་ནི་འདོད་ཆགས་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྱིར་བྱམས་
པས་ཀུན་ནས་སློང་བ་མ་ཡིན་ལ། འདོད་ཆགས་ལ་སོགས་པ་ལ་རབ་ཏུ་འཇུག་པའི་ལས་རྣམས་ལས་ནི་ངན་འགྲོར་འགྲོ་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ལས། འདོད་ཆགས་ཀྱིས་ནི་གདུངས་པ་རྣམས། །ངང་
པ་ཕུག་རོན་ལ་སོགས་དང་། །བོང་བུ་འདོད་ཆགས་ཅན་རྣམས་ཀྱིས། །སྐྱེ་གནས་སྔོན་སོགས་སྐྱེ་གནས་སྐྱེ། །ཞེས་བཤད་པ་ཡིན་ནོ། །གང་ཡང་འདིར་བཟའ་བ་དང་། བཟའ་བ་མ་ཡིན་པ་ལ་སོགས་པའི་བྱ་བ་སྟོན་པ་དེ་ནི་རྣམ་པར་མཁས་པ་དང་བྲལ་བའི་འཁོར་བ་པ་རྣམས་ཀྱིས་
ཀྱང་བསྔགས་པ་མ་ཡིན་ན་ཇི་ལྟར་འགྲོ་བ་མ་ལུས་པ་ལ་བུ་གཅིག་པ་ལྟར་སེམས་པའི་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་དེ་ལ་འཇུག་པར་འགྱུར། འཇུག་ཏུ་ཟིན་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་བས་སངས་རྒྱས་ཀྱི་བཀའ་མ་ཡིན་པ་སྒྲིན་པོས་སྦྱར་བ་ལྟ་བུར་ཤེས་སོ་ཞེ་ན།

རྟོགས་པའི་ཚིག་མ་ཡིན་པ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ལྟ་བུ་ཞེས་པས་གསལ་ལ། ཉིད་ཅེས་བྱ་བ་འདིར་གཞུག་པར་བྱ་སྟེ། འདི་ནི་མ་རྟོགས་པའི་ཚིག་ཡིན་པ་ཉིད་ཀྱིས་ན་བདག་ཅག་རྣམས་ཀྱིས་བརྒལ་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ཡང་རྟོགས་པར་འགྱུར་བ་རྣམས་ནི་
སྔགས་ཀྱི་ཐེག་པ་ཆེན་པོའི་སྙིང་པོའི་དོན་མ་ཤེས་ནས་འདི་ལྟར་དེ་སྤོང་བར་རྒོལ་བས་བདག་ཉིད་ཕུང་ཁྲོལ་ཆེན་པོ་ཉིད་ལ་སྦྱོར་བར་མི་བྱེད་དོ། །གསང་སྔགས་ཀྱི་ཐེག་པ་ཆེན་པོ་ནི་བདག་ཉིད་ཆེ་བ་ཉིད་དེའི་རིགས་ཅན་གྱིས་བློ་ཕྱིན་ཅི་མ་ལོག་པའི་སེམས་དང་ལྡན་པ་ལ། བཅོམ་ལྡན་
འདས་ཀྱིས་ཁྱད་པར་གྱི་རྒྱུ་ཉིད་དུ་སྟོན་པར་མཛད་དེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་དང་དོན་གཅིག་པ་ལས་དེའི་ཁྱད་པར་གང་དག་ཡོད་པ་དེ་བརྗོད་པར་བྱའོ། །དོན་གཅིག་ཉིད་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་ཕྱིར་དང་། །དབང་པོ་རྣོན་པོའི་དབང་བྱས་
པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་མོད་ཀྱི་འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་དེ་དག་གིས་
ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །དེ་ལ་རྨོངས་པ་ནི་འདི་ཡིན་ཏེ། གང་གི་ཕྱིར། མཁས་པ་སྙིང་རྗེ་ཆེར་ལྡན་པ། །དཔྱད་དེ་ཐབས་ཀྱི་མཆོག་ལེན་ཅིང་། །ཐ་མལ་པ་ཡི་ཐབས་སྨད་ནས། །མི་འཕོ་བ་ཡི་གནས་ཐོབ་
པོ། །ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཤིན་ཏུ་མ་རྨོངས་པ་ལ་འཇུག་པ་ཡིན་ཏེ། དེ་ཡང་གང་འདི་ལྟར་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི། དེ་ཉིད་ལ་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོའི་འབྲས་བུ་རྣམ་པར་དག་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་གནས་པར་འགྱུར་རོ། །དེ་ཉིད་ཀྱིས་ན་འདི་ནི་ཤིན་ཏུ་མ་རྨོངས་སུ་ཟིན་ཀྱང་དེའི་རིགས་སུ་ལྷུང་བས་ཕྱིའི་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་ཅིང་། ཤིན་ཏུ་དབང་པོ་རྣོ་བ་མ་ཡིན་པས་ཡུན་རིང་པོས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་རོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་

རྣམས་ལ་ནི་རྨོངས་པ་འདི་ཡོད་པ་མ་ཡིན་ཏེ། དེ་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འདོད་པ་ན་དབང་པོ་རྣོན་པོ་ཉིད་ཡིན་པའི་ཕྱིར་དང་པོ་ཁོ་ནར་འདི་ལྟར་རྣམ་པར་དཔྱོད་པ་ལ་འཇུག་སྟེ། ཇི་ལྟར་ན་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་འགྱུར། མགོ་བོ་དང་།
རྐང་པ་དང་། ལག་པ་ལ་སོགས་པ་བཏང་བས་སོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པས་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པ་ཡིན་ལ། ཕ་རོལ་ཏུ་ཕྱིན་པ་ཡང་ཐམས་ཅད་ཀྱི་མངོན་པར་འདོད་པ་ཅིག་ཅར་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ལ། དེ་ཡང་ཏིང་ངེ་
འཛིན་གྱི་འབྲས་བུ་ཉིད་ཡིན་གྱི། ཕྱི་རོལ་གྱི་མགོ་བོས་ནི་སེམས་ཅན་མཐའ་ཡས་པ་ཡོངས་སུ་གསོ་བར་ནུས་པ་མ་ཡིན་ནོ། །དེ་བས་ན་མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་པ་སྦྱིན་པ་ཐ་མལ་པའི་ཐབས་ཉིད་ཡིན་པར་ངེས་པར་བཟུང་ནས་ཐབས་ཀྱི་མཆོག་ཚོལ་བར་བྱེད་དོ། །དེ་ཡང་
ཐབས་དང་ཤེས་རབ་ཀྱི་ཏིང་ངེ་འཛིན་ལས་གཞན་མ་ཡིན་ནོ། །དེ་བས་ན་གསང་སྔགས་ཀྱི་སྒོར་སྤྱོད་པ་འདི་ནི་དབང་པོ་རྣོན་པོ་ཡིན་ཞིང་། ཕྱིན་ཅི་མ་ལོག་པའི་ཐབས་ལ་མཁས་པས་སེམས་ཅན་གྱི་ཁམས་མཐའ་ཡས་པ་སྒྱུ་མ་ལྟ་བུའི་རང་བཞིན་ཡིན་ཡང་སྡུག་བསྔལ་གསུམ་གྱིས་གདུངས་
པ་ལ་བལྟས་ནས། མ་རིག་པ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་གཡོགས་པའི་གར་གྱི་རྣམ་པར་དགོད་པ་སྣ་ཚོགས་པར་གནས་པ་དག་གིས་ཕྱིར་མི་བཟོད་པ་སྐྱེས་ནས་དེ་ཁོ་ན་ཉིད་རྣམ་པར་འབྱེད་ཅིང་། མ་རིག་པའི་རབ་རིབ་རྣམ་པར་བསལ་བར་བྱ་བའི་ཕྱིར། མ་རིག་པས་སྤྲུལ་པའི་འགྲོ་བའི་དབྱེ་བ་
མཐའ་ཡས་པ་མངོན་པར་གདོན་པའི་བསམ་པས་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱེད་ཅིང་། ཡུལ་མཐའ་ཡས་པ་ཉིད་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཏིང་ངེ་འཛིན་རབ་ཏུ་རྟོགས་པ་ཡིན་ནོ། །དེ་ལྟར་ཕྱོགས་ཆད་པ་མེད་པ་དང་རྒྱུན་མི་འཆད་པར་གོམས་པའི་སྟོབས་ཀྱིས་རིམ་གྱིས་
སྒྲིབ་པ་ཐམས་ཅད་ཡོངས་སུ་ཟད་དེ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཐོབ་ནས། ཡིད་བཞིན་གྱི་ནོར་བུའི་རྒྱལ་པོའི་བདག་ཉིད་ཅན་སྨོན་ལམ་གྱི་རབ་ཏུ་སྦྱོར་བ་ཇི་ལྟ་བས་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་སྤྲུལ་པའི་ཚོགས་རབ་འབྱམ་གྱིས་མངོན་པར་འདོད་པའི་དོན་ལ་སྦྱོར་

བར་འགྱུར་རོ། །གནས་སྐབས་དེར་ནི་སྙིང་རྗེ་ཆེན་པོས་ཐམས་ཅད་ལ་ཐམས་ཅད་དུས་ལས་མ་འདས་པར་སྐལ་བ་བཟང་པོ་ཉིད་དུ་སྟེར་བར་འགྱུར་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐ་མལ་པའི་ལུས་སྦྱིན་པ་ལ་སོགས་པ་ལ་ནི་མཚན་ཉིད་དེ་ཡོད་པ་མ་ཡིན་
པས་ཕ་རོལ་ཏུ་ཕྱིན་པར་མི་གཞག་གོ། །དེ་ཉིད་ནི་སེམས་ཅན་གྱི་དོན་བྱ་བའི་ཡང་དག་པའི་ཚུལ་ཁྲིམས་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་པས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཡིན་ནོ། །སྤྲུལ་པའི་ཚོགས་ཀྱིས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་
དག་པར་ཕན་འདོགས་ཤིང་གཞན་གྱི་གནོད་པ་བྱས་པ་བཟོད་པར་གྱུར་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་ཀྱང་དེའི་ཚེ་གང་གིས་དོན་ཐམས་ཅད་གྲུབ་ཅིང་དགོས་པ་ཐམས་ཅད་དང་ཡིད་ལ་འདོད་པ་རྣམས་ཅིག་ཅར་འཐོབ་པར་གྱུར་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་
པ་ཡོངས་སུ་རྫོགས་པར་གྱུར་པ་ཡིན་ནོ། །བསམ་གཏན་ཡང་དེའི་ཚེ་བསམ་གཏན་ཐམས་ཅད་ཀྱི་གནས་ཀྱི་ཏིང་ངེ་འཛིན་ཐོབ་པས་ཕ་རོལ