Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 63
Văn bản gốc(Tây Tạng)
Trang 12 / 21 (50.000 ký tự/trang)
ས་ཆུའི་ཕུང་པོ་དེ་ཙམ་ཟད་པར་གྱུར་ཀྱང་སེམས་ཅན་ཁམས་དེ་ནི་ཟད་པའམ་མཐའ་ཐུག་པ་གང་ཡང་མེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་སེམས་ཅན་གྱི་ཁམས་ཚད་མེད་དེ། དེ་དག་ལ་བྱང་ཆུབ་སེམས་དཔའི་བྱམས་ པས་ཁྱབ་པར་བྱེད་དོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གང་གི་བྱམས་པ་དེ་ལྟ་བུ་བསྒོམས་པའི་དགེ་བའི་རྩ་བ་ཚད་མེད་པ་དེ་ཟད་པར་ནུས་སམ། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ཏེ། བྱམས་པ་བསྒོམས་པའི་དགེ་བའི་རྩ་བ་དེ་འདྲ་བ་ཟད་པར་སུ་འདོད་པ་དེ་ནི་ནམ་མཁའ་ ཟད་པར་འདོད་དོ། །བྱང་ཆུབ་སེམས་དཔའ་གང་གིས་བྱམས་པ་མི་ཟད་པ་འདི་ཐོས་ནས་སྐྲག་པར་མི་འགྱུར་ན་དེ་དག་ཀྱང་བྱམས་པ་མི་ཟད་པར་འཕགས་པར་འགྱུར་རོ། །བློ་གྲོས་མི་ཟད་པས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་བདག་བསྲུང་ཞིང་གཞན་ལ་ཕན་པར་གནས་པ་ སྟེ། མཆོག་ཏུ་རྩོད་པ་མེད་པ་དང་། གནོད་སེམས་ཀྱི་ཐ་བའི་སྐྱོན་དང་། ཁྲོ་བ་དང་ཁོན་དུ་འཛིན་པ་ཐམས་ཅད་རབ་ཏུ་འཇོམས་པའོ། །བག་ལ་ཉལ་དང་ཀུན་ནས་ལྡང་བ་དང་བྲལ་བ་སྟེ། དད་པ་བསྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བའོ། །ཡོངས་སུ་གདུང་ བ་མེད་ཅིང་ལུས་དང་སེམས་བདེ་བ་བསྐྱེད་པ་སྟེ། གཞན་གྱིས་གནོད་པར་བྱ་བ་ལས་ཤིན་ཏུ་འདས་པའོ། །ཉེས་པ་ཐམས་ཅད་ཀྱི་འཇིགས་པ་དང་བྲལ་བ་སྟེ། འཕགས་པའི་ལམ་དང་མཐུན་ཞིང་གཤེ་བ་དང་། སྡང་བའི་སེམས་དང་ལྡན་པའི་སེམས་ཅན་རྣམས་དད་པར་བྱེད་པ། ཡུལ་ ཐམས་ཅད་ལས་སྒྲོལ་བ་སྟེ། དབྱིག་དང་། མཚོན་ཆ་འཆང་བ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱ་བ་ལ་དགའ་བ། ཁོང་ཁྲོ་བ་ཐམས་ཅད་དང་བྲལ་བ། ཚུལ་འཆོས་པ་དང་། ཁ་གསག་དང་། ཐོབ་ཀྱིས་འཇལ་བ་ཐམས་ཅད་དང་བྲལ་བ་རྙེད་པ་དང་། བཀུར་སྟི་ དང་། ཚིགས་སུ་བཅད་པ་ཐམས་ཅད་འབྱུང་བར་བྱེད་པ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་ཕྱག་བྱས་པ། རང་གི་གཟི་བརྗིད་ཀྱི་རྒྱན་གྱིས་བརྒྱན་པ། མཁས་པས་རབ་ཏུ་བསྔགས་པ། བྱིས་པ་ཐམས་ཅད་སྲུང་བ། ཚངས་པའི་ལམ་དང་མཐུན་ པ། འདོད་པའི་ཁམས་དང་མ་འདྲེས་པ། སེམས་ཅན་ཐམས་ཅད་ཀྱི་ཐར་པའི་ལམ་གྱི་མཆོག་ཐེག་པ་ཐམས་ཅད་ཡང་དག་པར་བསྡུས་པ། ཟང་ཟིང་མེད་པའི་བསོད་ནམས་ཀྱིས་བཟུང་བ། བསོད་ནམས་ཀྱི་ཚོགས་ཐམས་ཅད་བསགས་པ། རྫས་ལས་བྱུང་བའི་བསོད་ནམས་ བྱ་བའི་དངོས་པོ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབང་པོ་ཉམས་པ་དང་མ་ཚང་བ་ཐམས་ཅད་སྤངས་པ། བདེ་འགྲོ་ཐམས་ཅད་དང་མྱ་ངན་ལས་འདས་པའི་ལམ་ དང་མཐུན་པ། ངན་སོང་ཐམས་ཅད་དང་མི་ཁོམ་པ་བརྒྱད་ལས་འདས་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། འདོད་པ་དང་ལོངས་སྤྱོད་ཀྱི་དབང་ཕྱུག་ལ་མངོན་པར་དགའ་བ་མེད་པ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། སྦྱིན་པའི་སྦྱོར་བ་ཐ་དད་པ་དང་བྲལ་བ་ ཚུལ་ཁྲིམས་དང་བསླབ་པ་ཐམས་ཅད་ཀྱི་སྒོ་དང་། ཚུལ་ཁྲིམས་འཆལ་པ་ཐམས་ཅད་ཡོངས་སུ་སྐྱོབ་པ། བཟོད་པའི་སྟོབས་སྟོན་པ། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་ཐམས་ཅད་དང་བྲལ་བ། འཕགས་པ་རྣམས་འཇུག་པའི་བསམ་གཏན་དང་ཏིང་ངེ་འཛིན་དང་། སྙོམས་ པར་འཇུག་པའི་རྩ་བ་མི་འཁྲུགས་པའི་བརྩོན་འགྲུས་བརྩམས་ཤིང་ཡང་དག་པར་སྦྱོར་བ། བྱ་བ་ཐམས་ཅད་ལས་ཡང་དག་པར་གྲོལ་བ། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པས་ཉོན་མོངས་པ་ཐམས་ཅད་ལས་ངེས་པར་འབྱུང་བ། གསང་སྔགས་དང་ཐོས་པ་ འཛིན་པས་ངེས་པར་སེམས་པའི་ཤེས་རབ་ཀྱི་རྒྱུ་བསྐྱེད་པ། རང་གི་ཕྱོགས་དང་གཞན་གྱི་ཕྱོགས་ལ་ངེས་པ། བདུད་ཀྱི་ཕྱོགས་དང་ཉོན་མོངས་པ་རྣམས་བསལ་བ། འགྲོགས་ན་བདེ་བ། བསྙེན་བཀུར་དང་འཇུག་པའི་རྒྱུ་མཐུན་པ་ལ་སེམས་པ། སྤྱོད་ལམ་སྲུང་བར་བྱེད་པ། རྒོད་པ་ཐམས་ ཅད་ལས་འདས་པ། ང་རྒྱལ་གྱི་ལས་སེལ་བ། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པས་ཕྱུགས་ཤིང་བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པའི་དྲི་ང་བ་སྦྱོང་བའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་དྲི་ཞིམ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་སྟེ་བྱམས་པ་ཆེན་པོ་ནི་ བདག་གི་བདེ་བ་གཏོང་ཞིང་སེམས་ཅན་རྣམས་ལ་བདེ་བ་སྦྱིན་པའོ། །ཉན་ཐོས་ཀྱི་བྱམས་པ་ནི་བདག་སྐྱོབ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བྱམས་པ་ནི་ཆུ་བོ་ལས་སྒྲོལ་བའོ། །བཙུན་པ་ ཤ་ར་དྭ་ཏིའི་བུ་བྱམས་པ་ནི་གསུམ་པོ་འདི་དག་སྟེ། གསུམ་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་ལ་དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་བྱམས་པ་དང་། དམིགས་པ་མེད་པའི་བྱམས་པའོ། །སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ ཆུབ་སེམས་དཔའ་རྣམས་ཀྱིའོ། །ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་ རྣམས་ཀྱི་བྱམས་པ་མི་ཟད་པ་ཞེས་བྱ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་བྱམས་པ་མི་ཟད་པ་ཇི་སྐད་གསུངས་པ་དེ་ལྟ་བུའི་བྱམས་པའི་ངོ་བོ་ཉིད་དུ་འགྱུར་བས། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་བྱའོ། །ཐུགས་རྗེ་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། སྙིང་རྗེ་ཆེན་པོ་བློ་ཡི་ མཆོག །ཅེས་བྱ་བ་གསུངས་ཏེ། ཐུགས་རྗེ་ཆེན་པོས་བརླན་པའི་ངོ་བོ་ཉིད་ཡིན་པས་སྙིང་རྗེ་ཆེན་པོའོ། །འཇམ་པའི་དབྱངས་ནི་ཤེས་རབ་ཀྱི་མཆོག་ཡིན་པས་བློ་ཡི་མཆོག་གོ། །འདི་ཡང་བྱམས་པ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པ་ལ་དམིགས་པར་བརྗོད་པར་བྱའོ། །དེ་བས་ན་སྙིང་རྗེ་ ཆེན་པོ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཞན་དོན་གྱི་ཕྱིར་ཚོགས་ཐམས་ཅད་ཉེ་བར་སྩོགས་པར་འགྱུར་བ་སྟེ། དེ་ཡང་བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ཡང་མི་ཟད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་ པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་དབུགས་འབྱུང་བ་དང་རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ འཁོར་ལོ་རིན་པོ་ཆེ་ནི་རིན་པོ་ཆེ་སྣ་བདུན་གྱི་སྔོན་དུ་འགྲོ་བའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པ་ལ་སྙིང་རྗེ་ཆེན་པོ་ནི་སྔོན་དུ་འགྲོ་བའོ། །འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་ཞིག་བུ་གཅིག་ལ་སྙིང་ཐག་པ་ནས་སྡུག་ པར་འཛིན་པ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ། །བཙུན་པ་ཤ་ར་དྭ་ཏིའི་བུ་སྙིང་རྗེ་ཆེན་པོ་ཞེས་བྱ་བ་ནི་འདི་བདག་ཉིད་ཀྱིས་བྱས་པས་ན་དེའི་ཕྱིར་སྙིང་རྗེ་ཆེན་པོ་ཞེས་ བྱའོ། །རང་གིས་བྱས་པས་ན་སྙིང་རྗེ་ཆེན་པོའོ། །གཞན་གྱི་སྐབས་མི་རྙེད་པས་ན་སྙིང་རྗེ་ཆེན་པོའོ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟ་བུ་ནི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཡིན་ལ་བཅོམ་ལྡན་འདས་ཀྱང་དེའི་རང་བཞིན་ཡིན་ཏེ། ངེས་པར་འབྱུང་བ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཤེས་པར་བྱ་ སྟེ། དེ་བས་ན་བློའི་མཆོག་ཅེས་བྱའོ། །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་བྱ་བ་ནི་དགའ་བ་ཆེན་པོའི་ངོ་བོ་ཉིད་བསྟན་པ་ཡིན་ཏེ། དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། གང་སངས་རྒྱས་ཀྱི་ཆོས་རྣམས་དྲན་པ་དང་། རྗེས་སུ་དྲན་པ་དང་དགའ་བ་དང་མོས་པ་དང་། མཆོག་ཏུ་དགའ་བ་ དེ་ལ་ནི་དགའ་བ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཁོང་དུ་ཆུད་པས་དགའ་བར་འགྱུར་བ་དེ་ནི་ཤེས་རབ་མེད་ན་མི་འབྱུང་བས་ཤེས་རབ་ཉིད་རྒྱུ་ཡིན་ཏེ་དེ་བས་ན་ཤེས་རབ་ཆེན་པོ་ཞེས་བྱ་སྟེ། གང་ལ་ཤེས་རབ་ཆེན་པོ་ཡོད་པ་དེ་ནི་ཤེས་རབ་ཆེན་པོའོ། །རབ་ཏུ་དགའ་བའི་ཤེས་རབ་བརྙེས་ནས་ཀྱང་སེམས་ ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་ཐུགས་གཞོལ་བས་ན་བློ་ཆེན་ལྡན་ཞེས་བྱ་སྟེ། དྲི་མ་མེད་པའི་བློ་གྲོས་ནི་བློའོ། །ཡུལ་ཐམས་ཅད་པ་ནི་ཆེ་བ་སྟེ། དེ་ལྟ་བུའི་ཤེས་རབ་གང་ལ་མངའ་བ་དེ་ནི་བློ་ཆེན་ལྡན་ཞེས་བྱའོ། །དེ་ལ་དགའ་བ་དང་དེའི་ངོ་བོ་ཉིད་བརྗོད་པར་བྱ་སྟེ། དེ་ཡང་སེམས་ མི་འགོང་ཞིང་མི་བརྫི་བ་དང་། སྲིད་པ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང་། ཆོས་ཀྱི་དགའ་བ་ཐམས་ཅད་ཀྱི་རྟེན་དང་། སེམས་མཆོག་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡི་རང་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་ དགའ་ཞིང་མོས་པས་མཚན་དང་དཔེ་བྱད་བཟང་པོའི་རྒྱན་ཚོལ་བ་ལ་མཁས་པ་དང་། དགེ་བའི་ཆོས་ཉན་པས་མི་སྐྱོ་བ་དང་། དེ་ཁོ་ནའི་ཆོས་ལ་རྟོན་པའི་ནན་ཏན་དང་། དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་དང་། རབ་ཏུ་དགའ་བས་ཆོས་ལ་མོས་པ་དང་། རྟག་ཏུ་རྒྱུན་ མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་ཤིན་ཏུ་འདུན་པ་དང་། ཆོས་ལ་འདུན་པ་ཡང་མི་འདོར་བ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་དག་ལ་མོས་ཤིང་རྣམ་པར་གྲོལ་བ་དང་། ཉི་ཚེ་བའི་ཐེག་པ་བསལ་ཏེ་སེམས་བསྐྱེད་པ་དང་། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་། སློང་བ་ལ་སྦྱིན་པ་བྱིན་ནས་འཁོར་གསུམ་ཡོངས་སུ་དག་པར་སྦྱངས་པ་དང་། སྦྱིན་པ་ལ་མཆོག་ཏུ་དགའ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་དད་པ་དང་། ཚུལ་ཁྲིམས་འཆལ་བ་རྣམས་ལ་རྗེས་སུ་འཛིན་ཅིང་བྱམས་པ་ དང་། རང་ཚུལ་ཁྲིམས་ཡོངས་སུ་དག་པས་ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདའ་བར་དབུགས་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་ཡོངས་སུ་བསྔོ་བ་དང་། བརྟན་ཞིང་མི་ཕྱེད་པ་དང་། ཕ་རོལ་ངན་དུ་བརྗོད་པ་དང་། ངན་དུ་སྨྲ་བའི་ཚིག་གི་ལམ་ལ་ ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བཟོད་ཅིང་ངེས་པ་དང་། ང་རྒྱལ་མེད་པ་དང་། བླ་མ་ལ་འདུད་ཅིང་རི་མོར་བྱེད་པ་དང་། རྟག་ཏུ་འཛུམ་པའི་བཞིན་དང་། ཁྲོ་གཉེར་མེད་པ་དང་། གསོང་པོར་སྨྲ་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་ དང་། བསམ་པ་དག་པ་དང་། སེམས་ལ་བརླང་བ་མེད་པ་དང་། གྱ་གྱུ་མེད་པ་དང་། ཐམས་ཅད་ལ་ཕན་ཡོན་དུ་ལྟ་བ་དང་། སྐྱོན་མེད་པར་ལྟ་བ་དང་། ལྟུང་བ་མི་གླེང་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ ལ་སྟོན་པ་ལྟར་ཕངས་སུ་འཛིན་པ་དང་། ཆོས་རྣམས་ལ་བདག་བཞིན་དུ་ཕངས་སུ་འཛིན་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྲོག་བཞིན་དུ་ཕངས་སུ་འཛིན་པ་དང་། བླ་མ་རྣམས་ལ་ཕ་མ་བཞིན་དུ་ཕངས་སུ་འཛིན་པ་དང་། སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། མཁན་པོ་དང་སློབ་དཔོན་རྣམས་ལ་སངས་རྒྱས་བཞིན་དུ་ཕངས་སུ་འཛིན་པ་དང་། ནན་ཏན་རྣམས་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས་སུ་འཛིན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལག་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ ཕངས་སུ་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་རྣམས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཕངས་སུ་འཛིན་པ་དང་། རྗེས་སུ་བསྟན་པ་རྣམས་ལ་དགའ་བའི་རྩེད་མོ་བཞིན་དུ་ཕངས་སུ་འཛིན་པ་དང་། ཆོས་ཤེས་པ་རྣམས་ལ་ནད་མེད་པ་བཞིན་དུ་ཕངས་སུ་ འཛིན་པ་དང་། ཆོས་འཚལ་བ་རྣམས་ལ་སྨན་བཞིན་དུ་ཕངས་སུ་འཛིན་པ་དང་། བསྐུལ་ཞིང་དྲན་པར་བྱེད་པ་རྣམས་ལ་སྨན་པ་བཞིན་དུ་སངས་རྒྱས་སུ་འཛིན་པ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་འགོང་བ་འདི་ནི་དགའ་བ་ཆེན་པོ་ཞེས་བྱའོ། །དགའ་ བ་ཆེན་པོ་ཞེས་བྱ་བ་ནི་རྟོག་པའི་ཡེ་ཤེས་ཀྱི་ཕྱིར་ཞི་བའི་རྣམ་པའོ། །མི་རྒོད་པའི་ཕྱིར་རབ་ཏུ་ཞི་བའི་རྣམ་པའོ། །ཁེངས་པ་མ་ཡིན་པའི་ཕྱིར་ཤིན་ཏུ་སྦྱངས་པའི་རྣམ་པའོ། །རྣམ་པར་མི་གཡེང་བའི་ཕྱིར་དབང་པོ་དགའ་བའི་རྣམ་པའོ། །མི་ཉམས་པའི་ཕྱིར་བརྟུལ་ཞུགས་ཀྱི་རྣམ་པའོ། །འདོད་ པའི་ཕྱིར་ངེས་པའི་རྣམ་པའོ། །བཀའ་བློ་བདེ་བའི་ཕྱིར་ཐོས་པའི་རྣམ་པའོ། །སེམས་ལས་སུ་རུང་བའི་ཕྱིར་ཉེ་བར་ཞི་བའི་རྣམ་པའོ། །ལས་ལེགས་པར་བྱས་པའི་ཕྱིར་དགའ་བའི་རྣམ་པའོ། །ཁ་ན་མ་ཐོ་བ་མེད་པའི་ཕྱིར་མི་འགྱོད་པའི་རྣམ་པའོ། །མ་གཡོས་པའི་ཕྱིར་ཤིན་ཏུ་གནས་པའི་རྣམ་ པའོ། །མི་གནས་པའི་ཕྱིར་མ་གཡོས་པའི་རྣམ་པའོ། །ཐུལ་བར་དཀའ་བའི་ཕྱིར་བསྙེན་དཀའ་བའི་རྣམ་པའོ། །ཆུད་མི་ཟ་བའི་ཕྱིར་དོན་གྱི་རྣམ་པའོ། །མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་བདེན་པའི་རྣམ་པའོ། །དེ་བྱེད་པའི་ཕྱིར་དེ་ཁོ་ནའི་རྣམ་པའོ། །སྟོབས་ཀྱི་ཕྱིར་སྤྲོ་བའི་རྣམ་པའོ། །མི་ བརྫི་བའི་ཕྱིར་སྟོབས་ཀྱི་རྣམ་པའོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོལ་བས་མི་སྐྱོ་བའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་རྣམ་པ་སྟེ། དེ་ལྟ་བུའི་དགའ་བའི་ངོ་བོ་ནི་བཅོམ་ལྡན་འདས་ཡིན་ཞེས་སྟོན་པར་འགྱུར་རོ། །མཁས་པ་ཆེན་ པོ་ཐབས་ཆེ་བ། །ཞེས་བྱ་བ་ནི་བཏང་སྙོམས་ཆེན་པོའི་ངོ་བོ་ཉིད་དུ་བསྟན་པར་བྱ་བའི་ཕྱིར་གསུངས་པ་ཡིན་ཏེ། དེ་ཡང་ཐབས་ཆེན་པོ་གང་ལ་མངའ་བ་དེ་ནི་ཐབས་ཆེན་པོ་ཞེས་བྱའོ། །གནས་སྐབས་འདིར་བཏང་སྙོམས་ཆེན་པོ་ནི་ཐབས་ཆེན་པོ་སྟེ། བསམ་པ་སྣ་ཚོགས་པ་དང་ལྡན་པའི་ གདུལ་བྱའི་སེམས་ཅན་རྣམས་འདུལ་བའི་ཕྱིར་རོ། །དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་རྣམ་པ་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ལ་བཏང་སྙོམས་པ་དང་། བདག་དང་གཞན་སྲུང་བའི་བཏང་སྙོམས་དང་། དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་ པའོ། །དེ་ལ་ཉོན་མོངས་པ་ལ་བཏང་སྙོམས་པ་ནི་བསྟི་སྟང་དུ་བྱས་པས་མཐོས་པར་མི་སེམས་པ་དང་། བསྟི་སྟང་དུ་མ་བྱས་པས་དམས་པར་མི་སེམས་པ་དང་། རྙེད་པ་དག་ལ་རློམ་སེམས་མེད་པ་དང་། མ་རྙེད་པ་དག་ལ་ཡི་ཆད་པ་མེད་པ་དང་། སྙན་པ་དག་ལ་མངོན་པར་དགའ་བ་མེད་པ་དང་། མི་སྙན་པ་ལ་ཞུམ་པ་མེད་པ་དང་། སྨད་པས་སྲོ་ཤི་བར་མི་འགྱུར་བ་དང་། བསྔགས་པ་ལ་ཆོས་ཉིད་རབ་ཏུ་གནས་པ་དང་། སྡུག་བསྔལ་དག་ལ་སོ་སོར་རྟོག་པའི་སྟོབས་དང་། བདེ་བ་དག་ལ་མི་རྟག་པ་དང་སྡུག་བསྔལ་བར་རྟོག་པའི་སྟོབས་དང་། རྗེས་སུ་ཆགས་པ་འདོར་བ་དང་། ཁོང་ཁྲོ་བ་ སྤོང་བས་མཛའ་བ་དང་། མི་མཛའ་བ་དག་ལ་སེམས་མཉམ་པ་དང་། ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་རྣམས་ལ་བློ་མཉམ་པ་དང་། ལེགས་པར་བྱས་པ་དག་དང་ཉེས་པར་བྱས་པ་རྣམས་ལ་ཡང་གཉིས་སུ་མི་བྱེད་པ་དང་། སྡུག་པ་དང་མི་སྡུག་པར་མི་ལྟ་བ་དང་། ལེགས་ པར་ཐོས་པ་དང་ཉེས་པར་ཐོས་པ་ལ་མི་འབྱེད་པ་དང་། ལེགས་པར་སྨྲས་པ་དང་ཉེས་པར་སྨྲ་བ་ལ་བག་ལ་ཉལ་མེད་པ་དང་། རོ་མྱོང་བའི་ཉེས་དམིགས་རྣམས་ལ་མཚུངས་པར་ཡོངས་སུ་འཇལ་བ་དང་། སེམས་ཅན་ཐམས་ཅད་ལ་བསམ་པ་མཉམ་པ་དང་། ལུས་དང་སྲོག་ལ་མི་ལྟ་བ་དང་། རབ་དང་འབྲིང་དང་ཐ་མ་རྣམས་ལ་འདུ་ཤེས་མཉམ་པ་དང་། བསྔགས་པ་དང་བསྔགས་པ་མ་ཡིན་པ་རྣམས་ལ་སེམས་མཉམ་པ་དང་། བདེ་བ་དང་མི་བདེ་བ་རྣམས་ལ་རང་གི་སེམས་ཡོངས་སུ་དག་པ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་གང་བསྟི་སྟང་དུ་བྱེད་པ་དང་། གནོད་པར་བྱེད་པ་ ལ་མཐོན་དམན་དུ་མི་སེམས་ཤིང་། དེ་ལ་བྱང་ཆུབ་སེམས་དཔའ་བཏང་སྙོམས་པ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་དང་གཞན་བསྲུང་བའི་བཏང་སྙོམས་ གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་ཡན་ལག་དང་ཉིང་ལག་རྣམས་བཅད་ཀྱང་ཁོང་ཁྲོ་བར་མི་བྱེད་ཅིང་མི་ཚོལ་ཏེ་བཏང་སྙོམས་པ་ཡིན་ནོ། །ལུས་ཀྱི་རྣམ་པར་འགྱུར་བ་ལས་སམ། ངག་གི་རྣམ་པར་འགྱུར་བ་ལས་ཀྱང་རུང་སྟེ། གཉིས་ཀ་ལས་བཟོད་ པས་ན་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །མིག་གི་རྣམ་པས་ཀྱང་རྨ་མི་ཕྱིན། གཟུགས་ཀྱི་རྣམ་པ་ལས་ཀྱང་རྨ་མི་ཕྱིན་ཏེ། གཉིས་ཀས་ཀྱང་རྨ་མི་ཕྱིན་ཏོ། །དེ་བཞིན་དུ་རྣ་བས་མ་ཡིན། སྒྲས་མ་ཡིན། སྣས་མ་ཡིན། དྲིས་མ་ཡིན། ལྕེས་མ་ཡིན། རོས་མ་ཡིན། ལུས་ཀྱིས་མ་ཡིན། རེག་ བྱས་མ་ཡིན། ཡིད་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན། ཆོས་ཀྱི་རྣམ་པས་ཀྱང་རྨ་མི་ཕྱིན་ཏེ། དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་མི་ཕྱིན་ཅིང་ཉམས་པ་མེད་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །རྨ་ཕྱུང་བ་ལ་རྨ་མི་ཕྱིན་པས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བདག་དང་གཞན་གཉི་ག་ བསྲུང་བས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །ཕན་པར་བྱེད་པ་དང་གནོད་པར་བྱེད་པ་ལ་མཉམ་པར་སྦྱོར་བས་དེའི་ཕྱིར་བཏང་སྙོམས་ཞེས་བྱའོ། །བཏང་སྙོམས་ནི་མཆོག་ཏུ་རྩོད་པ་མེད་པའོ། །བཏང་སྙོམས་ནི་རང་གི་སེམས་ལ་ངེས་པར་སེམས་པའོ། །བཏང་སྙོམས་ནི་གཞན་གྱི་སེམས་བསྲུང་ པའོ། །བཏང་སྙོམས་ནི་བདག་ལ་རྟོག་པའོ། །བཏང་སྙོམས་ནི་སེམས་ཅན་གཞན་ལ་གནོད་པ་མེད་པའོ། །བཏང་སྙོམས་ནི་བྱང་ཆུབ་སེམས་དཔའི་མཉམ་པར་གཞག་པའི་གནས་སྐབས་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའི་བདག་དང་གཞན་བསྲུང་བའི་བཏང་སྙོམས་ཞེས་བྱའོ། །དེ་ལ་བྱང་ ཆུབ་སེམས་དཔའི་དུས་དང་དུས་མ་ཡིན་པ་ལ་བཏང་སྙོམས་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་བཏང་སྙོམས་བྱ་བར་བཀའ་མི་སྩོལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྟག་ཏུ་བདག་དང་གཞན་གྱི་དགེ་བའི་ཆོས་བཙལ་བ་ལ་བརྩོན་ཞིང་ འབད་པར་བྱ་བའི་ཕྱིར་ཏེ། དེས་དུས་དང་དུས་མ་ཡིན་པར་བཏང་སྙོམས་པར་བྱའོ། །དེ་ལ་དུས་དང་དུས་མ་ཡིན་པའི་བཏང་སྙོམས་གང་ཞེ་ན། སྣོད་དུ་གྱུར་པ་མ་ཡིན་པ་དང་། ཉན་པར་མི་འདོད་པའི་སེམས་ཅན་རྣམས་ལ་བཏང་སྙོམས་པ་དང་། མ་རྙེད་པ་དང་། སྨད་པ་དང་མི་སྙན་པ་དང་སྡུག་ བསྔལ་བ་ལ་བཏང་སྙོམས་དང་། སེམས་ཅན་ཉན་ཐོས་ཀྱི་ཐེག་པ་ཅན་སྐྱོན་མེད་པ་ལ་ཞུགས་པ་རྣམས་ལ་བཏང་སྙོམས་དང་། སྦྱིན་པའི་དུས་ན་ཚུལ་ཁྲིམས་བརྟུལ་བའི་བཏང་སྙོམས་དང་། ཚུལ་ཁྲིམས་ཀྱི་དུས་ན་སྦྱིན་པ་བརྟུལ་བའི་བཏང་སྙོམས་དང་། བཟོད་པའི་དུས་ན་བརྩོན་འགྲུས་བརྟུལ་བའི་ བཏང་སྙོམས་དང་། བརྩོན་འགྲུས་ཀྱི་དུས་ན་བསམ་གཏན་བརྟུལ་བའི་བཏང་སྙོམས་དང་། བསམ་གཏན་གྱི་དུས་ན་སྦྱིན་པ་ལ་ཆགས་པ་བརྟུལ་བའི་བཏང་སྙོམས་དང་། ཤེས་རབ་ཀྱི་དུས་ན་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་དམིགས་པ་ལ་བརྟུལ་བའི་བཏང་སྙོམས་ཏེ། འདི་ནི་དུས་དང་དུས་མ་ཡིན་པ་ ལ་བཏང་སྙོམས་པ་ཞེས་བྱའོ། །དེ་ལྟར་བཏང་སྙོམས་རྣམ་པ་གསུམ་ནི་ཐབས་ཆེན་པོར་ཡོངས་སུ་གཟུང་བར་བྱ་སྟེ། སེམས་ཅན་སྣ་ཚོགས་པའི་དོན་གྱི་བྱ་བའི་ཐབས་ཀྱི་རྒྱུར་གྱུར་པའི་ཕྱིར་ཐབས་ཆེན་པོ་ཞེས་བྱ་བའི་སྒྲར་གསུངས་ཏེ། དེ་བས་ན་བཅོམ་ལྡན་འདས་ནི་ཐབས་ཆེ་བ་ཞེས་བྱའོ། །དེ་ཉིད་ ཀྱིས་ན་མཁས་པ་ཆེན་པོ་སྟེ། ཐབས་ཀྱི་བྱ་བ་ལ་མཁས་ཤིང་བྱས་པར་མཛད་པས་སོ། །དེ་ལ་འདིར་རིམ་པ་ནི་འདི་ཡིན་ཏེ། བྱམས་པ་ཆེན་པོས་ནི་སེམས་ཅན་ཐམས་ཅད་ཕན་པ་ལ་ངེས་པར་སྦྱོར་བར་མཛད་དོ། །ཐུགས་རྗེ་ཆེན་པོས་ནི་དེ་དག་ཉིད་བག་ཡོད་པ་ལ་ཁོང་དུ་ཆུད་པའི་བདེ་བ་ལ་རབ་ ཏུ་བཀོད་པར་མཛད་དོ། །དགའ་བ་ཆེན་པོས་ནི་དགའ་བ་ཆེན་པོ་ལ་འཇོག་གོ། །བཏང་སྙོམས་ཆེན་པོས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བའི་ཆོས་ཀྱི་སྐུའི་མཉམ་པ་ཉིད་ལ་འཇོག་པར་མཛད་པ་ཡིན་ནོ། །དེ་ལྟར་འདིར་ཡི་གེ་དང་འགལ་བར་བཤད་དོ་ཞེས་བྱ་བའི་སོམ་ཉི་མི་བྱའོ། །ཡང་ ན་གསང་སྔགས་ཀྱི་ཚུལ་གྱི་རིམ་པས་ནི་སྦྱིན་བདག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གཞན་དུ་ཡང་བཤད་དོ། །དེ་ལ་སྦྱིན་བདག་ཆེན་པོ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་འབྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་འབབ་པའི་ངོ་བོར་གྱུར་པ་གང་ལ་ཡོད་པ་དེ་ནི་སྦྱིན་བདག་ཆེན་པོ་ཡིན་ལ། དེའི་བདག་ པོ་པས་སྦྱིན་བདག་ཆེན་པོ་གཙོ་བོ་ཡིན་ཏེ། དེ་ཡང་འཕགས་པ་འཇམ་དཔལ་གྱི་འཇམ་ཞིང་ཡིད་དུ་འོང་བའི་སྐུས་ཐམས་ཅད་ཀྱི་མངོན་པར་འདོད་པ་ཡོངས་སུ་རྫོགས་པར་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གཏོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་ཆུད་པའི་ལྷ་མོ་སྒེག་ མོའི་གཟུགས་ཅན་གྱི་བདག་པོར་གྱུར་པའི་ཕྱིར་ཏེ། གང་ཕྱི་རོལ་པའི་བདག་ཉིད་པས། །སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། བྱང་ཆུབ་ཡན་ལག་འབྲས་སྟེར་བས། །ཕྲེང་བ་ཚུལ་ཁྲིམས་ཕ་རོལ་ཕྱིན། །ཞེས་གསུངས་པས། བྱང་ ཆུབ་ཀྱི་ཡན་ལག་ཅན་གྱི་མེ་ཏོག་གི་ཕྲེང་བས་བརྒྱན་པས་བསིལ་བར་གྱུར་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡན་ལག་ཏུ་འདུས་པའི་སྐུ་དང་ལྡན་པས་ན། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །ཅེས་བྱ་སྟེ། ཐམས་ཅད་དུ་འགྲོ་བའི་ཚུལ་ཁྲིམས་ཆེན་པོ་གང་ལ་ཡོད་པ་དེ་ནི་ཚུལ་ ཁྲིམས་ཆེན་པོ་སྟེ། དེ་འཆང་བས་ན་ཚུལ་ཁྲིམས་ཆེན་པོ་འཆང་བའོ། །ཐམས་ཅད་ཀྱི་གཙོ་བོའི་གཟུགས་སུ་གནས་པས་ན་མཆོག་གོ། །བཟོད་པ་ཆེན་པོ་ནི་ལྷ་མོ་རྡོ་རྗེ་དབྱངས་མའི་ངོ་བོ་སྟེ། ཞི་བའི་ཆོས་ལ་རྗེས་མོས་པས། །གླུ་མ་བཟོད་པའི་ཕ་རོལ་ཕྱིན། །ཞེས་གསུངས་པས་སོ། ། དེ་འཛིན་པར་མཛད་པས་ན་བཟོད་པ་ཆེན་པོ་འཆང་བའོ། །མི་གཡོ་བའི་ངོ་བོ་ཉིད་ཡིན་པས་ན་བརྟན་པའོ། །བརྩོན་འགྲུས་ཆེན་པོ་གང་ཡོད་པ་དེ་ནི་བརྩོན་འགྲུས་ཆེན་པོ་སྟེ། ལྷ་མོ་རྡོ་རྗེ་གར་གྱི་གཟུགས་ཅན་ནོ། །དེ་ནི་མཆོག་ཏུ་བརྟུལ་བ་དང་ལྡན་པས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ ཡིན། །ཞེས་བྱ་སྟེ། སངས་རྒྱས་མཆོད་ལ་སྐྱོན་མེད་པས། །གར་མ་བརྩོན་འགྲུས་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་ཏེ། ཇི་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་ལྟར་སྦྱར་བ་ཡིན་གྱི་རང་དགར་བྱས་པས་བརྟགས་པ་ནི་མ་ཡིན་ནོ། །བསམ་གཏན་ཆེན་པོ་གང་ལ་ཡོད་པ་དེ་ནི་བསམ་ གཏན་ཆེན་པོ་སྟེ་དེ་རྣམས་དང་ལྷན་ཅིག་བསམ་གཏན་ཆེན་པོའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་ན། བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཞེས་བྱ་སྟེ། སངས་རྒྱས་ཉིད་འབྲས་རྒྱུ་ཡིན་པས། །མེ་ཏོག་བསམ་གཏན་ཕ་རོལ་ཕྱིན། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་མེ་ ཏོག་མའི་བདག་པོ་ཉིད་དུ་བསྟན་ཏོ། །ཤེས་རབ་ཆེན་པོ་གང་ལ་ཡོད་པ་དེ་ནི་ཤེས་རབ་ཆེན་པོ་སྟེ། ལྷ་མོ་རྡོ་རྗེ་བདུག་པ་མའི་ངོ་བོའོ། །དེའི་ལུས་ནི་ཆོས་འབྱུང་བའི་ཚུལ་ཅན་ཏེ། དེའི་དགའ་བ་བསྒྲུབ་པར་འགྱུར་བའི་ཚུལ་གྱིས་འཛིན་པར་མཛད་པས་ན། ཤེས་རབ་ཆེན་པོ་ལུས་ འཆང་བ་སྟེ། ཐར་པར་འཇུག་པའི་དགའ་བསྒྲུབ་པས། །བདུག་མ་ཤེས་རབ་ཕ་རོལ་ཕྱིན། །ཞེས་གསུངས་པས་སོ། །མི་ཤེས་མུན་ནག་འཇིག་བྱེད་པས། །རྡོ་རྗེ་མར་མེ་ཐབས་ཆེན་པོ། །ཞེས་གསུངས་པའི་ཕྱིར་རོ། །སྣང་བ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྗེ་བཙུན་འཇམ་པའི་དབྱངས་ ནི་ཐབས་ཆེ་བ་ཞེས་བྱའོ། །ཉོན་མོངས་དྲི་ང་འཇིག་པས་ན། །སྨོན་ལམ་རྡོ་རྗེ་བྱུག་པ་མ། །ཞེས་གསུངས་པའི་ཕྱིར་ཉོན་མོངས་པའི་དྲི་ང་བ་ཐམས་ཅད་སེལ་བར་བྱེད་པ་སྨོན་ལམ་གྱི་ངོ་བོ་རྡོ་རྗེ་བྱུག་པ་མོ་དང་ལྡན་པས་ན་སྨོན་ལམ་མོ། །གཟུངས་ཀྱི་དཀྱིལ་འཁོར་དུ་གྲགས་པའི། །སྒོ་རྣམས་སྲུང་བར་ བྱེད་པ་བཞི། །སོ་སོ་ཡང་དག་རིག་ངོ་བོ། །དེ་རྣམས་སྟོབས་ཆེན་ཕ་རོལ་གནོན། །དེ་དང་ཡན་ལག་ཀུན་སྦྱོར་བ། །བདེ་བ་ཆེན་པོའི་སྟོབས་དང་ལྔ། །བདུད་དགྲའི་སྟོབས་ནི་རབ་འཇོམས་པས། །ཡིད་འོང་དཔལ་ནི་སྟོབས་ཆེན་ནོ། །གཟུགས་དང་སྒྲ་དང་དྲི་ཆེན་པོ། །རོ་དང་རེག་བྱའི་ཁམས་རྣམས་ཏེ། ། མཆོད་པའི་ལྷ་མོ་རྫུ་འཕྲུལ་ཆེ། །དེ་རྣམས་ཡེ་ཤེས་ཆེའི་རང་བཞིན། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་དང་གཅིག་ཏུ་འདྲེས་པར་གྱུར་པ་བསྟེན་པར་མཛད་པས་ན་ཡེ་ཤེས་ཆེན་པོའི་རྒྱ་མཚོའོ། །བྱམས་པ་ཆེན་པོའི་རང་བཞིན་ནི་སྤྱན་གྱི་སྦྱོར་བས་སེམས་ཅན་དཔག་ཏུ་མེད་པའི་གནོད་པ་ཞི་ བར་མཛད་པའི་ཕྱིར་ཏེ། ཞི་བའི་ལས་མཆོག་སྒྲུབ་བྱེད་པས། །སངས་རྒྱས་སྤྱན་ནི་བྱམས་ཆེན་པོ། །ཞེས་གསུངས་སོ། །སྙིང་རྗེ་ཆེན་པོ་ནི་མཱ་མ་ཀཱི་སྟེ། སྡུག་བསྔལ་རྣམས་ལས་སྒྲོལ་བས་ན། །མཱ་མ་ཀཱི་ནི་སྙིང་རྗེ་ཆེ། །ཞེས་གསུངས་པའི་ཕྱིར་རོ། །དེ་དང་ལྷན་ཅིག་སྙོམས་པར་ཞུགས་པའི་ སྦྱོར་བ་ནི་བློ་ཡི་མཆོག་ཡིན་ཏེ། དེ་བས་ན། སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་བྱ་སྟེ། རྗེ་བཙུན་འཇམ་པའི་དབྱངས་སོ། །རྡོ་རྗེ་པདྨར་རབ་སྦྱོར་བས། །གོས་དཀར་མོ་ནི་དགའ་བར་གྲགས། །ཤེས་རབ་ཆེན་པོ་རབ་སྦྱོར་བས། །འཇིག་རྟེན་ན་ནི་རབ་དགའ་སྐྱེས། །ཤེས་རབ་ཆེན་པོ་བློ་ཆེ་བ། དེ་དང་ལྡན་ པས་འཇམ་པའི་དབྱངས། །བཏང་སྙོམས་ཆེ་དང་ཐབས་ཆེ་བ། །ལྷ་མོ་སྒྲོལ་མར་རབ་ཏུ་བརྗོད། །མཁས་པ་ཆེན་པོ་ཐབས་ཆེ་བ། །དེ་ལྡན་འཇམ་དབྱངས་ཤེས་པར་བྱ། །ཞེས་འབྱུང་སྟེ། འདི་ནི་དཀྱིལ་འཁོར་ཐམས་ཅད་དུ་མཆོད་པའི་བདག་པོར་གྱུར་པ་ཉིད་མ་ཚང་བ་མེད་པར་སྟོན་པར་ ཤེས་པར་བྱ་སྟེ། རྣལ་འབྱོར་གྱི་རྒྱུད་ཤེས་པ་རྣམས་ཀྱི་ཆོས་ཀྱི་རྗེས་སུ་འབྲངས་པས་ངེས་པར་དཔྱད་པར་བྱའོ། །རྣམ་གྲངས་གཞན་ཡང་སྦྱིན་པ་ཐམས་ཅད་སྩོལ་བའི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཆེན་པོ་རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པས་ན། སྦྱིན་བདག་ཆེན་པོ་གཙོ་ བོ་ཞེས་བྱའོ། །དབུལ་ཞིང་ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་ཞིང་བསིལ་བའི་ངང་ཚུལ་ཅན་རིན་པོ་ཆེའི་རིགས་ཀྱི་བདག་པོ་རིན་ཆེན་འབྱུང་ལྡན་གྱི་སྐུ་འཛིན་པས་ན། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་གོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པའི་ངོ་བོ་པདྨའི་རིགས་ཀྱི་བདག་ པོ་འོད་དཔག་མེད་ཀྱི་སྐུ་འཛིན་པས་ན། བཟོད་ཆེན་འཆང་བ་བརྟན་པ་པོའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་སྣ་ཚོགས་པའི་རིགས་ཀྱི་བདག་པོ་བྱ་བ་གྲུབ་པ་དོན་ཡོད་གྲུབ་པའི་སྐུའི་ངོ་བོར་གྱུར་པས་ན། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །ཞེས་བྱའོ། །ཆོས་ཀྱི་དཀྱིལ་ འཁོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ལྷའི་བདག་ཉིད་དུ་གྱུར་པས་ན། བསམ་གཏན་ཆེན་པོའི་ཏིང་འཛིན་གནས་སོ། །གཟུངས་ཀྱི་དཀྱིལ་འཁོར་ན་གནས་པའི་གཟུངས་ཀྱི་ལྷ་མོ་ཐམས་ཅད་ཀྱི་ཤེས་རབ་ཀྱི་སྐུ་འཛིན་པར་མཛད་པས་ན། །ཤེས་རབ་ཆེན་པོའི་ལུས་འཆང་བའོ། ། སྟོབས་པོ་ཆེ་དང་། རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་མེ་ལྟར་འབར་བ་དང་། ཧེ་རུ་ཀ་དང་། རྟ་མཆོག་ལ་སོགས་པའི་སྐུའི་ཚུལ་གྱིས་བདུད་དང་། གདུག་པ་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པར་མཛད་པས་ན་སྟོབས་པོ་ཆེའོ། །བསྡུ་བའི་དངོས་པོ་བཞིའི་རང་བཞིན་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་ པ་དང་། ལྕགས་སྒྲོག་དང་། འབེབས་པ་ལ་སོགས་པའི་གཟུགས་ཀྱིས་འགྲོ་བ་མ་ལུས་པའི་དོན་མཛད་པས་ན་ཐབས་ཆེ་བའོ། །སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱིས་ནུས་པ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་ རྣམས་བསྡུས་པར་གྱུར་པས་རྒྱ་མཚོ་ཆེན་པོ་དང་འདྲ་བའི་དཀྱིལ་འཁོར་ཆེན་པོ་བཀོད་པ་རྣམས་ཀྱི་བདག་པོར་གྱུར་པས་ན། སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་གསུངས་སོ། །དེ་ལྟར་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོར་གྱུར་ཀྱང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ ལྟར་གཅེས་པར་འཛིན་ཞིང་ཐམས་ཅད་དུ་སྙོམས་པའི་ཐུགས་ཀྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་བྱའོ། །ངན་འགྲོ་ཐམས་ཅད་ལས་གདོན་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བདག་ཉིད་དུ་གྱུར་པས་ན། སྙིང་རྗེ་ཆེན་པོ་བློ་ཡི་མཆོག་གོ། ། ཐམས་ཅད་དུ་ཤེས་རབ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་འགྲོ་བའི་དོན་མ་ཚང་བ་མེད་པར་མཛད་པས་ན། ཤེས་རབ་ཆེན་པོ་བློ་ཆེན་ལྡན་ནོ། །སེམས་ཅན་མོས་པའི་བྱེ་བྲག་སྣ་ཚོགས་དང་ལྡན་པའི་གདུལ་བྱ་རྣམས་ཤིན་ཏུ་གདུལ་བའི་ཕྱིར་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་རྒྱུད་ཀྱི་ཐབས་ཀྱི་དབྱེ་བས་སེམས་ ཅན་རྣམས་ཀྱི་དོན་མཛད་པས་ན། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་བྱ་སྟེ། མཁས་པ་ཆེན་པོ་ནི་རྗེ་བཙུན་འཇམ་པའི་དབྱངས་སོ། །ད་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་གྱིས་འདུལ་བའི་སེམས་ཅན་སྡུད་པའི་རང་གི་ངོ་བོ་བསྟན་པའི་ཕྱིར། རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་ པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་རྫུ་འཕྲུལ་ཆེན་པོ་ནི་འབྱོར་པ་ལ་བྱའོ། །དེ་ཡང་རྣམ་པ་གསུམ་སྟེ། ལུས་ཀྱི་རྫུ་འཕྲུལ་ནི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང་རྗེས་ སུ་མཐུན་པའི་སྐུའི་མཆོག་ཅིག་ཅར་སྟོན་ཅིང་འདུལ་ལོ། །ངག་གི་རྫུ་འཕྲུལ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་དང་བརྡ་ཆོས་སྟོན་པར་མཛད་པའོ། །ཡིད་ཀྱི་རྫུ་འཕྲུལ་ནི་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་རྗེས་སུ་ཞུགས་ནས་ཡང་དག་པར་བསྐུལ་ཞིང་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ ཏུ་འཇོག་པར་མཛད་པའོ། །རྫུ་འཕྲུལ་གྱི་སྟོབས་ནི་རྫུ་འཕྲུལ་སྟོབས་ཏེ། བདུད་དང་མུ་སྟེགས་ལ་སོགས་པས་བསྐྱོད་པར་མི་ནུས་ཤིང་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་ནི་སྟོབས་ཞེས་བྱ་སྟེ། དེ་ལྟ་བུའི་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ཉེ་བར་ལྡན་པ་གང་ཡིན་པ་དེ་ནི་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ ལྡན་ཞེས་བྱའོ། །གཡོ་བ་མེད་ཀྱང་ཐམས་ཅད་དུ་བདག་ཉིད་ཀྱི་དངོས་པོ་སྟོན་པས་ན་ཤུགས་ཆེན་ནོ། །དེ་བཞིན་དུ་ཡིད་ལྟར་མགྱོགས་པའི་འགྲོ་བ་རྣམ་པས་མགྱོགས་པས་ན་མགྱོགས་པ་ཆེན་པོའོ། །གང་གི་ཕྱིར་དེ་ལྟར་ཡིན་པས་ན། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་བྱ་བ་སྟེ། ཐམས་ ཅད་ཀྱི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །རྫུ་འཕྲུལ་གྱི་སྟོབས་ཆེན་པོས་གཞན་གྱི་དོན་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམ་པར་གནོན་པས། སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་བྱའོ། །ད་ནི་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་སྒྲའི་དོན་བསྟན་པར་བྱ་བའི་ ཕྱིར། སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་འབྱུང་བའི་ཕྱིར་སྲིད་པ་སྟེ། ཡང་ནས་ཡང་དུ་འགྲོ་བ་ལྔར་སྐྱེ་བས་ན་སྲིད་པའོ། །དེ་ཡང་ཐོག་མ་མེད་པས་ན་ ཆེན་པོ་སྟེ། སྲིད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྲིད་པ་ཆེན་པོའོ། །སྲིད་པ་ཆེན་པོ་དེ་ཉིད་ནི་རི་བོ་སྟེ། དེ་ཡང་དག་པར་འཇོམས་པས་ན། །སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་བྱ་ལ། དེ་བས་ན། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་བྱ་སྟེ། སྟོང་པ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ མི་ཕྱེད་པ་ལ་གཉིས་སུ་གྱུར་པའི་བུ་ག་མེད་པས་ན་མཁྲེགས་ཤིང་ཞེས་བྱའོ། །རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྡོ་རྗེ་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ལ་ཉེ་བར་དམིགས་པ་འཇིག་པར་བྱེད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་དེའི་བདག་ཉིད་ཀྱིས་འཛིན་པས་ན་རྡོ་རྗེ་ཆེན་པོ་འཆང་སྟེ། རྗེ་བཙུན་འཇམ་དཔལ་ལོ། །ཐོག་མ་མེད་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་དང་ཉེ་བར་དམིགས་པའི་ཉོན་མོངས་པའི་དགྲ་བོ་དྲག་པོའི་བག་ཆགས་རྩ་བ་ནས་འབྱིན་པས་ན་དྲག་པོ་ཆེན་པོའོ། །ཤིན་ཏུ་གདུག་པའི་སེམས་དང་ལྡན་པའི་སེམས་ཅན་རྣམས་འདུལ་བས་ན་དྲག་ཤུལ་ཆེ་བའོ། །འཇིགས་ ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱ་བ་ལ། འཇིགས་པ་ཆེན་པོ་ནི་ལྔ་སྟེ། འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མེད་པའི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། ངན་འགྲོའི་འཇིགས་པ་དང་། འཁོར་གྱིས་བག་ཚ་བའི་འཇིགས་པའོ། །བདག་ཏུ་འདུ་ཤེས་པ་ དང་བྲལ་བས་བདག་ལ་ཆགས་པར་ཡང་མི་འགྱུར་ལ། ལོངས་སྤྱོད་ཐམས་ཅད་ལ་ཆགས་པ་ལྟ་སྨོས་ཀྱང་ཅི་དགོས་པ་སྟེ། དེ་བས་ན་འདི་ལ་འཚོ་བ་མེད་པས་འཇིགས་པར་མི་འགྱུར་རོ། །འདུས་བྱས་ཅི་ཡང་རུང་སྟེ་གང་ལ་ཡང་འདོད་པར་མི་བྱེད་ཅིང་། གཞན་དུ་ན་བདག་ཉིད་ཀྱིས་འདི་རྣམས་ལ་དགོས་པའི་ཡོ་བྱད་ཐམས་ ཅད་མང་དུ་སྦྱིན་པར་བྱའོ་ཞེས་སེམས་ཏེ། དེ་བས་ན་ཚིགས་སུ་བཅད་པ་མེད་པས་འཇིགས་པར་མི་འགྱུར་རོ། །བདག་ཏུ་ལྟ་བ་དང་བྲལ་བས་བདག་ཏུ་འདུ་ཤེས་པར་མི་འགྱུར་ཏེ། དེ་བས་ན་འཆི་བས་འཇིགས་པར་མི་འགྱུར་རོ། །ཤི་འཕོས་ནས་ཀྱང་ངེས་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ཕྲད་ པར་འགྱུར་བས་ན་ངན་འགྲོས་འཇིགས་པར་མི་འགྱུར་རོ། །འཇིག་རྟེན་ཐམས་ཅད་ན་བདག་དང་བསམ་པ་མཉམ་པ་འགའ་ཡང་མེད་ན་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན། འཁོར་གྱིས་འཇིགས་པར་མི་འགྱུར་ལ། །འཇིགས་པ་ཇི་སྙེད་པ་ཐམས་ཅད་ནི་འདི་ཉིད་ཀྱི་ནང་དུ་འདུས་པ་ཡིན་པས་ན་ འཇིགས་པ་ཆེན་པོ་སྟེ། དེ་རྣམས་འཇིགས་པར་མཛད་པས་ན། འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་བྱའོ། །ཡང་ན་སྲིད་པ་ནི་ལྷ་ཆེན་པོ་སྟེ། དེ་ཡང་བདག་ཉིད་ཆེ་བ་ཉིད་ཀྱི་དངོས་པོར་སྤྲུལ་ནས་རིའི་རྒྱལ་པོ་རི་རབ་བཞིན་དུ་འཁོར་གྱི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ལ། ཤིན་ཏུ་དྲག་ ཅིང་དྲག་ཤུལ་ཆེ་བའི་འཇིགས་བྱེད་ཆེན་པོའི་གཟུགས་འཇིགས་སུ་རུང་བ་བསྟན་ནས་གཞན་དག་ཀུན་དུ་སྐྲག་པའི་བསམ་པས་གནས་པ་ལ། དེ་གདུལ་བར་བྱ་བའི་ཕྱིར་རྗེ་བཙུན་འཇམ་དཔལ་གཞོན་ནུའི་རོལ་པས་སེམས་ཅན་གདུག་པ་འདི་གདུལ་བར་མི་ནུས་སོ་སྙམ་དུ་དགོངས་ནས་རྡོ་རྗེ་འཆང་ཆེན་པོར་ གྱུར་ཏེ། །སྲིད་པ་ཆེན་པོའི་རི་བོ་འཇོམས་པར་མཛད་པས་སོ། །སྲིད་ཆེན་རི་བོ་ཡང་དག་འཇོམས། །ཞེས་བྱ་སྟེ། མཚམས་སྦྱར་བ་ནི་སྔ་མ་བཞིན་ནོ། །འཁོར་གྱི་ཚོགས་ཀྱི་སྟོབས་རྣམ་པར་འཇོམས་པས་ཡང་དག་པར་འཇོམས་ཞེས་བྱའོ། །བཀུག་ནས་ངེས་པར་འགྱེལ་ཏེ། རང་གི་རང་ བཞིན་ལས་བསྒྱུར་བའི་བསད་པའི་དགོངས་པས་གནོན་པར་མཛད་པས་ན་དྲག་པོ་ཆེན་པོའོ། །དྲག་ཤུལ་ཅན་གྱི་ལས་རྣམ་པར་བཟློག་པའི་ཕྱིར་ཡི་གེ་ཧཱུྃ་གིས་གསོད་པས་ན་དྲག་ཤུལ་ཆེན་པོའོ། །འདི་ལ་འཇིགས་པ་མི་མངའ་བས་ན། འཇིགས་མེད་དེ་མགོན་པོ་འཇམ་དབྱངས་སོ། །འཇིགས་ པ་མེད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཇིགས་མེད་ཆེན་པོའོ། །འཇིགས་མེད་ཆེན་པོ་ཡང་ཡིན་ལ་འཇིགས་པར་བྱེད་པ་ཡང་ཡིན་པས་ན། འཇིགས་མེད་ཆེན་པོ་འཇིགས་པར་བྱེད། །ཅེས་བྱ་སྟེ། ཤེས་རབ་དང་ཐུགས་རྗེའི་རང་བཞིན་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་ཤེས་རབ་ཀྱིས་ནི་ དངོས་པོ་མེད་པ་ཉིད་ཐུགས་སུ་ཆུད་ལ། ཐུགས་རྗེས་ནི་དྲག་པོ་ཆེན་པོ་ལ་སོགས་པའི་གཟུགས་སུ་སྟོན་པར་མཛད་པ་ཡིན་པས་ན་ཐམས་ཅད་འགལ་བ་མེད་པར་ལེགས་པར་གནས་པ་ཡིན་ནོ། །བཅོམ་ལྡན་འདས་དེ་ཉིད་རིག་པ་དང་གསང་སྔགས་ལ་སོགས་པའི་རབ་ཏུ་དབྱེ་བའི་ གནས་སྐབས་ཀྱིས་བཞུགས་པར་བསྟན་པའི་ཕྱིར། མགོན་པོ་རིག་མཆོག་ཆེན་པོ་སྟེ། བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་བྱ་བ་གསུངས་ཏེ། དེ་ལ་རིག་པ་ནི་ལྷ་མོར་བྱིན་གྱིས་བརླབས་པའི་སྔགས་སོ། །ལྷ་ཕོར་བྱིན་གྱིས་རློབ་པའི་སྔགས་ལ་ནི་གསང་སྔགས་སོ། །ལ་ལ་ནི་རིག་པ་ཆེན་མོ་ ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་དབྱེ་བས་རྣམ་པ་གཉིས་སུ་གསུངས་ན་ཀུན་རྫོབ་ཏུ་ནི་གཟུགས་དང་ལྡན་པ་སྟེ། དེ་ཡང་སྔགས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་དང་ལྡན་པའི་ཕྱིར་མགོན་པོ་མཆོག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའོ། །དོན་དམ་པའི་ངོ་བོ་ ཉིད་ཀྱིས་ཀྱང་གཅིག་ཏུ་འདྲེས་པར་གྱུར་པས་གཉིས་སུ་མེད་པའི་ངོ་བོ་ནི་རིག་མཆོག་ཆེན་པོ་སྟེ། དེ་ཉིད་སྤྲོས་པ་མ་ལུས་པའི་རྒྱུར་གྱུར་པས་ན་མགོན་པོའོ། །མན་ནི་ཡེ་ཤེས། ཏྲ་ནི་སྐྱོབ་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ནི་གསང་སྔགས་ཆེན་པོའོ། །དེ་ལས་བྱུང་བ་བྷྲཱུཾ་ལ་སོགས་པའི་ ཡི་གེའི་བདག་ཉིད་ཅན་ཡང་གསང་སྔགས་ཆེན་པོ་སྟེ། གསང་སྔགས་ཆེན་པོ་ཉིད་ཀྱིས་ན་བླ་མའི་མཆོག་གོ། །ཡང་ན་གསང་སྔགས་ཆེན་པོའི་ཚུལ་གྱིས་སྔགས་ཐམས་ཅད་ལ་རབ་ཏུ་འཇུག་པར་བྱེད་པའི་སྟོན་པ་པོ་ཡིན་པས་ན། བླ་མ་གསང་སྔགས་ཆེ་བའི་མཆོག་གོ། །ཐེག་པ་ཆེན་པོའི་ཚུལ་ནི་གསང་ སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ། །དེ་ལ་གནས་པ་ནི་གདུལ་བྱ་རྣམས་ལ་དེ་ལྟར་རབ་ཏུ་སྣང་བའི་ཕྱིར་རོ། །དོན་དམ་པར་ནི་གང་གི་ཆོས་ཀྱི་དབྱིངས་ལ་མ་གཏོགས་པའི་ཆོས་ནི་གང་ཡང་མེད་པ་དེ་ཉིད་ཀྱི་ངོ་བོ་ཉིད་དེ་ཚུལ་འདི་ནི། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བ་གསུངས་པ་ཡིན་ནོ། །སངས་ རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ཁོ་ན་ཉིད་དུ་དབྱེར་མེད་པ་ལ་གདུལ་བྱ་རྣམས་ལ་སྣང་བའི་བདག་ཉིད་ཀྱིས་འདི་ནི་དེ་བཞིན་གཤེགས་པའོ། །འདི་ ནི་བྱང་ཆུབ་སེམས་དཔའོ་ཞེས་རྣམ་པར་གཞག་པ་ཡིན་ནོ། །ཐུབ་པ་ཆེན་པོ་ནི་སྐུ་དང་གསུང་དང་ཐུགས་དང་འབྲེལ་བའི་མི་དགེ་བའི་ལས་ཀྱི་ལམ་བཅུ་མི་མཛད་པའི་ཕྱིར་ཏེ། དེ་ཉིད་ཀྱིས་ནི་ཐུབ་ཆེན་ལྡན་ནོ། །གསང་སྔགས་ཚུལ་ཆེན་ཞེས་བྱ་བ་ནི། འདིར་སྟོང་པ་ཉིད་བསྒོམ་པའི་སྔོན་དུ་འགྲོ་བའི་ཟླ་བའི་ དཀྱིལ་འཁོར་གྱི་སྟེང་དུ་རང་གི་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་བྱུང་བ་སྟེ། དེ་བས་ན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་གསང་སྔགས་ལས་སྐྱེས་པ་ཡིན་ན་ནི་དེའི་ཚེ་གསང་སྔགས་ཀྱི་བདག་ཉིད་དུ་མི་འགྱུར་ཏེ། རྒྱུ་དང་འབྲས་བུ་ཐ་དད་ པའི་ཕྱིར་རོ། །ཡང་ན་རྒྱུ་ཉིད་འབྲས་བུར་གྱུར་ན་ནི་དེ་ལྟ་ན་ཡང་ཡོངས་སུ་གྱུར་པའི་ཕྱོགས་སུ་འགྱུར་བས་དེ་དག་གཉིས་ཀ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། གང་གི་ཕྱིར་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་བཅོམ་ལྡན་འདས་དེ་ལ་ལར་ནི་གསང་སྔགས་ལས་བྱུང་བའི་ཚུལ་དུ་རབ་ཏུ་སྣང་ལ། ལ་ལར་ནི་གསང་ སྔགས་ཀྱི་ཚུལ་གྱིས་སོ། །གཞན་དག་ཏུ་ནི་གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་ཏེ། དེ་ཁོ་ན་ཉིད་དུ་རྒྱུ་དང་འབྲས་བུ་དང་ཡོངས་སུ་གྱུར་པ་ལ་སོགས་པས་བཞུགས་པ་ནི་མ་ཡིན་ནོ། །དེ་བས་ན། གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་བྱ་བ་ལ་འགལ་བ་མེད་ དོ། །བཅོམ་ལྡན་འདས་འཇམ་པའི་དབྱངས་དེ་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ལ་སོགས་པའི་ཚུལ་གྱིས་བཞུགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུའི་དབང་ཕྱུག་ སྟེ། ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་བ་གསུངས་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུ་ནི་འདི་དག་གོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་འདི་དག་ཡང་དག་པར་བརྗོད་པ་ནི་འདི་ལྟ་སྟེ། སྦྱིན་པས་རློམ་སེམས་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་མི་བྱེད་པ་ཡང་མ་ཡིན་ནོ། །ཚུལ་ཁྲིམས་ཀྱིས་རློམ་སེམས་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་དང་བསླབ་པ་དང་སྦྱངས་པའི་ཡོན་ ཏན་དང་ཡོ་བྱད་བསྙུངས་པ་ཐམས་ཅད་ལ་མི་འཇུག་པ་ཡང་མ་ཡིན་ནོ། །བཟོད་པས་རློམ་སེམས་མེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་བཟོད་པ་དག་ལ་ཡང་མི་འཇུག་པ་ཡང་མ་ཡིན་ནོ། །བརྩོན་འགྲུས་ཀྱིས་རློམ་སེམས་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྒྱུན་མི་འཆད་པ་དགེ་ བའི་རྩ་བ་ཐམས་ཅད་ཡང་དག་པར་མི་བསྒྲུབ་པ་ཡང་མ་ཡིན་ནོ། །བསམ་གཏན་གྱིས་རློམ་སེམས་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ངེས་པར་སེམས་པ་ལྷུར་མི་ལེན་པ་ཡང་མ་ཡིན་ནོ། །ཤེས་རབ་ཀྱིས་རློམ་སེམས་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྟག་ཏུ་ཐོས་པ་ཚོལ་བ་ལ་ མངོན་པར་མི་བརྩོན་པ་ཡང་མ་ཡིན་ནོ། །ཐབས་ཀྱིས་རློམ་སེམས་མེད་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། མུ་སྟེགས་ཅན་གྱི་གནས་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་བྱ་བའི་རྩོམ་པ་རྣམས་ནི་མི་སྣང་བ་ཡང་མ་ཡིན་ནོ། །སྨོན་ལམ་གྱིས་རློམ་སེམས་མེད་པས་སྨོན་ལམ་གྱི་ཕ་རོལ་ཏུ་ ཕྱིན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་བདག་གི་དགེ་བའི་རྩ་བ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་མི་བསྔོ་བ་ཡང་མ་ཡིན་ནོ། །སྟོབས་ཀྱིས་རློམ་སེམས་མེད་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། སྲེད་ མེད་ཀྱི་བུ་དང་། ལག་ན་རྡོ་རྗེའི་གཟུགས་རྣམས་ཀྱིས་ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་ཁེངས་པའི་སེམས་རྣམས་མི་གདུལ་བ་ཡང་མ་ཡིན་ནོ། །ཡེ་ཤེས་ཀྱིས་རློམ་སེམས་མེད་པས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བཟོའི་གནས་དང་། སྦྱོར་བའི་གནས་དང་། ལས་ཀྱི་གནས་ཐམས་ཅད་ལ་ མི་འཇུག་པ་ཡང་མ་ཡིན་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རབ་ཏུ་ལྡན་པའི་ཆོས་ཡང་དག་པར་བརྗོད་པའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ནི་ལག་ན་རིན་པོ་ཆེ་དང་ནམ་མཁའི་མཛོད་འཐོབ་བོ། །ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ངན་སོང་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། འཆི་འཕོ་དང་སྐྱེ་བ་ལ་དབང་བ་དང་། ཅང་ཤེས་པའི་སེམས་འཐོབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པས་ནི་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་བལྟ་བས་མི་ངོམས་པ་ཐོབ་ བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མངོན་པར་ཤེས་པ་མྱུར་བ་དང་། ཆོས་ཐམས་ཅད་ལ་དབང་བྱེད་པ་འཐོབ་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་ནི་ལུས་དང་སེམས་ཡིད་དུ་འོང་བ་དང་། གཟུངས་དང་སྤོབས་པ་ཐ་དད་པ་དང་ཉོན་མོངས་པའི་སྒྲིབ་པ་སྤོང་བ་འཐོབ་བོ། །ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་འཐོབ་བོ། །ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་བྱ་སླ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཁ་ན་མ་ཐོ་བ་མེད་པ་འཐོབ་བོ། །སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་ནི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་ཇི་ལྟར་འདོད་པ་བཞིན་དུ་ དགའ་བར་འགྱུར་བ་འཐོབ་བོ། །སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཉོན་མོངས་པ་ཐམས་ཅད་དང་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་བརྫི་བ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འཐོབ་བོ། །ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ནི་ཕུང་པོ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ལྷའི་ བུའི་བདུད་ལས་ཡང་དག་པར་འདའ་བ་ཐོབ་བོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་སྦྱིན་པའི་བསྔགས་པ་སྨྲ་བ་ཡང་ཡིན་ལ། སྦྱིན་པས་ངག་གོ་སྙམ་དུ་ཡང་མི་སེམས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་ དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱི་བསྔགས་པ་ཡང་སྨྲ་ལ་ཡེ་ཤེས་ཀྱི་ངག་གོ་སྙམ་དུ་ཡང་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་ནི་ཡང་དག་པར་བསྒྲུབས་ནས་སྤང་བར་བྱའོ། །འདི་དག་ཐམས་ཅད་ནི་ཡོངས་སུ་བརྟགས་པ་ལས་འབྱུང་བའོ། །དེ་བས་ན་གང་ཡོངས་ སུ་རྟོགས་པ་དང་། ཡོངས་སུ་རྟོགས་པ་ལས་བྱུང་བའི་ཆོས་དེ་དག་ནི་སྤང་བར་བྱའོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་རྟོགས་པ་དང་། ཡོངས་སུ་རྟོགས་པ་ལས་བྱུང་བའི་ཆོས་རྣམས་ཀྱི་ངག་གོ་སྙམ་དུ་མི་སེམས་ཏེ། གཞན་དུ་རྣམ་པར་མི་རྟོག་པའི་སྤྲོས་པ་མེད་པའི་ཡུལ་གྱི་ཡེ་ ཤེས་ཐོབ་ནས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལྟ་བུའི་ཕ་རོལ་ཏུ་ཕྱིན་པ་དག་པ་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས་རྒྱ་ཆེར་ཤེས་པར་བྱའོ། །རང་ཉིད་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ཅིང་གཞན་དག་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་གནས་པར་མཛད་པས་ན། ཕ་རོལ་ཕྱིན་ བཅུ་ཐོབ་པ་སྟེ། ཁྱད་པར་དུ་ཐོབ་ཅིང་བརྙེས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་སྟེ། ཐོབ་པ་ཕ་རོལ་ཏུ་ཕྱིན་པ་ཞེས་ཚིག་གི་ཕྲད་སྔོན་དུ་མི་འབྱུང་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་གནས་ནས་གཞན་དག་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པར་མཛད་པས་ན། ཕ་རོལ་ཕྱིན་པ་བཅུ་ལ་གནས། ། ཞེས་བྱའོ། །ཕ་རོལ་ཕྱིན་བཅུའི་དག་པ་ནི་ཇི་སྐད་དུ་གསུངས་པའི་རྣམ་པར་དག་པའི་ངོ་བོ་ཉིད་དུ་གྱུར་པས་སོ། །ཀུན་རྫོབ་དང་དོན་དམ་པའི་ཚུལ་གཉི་གས་འདྲེན་ཅིང་སྟོན་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ལོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་གྱི་གཞུང་ལུགས་གང་ལ་མངའ་བ་ནི་ཕ་ རོལ་ཕྱིན་པ་བཅུའི་ཚུལ་ལོ། །མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱ་བ་ལ། དེ་ཡང་ས་དང་པོ་ནི་དོན་ཆེ་བ་འདྲིས་པ་མ་ཡིན་པ་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་དགའ་བ་དང་མཆོག་ཏུ་དགའ་བ་རྒྱ་ཆེ་བའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱའོ། །ས་གཉིས་པ་ནི་ལྟུང་བ་ ཕྲ་མོ་དང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་ཐམས་ཅད་བྲལ་བ་ཉིད་ཀྱི་ཕྱིར་དྲི་མ་མེད་པ་ཞེས་བྱའོ། །ས་གསུམ་པ་ནི་ཏིང་ངེ་འཛིན་དང་ཐོས་པའི་གཟུངས་ངེས་ཤེས་པའི་སྣང་བ་ཚད་མེད་པའི་གནས་ཉིད་ཡིན་པའི་ཕྱིར་འོད་བྱེད་པ་ཞེས་བྱའོ། །ས་བཞི་པ་ནི་ཉོན་མོངས་པའི་བུད་ཤིང་བསྲེག་པའི་ཕྱིར་བྱང་ཆུབ་ ཀྱི་ཕྱོགས་དང་མཐུན་པའི་ཆོས་བསྒོམ་པ་དེ་ཡེ་ཤེས་ཀྱི་མེའི་འོད་འཕྲོ་བར་གྱུར་པའི་ཕྱིར་འོད་འཕྲོ་བ་ཅན་ཞེས་བྱའོ། །ས་ལྔ་པ་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སོ། །ཆོས་དེ་དག་ཉིད་ཐབས་ཀྱི་སྒོམ་པ་དེ་ལ་དབང་བྱ་བར་དཀའ་བ་ཉིད་ཀྱི་ཕྱིར་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །ས་དྲུག་པ་ནི་འདུ་ བྱེད་ཀྱི་འཇུག་པ་མངོན་སུམ་དུ་གྱུར་པ་ཉིད་དང་། མཚན་མ་མེད་པ་ལ་ལན་མང་དུ་ཡིད་ལ་བྱེད་པ་མངོན་སུམ་དུ་གྱུར་པའི་ཕྱིར་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པ་ནི་མཚན་མ་མེད་པ་ཡིད་ལ་བྱེད་པ་བར་ཆད་མེད་ཅིང་རྒྱུན་མི་འཆད་པར་རིང་དུ་རྗེས་སུ་ཞུགས་པ་དང་། རྣམ་པར་དག་པའི་ས་དང་ རྗེས་སུ་འབྲེལ་བ་ཉིད་ཀྱི་ཕྱིར་རིང་དུ་སོང་བ་ཞེས་བྱའོ། །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པ་ཉིད་དང་། མཚན་མའི་ཉོན་མོངས་པ་ཀུན་དུ་འབྱུང་བས་མི་བསྐྱོད་པ་ཉིད་ཀྱི་ཕྱིར་མི་གཡོ་བ་ཞེས་བྱའོ། །ས་དགུ་བ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པའི་དབང་ལ་ཁ་ན་མ་ཐོ་བ་མེད་པའི་ བློ་གྲོས་ཤིན་ཏུ་ཡངས་པ་ཐོབ་པ་ཉིད་ཀྱི་ཕྱིར་ལེགས་པའི་བློ་གྲོས་ཞེས་བྱའོ། །ས་བཅུ་པ་ནི་གནས་ངན་ལེན་གྱི་ལུས་ནམ་མཁའ་ལྟ་བུ་ལ་ཆོས་ཀྱི་སྐུ་སྤྲིན་ཆེན་པོ་ལྟ་བུས་ཁྱབ་ཅིང་ཁེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། །ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོ་སྤངས་ པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ། །བཅོམ་ལྡན་འདས་དེ་དག་ལ་ཀུན་དུ་རྨོངས་པ་ནི་དུ་མཆིས། གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་ནི་དུ་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སྤྱན་རས་གཟིགས་དབང་ཕྱུག་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་བཅུ་གཅིག་སྟེ། ས་དང་པོ་ལ་ནི་གང་ཟག་དང་ཆོས་ལ་མངོན་པར་ཞེན་པ་ཀུན་དུ་རྨོངས་པ་དང་། ངན་སོང་བའི་ཉོན་མོངས་པས་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་ མཐུན་པའི་ཕྱོགས་སོ། །གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་ཀུན་དུ་རྨོངས་པ་དང་། ལས་ཀྱི་རྣམ་པ་སྣ་ཚོགས་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་ཀུན་དུ་རྨོངས་པ་དང་། ཐོས་པའི་གཟུངས་ཡོངས་སུ་རྫོགས་ པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་ཀུན་དུ་རྨོངས་པ་དང་། ཆོས་ལ་སྲེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །ལྔ་པ་ལ་ནི་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་ དང་། མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང་མངོན་དུ་ཕྱོགས་པ་ཉིད་ཡིད་ལ་བྱེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །དྲུག་པ་ལ་ནི་འདུ་བྱེད་ཀྱི་འཇུག་པ་མངོན་དུ་བྱ་བ་ ཉིད་ལ་ཀུན་དུ་རྨོངས་པ་དང་། མཚན་མ་མང་པོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་དུ་འབྱུང་བ་ཀུན་དུ་རྨོངས་པ་དང་། མཚན་མ་མེད་པ་གཅིག་ཏུ་ཡིད་ལ་བྱེད་པ་ཐབས་ཀུན་དུ་ རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་སྩོལ་བ་ཀུན་དུ་རྨོངས་པ་དང་། མཚན་མ་རྣམས་ལ་མི་དབང་བ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །དགུ་པ་ནི་ཆོས་བསྟན་པ་དཔག་ཏུ་མེད་པ་དང་ ཆོས་ཀྱི་ཚིག་དང་ཡི་གེ་དཔག་ཏུ་མེད་པ་དང་། གོང་ནས་གོང་དུ་ཤེས་རབ་དང་། སྤོབས་པ་དང་གཟུངས་ཀྱི་དབང་ལ་ཀུན་དུ་རྨོངས་པ་དང་། སྤོབས་པའི་དབང་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །བཅུ་པ་ལ་མངོན་པར་ཤེས་པ་ཆེན་པོ་ལ་ཀུན་དུ་རྨོངས་པ་ དང་། གསང་བ་དང་། ཕྲ་བའི་རྗེས་སུ་འཇུག་པ་ལ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་མཐུན་པའི་ཕྱོགས་སོ། །སངས་རྒྱས་ཀྱི་ས་ལ་ནི་ཤེས་བྱ་ཐམས་ཅད་ལ་ཆགས་པ་ཤིན་ཏུ་ཕྲ་མོ་ཀུན་དུ་རྨོངས་པ་དང་། ཐོགས་པ་མེད་པ་ཀུན་དུ་རྨོངས་པ་དང་། དེའི་གནས་ངན་ལེན་གྱི་མི་ མཐུན་པའི་ཕྱོགས་སོ། །སྤྱན་རས་གཟིགས་དབང་ཕྱུག་དེ་དག་ནི་ཀུན་དུ་རྨོངས་པ་ཉི་ཤུ་རྩ་གཉིས་དང་། གནས་ངན་ལེན་བཅུ་གཅིག་པོ་དེ་དག་གིས་རྣམ་པར་གཞག་པ་ཡིན་ནོ་ཞེས་དགོངས་པ་ངེས་པར་འགྲེལ་པ་ལས་མདོར་གསུངས་ཏེ། རྒྱ་ཆེར་ནི་ས་བཅུ་པའི་སའི་གནས་སྐབས་གཞག་ པ་ལས་ཤེས་པར་བྱ་སྟེ། ས་བཅུ་པོ་དེ་དག་ལ་གཙོ་བོར་གྱུར་པ་དང་ལྡན་པས། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། ཞེས་བྱ་བ་ལ། དེ་དག་ཉིད་དུ་བྱང་ཆུབ་སེམས་དཔའི་ཚུལ་གྱིས་བཞུགས་པས། ས་བཅུ་ལ་ནི་གནས་པ་པོ། །ཞེས་བྱའོ། །ད་ནི་ཤེས་པ་བཅུ་དང་བདེན་པ་བཅུ་དང་སྟོབས་བཅུ་ དང་། དབང་བཅུའི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བའི་ ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། དེ་ལ་ཤེས་པ་བཅུ་ནི་འདི་ལྟ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་ རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་པ་ཤེས་པའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མི་སྐྱེ་བར་ཤེས་པའོ། །དེ་ལ་ཀུན་འབྱུང་ཤེས་པ་གང་ཞེ་ན། ཀུན་འབྱུང་སྤང་བར་ཤེས་པའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་ པའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་ཤེས་པའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མེད་པར་ཤེས་པའོ། །དེ་ལ་ཆོས་ ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ། །དེ་ལ་རྗེས་སུ་རྟོགས་པ་ཤེས་པ་གང་ཞེ་ན། སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་མི་རྟག་ཅེས་བྱ་བར་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། སེམས་ཅན་གཞན་དང་གང་ཟག་གཞན་གྱི་ སེམས་སེམས་ཀྱིས་ཤེས་པའོ། །དེ་ལ་འདྲིས་པ་ཤེས་པ་གང་ཞེ་ན། གང་གིས་ལམ་ཤེས་པ་དང་ཡོངས་སུ་བྱང་བ་ཤེས་པའོ། །དེ་ལ་སྒྲ་ཇི་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ཡང་དམིགས་པ་མེད་པའི་ཚུལ་གྱིས་སོ། ། དེ་ལྟར་ཤེས་པ་བཅུ་པོ་རྣམ་པར་དག་པའི་བདག་ཉིད་ཅན་གྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ནོ། །ཤེས་པ་བཅུས་རྣམ་པར་དག་པའི་སྒྲ་ཇི་བཞིན་ཤེས་པའི་དེ་བཞིན་གཤེགས་པ་འཛིན་པར་བྱེད་པས་ན། ཤེས་བཅུ་རྣམ་དག་འཆང་བའོ། །བདེན་པ་རྣམ་པ་བཅུ་ གང་ཡིན་པ་དེ་ནི་རྣམ་པ་བཅུ་པའོ། །དེ་ལ་བདེན་པ་རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། ཕྱེ་སྟེ་རྟོག་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་ བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པ་ཤེས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་ཚད་དང་དེ་དང་འབྲེལ་བར་ཡུལ་ཡོངས་སུ་ ཆད་པ་ཀུན་དུ་ཐ་སྙད་གདགས་པའི་ཕྱིར་གཞན་གྱི་རྐྱེན་གྱི་དབང་གིས་སྟོན་པ་ཆུང་བ་རྒྱ་ཆེན་པོ་མ་ཡིན་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་དོན་དམ་པའི་བདེན་པ་ནི་ཟབ་པ། སྟོང་པ་ཉིད་དང་རབ་ཏུ་ལྡན་པ། ཡུལ་ཡོངས་སུ་མ་ཆད་པ། གཞན་གྱི་རྐྱེན་གྱིས་མ་ཡིན་པ། མཉམ་ པ་དང་མི་མཉམ་པ་མེད་པ། མ་འཁྲུགས་པ། རྩོད་པ་མེད་པའི་མཚན་ཉིད་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། འདི་ནི་དོན་དམ་པའི་བདེན་པའོ། །དེ་ལ་མཚན་ཉིད་ཀྱི་བདེན་པ་ནི་གནོད་པའི་མཚན་ཉིད་ནི་སྡུག་བསྔལ་བ། རབ་ཏུ་སྐྱེ་བའི་མཚན་ཉིད་ནི་ཀུན་འབྱུང་བ། ཞི་བའི་མཚན་ ཉིད་ནི་འགོག་པ་ངེས་པར་འབྱིན་པའི་མཚན་ཉིད་ནི་ལམ་སྟེ། འདི་ནི་མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །གཞན་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་བདག་མེད་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་གྱུར་པ་ལ་འཇུག་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་མཚན་ཉིད་ཀྱི་བདེན་པ་ཞེས་ བྱའོ། །དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བའི་མཚན་ཉིད་དང་རང་བཞིན་གྱིས་དབེན་པའི་མཚན་ཉིད་དང་། རང་བཞིན་གྱིས་སྟོང་པའི་མཚན་ཉིད་དང་། རང་བཞིན་གྱིས་མི་སྐྱེ་མི་འགག་པའི་མཚན་ཉིད་དུ་ཤེས་ནས་ངེས་པར་འཇུག་པ་སྟེ། མཚན་ཉིད་ལས་གྱུར་པའི་ངེས་པར་གྱུར་པ་ནི་ མཚན་ཉིད་ཀྱི་བདེན་པ་ཞེས་བྱའོ། །དེ་ལ་རྣམ་པར་དབྱེ་བའི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལས་གཞན་གྱི་དབང་གིས་རྣམ་པར་ཕྱེ་སྟེ་བསྟན་པའོ། །མཚན་ཉིད་གཅིག་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་ཆོས་ཐམས་ཅད་མཚན་མ་མེད་པ། སྨོན་པ་མེད་པ། མངོན་པར་ འདུ་མི་བྱེད་པ་མ་སྐྱེས་པ་མ་བྱུང་བ། མ་འགགས་པ་འདི་ནི་སྟོང་པ་ཉིད་དེའི་རྣམ་པར་དབྱེ་བ་སྟེ། རྣམ་པར་དབྱེ་བ་དེ་དག་ཐམས་ཅད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལྟར་སྟོང་པ་ཉིད་ལ་སླུ་བར་མི་བྱེད་པ་དེའི་ཕྱིར་རྣམ་པར་དབྱེ་བའི་བདེན་པ་ཞེས་བྱ་སྟེ། འདི་ནི་རྣམ་པར་དབྱེ་བའི་བདེན་པ་ ཞེས་བྱའོ། །དེ་ལ་ཕྱེ་སྟེ་རྟོག་པའི་བདེན་པ་གང་ཞེ་ན། ཕྲལ་ནས་རྟོག་པ་ནི་ཕྱེ་སྟེ་རྟོག་པས་སོ། །ངེས་པར་སེམས་པ། རིག་པ་མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ་ཤེས་པ་ཞེས་བྱ་བ་ལ་མི་སླུ་བ་སྟེ། དེའི་ཕྱིར་ཕྱེ་སྟེ་རྟོག་པའི་བདེན་པ་ཞེས་བྱའོ། །དེ་ལ་དངོས་པོའི་བདེན་པ་ནི་དངོས་ པོ་ཤེས་པ་སྟེ། དངོས་པོ་དེ་དག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྟོང་པ་དང་དངོས་པོ་མེད་པར་ཤེས་ཏེ། དེ་ལྟར་ཤེས་ནས་ངེས་པར་འགྱུར་བ་ལ་འཇུག་པས་དེའི་ཕྱིར་དངོས་པོའི་བདེན་པ་ཞེས་བྱའོ། །དེ་ལ་ནུས་པའི་བདེན་པ་ནི་ཡེ་ཤེས་དེ་དང་སྤོང་བ་དེ་དང་ ལམ་དེས་ཉོན་མོངས་པ་སྤོང་བར་བྱེད་པ་དང་། སྟོབས་དང་། མི་འཇིགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཁོང་དུ་ཆུད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཉིད་ཁོང་དུ་ཆུད་པར་ནུས་པ་སྟེ། དེའི་ཕྱིར་ནུས་པའི་བདེན་པ་ཞེས་བྱའོ། །དེ་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་ནི་ འདུས་བྱས་ཐམས་ཅད་ཟད་པ་ཅན་དུ་སྟོན་ཏེ། ཟད་པ་དེ་ཡང་མི་ཟད་ལ། ཟད་པ་ལ་ཟད་པ་མེད་དོ། །གལ་ཏེ་ཟད་པ་ལ་ཟད་པ་ཡོད་དུ་ཟིན་ན་འགོག་པ་ཡང་ཟད་པར་འགྱུར་ཏེ། དེའི་ཕྱིར་ཟད་པ་ཟད་པར་མི་འགྱུར་རོ། །གང་ཟད་པར་མི་འགྱུར་བ་དེ་མི་སྐྱེ་སྟེ། འདི་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་ པ་ཞེས་བྱའོ། །དེ་ལ་ལམ་ལ་འཇུག་པ་ཤེས་པའི་བདེན་པ་གང་ཞེ་ན། ཡེ་ཤེས་ཀྱི་ལམ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་གིས་ཆོས་ཐམས་ཅད་མ་སྐྱེས་མ་འགགས་པར་ཤེས་པ་དེས་འཇུག་ཅིང་འཛུད་པ་སྟེ། དེའི་ཕྱིར་ལམ་ལ་འཇུག་པ་ཤེས་པའི་བདེན་པ་ཞེས་བྱའོ། །དེ་ལ་དེ་བཞིན་ གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་གང་ཞེ་ན། ཆོས་ཀྱི་སྤྲིན་གྱི་ས་དང་དེ་བཞིན་གཤེགས་པའི་སའི་ཆར་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། དེ་བསྟན་པའི་ལམ་གྱིས་མངོན་པར་རྟོགས་པའོ། །འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་ བཅུའོ། །བདེན་པ་བཅུ་པོ་འདི་རྣམས་ཀྱི་ཚིག་རབ་ཏུ་སྟོན་པའི་ཚིག་གི་དོན་ནི་དོན་ཏེ། དགོངས་པ་གང་ཡིན་པ་དེ་ནི་དོན་བཅུའི་དོན་ནོ། །ཐུབ་པ་ནི་ཉན་ཐོས་དང་རང་རྒྱལ་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ན་ཐུབ་དབང་ངོ་། །སྟོབས་བཅུ་ཁྱབ་པའི་བདག་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་ སྟོབས་བཅུ་དང་ལྡན་པས་ན་སྟོབས་བཅུ་ཁྱབ་པའི་བདག་སྟེ་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་ནི་དགེ་བའི་ལས་ཀྱི་ལམ་བཅུ་ཡོངས་སུ་རྫོགས་ནས་མཐོ་རིས་སུ་སྐྱེ་བ་ནི་གནས་སོ། ། དམྱལ་བར་སྐྱེ་བ་ནི་གནས་མ་ཡིན་ནོ། །དེ་བཞིན་དུ་མཚམས་མེད་པ་རྣམ་པ་ལྔ་བྱེད་པ་རྣམས་མནར་མེད་པར་སྐྱེ་བ་ནི་གནས་སོ། །མཐོ་རིས་སུ་སྐྱེ་བ་ནི་གནས་མ་ཡིན་ནོ་ཞེས་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་རྒྱ་ཆེར་སྦྱར་རོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པ་དང་། ད་ལྟར་ བྱུང་བའི་ལས་དང་། ལས་ཡོངས་སུ་ལེན་པའི་རྣམ་པར་སྨིན་པ་གནས་ཀྱི་རྣམ་པ་དང་། རྒྱུའི་རྣམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འཇིག་རྟེན་ནི་ཁམས་སྣ་ཚོགས་ཅན་ཏེ། འཇིག་རྟེན་ནི་ཁམས་དུ་མ་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་ དང་གང་ཟག་གཞན་གྱི་མོས་པ་སྣ་ཚོགས་དང་། མོས་པ་དུ་མ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སེམས་ཅན་གཞན་དང་གང་ཟག་གཞན་གྱི་དབང་པོ་རབ་དང་ཐ་མ་ཤེས་པར་བྱ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ ཤེས་སོ། །དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་དགོད་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་རྣམ་པ་དུ་མར་སྔོན་གྱི་ གནས་རྗེས་སུ་དྲན་ཏེ། ཚེ་རབས་གཅིག་ཀྱང་རྗེས་སུ་དྲན་པ་ནས་རྣམ་པ་དང་བཅས། ས་མལ་དང་བཅས། གཏན་ཚིགས་དང་བཅས་པའི་བར་དུ་རྣམ་པ་དུ་མར་སྔོན་གྱི་གནས་རྗེས་སུ་དྲན་ནོ། །ལྷའི་མིག་རྣམ་པར་དག་པ་མི་ལས་འདས་པས་སེམས་ཅན་འཆི་འཕོ་དང་། སྐྱེ་བ་དག་ཀྱང་ཡང་དག་པ་ཇི་ལྟ་བ་ བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་ཟད་པའི་ཕྱིར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་ཟག་པ་མེད་པ་རང་གི་མངོན་པར་ཤེས་པས་མངོན་པར་བྱས་ཏེ། ཉེ་བར་བསྒྲུབས་ཤིང་རྣམ་པར་དཔྱོད་དོ། །བདག་གི་སྐྱེ་བ་ནི་ཟད་དོ། །བདག་གིས་ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། ། རྣམ་པ་འདི་ལྟ་བུ་གཞན་ནི་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུའོ། །དགུ་པ་ལ་ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུའོ་ཞེས་ཡང་བཟླས་ཏེ་མ་སྨྲས་པ་ཡིན་ནོ། །དེ་ལྟར་སྟོབས་བཅུ་དང་ལྡན་པ་ཟིལ་གྱིས་མི་ནོན་ཅིང་ཆགས་པ་དང་ཐོགས་པ་མེད་པའི་ནུས་པས་ འགྲོ་བ་མ་ལུས་ཤིང་སྣ་ཚོགས་པ་མོས་པ་ཐ་དད་པའི་དབྱེ་བས་དབྱེ་བའི་འགྲོ་བའི་དོན་ཐར་པ་ཐོབ་པའི་མཚན་ཉིད་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་མཛད་པས་ན། ཀུན་གྱི་དོན་ནི་མ་ལུས་བྱེད། ཅེས་བྱ་སྟེ། འཇམ་པའི་དབྱངས་སོ། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་བྱ་བ་ལ། དབང་ཡོད་པས་ན་དབང་ལྡན་ པ་སྟེ། དེ་ཡང་རྣམ་པ་བཅུ་ཡོད་པས་ན་རྣམ་བཅུ་དབང་ལྡན་ནོ། །དབང་བཅུ་གང་ཞེ་ན། ཚེ་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། ལས་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ཡེ་ ཤེས་ལ་དབང་བ་དང་། ཆོས་ལ་དབང་བ་སྟེ། དེ་དག་ནི་དབང་བཅུའོ། །བདུད་རྩི་ཐོབ་པའི་ཕྱིར་ཚེ་ལ་དབང་བའོ། །སེམས་ཙམ་དུ་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་དབང་བའོ། །ལག་ན་རིན་པོ་ཆེ་དང་། ནམ་མཁའི་མཛོད་རབ་ཏུ་རྙེད་པའི་ཕྱིར་ཡོ་བྱད་ལ་དབང་བའོ། །བག་ཆགས་དང་བཅས་ པའི་ལས་ཀྱི་ལམ་ཀུན་ཆད་པའི་ཕྱིར་ལས་ལ་དབང་བའོ། །ཏིང་ངེ་འཛིན་རྣམ་པར་བཟློག་པའི་བསམ་གཏན་རྙེད་པའི་ཕྱིར་སྐྱེ་བ་ལ་དབང་བའོ། །ལྷུན་གྱིས་གྲུབ་པར་བྱ་བ་ལ་འཇུག་པ་ཐོབ་པའི་ཕྱིར་རྫུ་འཕྲུལ་ལ་དབང་བའོ། །ཟད་པར་གྱི་སྐྱེ་མཆེད་ཐོབ་པའི་ཕྱིར་མོས་པ་ལ་དབང་བའོ། །བསམ་པ་ཙམ་གྱིས་ དོན་ཐོབ་པའི་ཕྱིར་སྨོན་ལམ་ལ་དབང་བའོ། །ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཐོབ་པའི་ཕྱིར་ཡེ་ཤེས་ལ་དབང་བའོ། །དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་དྲི་མ་མེད་པའི་ཕྱིར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ནི་ འཆི་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཚེ་ལ་དབང་བའོ། །འཇིག་རྟེན་ནི་སེམས་ཀུན་ནས་ཉོན་མོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སེམས་ལ་དབང་བའོ། །འཇིག་རྟེན་ནི་ཡོ་བྱད་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡོ་བྱད་ལ་དབང་བའོ། །འཇིག་རྟེན་ནི་ཉེས་པར་སྤྱོད་པས་ འཇིགས་སྐྲག་སྟེ། དེའི་གཉེན་པོར་ལས་ལ་དབང་བའོ། །འཇིག་རྟེན་ནི་ངན་འགྲོས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྐྱེ་བ་ལ་དབང་བའོ། །འཇིག་རྟེན་ནི་ཀུན་དུ་རྩོལ་བའི་ཕོངས་པས་འཇིགས་སྐྲག་སྟེ། དེའི་གཉེན་པོར་རྫུ་འཕྲུལ་ལ་དབང་བའོ། །འཇིག་རྟེན་ནི་དམ་པའི་ཆོས་ཀྱིས་ ཕོངས་པར་འགྱུར་བའི་ལས་ཀྱིས་འཇིགས་སྐྲག་སྟེ། དེའི་གཉེན་པོར་མོས་པ་ལ་དབང་བའོ། །འཇིག་རྟེན་ནི་འདོད་པའི་འཆིང་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་སྨོན་ལམ་ལ་དབང་བའོ། །འཇིག་རྟེན་ནི་ཐེ་ཚོམ་གྱི་ཟུག་རྔུས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཡེ་ཤེས་ལ་དབང་བའོ། ། འཇིག་རྟེན་ནི་འཁོར་གྱི་ནང་ན་བག་ཚ་བས་འཇིགས་སྐྲག་སྟེ། དེའི་གཉེན་པོར་ཆོས་ལ་དབང་བའོ། །གཞན་ཡང་རིགས་ཀྱི་བུ་སྲོག་གཅོད་པ་སྤངས་ཤིང་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་ནི་ཚེ་ལ་དབང་ཐོབ་པར་བྱ་བའི་རྒྱུའོ། །བདེན་པ་རྣམས་ལ་སྒྲིབ་པ་མེད་པའི་བྱམས་པ་ཆེན་པོ་དང་། སྡུག་བསྔལ་བ་རྣམས་ལ་སྒྲིབ་པ་མེད་པའི་སྙིང་རྗེ་ཆེན་པོ་ནི་སེམས་ལ་དབང་ཐོབ་པར་བྱ་བའི་རྒྱུའོ། །སེམས་སྙོམས་ཤིང་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་བྱང་ཆུབ་ཏུ་བསྔོ་བ་ནི་ཡོ་བྱད་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །ལས་དང་བྱ་བ་ལ་ཞུགས་ནས་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་ རྒྱུ་ལས་ཀྱི་བྱ་བ་ལས་བདག་གིར་བྱ་བ་ལ་འཇུག་པ་སྟོན་པ་ནི་ལས་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་བསྡུས་པའི་དགེ་བ་བཅུའི་ལས་ཀྱི་ལམ་ནི་སྐྱེ་བ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་ཐམས་ཅད་སྦྱིན་པ་དང་། བཞོན་པ་ སྦྱིན་པ་ནི་རྫུ་འཕྲུལ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་ལ་འགོད་ཅིང་འཛུད་དེ། མོས་པར་བྱེད་པ་ནི་མོས་པ་ལ་དབང་བ་ཐོབ་པར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པ་སྒྲུབ་པ་ནི་སྨོན་ལམ་ལ་དབང་བ་ཐོབ་པར་ བྱ་བའི་རྒྱུའོ། །ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྦྱིན་པ་ནི་ཡེ་ཤེས་ལ་དབང་བ་ཐོབ་བར་བྱ་བའི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཆོས་མཉམ་པ་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། ཆོས་མཚུངས་པར་སྟོན་པ་དང་། དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ཟང་ཟིང་གི་སྐུ་མ་ཡིན་ནོ་ཞེས་ ཡོངས་སུ་འབྱེད་པ་ནི་ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་རྒྱུ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའི་དབང་བཅུའོ། །དབང་བཅུ་པོ་དེ་དག་མངོན་སུམ་དུ་མཛད་པ་དང་། ཇི་ལྟར་བཞེད་པ་བཞིན་དུ་མཛད་པ་སྟེ། དེ་དག་རྟག་ཏུ་ཉེ་བར་གྱུར་པས་སྒྲིབ་པ་མེད་ཅིང་དེ་ཉིད་ལ་བྱང་ཆུབ་སེམས་དཔའ་ དབང་དུ་གྱུར་པས་ན། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་གསུངས་སོ། །ཆོས་ཉིད་ཀྱི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་བྱ་བ་གསུངས་ཏེ། འདི་ལ་ཐོག་མ་ཡོད་པ་མ་ཡིན་པས་ཐོག་མ་མེད་པའོ། །གལ་ཏེ་ཐོག་མའི་ སྔོན་གྱི་རྒྱུ་ཡོད་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པ་ཞེས་བྱ་བ་མི་རིགས་ཏེ། རྒྱུ་ལས་གཞན་པ་ལས་གང་ཡང་མི་འབྱུང་བའི་ཕྱིར་རོ། །ཡང་ན་སེམས་པ་ཡང་དག་པར་ཡོད་པ་དགག་པའི་ཕྱིར་གསུངས་སོ་ཞེ་ན། ཐམས་ཅད་ཀྱང་ཐོག་མ་མེད་པར་གྱུར་པས་སུ་ཞིག་ཕུལ་དུ་བྱུང་བར་ཤེས་པར་འགྱུར་ཞེ་ན། འདིར་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། རྒྱུ་དགག་པར་མཛད་པ་ཡང་མ་ཡིན་ལ། སེམས་པ་ཡང་དག་པར་ཡོད་པ་དགག་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དང་པོ་སྦས་པར་གྱུར་པ་ཕྱིས་རྣམ་པར་དག་པའི་རྣམ་པར་དག་པ་ལ་ཐོག་མ་ཞེས་བཤད་པ་ལས་རང་བཞིན་གྱིས་རྣམ་པར་དག་ པ་ཡིན་པས་དེ་མེད་དེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དེ། ཆོས་གནས་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ཞེས་བྱ་བའི་ཚུལ་གྱིས་ན་ཐོག་མ་མེད་པ་ཞེས་བཤད་ དོ། །དེ་བས་ན་འདི་ལྟར་སྤྲོས་མེད་བདག་ཅེས་བཤད་དེ། སྤྲོས་པ་ནི་རྒྱུ་དང་། འབྲས་བུ་དང་། གཟུང་བ་དང་། འཛིན་པ་དང་། བདག་དང་། བདག་གི་དང་བཅས་པ་ནས་ཇི་སྲིད་འཇིག་རྟེན་གྱི་ཐ་སྙད་དུ་བྱ་བའི་ཕྱིར་དང་། ནང་གི་ཀུན་དུ་རྟོག་པ་དང་བྲལ་བར་གྱུར་པ་དེའི་ཚེ་ནི་ཉེས་པ་ཐམས་ཅད་དང་བྲལ་ བའི་ཕྱིར་དག་པའི་བདག་ཉིད་དོ། །གང་གི་ཚེ་རང་བཞིན་དེ་ལས་འཕོས་ཏེ། དེ་བཞིན་དུ་གྱུར་པས་དེ་བཞིན་ཉིད་བདག་གོ། །ཡང་ན་སྔ་མའི་རྒྱུས་ཕྱི་མ་ཕྱི་མ་འགྲུབ་སྟེ། ཐོག་མ་མེད་པ་ནས་སྤྲོས་པ་མེད་པའོ། །སྤྲོས་པ་མེད་པས་ན་དེ་བཞིན་ཉིད་དོ། །དེ་བཞིན་ཉིད་པས་ན་དག་པའི་བདག་ཉིད་དོ། ། ཡང་ན་བཟློག་སྟེ། དག་པའི་དག་པས་ན་དེ་བཞིན་ཉིད་བདག་གོ། །དེ་བཞིན་ཉིད་དག་པས་ན་སྤྲོས་པ་མེད་པའོ། །སྤྲོས་པ་མེད་པས་ན་ཐོག་མ་མེད་པ་སྟེ། གདུལ་བྱའི་བསམ་པ་ལས་དོན་གྱི་དབྱེ་བས་ཕྱེ་བ་ཡིན་གྱི་རྣམ་གྲངས་ནི་མ་ཡིན་ནོ། །དོན་ཇི་ལྟར་ཐུགས་སུ་ཆུད་པའི་དོན་ གསུངས་པ་ཉིད་བསྟན་པར་བྱ་བའི་ཕྱིར། བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བྱ་བ་གསུངས་ཏེ། ཡང་དག་པ་དང་བདེན་པ་དང་ཕྱིན་ཅི་མ་ལོག་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་དེ་ཁོ་ན་ སྟོན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་བདེན་པར་སྨྲ་བའོ། །གང་གི་ཕྱིར་ཇི་སྐད་དུ་གསུངས་པ་དེ་བཞིན་རྗེས་སུ་མཐུན་པར་གནས་པར་མཛད་པས་ན་ཚིག་མི་འགྱུར་བ་སྟེ། གཞན་སླུ་བར་འགྱུར་བའི་ཚིག་མི་མངའ་བས་ན་ཚིག་མི་འགྱུར་ཞེས་བཤད་དོ། །དམ་བཅས་པའི་དོན་རྫོགས་པར་མཛད་ པས་ན། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་བྱ་སྟེ། འགྲོ་བ་རྣམས་ལ་ཕན་པར་བྱ་བའི་ཕྱིར་འཚང་རྒྱ་བར་བྱའོ་ཞེས་དམ་བཅས་པ་དེ་བཞིན་དུ་རྫོགས་པར་མཛད་པའི་ཕྱིར་རོ། །ཡང་ན་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དང་ལྡན་པའི་ཆོས་ཕ་རོལ་ལ་ཇི་སྙེད་སྟོན་པ་དེ་བཞིན་དུ་བདག་ཉིད་ ཀྱང་སྦྱིན་པ་ལ་སོགས་པ་ལ་ནན་ཏན་ལྷུར་ལེན་པ་རབ་ཏུ་འཇུག་པར་མཛད་པས་ན། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །ཅེས་བྱའོ། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཞེས་བྱ་བ་ལ། གཉིས་ནི་གཟུང་བ་དང་། འཛིན་པ་དང་། ཤེས་པ་དང་། ཤེས་པར་བྱ་བ་དང་། ནང་གི་མིག་ལ་སོགས་པ་དང་ཕྱིའི་ གཟུགས་ལ་སོགས་པ་ནས་ཇི་སྲིད་དུ་ཡིད་དང་། ཆོས་ཀྱི་བར་དུ་སྟེ། གཉིས་སུ་རྟག་པ་དེ་དག་མི་མངའ་བས་ན་གཉིས་མེད་དོ། །ཇི་ལྟར་གཉིས་སུ་མེད་པ་ཡིན་ཞེ་ན། དེ་ཡང་མིག་གིས་གཟུང་བར་བྱ་བའི་གཟུགས་དང་། མིག་གི་རྐྱེན་གྱི་ཚུལ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། དེ་ བཞིན་དུ་ཇི་སྲིད་ཡིད་དང་ཆོས་ཀྱི་རྐྱེན་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ། །དེ་ལ་གཟུགས་ལ་སོགས་པ་མིག་ལ་སོགས་པའི་ཡུལ་ཉིད་དུ་བརྟགས་ན་དེ་ཅི་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་ཡན་ལག་ཅན་གྱི་ངོ་བོ་ཉིད་ཡིན་པ་བརྟག་པར་བྱ་སྟེ། གལ་ཏེ་རྡུལ་ཕྲ་རབ་ཡིན་ན་འདུས་ པའམ། ཐག་རིང་བའི་ཕྱོགས་ན་གནས་པའམ། བར་མཚམས་མེད་པར་གནས་ན་རྣམ་པར་ཤེས་པའི་རྒྱུར་འགྱུར། འདུས་པའི་ཕྱོགས་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་འདུས་སམ། །ཕྱོགས་གཅིག་གིས་འདུས། བདག་ཉ