Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 37
Văn bản gốc(Tây Tạng)
Trang 17 / 19 (50.000 ký tự/trang)
ན་ཏུ་སྤྲོས་པ་མེད་པའོ། །དེ་ལ་དང་པོ་ནི་སུམ་བརྩེགས་ཀྱི་ཁང་པའམ། འོག་ཏུ་ཁང་པ་བྱས་ལ། དེ་ཉིད་དར་དཔྱངས་དང་། བ་དན་དང་། རྔ་ཡབ་དང་། མེ་ཏོག་གི་ཕྲེང་བ་རྣམས་ཀྱིས་བརྒྱན་པར་བྱས་ལ། འོག་ཁང་དུ་ཚང་བང་དང་། བར་ཁང་དུ་རོལ་མོ་ མཁན་ལ་སོགས་པ་དང་། སྟེང་དུ་སྣ་ཚོགས་པའི་གདན་ལ་བཞུགས་པའི་བདག་ཉིད་རྡོ་རྗེ་འཆང་དང་། ཤར་ལ་སོགས་པའི་ཕྱོགས་ནས་སྒོའི་བར་དུ། ཀྱེ་མའོ། །བདེ་མ་ལ་སོགས་པའི་ལྷ་མོའི་གཟུགས་དང་། ཁ་དོག་ལ་སོགས་པ་དཔལ་ལྡན་པའི་ལྷ་མོ་རྣམས་རྣམ་པར་ བཞག་ལ། དེ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་ལ་ལོངས་སྤྱོད་ལ། ལག་པ་དང་ངག་གི་བརྡ་རྣམས་ཀྱི་དེ་ཁོ་ན་ཉིན་མཚན་ལ་སྣ་ཚོགས་པའི་བྱེད་པ་དང་ཡན་ལག་བསྒྱུར་བ་ལ་སོགས་པའི་ཐ་མལ་པ་མ་ཡིན་པའི་དགའ་བའི་སྤྱོད་པ་རྣམས་ཀྱིས་ཆོས་འབྱུང་མངོན་པར་བྱང་ཆུབ་པ་ ཐོབ་པའི་བར་དུ་གནས་པར་བྱ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ། རང་གཟུགས་ཡོངས་སུ་གྱུར་པས་ཚེ་འདི་ཉིད་དུ་དེ་རྣམས་དང་ལྷན་ཅིག་ཏུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། འབྲས་བུ་དང་བཅས་པའི་སྤྲོས་པའི་སྤྱོད་པ་བསྟན་ཏོ། །གཉིས་པ་ནི་ཞག་རེ་རེའམ། ཟླ་བ་རེ་རེའམ། ལོ་རེ་ རེ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་བཞི་དང་ལྷན་ཅིག་ཏུ་ལོངས་སྤྱོད་ལ་སྤྱད་པར་བྱའོ། །གལ་ཏེ་ཕུན་སུམ་ཚོགས་པ་མེད་ན། དེའི་ཚེ་ཕྱག་རྒྱ་གཅིག་དང་། ལྷན་ཅིག་ཏུ་ཡུལ་ནས་ཡུལ་དུ་བསྐོར་ཞིང་ཇི་སྙེད་པའི་ཤིང་ཏོག་དང་འབྲས་བུ་ལ་སོགས་པའི་ཟས་རྣམས་ཀྱིས་སྲོག་འཛིན་པ་ཙམ་བྱས་ཏེ་ ཇི་སྲིད་ཆོས་ཀྱི་དབྱིངས་ཀྱི་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །གསུམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས། མངོན་པར་རྟོགས་པར་གང་གྱུར་པ། །ཞེས་པ་ནི་དེ་དང་ལྷན་ཅིག་ཏུ་བདེ་བ་ཉམས་སུ་མྱོང་ལ། ནགས་ཚལ་གྱི་ལྷ་མོ་རྣམས་ལས་བཟའ་བ་རྙེད་ཅིང་ཆགས་པ་མེད་ པའི་ཚུལ་གྱིས་བླ་ན་མེད་པའི་མངོན་པར་བྱང་ཆུབ་པ་ཐོབ་པའི་བར་དུ་བསྒོམ་པར་བྱའོ། །དེ་ལྟར་སྤྱོད་པའི་དབྱེ་བས་ཐབས་ཀྱི་དབྱེ་བ་སྟེ་བྱང་ཆུབ་ནི་གཅིག་ཁོ་ནའོ། །རྟེན་གྱི་དབྱེ་བས་མིང་གི་དབྱེ་བ་ཙམ་འདིར་བསྟན་པ་སྟེ། བྱང་ཆུབ་ལ་རང་བཞིན་གྱིས་དབྱེ་བ་གང་ཡང་མེད་དོ། །ད་ནི་རང་བཞིན་གྱིས་ གྲུབ་པའི་དེ་བཞིན་ཉིད་ལ་སྤྱོད་པ་སྤྱོད་པའི་སྤྲོས་པས་དགོས་པ་མེད་པའོ་ཞེས་ཕྱོགས་སྔ་མ་ཚིགས་སུ་བཅད་པ་གཅིག་གིས་བཤད་པར་བྱ་བའི་ཕྱིར། གདོད་ནས་གྲུབ་པའི་རང་བཞིན་ཅན། །ངོ་བོ་ཉིད་ཀྱིས་དེ་འགྲུབ་ན། །བསླབ་པའི་སྦྱོར་བས་ཅི་ཞིག་བྱ། །རྟོག་ལས་དེ་བཞིན་ཉིད་མི་སྐྱེ། །ཞེས་བྱ་བ་ གསུངས་ཏེ། དེ་བཞིན་ཉིད་ནི་ཆོས་ཉིད་དེ་དེ་སྐྱེད་པར་བྱེད་པ་མ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ། །དེ་བས་ན་རང་བཞིན་གྱིས་གྲུབ་པ་ཁོ་ན་དེ་ཡིན་ཏེ། རྟོག་པ་ལས་འབྱུང་བ་ནི་མ་ཡིན་ནོ། །ལམ་གྱི་སྒོ་ནས་དེ་བསླབ་ན་རྟོག་པ་ཁོ་ན་ལས་སྐྱེ་བར་འགྱུར་རོ། །འདིའི་ལན་གདབ་པར་བྱ་བའི་ཕྱིར། གང་ ཞིག་དེ་ལྟར་འདིར་རྟོག་ན། ཡེ་ཤེས་རིམ་པ་སྤངས་པ་ཉིད། །དེ་ཡི་དབྱེ་བ་མི་ཤེས་པས། །སླར་ཡང་སློབ་པར་འགྱུར་བ་ཡིན། །ཞེས་བྱ་བ་གསུངས་ཏེ། བསླབ་པའི་སྦྱོར་བ་མི་དགོས་སོ། །ཞེས་ཁྱོད་ཀྱི་ཚིག་རིགས་པ་མ་ཡིན་ཏེ། སྣང་བ་ལ་སོགས་པ་ཡེ་ཤེས་གསུམ་གྱི་རིམ་པ་ཡོངས་སུ་སྤངས་ནས་ གང་ཟག་གི་རང་བཞིན་གྱིས་གྲུབ་པའི་རིམ་པ་རྟོགས་པ་དེ་རྣམས་དེའི་དབྱེ་བ་ནི་རང་བཞིན་དང་སྣང་བ་རྣམས་ཀྱི་དབྱེ་བ་གང་གི་ཚེ་རང་བཞིན་གང་འབྱུང་བ་དང་། དེའི་འང་རང་བཞིན་གང་ཡིན་ནོ། །ཞེས་དབྱེ་བ་མི་ཤེས་པས་ལས་དང་པོ་པར་འགྱུར་རོ། །དེ་བས་ན་དེ་རྣམས་ཀྱིས་དེའི་དབྱེ་བ་བསླབ་པར་རིགས་ པ་ཡིན་ནོ་ཞེས་པའི་ཐ་ཚིག་གོ། །བསླབ་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། རང་བཞིན་སྣང་བའི་དབྱེ་ཤེས་ཤིང་། །དེ་ཉིད་བཞི་པ་ལ་བརྟེན་ནས། །གང་ཞིག་རྣམ་གསུམ་ལ་སློབ་པ། །དེ་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་བྱ་བ་གསུངས་ཏེ། རང་བཞིན་ནི་བརྒྱ་དྲུག་ཅུ་དང་སྣང་བ་ནི་གསུམ་ སྟེ། དེ་རྣམས་ཀྱི་དབྱེ་བ་ཤེས་པའི་རྣལ་འབྱོར་པས་དེ་ཉིད་བཞི་པ་ལ་བརྟེན་པ་ནི་སེམས་ཀྱི་འོད་གསལ་བའམ། རང་བཞིན་གྱི་འོད་གསལ་བ་ལ་བརྟེན་ནས། དེས་ནི་འབྲས་བུ་མྱུར་ཐོབ་འགྱུར། །ཞེས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་མངོན་དུ་བྱེད་པར་འགྱུར་རོ། །དེ་ ཡང་ཇི་ལྟར་ཞེ་ན། གང་ཞིག་རྣམ་གསུམ་ལ་སློབ་པ། །ཞེས་པ་ནི་གལ་ཏེ་སྤྱོད་པ་གསུམ་ལ་སློབ་ན་དེའི་ཚེ་འབྲས་བུ་མངོན་དུ་བྱེད་པ་སྟེ། གཞན་དུ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདིས་ནི་བསྒོམ་པ་མེད་ན་བྱང་ཆུབ་ཐོབ་པ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་རྣམས་རྣམ་པར་གཞག་གོ །འདི་ཉིད་ཀྱི་དཔེ་ བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཤིང་ལ་མེ་གནས་པ། །མ་གཙུབས་པར་ནི་འབྱུང་མི་འགྱུར། །དེ་བཞིན་བྱང་ཆུབ་བསླབ་བྲལ་བས། །ཚེ་འདི་ཉིད་ལ་སྣང་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། འདིར་ནི་འབྱུང་བ་ཆེན་པོ་བཞི་བདག་ཉིད་ཀྱི་དངོས་པོ་རྣམས་ཀྱི་ས་ལ་སོགས་པ་ཕན་ཚུན་ཐ་མི་ དད་པ་ཡིན་ནོ། །དེ་བས་མེའི་ཁམས་ཤིང་གི་ནང་ན་གནས་ན་ཡང་རང་སྣང་བར་མི་འགྱུར་ཏེ། དེ་རུ་ས་ཁོ་ན་སྣང་བ་ཡིན་ནོ། །ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་རྒྱུ་རྣམས་ཕན་ཚུན་ཕན་པར་བྱ་བ་དང་། ཕན་པར་བྱེད་པའི་དངོས་པོར་གནས་པ་སྟེ། གཙོ་བོ་དང་ཡོན་ཏན་གྱི་རང་བཞིན་ དུ་གནས་པ་དང་། ཚོགས་པ་གཅིག་ལ་རག་ལུས་པའི་ཕྱིར་རོ། །དེ་བས་ན་ཤིང་གི་ནང་ན་གནས་ན་མེ་དེ་ནི་མ་གཙུབས་ན་འབྱུང་བར་མི་འགྱུར་ཏེ། དེ་བཞིན་དུ་ཆོས་ཉིད་ཕུང་པོ་ལ་སོགས་པ་ལ་ཁྱབ་པར་བྱེད་པའི་རང་བཞིན་དུ་གནས་ན་ཡང་བསླབ་བྲལ་བ་ནི་བསྒོམ་པ་མེད་ན་སྣང་བར་མི་འགྱུར་རོ། ། དེ་བས་ན་རྫོགས་པའི་རིམ་པ་གནས་པའི་རྣལ་འབྱོར་པས་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་བསྒོམ་པའི་ལམ་ལ་གོམས་པར་བྱའོ། །སེམས་ལ་དམིགས་པའི་རིམ་པ་སྦྱིན་པར་བྱ་བའི་སློབ་མ་སྣོད་མ་ཡིན་པ་བརྟག་པར་བྱ་བའི་ཕྱིར། གང་ཞིག་གཡོ་སྒྱུའི་བློ་ལྡན་ལེ་ལོ་ཅན་དག་དང་། །ཉོན་མོངས་བླ་མའི་སྐྱོན་ རྣམས་མཐོང་གི་ཡོན་ཏན་མིན། །བླ་མ་ལ་སྨོད་དབང་སྐུར་ཐོབ་ཅེས་རློམ་སེམས་འགྱུར། །བློ་དམན་སེམས་ལྡན་ཀུན་མཁྱེན་ཡང་དག་འཐོབ་མི་འགྱུར། །ཞེས་བྱ་བ་གསུངས་ཏེ། འདི་ལྟ་བུའི་སློབ་མ་གང་ཡིན་པ་དེ་ནི་སྣོད་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་གང་ཡིན་ཞེ་ན། གཡོ་སྒྱུའི་བློ་ལྡན་ནི་སེམས་ དྲང་པོ་མེད་པ་དང་། ལེ་ལོ་ཅན་ནི་དགེ་བའི་ཆོས་ལ་འབད་པ་མེད་པ་དང་། དེ་བཞིན་དུ་བླ་མའི་སྐྱོན་ཁོ་ན་མཐོང་བ་དང་། ཡོན་ཏན་ནི་མན་ངག་དང་མཁས་པ་ཉིད་ལ་སོགས་པ་མཐོང་བ་མ་ཡིན་ནོ། །དེ་བཞིན་དུ་བླ་མ་ལ་སྨོད་པ་ནི་བདག་གི་རྡོ་རྗེ་སློབ་དཔོན་གྱིས་ཅུང་ཟད་མི་ཤེས་ཏེ། བདག་གི་རང་བྱུང་ གི་ཤེས་རབ་ཀྱི་སྟོབས་ཀྱིས་རྒྱུད་ཀྱི་དོན་རྟོགས་པ་སྟེ། བདག་ལ་བླ་མས་ཅང་བྱས་པ་མ་ཡིན་ཏེ་ཞེས་བྱ་བ་བླ་མ་ལ་སྨོད་པའོ། །དེ་བཞིན་དུ་སོ་སོ་སྐྱེ་བོ་བདག་འདྲ་བས་ཐམས་ཅད་མཁྱེན་པ་ཐོབ་པ་མ་ཡིན་ནོ་ཞེས་སློབ་མ་དམན་པ་དང་ལྡན་པའོ། །དེ་བཞིན་དུ་བསྙེན་བཀུར་མེད་པར་མྱུར་དུ་དེ་ཉིད་ཐོབ་ པར་འདོད། །ཡང་དག་ཚིག་མ་ཡིན་ཞེས་ཁྲོ་བཅས་གཡོ་བར་འགྱུར། །ཚོགས་མང་བླ་མ་མཐོང་ན་རྒྱབ་ཀྱིས་ཕྱོགས་པར་བྱེད། །དེ་ནས་དེ་ནི་དབེན་པར་སོང་ནས་ཕྱག་བྱེད་འགྱུར། །ཞེས་བྱ་བ་ནི་གོ་སླའོ། །དེ་བཞིན་དུ། དེ་ལྟར་རང་བཞིན་ངན་གྱུར་དམན་པའི་སློབ་མ་ནི། །རང་གི་བུར་གྱུར་ཡིན་ ཡང་གཞན་བཞིན་ཡོངས་སུ་སྤང་། །རྒྱལ་རིགས་རྗེའུ་རིགས་མཆོག་ལས་སྐྱེས་གྱུར་པའང་། །བརྟན་པས་ནམ་ཡང་དེ་ནི་དྲུང་དུ་གཞག་མི་བྱ། །ཞེས་བྱ་བ་ནི་རང་བཞིན་ངན་པའི་སློབ་མ་དེ་ལྟ་བུ་རང་གི་བུ་ཡིན་ཡང་སྤང་བར་བྱའོ། །བྲམ་ཟེ་ལ་སོགས་པའི་རིགས་གསུམ་པོ་ལས་འབྱུང་བ་རང་བཞིན་ངན་པ་ཡིན་ ན་སྔ་མ་བཞིན་སྤང་བར་བྱའོ། །འདི་ནི་ཙནྡན་ལྟ་བུའི་གང་ཟག་སྟེ། རྫོགས་པའི་རིམ་པའི་སྣོད་མ་ཡིན་ནོ། །ཇི་སྐད་དུ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ། །ཞེས་གསུངས་སོ། །རིན་པོ་ཆེ་ལྟ་བུའི་གང་ ཟག་བཤད་པར་བྱ་བའི་ཕྱིར། ཡོན་ཏན་མཆོག་ལྡན་ཡེ་ཤེས་བརྩོན་པར་བཅས་པ་དང་། །ཡང་ན་བླ་མ་ལ་གུས་སངས་རྒྱས་དང་མཉམ་ལྟར། །རྒྱལ་བའི་ཆོས་རྣམས་རྟོགས་ཤིང་བསྟན་ལ་ཤིན་ཏུ་དད། །དེ་འདིར་སྣོད་གྱུར་ཡིན་ཕྱིར་དེ་ལ་དྲིན་སྦྱིན་བྱ། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་གང་ ཟག་ཡིན་པ་དེ་ནི་རིམ་པ་འདིའི་སྣོད་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཡོན་ཏན་མཆོག་ནི་བྱམས་པ་ལ་སོགས་པ་དང་། དད་པ་ལ་སོགས་པ་སྟེ་དེ་དང་ལྡན་པའོ། །ཡེ་ཤེས་བརྩོན་པར་བཅས་པ་ཞེས་བྱ་བ་ལ། རིགས་པའི་གནས་ལྔ་ལ་རྩོལ་བ་དང་ལྡན་པས་ཡེ་ཤེས་དང་བཅས་པ་དང་། དགེ་ བའི་ཆོས་སྤྱོད་པ་ལ་འབད་པའི་ཕྱིར་བརྩོན་འགྲུས་དང་བཅས་པའོ། །དེ་བཞིན་དུ་བླ་མ་ནི་རྡོ་རྗེ་སློབ་དཔོན་ཏེ་དེ་ལ་སངས་རྒྱས་དང་འདྲ་བར་མཐོང་བ་དང་། དེ་བཞིན་དུ་རྒྱལ་བའི་ཆོས་ནི་སྡེ་སྣོད་གསུམ་སྟེ་དེ་ལ་མཁས་པ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་ཅན་གང་ཡིན་པ་དེ་ལ་དྲིན་སྦྱིན་བྱ་བ་ནི་ རིམ་པ་གཉིས་པའི་དོན་བཤད་པར་བྱའོ། །དེ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ཡིན་ནོ། །ཇི་སྐད་དུ། ཚུལ་ཁྲིམས་དག་ཅིང་མཁས་ལ་དྲང་། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། །ཞེས་གསུངས་སོ། །ད་ནི་མདོ་གཅིག་པུ་ ཁོ་ནས་ཨུཏྤལ་ལ་དང་། པདྨ་དཀར་པོ་བཤད་པར་བྱ་བའི་ཕྱིར། རྒྱུད་མང་རབ་ཏུ་ཐོས་ཤིང་ལུང་ལ་ལེགས་སྦྱངས་ཀྱང་། །བླ་མའི་བསྙེན་བཀུར་དམན་ཕྱིར་ལུང་ཐོབ་མ་གྱུར་པ། །དེ་ནི་བདག་ཕན་ཙམ་ལའང་དབང་མེད་བསྟན་བཅོས་རྩོད། །དེ་ཡི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་འབའ་ཞིག་ཡིན། ། ཞེས་བྱ་བ་གསུངས་ཏེ། རྒྱུད་དང་ལུང་ནི་བྱེ་བྲག་སྨྲ་བ་ལ་སོགས་པ་མང་པོ་སློབ་དཔོན་མང་པོ་ལས་ལན་མང་དུ་ཐོས་ནས་གང་གི་བློ་སྦྱངས་ཀྱང་བདག་རང་མཁས་པ་ཡིན་ནོ་ཞེས་བླ་མ་རྣམས་ལས་མན་ངག་མ་ཐོབ་པ་གང་ཡིན་པ་དེ་ནི་བདག་ལ་ཕན་པ་ཙམ་ཡང་བྱེད་པར་མི་ནུས་ན། གཞན་གྱི་དོན་ལ་སྨོས་ཅི་དགོས། དེ་བས་ན། དེའི་བསྟན་བཅོས་སྐྱོ་བའི་རྒྱུ་ཙམ་ཡིན་ཏེ། བསྟན་བཅོས་ལ་རྩོད་པའི་ཕྱིར་རོ། །དེའི་ཕྱིར་དེ་ནི་རང་དང་གཞན་གྱི་དོན་ལས་འདས་པར་འགྱུར་ཏེ་ངག་གི་དོན་ཏོ། །ཇི་སྐད་དུ། དེ་ནི་མ་ལུས་དོན་ཐོས་ནས། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་ གིས་ནི་བརྗེད་གྱུར་པ། །ཨུཏྤལ་ཞེས་བྱའི་གང་ཟག་གོ། །གཟུང་བྱ་ལྷག་པར་མང་ཐོས་ཀྱང་། །སྟོན་པ་ཡི་ནི་ནུས་པ་མེད། །བུམ་པའི་རས་བལ་ས་བོན་འདྲ། །པདྨ་ཞེས་བྱའི་གང་ཟག་གོ། །ཞེས་བྱ་བ་གསུངས་ཏེ། སློབ་མའི་བཤད་པ་ལ་སྣོད་དུ་གྱུར་པ་ཡང་རིན་པོ་ཆེའི་གང་ཟག་བཤད་ པར་བྱ་བའི་ཕྱིར། རྒྱུད་མང་ཐོས་ཤིང་ཤེས་ལྡན་གནས་དྲུག་ཤེས་པ་དང་། །དྲན་དང་བློ་གྲོས་བརྟན་བློ་བརྩོན་པ་ཕུན་ཚོགས་ལྡན། །བླ་མའི་ཞབས་བཀུར་བཅས་ཤིང་དེ་ཉིད་ལུང་ཐོབ་དང་། །རྒྱུད་རྒྱལ་མན་ངག་དེ་ཡིས་བསྟན་པར་འོས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ལྟ་བུའི་ གང་ཟག་སྟེ། དེ་ཡིས་རྒྱུད་ཀྱི་རྒྱལ་པོའི་མན་ངག་གཞན་ལ་བསྟན་པར་ནུས་པ་ཡིན་ནོ། །སྔར་ནི་མན་ངག་གི་སྣོད་དུ་གྱུར་པ་དེ་རང་བསྟན་པས། ཚིགས་སུ་བཅད་པ་འདིས་གཞན་གྱི་དོན་དེས་བྱ་བར་རིགས་པའོ་ཞེས་བཤད་དོ། །དེ་ཡང་ཇི་ལྟ་བུ་ཞེ་ན། རྒྱུད་མང་པོ་ཐོས་ནས་མཐའ་དྲུག་གི་དབྱེ་བས་རྒྱུད་ བཤད་པར་ནུས་པ་དང་། ཡེ་ཤེས་ལྡན་པ་ནི་དེ་ཁོ་ན་ཉིད་རྟོགས་པ་དང་། དེ་བཞིན་དུ་དྲན་པ་ལ་སོགས་པའི་འཇིག་རྟེན་ལས་འདས་པའི་དབང་པོ་ལྔ་དང་ལྡན་པ་དང་། བླ་མའི་ཞབས་བཀུར་བས་གང་གིས་མན་ངག་ཐོབ་པའོ། །བསོད་ནམས་ཡོངས་སུ་བསྔོ་བ་བཤད་པར་བྱ་བའི་ཕྱིར། འཕགས་ པ་རྡོར་ཅན་དྲིན་གྱིས་རྒྱུད་རྣམས་མང་པོ་ཐོས། །གསལ་རྣམས་སྤྲོས་པའི་ཚིག་གིས་བྱང་ཆུབ་ལམ་ནི་རྣམ་ཕྱེ་བས། །ཤཱཀྱའི་བཤེས་གཉེན་གྱིས་ནི་དགེ་བ་གང་བསགས་དེས། །མཁས་ཤིང་གསལ་བའི་རྣམ་སྨིན་བྱང་ཆུབ་སྣོད་གྱུར་ཤོག །ཅེས་བྱ་བ་གསུངས་ཏེ། འཕགས་པའི་ལམ་ནི་ རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ལམ་འདི་རྣམ་པར་ཕྱེ་ནས། བདག་གིས་དགེ་བ་གང་ཐོབ་པ་དེས་སེམས་ཅན་ཐམས་ཅད་བྱང་ཆུབ་སྣོད་གྱུར་པ་ནི་ཟུང་འཇུག་གི་གོ་འཕང་ལ་བརྟེན་པར་གྱུར་ཅིག་པའོ། །བདག་གི་ཇི་ལྟ་བུ་ཞེ་ན། གང་གི་འཕགས་པ་རྡོ་རྗེ་ཅན་གྱི་དྲིན་ནི་རྨི་ལམ་དུ་མཐོང་བའི་རྡོ་རྗེ་འཆང་ཆེན་ པོའི་གནང་བའི་རྗེས་སུ་བཟུང་བས། རྒྱུད་མང་པོ་ཐོས་ནས་མཁས་པར་གྱུར་ཏེ། གསལ་བའི་ཚིག་གིས་ལམ་འདི་ཕྱེ་བའོ། །དེ་བས་ན་སེམས་ཅན་ཀུན་ཡང་མཁས་པར་གྱུར་པ་གསལ་བའི་རྣམ་པར་སྨིན་པས་བྱང་ཆུབ་ཐོབ་པའི་སྣོད་དུ་གྱུར་ཅིག་ཅེས་པ་ནི་ཡོངས་སུ་བསྔོ་བའོ། །ཤཱཀྱའི་བཤེས་ གཉེན་ཞེས་བྱ་བ་ནི་སློབ་དཔོན་གྱིས་རབ་ཏུ་དགྱེས་པའི་མཚན་ཏེ། དངོས་གྲུབ་ཀྱི་མཚན་ནི་ཀླུ་སྒྲུབ་ཅེས་པའོ། །ཁ་ཅིག་ན་རེ། སློབ་དཔོན་ཉིད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་སྟེ། སློབ་དཔོན་ཉིད་ཀྱིས་མཛད་པའི་རབ་ཏུ་བྱེད་པ་ལ་སློབ་མའི་མིང་འཇོག་པ་ནི་ཤིན་ཏུ་དགྱེས་པའི་ཕྱིར་རོ། །དེའི་ ཕྱོགས་སུ་དོན་ནི་འཕགས་པ་རྡོར་ཅན་ཞེས་བྱ་བ་ལ་འཕགས་པ་ཡང་ཡིན་ལ་རྡོ་རྗེ་ཅན་ཡང་ཡིན་པས་འཕགས་པ་རྡོར་ཅན་ནི་ཀླུ་སྒྲུབ་སྟེ། དེའི་དྲིན་གྱིས་རྒྱུད་མང་པོ་ཐོས་པ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །ཐམས་ཅད་དག་ཅིང་རྣམ་པར་དག་པ་ཞེས་པ་ནི་ཐམས་ཅད་ནི་རང་བཞིན་དང་སྣང་བ་ རྣམས་ཀྱི་རིམ་པས་རང་བཞིན་ཡོངས་སུ་ཤེས་པས། བླ་ན་མེད་པ་ནི་མཆོག་ཏུ་གྱུར་པ་དགོངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་སེམས་རྣམ་པར་དག་པའི་རིམ་པ་ཞེས་བྱ་བའི་ཚིག་གི་དོན་ཏོ། །རིམ་པ་ལྔ་པའི་འགྲེལ་པ་རིམ་པའི་དོན་གསལ་བར་བྱེད་པ་ཞེས་བྱ་བ་ལས། སེམས་ ལ་དམིགས་པའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྩོམ་པའི་དང་པོར་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་ཕྱག་འཚལ་བའི་ཕྱིར། རྡོ་རྗེ་ཅན་རྣམས་ཀུན་གྱི་གཙོ། །རྡོ་རྗེ་ཆེ་ལ་ཕྱག་འཚལ་ཏེ། །བདག་ལ་བྱིན་གྱིས་བརླབ་པ་ཉིད། །བརྩེ་བས་བདག་གིས་ བཤད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྔར་དོན་བཤད་པའི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བདག་གིས་བཤད་པར་བྱ་ཞེས་པ་ཚིག་གི་འབྲེལ་པའོ། །དེ་ཡང་རྒྱུ་གང་གིས་ཤེ་ན་བརྩེ་བས་ཞེས་པ་ནི་ཐུགས་རྗེའི་དབང་གིས་སོ། །དེ་གང་གི་ཕྱིར་རིམ་པ་འདི་ལ་ནི་ཐུགས་རྗེ་ཁོ་ན་རྩ་བའི་ རྒྱུ་ཡིན་ཏེ། གཞན་དུ་ན་སེམས་ལ་དམིགས་པའི་རིམ་པ་ལ་ཞུགས་པས་སླར་ཡང་ལྷའི་རྣམ་པ་ཡོངས་སུ་གཟུང་བ་དགོས་པ་མེད་པའི་ཕྱིར་རོ། །དགོས་པ་ནི་སེམས་ཅན་གྱི་དོན་དང་། ཆད་པའི་ཕྱོགས་ཡོངས་སུ་སྤངས་པ་དང་། སྔོན་གྱི་སྨོན་ལམ་འབྲས་བུ་དང་ལྡན་པ་སྟེ་དེ་ཉིད་ བརྩེ་བ་ཞེས་བཤད་པའོ། །ཅི་བྱས་ནས་བཤད་པར་བྱ་ཞེ་ན། རྡོ་རྗེ་འཆང་ལ་ཕྱག་འཚལ་ཏེ། །ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་པ་ལ་ཕྱག་འཚལ་ནས་སོ། །ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་ཅན་ཀུན་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱི་གཙོ་བོ་ནི་བདག་པོའི་བདག་པོ་ཉིད་ཀྱང་ཆོས་ཉིད་ཀྱི་རང་ བཞིན་ཏེ། འདི་ཡིས་རིམ་པ་འདི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཡིན་ཞེས་བསྟན་ཏོ། །དེ་སྒྲ་ཇི་བཞིན་པའོ། །དབང་བསྐུར་ཐོབ་པའི་སློབ་མ་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་སྟོན་པ་ཡིན་ཏེ། གཞན་ལ་ནི་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར་དེ་ལ་དང་པོར་བསྐྱེད་པའི་རིམ་པའི་རྗེས་སུ་ འབྲངས་ནས། དབང་བསྐུར་བ་ཐོབ་ཅིང་རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པས་ཤེས་རབ་དང་ལྡན་ཞིང་ལུས་དང་། ངག་དང་ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ། བདེན་པ་རྣམ་གཉིས་ལ་ལྷག་པར་མོས་པ། རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པར་བྱས་ཏེ། དེའི་འོག་ཏུ་བླ་མ་མཉེས་པར་ གྱུར་ནས་ཚོགས་ཀྱི་མཆོད་པ་ཆེན་པོ་བྱས་ལ། ལོ་བཅུ་དྲུག་པ་རྡོ་རྗེ་སློབ་དཔོན་ཆེན་པོ་ལ་ཕུལ་ཏེ། དེའི་འོག་ཏུ་བླ་མའི་ཞལ་ནས་བདག་ལ་བྱིན་གྱིས་བརླབ་པ་མངོན་དུ་ཐོབ་ནས་དེའི་འོག་ཏུ་ཕྲེང་བ་དང་། ཆུ་དང་། རྫོགས་པའི་སངས་རྒྱས་དང་། རྡོ་རྗེ་དང་། དྲིལ་བུ་སྦྱིན་པ་དང་། མེ་ལོང་དང་། མིང་ དང་། སློབ་དཔོན་དང་། རྗེས་སུ་གནང་བ་སྟེ། དེ་དག་དང་བཅས་པར་གསང་བའི་དབང་བསྐུར་བ་ཐོབ་ནས། བསྟོད་པ་འདིས་བླ་མ་ལ་བསྟོད་པར་བྱའོ་ཞེས་བྱ་བ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་པའི་ཕྱིར། སློབ་མ་འདི་ལྟ་བུས་བླ་མ་ལ་བསྟོད་པར་བྱའོ་ཞེས་ ཚིག་གི་འབྲེལ་པའོ། །སློབ་མ་ཇི་ལྟ་བུ་ཞེ་ན། དང་པོ་བསྐྱེད་པའི་རྗེས་སུ་འབྲངས་ནས་དབང་བསྐུར་ཐོབ་པ་ཞེས་པ་ནི་དམ་ཚིག་དང་སྡོམ་པ་གཟུང་བ་སྔོན་དུ་འགྲོ་བའི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་གྱིས་ཆུ་ལ་སོགས་པའི་དབང་རྣམས་ཀྱི་དབང་བསྐུར་བ་ཐོབ་པ་ནི་རིག་པའི་དབང་བསྐུར་བ་ པའོ་ཞེས་སྟོན་པའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཡང་བསྐྱེད་པའི་རིམ་པའི་དབང་བསྐུར་བ་ཡིན་ཏེ། དེ་ཡང་ཐོབ་པའོ་ཞེས་ཤེས་པར་བྱའོ། །དེ་བཞིན་དུ། རྒྱུད་རྣམ་པ་བཞིའི་དགོངས་པ་ཤེས་པ་ཞེས་བྱ་བ་ནི། བྱ་བ་དང་། སྤྱོད་པ་དང་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྒྱུད་རྣམས་ ཀྱི་དགོངས་པ་གང་ཡིན་པ་དེ་ཤེས་པ་དང་། ཤེས་རབ་དང་ལྡན་པ་ནི་རིགས་པ་སོ་སོར་ཐོབ་པའི་ཤེས་རབ་དང་ལྡན་པའི་གང་ཟག་སྟེ། ཆོས་ལ་དམིགས་པ་ལས་བྱུང་བའི་ཤེས་རབ་དང་ལྡན་པའི་ཙནྡན་ལྟ་བུ་ལ་སོགས་པའི་གང་ཟག་ནི་མ་ཡིན་ནོ། །དེ་གང་གི་ཕྱིར། ཆོས་ཉིད་སོ་སོར་ཐོབ་པའི་ཤེས་ རབ་ནི་རྡོ་རྗེ་ཐེག་པ་པ་རྣམས་ཀྱི་ཡིན་ཏེ། སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་བཞིན་དུ་ལུས་དང་། ངག་དང་། ཡིད་རྣམ་པར་དབེན་པའི་ཐོས་པ་འཛིན་པ་ཞེས་པ་ནི་ལུས་རྣམ་པར་དབེན་པ་ནི་ཏིང་ངེ་འཛིན་གསུམ་སྔོན་དུ་འགྲོ་བ་རིགས་བརྒྱའི་དབྱེ་བའི་བར་དུའོ། ། ངག་རྣམ་པར་དབེན་པ་ནི་རྡོ་རྗེ་བཟླས་པ་དང་། ཡིད་རྣམ་པར་དབེན་པ་ནི། སེམས་ལ་དམིགས་པ་སྟེ། དེ་རྣམས་ཀྱི་ཐོས་པ་འཛིན་པ་དེ་ནི་ཐོས་པ་ཙམ་འཛིན་པ་སྟེ། སློབ་པའི་ལམ་ལ་གནས་པའི་ཕྱིར་མངོན་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདེན་པ་རྣམ་པ་གཉིས་ལ་ལྷག་ པར་མོས་པ་ཞེས་བྱ་བ་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཀུན་རྫོབ་ཀྱི་བདེན་པ་དང་། འོད་གསལ་བ་དོན་དམ་པའི་བདེན་པ་སྟེ་དེ་གཉིས་ལ་ལྷག་པར་མོས་པ་ནི་སྒྱུ་མའི་སྐུ་དང་། འོད་གསལ་ལ་གཉིས་སུ་མེད་པར་བྱེད་པ་ལ་མོས་པ་དང་ལྡན་པ་སྟེ། ཟུང་འཇུག་གི་རིམ་པ་ཐོབ་པའི་ཕྱིར་མོས་པ་དང་ལྡན་པའོ། ། ཞེས་བྱ་བའི་དོན་ཏོ། །སློབ་མ་དེ་ལྟ་བུས་རྡོ་རྗེ་སློབ་དཔོན་ཡང་དག་པར་མཉེས་པ་ནི་བཀུར་སྟི་ལ་སོགས་པས་ཐུགས་དགྱེས་པར་བྱས་ལ། དེ་ནས་བླ་མ་དེ་ལ་ཚོགས་ཀྱི་འཁོར་ལོའི་ནང་དུ་མཆོད་པ་བྱའོ། །མཆོད་པ་དེ་ཡང་རྒྱུད་གཞན་ལས་རྟོགས་པར་བྱའོ། །ལོ་བཅུ་དྲུག་པ་ཕུལ་བ་ནི་ཉེ་བར་མཚོན་པ་ ཙམ་ཡིན་ཏེ། ལོ་བཅུ་གཉིས་པ་དང་། ལོ་ཉི་ཤུ་པ་ཡང་རིགས་ཀྱི་དབྱེ་བ་དེ་ལ་དབུལ་བར་བྱའོ་ཞེས་ངག་གི་དོན་ཏོ། །དེ་ནས་བླ་མས་སློབ་མ་དེ་ལ་གསང་བ་དང་ཤེས་རབ་དང་ཤེས་རབ་ཡེ་ཤེས་སྦྱིན་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་པར་བྱའོ། །འདིས་ནི་འདི་ལྟར་བཤད་པ་ཡིན་ཏེ། སློབ་མ་གང་གིས་སློབ་དཔོན་དང་། གསང་བ་དང་ཤེས་རབ་དང་། ཤེས་རབ་ཡེ་ཤེས་ཞེས་བྱ་བའི་དབང་བཞི་པོས་དབང་བསྐུར་བ་དང་། རྗེས་སུ་གནང་བ་དེ་ལ་བདག་ལ་བྱིན་གྱིས་བརླབ་པ་བསྟན་པར་བྱ་སྟེ། གཞན་ལ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །འདིར་ནི་བསྐྱེད་པའི་ རིམ་པའི་རྣལ་འབྱོར་པ་གང་རང་གི་དོན་འདོད་པ་དེ་ལ་དབང་བསྐུར་བ་ལྔ་སྦྱིན་པར་བྱ་སྟེ། གཞན་གྱི་དོན་ལ་འཇུག་ན་དེ་ལ་སློབ་དཔོན་གྱི་དབང་སྦྱིན་པར་བྱའོ། །རྫོགས་པའི་རིམ་པ་འདོད་ན་སྔར་བཤད་པ་གཉིས་དང་ཕྱི་མ་གཉིས་དེ་ལ་སྦྱིན་པར་བྱའོ་ཞེས་དགོངས་པའོ། །རིམ་པ་གཉིས་ཀྱི་རྣལ་འབྱོར་ པ་རྣམས་ལ་དབང་བསྐུར་བ་བཞི་ཡང་སྦྱིན་པར་བྱའོ། །དེ་གང་གི་ཕྱིར་བསྐྱེད་པའི་རྣལ་འབྱོར་པས་ཀྱང་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་ཕྱོགས་སུ་ཕྱག་རྒྱ་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་མེད་ན་དཀྱིལ་འཁོར་རྫོགས་པར་མི་འགྱུར་བའི་ཕྱིར་རོ། །རྫོགས་པའི་རིམ་པ་ནི་སློབ་མ་དེ་ལ་ བཤད་པར་མི་བྱ་སྟེ་དེ་ལ་མོས་པ་མེད་པའི་ཕྱིར་རོ། །དེའི་འོག་ཏུ་བླ་མའི་ཞལ་ནས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཐོབ་ནས་ཞེས་བྱ་བ་ནི། སློབ་མ་དེ་ལྟ་བུ་ལ་བླ་མས་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བཤད་པར་བྱའོ་ཞེས་སྟོན་ཏོ། །དེའི་འོག་ཏུ་ཕྲེང་བ་ཞེས་བྱ་བ་ལ་སོགས་པས་ སྔར་བཤད་པའི་དོན་ཁོ་ན་བསྟན་པ་ཡིན་ནོ། །ཕྲེང་བ་དང་ཆུ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྫོགས་པའི་སངས་རྒྱས་ནི་སངས་རྒྱས་ལྔའི་རང་བཞིན་གྱི་དབང་བསྟན་པའོ། །གསང་བའི་དབང་བསྐུར་བ་ཐོབ་ནས་ཞེས་བྱ་བ་ནི་གསང་བ་ནི་རྣམ་པ་གསུམ་སྟེ། ངག་དང་། ཡིད་དང་། ཡེ་ཤེས་ ཀྱི་གསང་བའོ། །དེ་ལ་ངག་གི་གསང་བ་ནི་བྱང་ཆུབ་ཀྱི་སེམས་ལ་སྤྱོད་པ་དང་། ཡིད་ཀྱི་གསང་བ་ནི་ཤེས་རབ་ཀྱི་དབང་བསྐུར་བ་དང་། ཡེ་ཤེས་ཀྱི་གསང་བ་ནི་ཤེས་རབ་ཡེ་ཤེས་ཏེ་དེ་ནི་བླ་མའི་མན་ངག་ལས་མཚོན་པར་བྱའོ། །དེ་རྣམས་ཐོབ་ནས་བླ་མ་དེ་དགྱེས་པར་བྱ་བའི་ཕྱིར་བསྟོད་པ་བཤད་ པར་བྱ་བའི་ཕྱིར། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་མེད། །ཤ་དང་རུས་པ་ཁྲག་ཀྱང་མེད། །ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཁྱེད་ཀྱི་སྐུ་ནི་སྟོན་པར་མཛད། །ཅེས་བྱ་བ་གསུངས་ཏེ། རེ་ཞིག་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱིས་བསྟོད་པ་ཡིན་ནོ། །དེ་ལ་ཁྱོད་ཀྱི་སྐུ་གང་ཡིན་པ་དེ་ལ་ཁོང་སྟོང་ལ་སོགས་པ་ཡོད་པ་མ་ ཡིན་ཏེ། སྐུའི་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར་རོ། །འོ་ན་དེ་རྣམས་མེད་དེ་ཇི་ལྟར་སྣང་བར་འགྱུར་ཞེ་ན། ནམ་མཁའ་ལ་ནི་འཇའ་ཚོན་ལྟར། །ཞེས་བྱ་བ་ལ་ཇི་ལྟར་ནམ་མཁའ་ལ་ཁ་དོག་ལྔ་དང་ལྡན་པའི་བརྒྱ་བྱིན་གྱི་གཞུ་སོ་སོར་སྣང་བའི་ཕྱིར། མེད་པ་གཉིས་ལས་འདས་པ་དང་། །མཐོང་བ་ ཙམ་གྱིས་འཇིག་པའི་ཕྱིར། །ཡོད་པ་གཉིས་ལས་འདས་པ་སྟེ། །དེ་བཞིན་དུ་ཁྱོད་ཀྱི་སྐུ་སེམས་ཅན་གྱི་དོན་དུ་སྟོན་པར་མཛད་པའོ་ཞེས་ངག་གི་དོན་ཏོ། །སྣང་བ་མཐའ་ཡས་ཀྱི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། སྐུ་ལ་སྙུན་མེད་མི་གཙང་མེད། །བཀྲེས་དང་སྐོམ་པ་འབྱུང་མེད་ཀྱང་། ། ཁྱེད་ནི་འཇིག་རྟེན་རྗེས་འཇུག་ཕྱིར། །འཇིག་རྟེན་བྱ་བ་སྟོན་པར་མཛད། །ཅེས་བྱ་བ་གསུངས་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས། ཁྱེད་ཀྱི་སྐུ་ལ་སྙུན་པ་ལ་སོགས་པ་མ་ཡིན་ནོ། །དེ་གང་གི་ཕྱིར་སོ་སོར་རྟོག་པའི་ཡེ་ཤེས་ནི་ཡང་དག་པའི་རྣམ་པར་དཔྱད་པའི་བདག་ ཉིད་དེ། དེའི་གཙང་བ་དང་མི་གཙང་བ་ལ་སོགས་པའི་ཆོས་རྣམས་འགྲུབ་པ་མ་ཡིན་ཏེ། རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །འཇིག་རྟེན་རྗེས་སུ་འཇུག་པའི་ཕྱིར། །འཇིག་རྟེན་གྱི་བྱ་བ་ཁྱེད་ཀྱིས་སྟོན་པར་མཛད་པ་སྟེ། དེ་ནི་གསུང་གི་རང་བཞིན་གྱི་སྣང་བ་མཐའ་ཡས་བསྟན་ པ་ཡིན་ནོ། །རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། ཆུ་ཟླ་བཞིན་དུ་གཟུང་དུ་མེད། །ཆོས་རྣམས་ཀུན་ལ་གནས་པ་མེད། །ང་རྒྱལ་མེད་ཅིང་རྨོངས་མི་མངའ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། ཁྱོད་ལ་ཕྱག་འཚལ་ལོ་ཞེས་ ཚིག་གི་འབྲེལ་པའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཆུ་ཟླ་ནི་ཆུའི་ནང་ན་གནས་པའི་གཟུགས་བརྙན་གྱི་ཟླ་བ་བཞིན་དུ་གཟུང་དུ་མེད་པ་ནི་སྒྱུ་མའི་རང་བཞིན་ལྟ་བུའོ་ཞེས་ཚིག་གི་འབྲེལ་པའོ། །དེ་བཞིན་དུ་ཆོས་རྣམས་ཀུན་ནི་ཕུང་པོ་ལ་སོགས་པ་སྟེ། དེ་ལ་གནས་པ་མེད་པ་ནི་ཆགས་པ་མི་མངའ་སྟེ། ནམ་མཁའི་ཁམས་ཀྱི་རང་བཞིན་ནོ། །ང་རྒྱལ་མེད་པ་ནི་ང་རྒྱལ་གྱི་རྣམ་པར་དག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྨོངས་པ་མི་མངའ་ཞེས་ནི་གཏི་མུག་རྣམ་པར་དག་པའི་རང་བཞིན་ཏེ། གཏི་མུག་དང་ང་རྒྱལ་རང་བཞིན་གཅིག་ཡིན་པའི་ཕྱིར་རོ། །དེ་གང་གི་ཕྱིར་ང་རྒྱལ་ནི་གཏི་ མུག་ལས་འབྱུང་བའི་ཕྱིར་རོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ལས་ཀྱང་ང་རྒྱལ་ནི་གཏི་མུག་གི་རིགས་ལ་བསྡུ་བར་བྱའོ་ཞེས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཁྱོད་དམིགས་པ་མེད་པ་སྟེ་ནམ་མཁའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་གི་ཕྱིར་ནམ་མཁའ་ལ་ནི་དམིགས་པ་ གང་ཡང་མེད་དོ་ཞེས་སྟོན་ཏོ། །དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། གཤེགས་དང་བཞུགས་དང་དེ་བཞིན་གཟིམས། །སྤྱོད་ལམ་དག་ནི་ཐམས་ཅད་དུ། །ཁྱེད་ནི་རྟག་ཏུ་མཉམ་བཞག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། གཤེགས་ པ་ལ་སོགས་པ་སྤྱོད་ལམ་གང་ཡིན་པ་དེ་རྣམས་ཐམས་ཅད་དུ་ཁྱེད་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། དེ་བས་ན་ཁྱེད་དམིགས་མེད་ནི་དེ་རྣམས་མི་དམིགས་པའི་ཕྱིར་རོ། །འདིས་ནི་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་དོན་ཡོད་པའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བ་བསྟན་ཏོ། །མི་བསྐྱོད་པའི་སྒོ་ ནས་བསྟོད་པ་བཤད་པར་བྱ་བའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྫུ་འཕྲུལ་ཆེ་ལ་རྣམ་འཕྲུལ་ཞིང་། །སྣ་ཚོགས་མིན་ལ་རབ་འཇུག་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི་གཅིག་དང་། དུ་མ་དང་། ཡོད་པ་དང་། མེད་པ་ གཉིས་ལས་འདས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེའི་རྣམ་པར་འཕྲུལ་པ་ནི་འགྲོ་བའི་དོན་ལ་མཛད་པ་འཇུག་པའོ། །འདི་གཅིག་པུར་མ་ཟད་ཀྱི་སྲིད་པའི་རྫུ་འཕྲུལ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་འགྱུར་ཞིང་ལྷ་སུམ་ཅུ་རྩ་གསུམ་སྤྲོ་ཞིང་རྣམ་འཕྲུལ་ནི་རྣམ་པར་མཛེས་པའོ། ། སྣ་ཚོགས་མིན་ལ་སྙོམས་འཇུག་པ། །ཞེས་པ་ནི་དཀྱིལ་འཁོར་པ་སོ་སོར་སྣང་བའི་དབྱེ་བ་ཡོད་ན་ཡང་སྣ་ཚོགས་པ་མ་ཡིན་ཏེ། དོན་དམ་པའི་དཀྱིལ་འཁོར་གྱི་དུས་སམ། བྱ་བ་བྱས་པའི་འོད་དུ་ཞུ་བའི་སྐབས་སུ་གཅིག་ཏུ་གྱུར་པའི་ཕྱིར་རོ། །རྒྱུ་འདི་ཉིད་ཀྱིས་དམིགས་པ་མེད་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རིགས་བརྒྱའི་དབྱེ་བ་ཤེས་ནས་ལུས་རྣམ་པར་དབེན་པ་རྟོགས་ནས་དམིགས་པ་མེད་པའོ། །ཡང་ན་དམིགས་པ་ནི་འཇུག་པ་ལ་སོགས་པ་དང་། མེའི་དཀྱིལ་འཁོར་ལ་སོགས་པ་སྟེ། དེ་རྣམས་མ་ནིང་གི་བཟླས་པས་འོད་གསལ་བ་ཉིད་དུ་མཛད་པས་དམིགས་པ་མེད་པའོ། ། ཡང་ན་རང་བཞིན་གྱི་སྣང་བ་དང་། རླུང་དང་། རྣམ་པར་ཤེས་པ་གསུམ་པོ་ཐམས་ཅད་རྟོགས་པ་དང་། སྣང་བ་མེད་པར་མཛད་པས་ན་དམིགས་པ་མེད་པ་སྟེ། འདིས་ནི་ལུས་ངག་ཡིད་རྣམ་པར་དབེན་པ་རྟོགས་པས་མི་བསྐྱོད་པའི་རང་བཞིན་ཁྱོད་ལ་ཕྱག་འཚལ་བ་བསྟན་ཏོ། །བསྟོད་པ་བྱས་ནས་གསོལ་ བ་གདབ་པར་བྱ་བའི་ཕྱིར། དེ་ལྟར་རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་སྔར་བཤད་པའི་ཡང་དག་པའི་བསྟོད་པའི་སྒོ་ནས་བསྟོད་ལ། སླར་ཡང་འོག་ནས་བཤད་པར་འགྱུར་བའི་ཚིགས་སུ་བཅད་པ་གཉིས་ཀྱིས་རིམ་པ་གསུམ་པ་ཐོབ་པར་བྱ་བའི་ཕྱིར། རྡོ་རྗེ་སློབ་དཔོན་ ལ་གསོལ་བ་གདབ་པར་བྱའོ། །ཚིགས་སུ་བཅད་པ་དེ་དག་བཤད་པར་བྱ་བའི་ཕྱིར། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོས་བདག་ལ་བཀའ་དྲིན་གསོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །དེ་བས་སངས་རྒྱས་མཆོག་དྲིན་གསོལ། །ཞེས་བྱ་བ་གསུངས་ཏེ། བདག་ལ་བཤད་པའི་རིན་ཆེན་གྱིས་བཀའ་དྲིན་གསོལ་ཅིག་ཅེས་པ་ནི་ཚིག་གི་འབྲེལ་པའོ། །བཤད་པ་ནི་རིམ་པ་གསུམ་པ་ཇི་ལྟ་བ་བཞིན་དུ་གསལ་བར་གྱུར་ པ་སྟེ། །དེ་ཉིད་འདོད་པ་ཐམས་ཅད་རྫོགས་པར་བྱེད་པའི་ཕྱིར་དང་རིན་ཐང་མེད་པའི་ཕྱིར་རིན་ཆེན་ནོ། །ཁྱོད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་བྱ་བ་ལ། ཀུན་མཁྱེན་ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་སྟེ། དེ་རྣམས་ཀྱི་ཕུང་པོ་ནི་ཅིག་ཅར་དུ་ འདུས་པ་སྟེ་དེས། སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །ཞེས་པ་ནི་ཡོད་པ་དང་། མེད་པ་ལ་སོགས་པའི་དབྱེ་བས་དབྱེ་བར་གྱུར་པའི་སྲིད་པའི་འཁོར་ལོ་སྦྱོང་བ་ནི་དེའི་རང་བཞིན་ཡོངས་སུ་ཤེས་པར་མཛད་པའོ། །གཙོ་བོ་ནི་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཏེ་དྲུག་པའོ། །ཁྱོད་ཞབས་པདྨ་ སྤངས་ནས་ནི། །ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་ཞབས་ཀྱི་པདྨ་ཡོངས་སུ་སྤངས་ནས་བདག་ལ་སྐྱབས་ནི་བརྟེན་པའི་གནས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བཀའ་དྲིན་གསོལ་ཅིག་པའོ། །སངས་རྒྱས་མཆོག་ཅེས་བྱ་བ་ནི་མི་བསྐྱོད་པའི་སྒོ་ནས་འབོད་པ་དང་། འགྲོ་བའི་དཔའ་བོ་ཞེས་བྱ་ བ་ནི་གསུང་གི་རྡོ་རྗེའི་སྒོ་ནས་འབོད་པ་དང་། ཐུབ་ཆེན་ཞེས་བྱ་བ་ནི་རྡོ་རྗེའི་སྒོ་ནས་འབོད་པའོ། །དེ་ལྟར་གསོལ་བ་བཏབ་པ་གསན་ནས་བླ་མའི་མཛད་པ་བཤད་པར་བྱ་བའི་ཕྱིར། དེ་ལྟར་འཇིགས་མེད་གསོལ་འདེབས་པའི། །ཚིགས་དག་ཐོས་པར་གྱུར་ནས་ནི། །སྙིང་རྗེ་སློབ་མ་ལ་བསྐྱེད་ དེ། །དེ་ནས་བདག་ལ་བྱིན་བརླབ་བརྩམ། །ཞེས་བྱ་བ་གསུངས་ཏེ། སློབ་མའི་ཚིག་དག་འཇིགས་མེད་ནི་གསོལ་བ་བཏབ་པ་ལ། མཁས་པའི་ཚིག་ཇི་ལྟ་བ་བཞིན་དུ་བསྟོད་པ་ལ་སོགས་པ་ལས་མ་འདས་པ་སྟེ། དེ་གསན་ནས་སློབ་མ་དེའི་སྟེང་དུ་ཐུགས་རྗེ་ཆེན་པོ་བསྐྱེད་ལ། བླ་མས་བདག་ལ་བྱིན་གྱིས་བརླབ་ པའི་རིམ་པ་དེ་ལ་བརྩམ་པ་ནི་བཤད་པར་བྱ་སྟེ་སྒྲ་ཇི་བཞིན་པའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་རིམ་ཞེས་པ། །ཀུན་རྫོབ་བདེན་པ་མཐོང་བ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །ཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་བྱ་བ་གསུངས་ཏེ། གང་ཞིག་སྣང་བ་ཉེ་བར་ཐོབ་ པ་ལ་སོགས་པའམ། ཅིག་ཅར་དུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཡེ་ཤེས་ཀྱི་སྐུ་འབྱུང་བ་དེའི་བདེན་པ་མཐོང་བ་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱི་ཉེ་བར་མཚོན་པ་གང་ཡིན་པ་དེ་ནི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བཤད་དོ། །དེ་ལ་སྒྱུ་མའི་དཔེ་བཅུ་གཉིས་དང་སྦྱར་བ་ནི་བཤད་པ་ བཞིན་དུ་ཤེས་པར་བྱའོ། །དེ་ཡང་རྩ་བ་སྒྱུ་མའི་དཔེ་ཡིན་ཏེ། ཉེ་བའི་སྒྱུ་མའི་དཔེ་དེ་དང་སྦྱར་བར་བྱའོ། །དེ་ཡང་གང་ཡིན་ཞེ་ན། སྐར་མ་དང་། རབ་རིབ་དང་། མར་མེ་དང་། སྒྱུ་མ་དང་། ཟིལ་པ་དང་། ཆུ་ཤིང་དང་། ཉི་མའི་འོད་ཟེར་དང་། དྲི་ཟའི་གྲོང་ཁྱེར་དང་། མགལ་མེའི་འཁོར་ལོ་དང་། གཙུབ་ཤིང་ལས་འབྱུང་བའི་མེ་དང་། མོ་གཤམ་གྱི་བུ་དང་། ནམ་མཁའི་མེ་ཏོག་སྟེ་དེ་རྣམས་དང་སྦྱར་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བསྟན་ཏོ། །དེ་ཡང་བླ་མའི་དྲིན་གྱིས་ཐོབ་པར་གྱུར་ཏེ་རང་བཟོ་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་རྡོ་རྗེ་སློབ་དཔོན་གྱི་གོ་བཟློག་པའམ། ཅིག་ཅར་གྱི་རིམ་པས་ དེ་ཁོ་ན་ཉིད་གསུམ་པ་མ་བསྟན་ན། དེའི་སློབ་མས་དེའི་རང་བཞིན་ཤེས་པ་མ་ཡིན་ཏེ། སྒྱུ་མའི་དཔེ་དང་གང་སྦྱར་བར་བྱའོ་ཞེས་བླ་མའི་མན་ངག་མེད་ན་དེ་ཡང་ཤེས་པར་མི་འགྱུར་རོ། །དེ་བས་དེའི་བསྙེན་བཀུར་ཁོ་ན་བྱའོ། །འདིར་ནི་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་རྗེས་སུ་སྨྲས་ནས། བདག་ ལ་བྱིན་གྱིས་བརླབ་པའི་རིམ་པ་མ་ཤེས་པ་ཤེས་པར་བྱའོ། །རིམ་པ་གསུམ་པ་མེད་ན་བསྟན་བཅོས་ལ་འབད་པ་དོན་མེད་པ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མི་འགྱུར་བ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། ། ཞེས་བྱ་བ་གསུངས་ཏེ། སྔར་བཤད་པའི་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་གང་གིས་བླ་མའི་ཞལ་ནས་མ་རྙེད་པ་དེའི་མདོ་སྡེ་ལ་བརྩོན་པ་ལ་འབད་པ་ནི་རྩོལ་བ་འབྲས་བུ་མེད་པར་འགྱུར་ཏེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མ་བྱས་པའི་ཕྱིར་རོ། །དེ་གང་གི་ཕྱིར་དངོས་པོ་འཛིན་པ་ལ་སྒོམ་ པ་འཁོར་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དགེ་བའམ་ནི་མི་དགེ་བ། །རྣམ་པར་རྟོག་དབྱེ་གང་ཡང་མེད། །མེ་ཡིས་སྲེག་པར་བྱེད་པ་ལ། །གཞི་ཡི་དབྱེ་བ་དབྱེ་ཡོད་མིན། །ཙནྡན་ལ་ཡང་འབར་བ་སྟེ། །རེག་ན་སྲེག་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཀྱི་དབྱིངས་ ཡོངས་སུ་ཞུས་པ་ལས་ཀྱང་། ཐུབ་པ་ཆེན་པོའི་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ལ། །གང་གི་དེ་ཉིད་མི་ཤེས་ན། །དེ་དག་ཐམས་ཅད་འབྲས་བུ་མེད། །ཅེས་བྱ་བ་གསུངས་སོ། །དེ་ཐོབ་ན་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། བདག་ལ་བྱིན་བརླབ་རིམ་ཐོབ་པའི། །གཙོ་བོ་སངས་རྒྱས་ རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་དུ་སངས་རྒྱས་ནི། །ཐེ་ཚོམ་མེད་པར་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ཐོབ་ནས། ཚེ་འདི་ཉིད་དུ་སངས་རྒྱས་ཐོབ་པར་འགྱུར་ཞེས་པ་ནི་ཚིག་གི་འབྲེལ་པའོ། །ཚེ་འདི་ཉིད་དུ་ནི་ཅིའི་ཕྱིར་ཞེ་ན། ཆོས་མཐོང་བ་ ལ་མྱ་ངན་འདས། །ཞེས་བྱ་བ་འབྱུང་བའི་ཕྱིར་རོ། །རིམ་པ་ཇི་ལྟ་བུ་ཞེ་ན། སངས་རྒྱས་ཀུན་བདག་ཉིད་ཅེས་པ་ནི། སེམས་ཅན་གྱི་མོས་པའི་དབང་གིས་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དང་། དེ་བཞིན་དུ་གཙོ་བོ་ནི་དྲུག་པ་སྟེ། རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ། །འདི་ཉིད་ཀྱི་རྒྱུ་དང་ འབྲས་བུའི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་ཏིང་འཛིན་དང་། །དེ་བཞིན་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་གྱིས། །བདེན་པ་གཉིས་སུ་བསྟན་པ་ཡིན། །ཞེས་བྱ་བ་གསུངས་ཏེ། འདིར་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོ་ན་སྒྱུ་མའི་ཏིང་ངེ་འཛིན་ ཏེ་དེ་ལ་རྒྱུ་དང་འབྲས་བུའི་བྱེ་བྲག་ཡོད་པ་རིགས་སོ། །དེ་ལ་སེམས་ཀྱི་འོད་གསལ་བ་ཡི་གནས། །རྒྱུ་དང་འབྲས་བུའི་ཁྱད་པར་བདག་ལ་བྱིན་གྱིས་བརླབ་པ་ནི་འབྲས་བུ་སྟེ་དེ་ལས་དེ་འབྱུང་བའི་ཕྱིར་རོ། །བདེན་པ་གཉིས་ཀྱང་འདི་ཉིད་ཡིན་ཏེ། གང་ཟག་དོན་དམ་པའི་བདེན་པ་ དང་ཀུན་རྫོབ་ཀྱི་བདེན་པའོ། །ཇི་སྐད་དུ། རྣམ་རྟོག་ཀུན་རྫོབ་བཤད་པ་སྟེ། །རྣམ་པར་རྟོག་པ་གཞན་བྱེད་གང་། །རྣམ་པར་རྟོག་པ་བཟློག་པ་གང་། །དེ་ཉིད་དོན་དམ་བཤད་པ་ཡིན། །ཞེས་བྱ་བ་འབྱུང་ངོ་། །དེ་བས་ན་འདིར་ཀུན་རྫོབ་ཀྱི་བདེན་པ་མཐོང་བ་སྒྱུ་མའི་ཏིང་ངེ་འཛིན་ཁོ་ན་རྣམ་པར་རྟོག་པ་ ཡིན་ནོ། །དེ་ནི་དབྱེ་བ་གཞན་གྱིས་རྒྱུ་དང་འབྲས་བུའི་བྱེ་བྲག་བཤད་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབ་བསྟན། །ཞེས་བྱ་བ་གསུངས་ཏེ། ཡང་ན་བདག་བྱིན་གྱིས་བརླབ་ པའི་རྒྱུ་དང་། རང་བཞིན་གྱི་འོད་གསལ་བ་འབྲས་བུ་སྟེ་དེའི་རིམ་གྱིས་དེ་རྟོགས་པའི་ཕྱིར་རོ། །རྒྱུད་འདི་ཉིད་ཀྱིས་དང་པོ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་བསྟན་པར་བྱའོ། །དེ་བས་ན་རིམ་པ་གསུམ་པ་ལ་ལྟོས་ནས་རིམ་པ་གཉིས་པ་རྒྱུ་སྟེ་གསུམ་པ་འབྲས་ བུའོ། །དེ་བཞིན་དུ་རིམ་པ་གསུམ་པ་རྒྱུ་སྟེ་བཞི་པ་འབྲས་བུའོ། །དེ་བས་ན་བདག་ལ་བྱིན་གྱིས་བརླབ་པ་ནི་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཉིད་ཡིན་ནོ། །འོད་གསལ་བ་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཉིད་ཡིན་ནོ་ཞེས་གྲུབ་པའི་མཐའོ། །འདིས་ནི་གང་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་ མ་ཡིན་ནོ་ཞེས་བསྟན་པ་སྟེ། དངོས་པོ་ཐམས་ཅད་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་བས་ན་གང་ཞིག་ལྟོས་པ་དེ་ཉིད་གཞན་དབང་ཡིན་པས་རང་བཞིན་མེད་པ་དེ་ཉིད་ཡིན་ནོ། །ད་ནི་འགྲོ་བ་སྒྱུ་མ་ལྟ་བུར་ཡོངས་སུ་མ་ཤེས་པ་དང་། དེའི་རྒྱུ་ཉིད་བཤད་པར་བྱ་བའི་ཕྱིར། འགྲོ་ཀུན་རང་དབང་མེད་པ་ སྟེ། རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡིས་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་བྱ་བ་གསུངས་ཏེ། འགྲོ་བ་འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཉིད་མ་ཤེས་པས་རྟེན་ཅིང་འབྲེལ་པ་ལས་སྐྱེ་བར་གྱུར་པ་སྟེ། དེ་ཉིད་རང་དབང་ནི་དེ་ལས་ལྡོག་པས་སྒྱུ་མ་ལ་སོགས་པའི་ རང་བཞིན་རྟོགས་ན་སྐྱེ་བར་མི་འགྱུར་ཏེ། གློ་བུར་གྱི་དྲི་མས་བཀག་པའི་ཕྱིར། འོ་ན་གློ་བུར་གྱི་དྲི་མ་གལ་ཏེ་རང་དབང་མ་ཡིན་པར་བྱེད་པས་ནུས་ན། དེའི་ཚེ་དེ་རྣམས་དེ་ལས་ཐ་དད་པའམ་ཐ་མི་དད་པ་ཡིན། གལ་ཏེ་ཐ་དད་ན་དེའི་ཚེ་འབྲས་བུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་རྒྱུ་འོད་གསལ་བ་ཐ་དད་པར་འགྱུར་རོ། ། དེ་ཡང་འདོད་པ་མ་ཡིན་ཏེ་དེའི་ཁྱབ་པ་ཉིད་ཉམས་པའི་ཕྱིར་རོ། །གལ་ཏེ་དེ་རྣམས་ཐ་མི་དད་པ་ན་དེའི་ཚེ་བདག་ཉིད་གཅིག་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུ་དག་དྲི་མ་དང་བཅས་པར་འགྱུར་རོ། །འདིར་སྨྲས་པ། ཐ་དད་པ་དང་ཐ་མི་དད་པ་དག་གིས་དྲི་མ་དེ་རྣམས་བརྗོད་དུ་མེད་པ་སྟེ། གང་གི་ཕྱིར་འོད་ གསལ་བ་དང་བདག་ལ་བྱིན་གྱིས་བརླབ་པ་དག་རང་བཞིན་ཡོངས་སུ་དག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ། །དྲི་མ་དེ་རྣམས་དེའི་རང་བཞིན་ཡིན་ན་ཡང་ལས་དང་འབྲས་བུའི་གཟུགས་སུ་སྣང་བའི་ཕྱིར་ཐ་མི་དད་པར་ཡང་བརྗོད་པར་མི་བྱའོ། །འོ་ན་དེ་ལྟར་ཡིན་ན་བཅིངས་པ་དང་གྲོལ་བའི་ཐ་སྙད་ཇི་ལྟར་ བྱ་ཞེ་ན། ཡོངས་སུ་མ་ཤེས་པ་དང་། དེ་ལས་གཞན་གྱིས་བྱས་པའོ་ཞེས་ཁོ་བོ་ཅག་སྨྲ་བ་ཡིན་ནོ། །དེ་ཡང་གང་ལས་འབྱུང་ཞེ་ན། སྨྲས་པ། རང་བཞིན་བསྐྱེད་པས་སྐྱེས་པ་རྨོངས་པས་ཕྲག་ལ་བཀལ་བའི་བུ་བརྗེད་པ་ལྟའོ། །དེ་བཞིན་དུ་འདྲ་བའི་ཕྱིར་འཁྲུལ་པ་འབྱུང་སྟེ་ཐག་པ་ལ་སྦྲུལ་གྱི་ བློ་ལྟ་བུའོ། །དེ་བས་ན་དཔེ་དེ་བཞིན་དུ། སྒྱུ་མ་ལྟ་བུའི་རང་བཞིན་གང་ཡིན་པ་དེ་ཉིད་དེ་ལས་གཞན་དུ་སྣང་བར་འགྱུར་ཏེ། དེའི་རྒྱུ་ནི་འོད་གསལ་བ་ཁོ་ན་ཡིན་པས་སྔར་བཤད་པ་བཞིན་དུ་ཐམས་ཅད་སྟོང་པ་ཞེས་བརྗོད་པ་ཡིན་ནོ། །ད་ནི་བཅིངས་པ་དང་གྲོལ་བའི་རང་བཞིན་བཤད་པར་བྱ་བའི་ཕྱིར་ སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིངས་འགྱུར་བས། །སེམས་དེ་ཉིད་ཀྱི་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་བྱ་བ་གསུངས་ཏེ། བྱིས་པ་ནི་སྒྱུ་མའི་རང་བཞིན་མ་ཤེས་པའི་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་རྣམས་འཁོར་བ་ནི་འགྲོ་བ་ རིགས་ལྔའི་རང་བཞིན་ལ་སེམས་གང་གིས་བཅིངས་པར་འགྱུར་བ་སེམས་དེ་ཉིད་ནི་སྒྱུ་མའི་རང་བཞིན་རྟོགས་པས་རྣལ་འབྱོར་པ་རྣམས་ཀྱི་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་གང་གི་ཕྱིར་རང་བཞིན་དང་སྣང་བའི་ངོ་བོ་འཁོར་བ་སྟེ། དེ་ཉིད་སྒྱུ་མ་ལྟ་བུ་ཡོངས་སུ་ཤེས་པའམ་དེའི་རྒྱུ་ཤེས་ པས་ཐར་པ་ཡིན་ནོ། །གལ་ཏེ་འདི་དག་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སྐྱེ་བ་དང་འཇིག་པ་དག་ཇི་ལྟར་སོ་སོར་སྣང་བ་ཡིན་ཞེ་ན་དེ་དག་སོ་སོར་སྣང་བ་མ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམས་གནས་ པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་གསུངས་ཏེ། གཙུབ་ཤིང་དང་། སྐྱེས་བུའི་ལག་ལ་སོགས་པའི་བྱ་བ་ལས་འབྱུང་བའི་མེ་ཡི་རྣམ་པར་དཔྱད་ན་གང་ལས་ཀྱང་འབྱུང་བ་མ་ཡིན་ཏེ། འོན་ཀྱང་རྒྱུ་རྐྱེན་དེ་རྣམས་ཚང་བས་སྐྱེ་བ་ལྟར་མཐོང་བ་ཡིན་ནོ། །གང་ཞིག་ཕུན་སུམ་ཚོགས་པ་ལས་འབྱུང་ བ་དེ་ནི་འབྱུང་བ་མ་ཡིན་ཏེ། ཇི་སྐད་དུ། དེ་དེ་རྟེན་ལས་གང་འབྱུང་བ། །དེ་ནི་དོན་དམ་འབྱུང་བ་མིན། །གང་ཞིག་རང་བཞིན་མ་བྱུང་བ། །དེ་ནི་འབྱུང་བ་ཇི་ལྟར་ཡིན། །ཞེས་བྱ་བ་གསུངས་ཏེ། འདིར་ནི་སྦྱོར་བ་འདི་ཡིན་ཏེ། དངོས་པོ་ཐམས་ཅད་ནི་ཆོས་ཐམས་ཅད་དང་། སྐྱེ་བ་དང་། འཇིག་པ་བྲལ་བ་ ནི་བསྒྲུབ་བྱ་དང་། རྟེན་ཅིང་འབྲེལ་བ་ལས་འབྱུང་བའི་ཕྱིར་རོ་ཞེས་གཏན་ཚིགས་སོ། །གང་དང་གང་རྟེན་ཅིང་འབྲེལ་བ་ལས་འབྱུང་བ་དེ་དང་དེ་སྐྱེ་བ་ལ་སོགས་པ་དང་བྲལ་བ་སྟེ་སྒྱུ་མའི་སྐྱེས་བུ་ལྟ་བུའོ། །མི་མཐུན་པའི་དཔེ་ནི་དེ་མེད་པ་ཁོ་ནའོ། །དེ་བས་སྐྱེ་བ་མེད་པའི་ཕྱིར་འཆི་བ་ཡང་ཡོད་པ་མ་ཡིན་ཏེ། མོ་གཤམ་བུ་ལ་ལྗང་གུ་དང་དཀར་པོ་ལ་སོགས་པ་ལྟ་བུའོ། །འོ་ན་དེ་ལྟར་ཡིན་ན། སྐྱེ་བ་དང་འཇིག་པ་ཇི་ལྟར་སྣང་བར་འགྱུར་ཞེ་ན། སྨྲས་པ། འཇིག་རྟེན་གྱི་ཀུན་རྫོབ་ཏུ་སྣང་བ་སྟེ་དོན་དམ་པར་ནི་མ་ཡིན་ནོ། །ཇི་སྐད་དུ། གནས་པ་སྐྱེ་བ་དེ་བཞིན་འཇིག་པ་དང་། །ཡོད་མེད་དམན་པ་འབྲིང་དང་ཁྱད་པར་ གང་། །འཇིག་རྟེན་ཐ་སྙད་དབང་དུ་སངས་རྒྱས་ཀྱིས། །གསུངས་ཏེ་དེ་ཉིད་དབང་དུ་ཡོད་པ་མིན། །ཞེས་བྱ་བ་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱིས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ། གང་ཞིག་སྐྱེ་བ་རྣམས་ནི་ཀུན་རྫོབ་བདེན་པའི་མིང་། །དེ་བཞིན་འཆི་བའི་མིང་ནི་དོན་དམ་བདེན་པ་ཉིད། །ཕྱོགས་ནི་དེ་དེ་ གཉིས་པོ་ཟུང་འཇུག་རྒྱུ་བ་ཉིད། །གང་གིས་བཅིངས་པ་ལས་ནི་གྲོལ་བར་འགྱུར། །ཞེས་བྱ་བ་འཕགས་པའི་ལྷས་ཀྱང་གསུངས་སོ། །དེ་བས་ན་འཁོར་བ་འདི་སེམས་ཀྱི་རང་བཞིན་རྣམས་གནས་པར་ཞེས་བྱ་བ་ནི་རང་བཞིན་དང་སྣང་བའི་ངོ་བོར་ཤེས་པར་བྱའོ། །དེ་ཉིད་ཀྱི་དབྱེ་བ་གཞན་བཤད་པར་བྱ་ བའི་ཕྱིར། རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །རང་བཞིན་རྒྱུར་གྱུར་སེམས་ལས་ནི། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །ཞེས་བྱ་བ་གསུངས་ཏེ། གང་ཞིག་རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་གྱི་སེམས་དེ་ནི་རླུང་གི་སྦྱོར་བ་མེད་ན་གཟུང་དུ་མེད་པ་ནི་དམིགས་པར་མི་འགྱུར་ ཏེ། རླུང་གི་ཤིང་རྟ་ལ་ཞོན་པ་ཁོ་ན་འདིས་ཡུལ་རྣམས་བཟུང་བར་བྱེད་པའོ། །སེམས་དེ་ཉིད་རང་བཞིན་བརྒྱ་དྲུག་ཅུའི་རྒྱུ་ཡིན་ཏེ། དེ་ལས་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོ་དག་ལས་སྐྱེ་བར་འགྱུར་བའོ། །ཇི་སྐད་དུ། རླུང་ནི་འདི་ཉིད་ཁམས་ཆེན་པོ། །རྣམ་པར་ཤེས་པ་ གསུམ་གྱིས་ཞོན། །དེ་ལ་རྟག་ཏུ་རང་བཞིན་རྣམས། །ཇི་ལྟར་བཤད་པར་འབྱུང་བར་འགྱུར། །ཞེས་བྱ་བ་རྡོ་རྗེ་ཕྲེང་བ་ལས་ཀྱང་གསུངས་སོ། །སེམས་དེ་ཉིད་སྒྱུ་མའི་སྐུ་ཡིན་ནོ་ཞེས་བཤད་པར་བྱ་བའི་ཕྱིར། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་ སུ་འབྱུང་། །སྒྱུ་མའི་སྐུ་ཞེས་དེ་ལ་བཤད། །ཅེས་བྱ་བ་གསུངས་ཏེ། སེམས་ལ་དམིགས་པའི་རིམ་པས་རང་བཞིན་དང་སྣང་བ་རྣམས་མི་སྣང་བར་བྱས་ན་ཡང་། འོན་ཀྱང་དཔེ་ཙམ་ལ་རྣལ་འབྱོར་པ་གནས་པ་ཡིན་ཏེ་རང་བཞིན་གྱིས་འོད་གསལ་བ་ནི་མ་ཡིན་ནོ། །དེ་བས་ན་རང་བཞིན་དང་སྣང་བ་དེ་ རྣམས་ཤིན་ཏུ་ཕྲ་བ་གང་ཡིན་པ་དེ་དང་ལྡན་པའི་སེམས་ཙམ་ལས། ཅིག་ཅར་རམ་གོ་བཟློག་པའི་རིམ་པ་ལས་འབྱུང་བའི་སྐུ་ནི་སྒྱུ་མའི་སྐུ་ཞེས་བཤད་པ་སྟེ། སྒྱུ་མའི་དཔེ་རྣམས་ཀྱིས་དེའི་དྲི་མ་རྣམས་རྣམ་པར་སྦྱང་བའི་ཕྱིར་རོ། །སློབ་དཔོན་ཟླ་བ་གྲགས་པས་ཀྱང་། །ཀུན་རྫོབ་བདེན་པ་མཐོང་བ་ནི། ། རིམ་པ་གསུམ་པ་དགྱེས་པ་ཡིན། །ཞེས་བྱ་བ་གསུངས་སོ། །མཉམ་པར་བཞག་པའི་རྣལ་འབྱོར་བཤད་ནས། །མཉམ་པར་མ་བཞག་པའི་རྣལ་འབྱོར་བཤད་པར་བྱ་བའི་ཕྱིར། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདི་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་ དེ་དང་འདྲ་བར་མཐོང་། །ཞེས་བྱ་བ་མདོར་བསྟན་པ་སྟེ་གོ་སླའོ། །གཟུགས་དང་ཚོར་བ་ཉིད་དང་ནི། །འདུ་ཤེས་དང་ནི་འདུ་བྱེད་རྣམས། །ལྔ་པ་རྣམ་པར་ཤེས་པ་དང་། །དེ་བཞིན་ཁམས་ནི་བཞི་པོ་དང་། །མིག་ལ་སོགས་པའི་ཡུལ་རྣམས་ཉིད། །ཤེས་པ་ལྔ་པོ་འདི་དག་སྟེ། །ཕྱི་དང་ནང་དུ་ རྣམ་ཕྱེ་བ། །ཐམས་ཅད་སྒྱུ་མ་ལས་གཞན་མིན། །ཞེས་བྱ་བ་གསུངས་ཏེ། སྒྱུ་མའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པས་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱི་བརྡར་བྱས་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་དག་པ་དང་བཅས་ པ་དེ་རྣམས་དང་། དེ་བཞིན་ནང་གི་ཡན་ལག་དང་། ཉིང་ལག་གི་རང་བཞིན་གྱི་ཁྲོ་བོ་དང་། དེའི་བཙུན་མོ་རྣམས་དང་། ཕྱི་ནང་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་གྱི་གཞིའི་དཀྱིལ་འཁོར་གང་ཡིན་པ་དེ་དག་ཐམས་ཅད་སྒྱུ་མའི་རང་བཞིན་དུ་མཐོང་བ་སྟེ། དེ་ལས་གཞན་མ་ཡིན་པ་ནི་རྟོག་པའི་རྣལ་འབྱོར་པ་ ལྟ་བུའོ། །དགོངས་པས་བཤད་པའི་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །སྒྱུ་མའི་དོན་གྱི་བྱ་བ་བྱེད་པ་སྟེ་དེ་དང་འདྲ་བའི་སྒྱུ་མའི་དཔེ་སྦྱར་བར་བྱ་བའི་ཕྱིར། །མེ་ལོང་ནང་གི་གཟུགས་བརྙན་གྱིས། །སྒྱུ་མའི་ལུས་འདི་ཤེས་པར་བྱ། །ཁ་དོག་རྣམས་ནི་གཞུ་ལྟ་བུ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་ བྱ་བ་གསུངས་སོ། །སྒྱུ་མའི་སྐུའི་རང་བཞིན་མེ་ལོང་གི་གཟུགས་ལྟ་བུ་སྟེ། སོ་སོར་སྣང་བ་ཡང་དེ་ཉིད་དང་གཞན་ཉིད་ལས་འདས་པའི་ཕྱིར་བརྗོད་དུ་མེད་པ་དང་། གཟུང་དུ་མི་ནུས་ཀྱང་གསལ་པོར་མཐོང་བ་ཡིན་ནོ། །དེ་བཞིན་དུ། ཁ་དོག་རྣམས་ནི་གཞན་ལྟ་བུ། །ཞེས་བྱ་བ་ནི་ནམ་མཁའ་ལ་ མཛེས་པར་འགྱུར་བའི་བརྒྱ་བྱིན་གྱི་གཞུ་གཟུང་དུ་མེད་ན་ཡང་དོན་གྱི་བྱ་བ་བྱེད་པ་སྟེ་དེ་དང་འདྲ་བའི་སྒྱུ་མའི་སྐུའི་ཁ་དོག་གི་ཁྱད་པར་སོ་སོར་སྣང་བ་ཡིན་ནོ། །ཁྱབ་པ་ཆུ་ཡི་ཟླ་བས་སོ། །ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གནས་པའི་ཟླ་བ་བུམ་པ་དང་། མཚོ་དང་། ཆུ་བོ་དང་། རྒྱ་མཚོ་ལ་སོགས་པར་ གཅིག་ཡིན་ན་ཡང་དུ་མར་སྣང་བ་དེ་བཞིན་དུ། སྒྱུ་མའི་སྐུ་སྣ་ཚོགས་པའི་དཀྱིལ་འཁོར་གྱི་བདག་པོ་དང་འཁོར་གྱི་གཟུགས་སུ་སྣང་བ་ཡིན་ཏེ་སྦས་པའི་དོན་ཏོ། །སླར་ཡང་དབྱེ་བ་གཞན་གྱིས་དེ་ཉིད་བཤད་པར་བྱ་བའི་ཕྱིར། དངོས་དང་དངོས་མེད་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་ བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབ་ཅེས་དེ་བཤད་དོ། །ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྣུམ་དང་ཐལ་བ་དག་ གི་དྲི་མ་མེད་པར་བྱེད་པའི་མེ་ལོང་ལ་བྲིས་སྐུའི་ནང་ན་གནས་པའི་རྡོ་རྗེ་སེམས་དཔའི་གཟུགས་བརྙན་དངོས་པོ་དངོས་པོ་མ་ཡིན་པ་གཉིས་ལས་བྲལ་བའི་སྣང་བ་དེ་བཞིན་དུ་སྟོབས་བཅུ་ལ་སོགས་པ་དང་ལྡན་པའི་སྒྱུ་མ་ལ་སོགས་པའི་སྐུ་སློབ་མ་བཟང་པོ་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་བླ་མས་གང་བསྟན་ པར་བྱ་བ་དེ་ནི་བདག་ལ་བྱིན་གྱིས་བརླབ་པ་ཞེས་བཤད་པ་ཡིན་ཏེ། ལྔ་པ་ཉན་པའི་རྒྱན་སློབ་མ་ལ་བཤད་པའི་སྙིང་པོ་ཅན་གྱི་སྤྲས་པའི་དོན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུའི་བདག་ལ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ངེས་པར་མཚོན་པ་སྟེ། ། ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །ཞེས་བྱ་བ་གསུངས་ཏེ། སྒྱུ་མར་བསྟན་པའི་མཚན་ཉིད་ནི་གང་ཞིག་སྒྱུ་མ་མཁན་ལ་སོགས་པས་བྱས་པའི་སྒྱུ་མ་སྟེ་དེ་ནི། འདི་ཉིད་ངེས་པར་མཚོན་པ་སྟེ། །ཞེས་བྱ་བ་ལ་ཡེ་ཤེས་ཀྱི་སྐུ་ཁོ་ན་འདི་ཉིད་ཡིན་ཏེ། གཞན་རྟོག་པ་ དང་བཅས་པའི་ཕྱིར་སྔགས་ཀྱི་སྐུ་ལྟ་བུ་མ་ཡིན་ནོ། །ཀུན་རྫོབ་ནི་རྣམ་པའི་མཚན་ཉིད་དེ། དེ་ལ་ཡང་སྒྱུ་མ་ཁོ་ན་བདེན་པ་ཡིན་ཏེ། སྐད་ཅིག་མ་ཉིད་ལ་སོགས་པ་ནི་མ་ཡིན་ནོ། །འདིར་སྦྱོར་བ་ནི་འདི་ཡིན་ཏེ། གང་དང་གང་ཉམས་སུ་མྱོང་བ་དེ་དང་དེ་ནི་བརྫུན་ཡིན་ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ ལྟ་བུའོ། །དེ་མེད་པ་མི་མཐུན་གྱི་དཔེ་ཡིན་ནོ། །གཏན་ཚིགས་འདི་ཡང་མ་གྲུབ་པ་ནི་མ་ཡིན་ཏེ། དངོས་པོ་ཐམས་ཅད་ཉམས་སུ་མྱོང་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། སྒྱུ་མའི་གླང་པོ་ལ་དེ་ཡོད་པའི་ཕྱིར་རོ། །མ་ངེས་པ་མ་ཡིན་ཏེ་དེ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །གཏན་ཚིགས་དེ་བས་ན་སངས་རྒྱས་ རྣམས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་སྒྱུ་མ་ལྟ་བུ་ཡིན་པས་བརྫུན་པའི་གཟུགས་ཡིན་ནོ། །གཙོ་བོའི་སྒོ་ནས་སངས་རྒྱས་རྣམས་ཆོས་ཀྱི་སྐུའི་བདག་ཉིད་ཡིན་ཏེ། སེམས་ཅན་རྣམས་ལ་བསོད་ནམས་ཀྱི་དབང་གིས་སྐུ་གཉིས་པོ་སྣང་བ་ཡིན་ནོ། །དེ་ཡང་རིགས་པ་ཡིན་ཏེ་ཀུན་རྫོབ་ནི་དོན་དམ་པ་སྤངས་ནས་ སྣང་བར་མི་འགྱུར་བ་དང་། དོན་དམ་པ་ཡང་དེ་སྤངས་ནས་མི་སྣང་བའི་ཕྱིར་རོ། །དེ་ནི་སྦས་པའི་དོན་ཏོ། །དཔེ་གཞན་ཡང་སྦྱར་བར་བྱ་བའི་ཕྱིར། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་འང་བདག་ཉིད་དེ། །དེ་བས་བདག་ཉིད་མཆོད་ལ་འཇུག །ཅེས་བྱ་བ་གསུངས་ ཏེ། སེམས་ཀྱི་རང་བཞིན་གྱི་སྐུ་ཡིན་པས་དེ་ཉིད་དྲི་ཟའི་སེམས་ཅན་ནི་སྲིད་པ་བར་མདོའི་ཡིན་ནོ། །འདིས་ནི་ཆོས་མཐོང་བ་ལ་མྱ་ངན་ལས་འདས་པ་རབ་ཏུ་བསྟན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེའི་སྐུ་ནི་འོག་ནས་བཤད་པར་འགྱུར་བ་ཟུང་འཇུག་གི་རིམ་པས་བསྟན་པར་བྱ་བ་གང་ཡིན་པ་དེ་ཡང་ བདག་ལ་བྱིན་གྱིས་བརླབ་པ་འདྲ་བ་སྟེ་སྒྱུ་མའི་དྲི་མ་རྣམས་དག་པ་ཡང་ཅིག་ཅར་དུ་འབྱུང་བས་དེ་དང་འདྲ་བའི་ཕྱིར་རོ། །དེ་བས་ན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་ཁོ་ན་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེའི་བདག་ཉིད་མཆོད་ན་སངས་རྒྱས་ཐམས་ཅད་མཆོད་པར་འགྱུར་ཏེ། སྒྲ་ཇི་བཞིན་ པའི་སྙིང་པོ་ཅན་གྱིས་སྤྲས་པའི་དོན་ཏོ། །མཆོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། བདག་ཉིད་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཉིད། །དེ་བས་ཀུན་ནས་འབད་པ་ཡིས། །བདག་ཉིད་རྟག་ཏུ་མཆོད་པར་བྱ། །ཞེས་བྱ་བ་གསུངས་ཏེ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་རྣལ་འབྱོར་པས་མཆོད་པར་བྱ་བ་རིགས་པ་ཁོ་ན་ཡིན་ནོ། །མཆོད་པ་དེ་ཡང་སོ་སོར་སྡུད་པ་དང་། བསམ་གཏན་དག་གིས་བྱ་བ་དང་། རིམ་པ་གཞན་གྱིས་བྱ་བས་ནི་མ་ཡིན་ནོ། །དེ་ནི་སྒྲ་ཇི་བཞིན་པའོ། །ལས་ཀྱི་ཚོགས་བྱེད་པའི་དུས་སུ་ཡང་སྒྱུ་མ་ དེ་ཉིད་ལ་མོས་པར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། སྔགས་དང་ཕྱག་རྒྱའི་སྦྱོར་བ་དང་། །དཀྱིལ་འཁོར་ལ་སོགས་རྣམ་རྟོག་དང་། །སྦྱིན་སྲེག་གཏོར་མ་ལ་སོགས་ཀུན། །རྟག་ཏུ་སྒྱུ་མ་བཞིན་དུ་བྱ། །ཞེས་བྱ་བ་གསུངས་ཏེ། སྔགས་ནི་སྦྲུལ་ལ་སོགས་པ་དང་། ཕྱག་རྒྱ་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་ ནང་ནས་གསུང་བའི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་སྟེ། དེའི་སྦྱོར་བ་ནི་དེ་རྣམས་སྨྲ་བ་དང་བཅིངས་པའོ། །དེ་བཞིན་དུ་དཀྱིལ་འཁོར་ལ་སོགས་པ་ནི་སྦྱང་བ་ནས་བརྩམས་ཏེ། དཀྱིལ་འཁོར་རྫོགས་པ་གང་ཡིན་པ་དེ་ནི་རྣམ་རྟོག་གིས་འདྲི་བ་ལ་སོགས་པའོ། །དེ་བཞིན་དུ་སྦྱིན་སྲེག་ནི་ཞི་བ་ལ་སོགས་ པའི་ལས་འགྲུབ་པར་བྱེད་པ་དང་། གཏོར་མ་ནི་འབྱུང་པོ་ཐམས་ཅད་ལ་སོགས་པའི་གཏོར་མ་སྟེ་དེ་རྣམས་ཐམས་ཅད་སྒྱུ་མ་བཞིན་དུ་བྱ་བ་ཡིན་ནོ། །དེ་གང་གི་ཕྱིར་བསྒྲུབ་བྱ་དང་། སྒྲུབ་པར་བྱེད་པ་དང་། སྒྲུབ་པ་རྣམས་ཀྱང་སྒྱུ་མ་ལྟ་བུར་མོས་པའི་ཕྱིར་རོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། ། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་མངོན་སྤྱོད་དང་། །དགུག་སོགས་གང་ཅིའང་རུང་བ་ཀུན། །དབང་པོའི་གཞུ་དང་མཚུངས་པར་བྱ། །ཞེས་གསུངས་ཏེ། ཞི་བ་ལ་སོགས་པའི་ལས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་བཞི་ཤར་བའི་དུས་སུ་ནང་གི་དུས་ལ་བརྟེན་ཏེ་གཡས་ལ་སོགས་པའི་སྒོ་ནས་ཁ་ དོག་དམར་པོ་ལ་སོགས་པའི་འོད་ཟེར་སྤྲོས་ལ། ཀུན་རྫོབ་ཀྱི་སྣའི་རྩེ་མོར་ཐུན་ཕྱེད་ཀྱི་དུས་ཀྱི་བར་དུ་དེ་འཛིན་པ་ཡིན་པ་དེ་ཡང་རྣལ་འབྱོར་པས་དབང་པོའི་གཞུ་དང་འདྲ་བར་བྱས་ཏེ་ཁ་དོག་འདྲ་བའི་ཕྱིར། དེས་ནི་དགོངས་པའི་བཤད་པ་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །གཞན་ཡང་། སྒེག་པ་ལ་སོགས་ ལོངས་སྤྱོད་དང་། །གླུ་དང་རོལ་མོ་སོགས་བརྟེན་དང་། །སྒྱུ་རྩལ་རྣམས་ལ་རབ་འཇུག་པ། །ཆུ་ཟླ་དག་དང་མཚུངས་པར་བྱ། །ཞེས་བྱ་བ་གསུངས་ཏེ། སྒེག་པ་ལ་སོགས་པ་ནི་གར་གྱི་ཉམས་དགུ་སྟེ་ཕྱག་རྒྱ་མ་དང་སྦྱོར་བ་དང་དུར་ཁྲོད་ལ་སོགས་པར་གནས་པ་དང་། བདུད་རྩི་མྱང་བ་དང་། རོ་ལངས་པའི་ཆོ་ག་ དང་། སྣ་ཚོགས་པའི་ཕྱག་མཚན་འཛིན་པ་དང་ལས་དྲག་པོ་ལ་སྤྱོད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ཆེན་པོ་ལས་བཏོན་པ་དང་། འཇིག་རྟེན་དང་འགལ་བའི་དམ་ཚིག་ཆེན་པོ་ལྔས་བྱང་ཆུབ་སྒྲུབ་པ་དང་། འོད་གསལ་བ་མངོན་དུ་བྱེད་པའི་མཚན་ཉིད་དེ། དེ་རྣམས་ཀྱི་སྤྱོད་པ་དང་། རྡོ་རྗེ་གླུ་ ནི་རྣམ་པ་གསུམ་གྱི་རྡོ་རྗེའི་གླུ་དང་། རོལ་མོ་ནི་པི་ཝང་ལ་སོགས་པ་བཞི་སྟེ་དེ་ལ་བརྟེན་པ་དང་། དེ་བཞིན་དུ་སྒྱུ་རྩལ་ནི་འདོད་པའི་བསྟན་བཅོས་ལས་བཤད་པའི་འཁྱུད་པ་དང་འོ་བྱེད་པ་ལ་སོགས་པ་དྲུག་ཅུ་རྩ་བཞི་གང་ཡིན་པ་དེའམ། འཇིག་རྟེན་ལ་གྲགས་པའི་བཟོ་བོ་རྣམས་ཀྱིས་སྒྱུ་རྩལ་དྲུག་ཅུ་རྩ་བཞི་གང་ ཡིན་པ་དེ་ལ་འཇུག་པ་ཡང་། ཆུ་ཟླ་དག་དང་མཚུངས་པར་བྱ། །ཞེས་པ་ནི་སྒྱུ་མའི་ཏིང་ངེ་འཛིན་གཅིག་པུ་རྣམ་པ་དུ་མར་སྣང་བའི་ཕྱིར་རོ། །དེ་ནི་སྒྲ་ཇི་བཞིན་པ་སྔོན་དུ་འགྲོ་བའི་སྦས་པའི་དོན་ཏོ། །ད་ནི་སོ་སོར་སྡུད་པའི་ཡན་ལག་བཤད་པར་བྱ་བའི་ཕྱིར། གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དག་ལ། ། མིག་ལ་སོགས་པ་འཇུག་འགྱུར་བ། །སྒྱུ་མ་ལྟ་བུར་བྱ་བར་བརྟག །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཡུལ་གྱི་ཚོགས་ལ་མིག་ལ་སོགས་པ་འཇུག་པ་དང་པོར་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་རྣམས་སྒྱུ་མ་ལྟ་བུར་རྣམ་པར་བརྟག་པར་བྱའོ། །གལ་ཏེ་དེ་རྣམས་རྟོག་མེད་ཡིན་ན་ཡང་འོན་ཀྱང་ རང་བཞིན་གྱི་རྟོག་པ་ལ་ལྟོས་ཏེ་འདི་ལྟར་གསུངས་སོ། །གཞན་ཡང་བཤད་པར་བྱ་བའི་ཕྱིར། །རྡོ་རྗེ་ཐེག་པ་དེ་ཉིད་དུ། །འདིར་ནི་མང་དུ་བཤད་མི་དགོས། །རྣལ་འབྱོར་པས་ནི་གང་གང་དམིགས། །དེ་དེ་སྒྱུ་མ་བཞིན་དུ་བརྟག །ཅེས་བྱ་བ་གསུངས་ཏེ་རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་ སོགས་པའི་རྣལ་འབྱོར་པས་གང་དང་གང་སེམས་ཅན་གྱི་དོན་དུ་དམིགས་པ་དེ་དང་དེའི་སྒྱུ་མའི་རང་བཞིན་དུ་ཤེས་པར་བྱའོ། །གཞན་ཡང་རྣམ་པ་གཞན་གྱིས་བཤད་པར་བྱ་བའི་ཕྱིར། མེ་ལོང་དག་གི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མི་འཕྲུལ་མཚུངས་པར་གང་གིས་མཐོང་། །དེ་ནི་གཙོ་བོ་ ཡིན་པར་བཤད། །ཅེས་བྱ་བ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་མེ་ལོང་གི་གཟུགས་བརྙན་ལ་སོགས་པ་རིམ་པ་བཞིན་དུ་ཤེས་པར་བྱའོ། །ཁྱད་པར་བཤད་པར་བྱ་བའི་ཕྱིར། །མཐོང་བ་དང་ནི་རེག་པ་ཉིད། །འགྲོ་བ་སྒྱུ་མ་ཇི་བཞིན་ཏེ། །དམིགས་མེད་ཀུན་རྫོབ་དག་ཏུ་ནི། །སྒྱུ་མ་ལྟ་བུར་ རབ་ཏུ་བཤད། །ཅེས་བྱ་བ་གསུངས་ཏེ། འགྲོ་བས་ན་འགྲོ་བ་སྟེ་དབང་པོའི་ཚོགས་སོ། །དེའི་གཟུགས་ལ་སོགས་པ་གང་ཞིག་མཐོང་བ་དང་། ཇི་སྲིད་རེག་པ་དེ་རྣམས་ཐམས་ཅད་སྒྱུ་མ་བཞིན་དུ་བརྟག་པར་བྱའོ། །སྒྱུ་མའི་དོན་དུ་བཤད་པར་བྱ་བའི་ཕྱིར། དམིགས་མེད་ཀུན་རྫོབ་དག་ཏུ་ནི། །ཞེས་བྱ་བ་ གསུངས་ཏེ། གང་ཞིག་ཀུན་རྫོབ་ནི་རྫས་ཀྱི་ངོ་བོའམ། གཟུང་བ་དང་འཛིན་པའི་གཟུགས་སུ་དམིགས་པ་དེ་ཉིད་དམིགས་པར་མི་འགྱུར་ཏེ། སྒྱུ་མ་ལྟ་བུར་རབ་ཏུ་བཤད། །ཅེས་བྱ་བ་ནི་རྒྱལ་བ་རྣམས་ཀྱིས་དེ་དག་སྒྱུ་མ་ལྟ་བུར་གསུངས་པ་ཡིན་ནོ། །སོ་སོར་སྡུད་པའི་རིམ་པས་ཀྱང་དེ་ཉིད་བཤད་པར་ བྱ་བའི་ཕྱིར། དབང་པོ་གང་དང་གང་ལམ་གྱུར། །འགྲོ་བ་དེ་དག་རང་བཞིན་དུ། །མཉམ་པར་མ་བཞག་སྦྱོར་བ་ཡིས། །སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་བྱ་བ་གསུངས་ཏེ། དབང་པོ་རྣམས་ལམ་གང་ལ་ཡོད་པ་དེ་ནི་དབང་པོའི་ལམ་སྟེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་འཇུག་གོ། ། དེ་རྣམས་ཀྱིས་རང་གི་ཡུལ་གཟུང་བ་སྔོན་དུ་འགྲོ་བ་ངེས་པ་དེ་ནི་དབང་པོའི་ལམ་གྱུར་ཏེ། གཟུགས་ལ་སོགས་པ་གང་དང་གང་ལ་འགྲོ་བ་ནི་དེ་རྣམས་གཟུང་བའམ། ངེས་པར་བྱེད་པ་དེ་དང་དེ་དག་བཞིན་དུ་ནི་སྒྱུ་མའི་རང་བཞིན་དུ། སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་པ་ནི་དེ་བཞིན་གཤེགས་པ་ཀུན་ གྱི་རང་བཞིན་དུ་བསམ་གཏན་གྱིས་གཟུང་བར་བྱ་སྟེ་ངག་གི་ལྷག་མའོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། མཉམ་པར་མ་བཞག་སྦྱོར་བ་ཡིས། །ཞེས་པ་ནི་ལྡང་བའི་ཏིང་ངེ་འཛིན་གྱིས་སོ། །དེ་ཡང་གང་གི་ཕྱིར་སྒྱུ་མ་ལྟ་བུ་ཉིད་ནི་མཉམ་པར་གཞག་པ་དང་མཉམ་པར་མ་བཞག་པའི་རྣལ་འབྱོར་དག་ལ་འདྲ་ བ་ཡིན་ནོ་ཞེས་དགོངས་པའོ། །དེ་ནི་སྦས་པའི་དོན་ཏོ། །སངས་རྒྱས་ཀུན་གྱི་བདག་ཉིད་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཁོ་ན་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཀུན་དུ་ཀུན་ནས་ཐམས་ཅད་དང་། །བདག་ཉིད་རྟག་ཏུ་རྣམ་པ་ཀུན། །སངས་རྒྱས་ཀུན་བདག་དངོས་གྲུབ་ནི། །རང་ཉིད་ཀྱིས་ནི་དེ་མཐོང་འགྱུར། ། ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་པ་དེའི་རང་གི་བདག་ཉིད་སངས་རྒྱས་ཀུན་བདག་ནི་ཕུང་པོ་ལྔའི་རང་བཞིན་གྱི་སངས་རྒྱས་ཀྱི་ངོ་བོ་སྒྱུ་མ་ལྟ་བུ་མཐོང་བ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དངོས་གྲུབ་ནི་ཅིག་ཅར་རམ་གོ་བཟློག་པའི་རིམ་པས་གྲུབ་པ་སྟེ། རྣལ་འབྱོར་བཞི་ལ་སོགས་པའི་རིམ་པས་གྲུབ་པ་ནི་ མ་ཡིན་ནོ། །ཡང་ན་དངོས་གྲུབ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ་དེ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྱུ་མའི་སྐུ་དེ་གང་དུ་མཐོང་ཞེ་ན། ཀུན་དུ་ཞེས་བྱ་བ་ནི་ཁྱིམ་མམ་དགོན་པ་ལའོ། །ཀུན་ནས་ཞེས་པ་ནི་ཕྱོགས་ཐམས་ཅད་དུའོ། །ཐམས་ཅད་དང་ཞེས་པ་ནི་འཇིག་རྟེན་ གསུམ་གྱི་རང་བཞིན་ནོ། །བདག་ཉིད་ནི་བདག་རང་གིས་སོ། །རྟག་ཏུ་ཞེས་པ་ནི་འདས་པ་ལ་སོགས་པའི་དུས་ཐམས་ཅད་དུའོ། །རྣམ་པ་ཀུན་ནི་འདིར་མ་བཤད་པ་ཀུན་གྱི་ཡང་རང་བཞིན་ནོ། །འདིས་ནི་རྗེས་སུ་དྲན་པའི་ཡན་ལག་ཀྱང་བཤད་པ་ཡིན་ཏེ་སྦས་པའི་དོན་ཏོ། །སྤྱོད་ལམ་བཞི་ལ་སྒྱུ་མའི་ ཏིང་ངེ་འཛིན་བཤད་པར་བྱ་བའི་ཕྱིར། གཙོ་བོ་བདེ་བ་ཀུན་རང་བཞིན། །སེམས་དཔའ་ཆེན་པོ་འགྲོ་དང་བཞུགས། །གནས་དང་ཟས་དང་གོས་ལ་སོགས། །མཁའ་ལས་སྐད་ཅིག་དག་གིས་རྙེད། །ཅེས་བྱ་བ་གསུངས་ཏེ་འགྲོ་བ་ལ་སོགས་པའི་སྤྱོད་ལམ་ལ་འཇུག་པའི་རྣལ་འབྱོར་པས། བདེ་ བ་ཀུན་རང་བཞིན་ནི་འོད་གསལ་བ་ལས་གཡོ་བར་མི་འགྱུར་བ་དང་། གཙོ་བོ་ནི་སྒྱུ་མའི་རང་བཞིན་ཡིན་པའི་ཕྱིར་ཏེ། དེའི་གནས་ལ་སོགས་པ་ནམ་མཁའ་ལས་རྙེད་པ་ནི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་གནས་པའི་ཕྱིར་རོ། །ཡང་ན་ནམ་མཁའ་ནི་ཐམས་ཅད་སྟོང་པའི་གོ་འཕང་སྟེ་དེ་ཉིད་ ལས་གནས་ལ་སོགས་པ་རྙེད་པར་འགྱུར་རོ། །དེ་གང་གི་ཕྱིར་འཇིག་རྟེན་གྱི་དངོས་གྲུབ་རྣམས་ནི་ཤུགས་ཀྱིས་འབྱུང་བ་ཡིན་ཏེ། འོད་གསལ་བ་རྟོགས་པས་དེ་མངོན་དུ་བྱས་ན་དེ་རྣམས་རང་བཞིན་དུ་འབྱུང་བའི་ཕྱིར་རོ། །ད་ནི་སྒྲ་ཇི་བཞིན་པའི་སྙིང་པོ་ཅན་གྱི་སྦས་པའི་དོན་ཏོ། །སྒྱུ་ མའི་ཏིང་ངེ་འཛིན་ནི་གྲུབ་པའི་རྣལ་འབྱོར་པས་སེམས་ཅན་གྱི་དོན་བཤད་པར་བྱ་བའི་ཕྱིར། སྲིད་པ་གཅོད་པར་འགྱུར་བ་དང་། །འགྲོ་ན་རབ་མཆོག་སྟོན་པར་འགྱུར། །ལྷ་དང་བཅས་པ་ཀུན་གྱིས་མཆོད། །ཡང་དང་ཡང་དུ་ཕྱག་བྱེད་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་ ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་བརྒྱ་བྱིན་ལ་སོགས་པའི་ལྷ་ཐམས་ཅད་ཀྱི་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཡང་དང་ཡང་དུ་མཆོད་པར་འགྱུར་རོ། །འདིས་ནི་ལྷ་ཀུན་གྱིས་ཕྱག་འཚལ་བ་དང་མཆོད་པར་འགྱུར་རོ་ཞེས་བསྟན་པས་མི་ལ་སོགས་པ་གཞན་སྨོས་ཅི་དགོས་ཞེས་དོན་བཤད་པ་ ཡིན་ནོ། །དེ་ཉིད་ཀྱི་ཕྱིར། སྲིད་པ་གཅོད་པ་ནི་རང་བཞིན་སྣང་བའི་མཚན་ཉིད་ཅན་གྱི་འཁོར་བའི་རང་བཞིན་ཤེས་པའོ། །འགྲོ་ན་རབ་མཆོག་སྟོན་པར་འགྱུར། །ཞེས་པ་ནི་འགྲོ་བའི་ནང་ན་རབ་མཆོག་ཁྱབ་འཇུག་དང་ལྷ་ཆེན་པོ་ལ་སོགས་པ་སྟེ་དེ་རྣམས་ཀྱི་སྟོན་པར་གྱུར་ན་ནི་མི་ལ་སོགས་པ་ སྨོས་ཅི་དགོས། འདིས་ནི་འདི་བཤད་པ་ཡིན་ཏེ། ཡེ་ཤེས་གསུམ་མཐོང་བ་དང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ས་བཅུའི་དབང་ཕྱུག་བྱང་ཆུབ་སེམས་དཔའ་ཡིན་ཏེ་ལྷ་རྣམས་ཀྱིས་སྟོན་པ་ཉིད་དུ་མཆོད་པར་འགྱུར་རོ། །དེ་ནི་སྦས་པའི་དོན་ཏོ། །དོན་འདི་ཉིད་རྒྱས་ པར་བཤད་པར་བྱ་བའི་ཕྱིར། ཇི་ལྟར་སྟོན་པ་རྫོགས་སངས་རྒྱས། །འཇིག་རྟེན་ཕན་པར་བཞེད་པར་གཤེགས། །དེ་བཞིན་རྣལ་འབྱོར་ཆེན་པོ་ནི། །སྣ་ཚོགས་ཡེ་ཤེས་རྗེས་སུ་སྡུད། །ཅེས་བྱ་བ་གསུངས་ཏེ། ཇི་ལྟར་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཆོས་སྟོན་པ་དེ་བཞིན་དུ་རྣལ་ འབྱོར་པ་འདི་ཡང་སེམས་ཅན་ལ་ཕན་པར་འདོད་པ་ཡིན་ནོ། །རྒྱུ་གང་གིས་ཤེ་ན། སྣ་ཚོགས་ཡེ་ཤེས་ནི་སེམས་ལ་དམིགས་པའི་མཚན་ཉིད་དེ། དེའི་རྗེས་སུ་བསྡུ་བས་ན་རྗེས་སུ་བསྡུ་བ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ། དེས་སེམས་ཅན་གྱི་དོན་བྱ་བ་སྟེ་སྦས་པའི་དོན་ཏོ། །ཏིང་ངེ་འཛིན་འདི་ལ་གནས་པས་ ཐམས་ཅད་གྲུབ་པ་ཡིན་ནོ་ཞེས་བཤད་པའི་ཕྱིར། རྡོ་རྗེ་སེམས་དཔའ་མཚོན་པས་ན། །བསྒྲུབ་པར་མི་བྱ་ཅི་ཡང་མེད། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །རང་ཉིད་རྗེས་སུ་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ནི་སྒྱུ་མའི་སྐུའི་རྣལ་འབྱོར་པས་བསྒྲུབ་པར་མི་བྱ་བ་གང་ཡང་མེད་པའོ། །དེ་ གང་གི་ཕྱིར་གལ་ཏེ། ཏིང་ངེ་འཛིན་འདིས་དེ་དག་མཚོན་པར་འགྱུར་ན་དེའི་ཚེ་འགལ་བའམ་མི་འགལ་བའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །རྒྱུ་འདི་ཉིད་ཀྱིས་ཕྱག་རྒྱ་ཆེན་པོ་ནི་ཁམས་གསུམ་ལ་གནས་པའི་བུད་མེད་རྣམས་སོ། །བདེ་ཆེན་ནི་བདེ་བ་ཆེན་པོ་གསལ་བར་བྱེད་པ་ དེ་དག་རང་ཉིད་རྗེས་སུ་འགྲུབ་པ་ནི་འབད་པ་མེད་པས་བསྒྲུབ་པར་འགྱུར་ཏེ་དབང་དུ་འགྱུར་རོ་ཞེས་པའི་དོན་ཏོ། །ཇི་སྐད་དུ། རི་རབ་སུམ་ཅུ་རྩ་དྲུག་གི །ཇི་སྲིད་རྡུལ་ནི་ཕྲ་རབ་རྣམས། །ཡོན་ཏན་ཀུན་གྱི་གནས་གྱུར་པ། །དེ་ཡི་བུད་མེད་དེ་སྲིད་འགྱུར། །ཞེས་བྱ་བ་རྩ་བའི་རྒྱུད་ལས་གསུངས་ཏེ་སྦས་པའི་ དོན་ཏོ། །དེའི་མན་ངག་ནི་རྒྱུད་ཀྱི་ཡན་ལག་གོ། །བདག་ལ་བྱིན་གྱིས་བརླབ་པ་ནི་ཐམས་ཅད་ཁྱབ་བྱེད་བཤད་པར་བྱ་བའི་ཕྱིར། ལས་དང་ཉོན་མོངས་ལམ་ཅན་ལུས། །བྱེད་པ་པོ་དང་འབྲས་བུ་ཉིད། །སྨིག་རྒྱུ་སྒྱུ་མ་ལྟ་བུ་དང་། །དྲི་ཟའི་གྲོང་ཁྱེར་དག་དང་མཚུངས། །ཞེས་བྱ་བ་གསུངས་ཏེ། དེ་ལ་ སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་བཅུ་དང་། དེ་ལྡོག་པས་དགེ་བའི་ལས་ཀྱི་ལམ་བཅུའོ། །ཉོན་མོངས་ནི་འདོད་ཆགས་ལ་སོགས་པ་དྲུག་སྟེ། དེ་དག་ཉིད་ལྟ་བ་དྲུག་ཅུ་རྩ་གཉིས་དང་། རང་བཞིན་བརྒྱ་དྲུག་ཅུ་ཡིན་ནོ། །དེ་བཞིན་དུ། ལུས་ནི་གཟུགས་ཀྱི་ཕུང་པོ་དང་། །བྱེད་པ་པོ་ནི་ རང་རང་གི་བྱ་བ་བྱེད་པའི་ཚོར་བ་ལ་སོགས་པ་དང་འབྲས་བུ་ནི་ལས་རྣམས་ཀྱི་འབྲས་བུ་སྟེ་བདེ་འགྲོ་དང་ངན་འགྲོའི་མཚན་ཉིད་གང་ཡིན་པ་དེ་དག་ཐམས་ཅད་སྨིག་རྒྱུ་ལ་སོགས་པ་ལྟ་བུར་ཤེས་པར་བྱ་སྟེ་སྦས་པའི་དོན་ཏོ། །ཏིང་ངེ་འཛིན་འདི་ལས་བཟློག་ན་སྐྱོན་གང་འབྱུང་བ་དེ་བཤད་པར་བྱ་བའི་ཕྱིར། འདི་འདྲའི་ཏིང་འཛིན་མི་ཤེས་པས། །ཀུན་རྫོབ་ལ་ནི་ཉེར་དམིགས་ཏེ། །ནད་ནི་སྣ་ཚོགས་སྐྱེས་པ་རྣམས། །དེ་དག་སྒྱུ་མའི་རྣམ་འཕྲུལ་ལོ། །ཞེས་བྱ་བ་གསུངས་ཏེ། ཏིང་ངེ་འཛིན་འདི་ནི་སྒྱུ་མ་ལྟ་བུ་སྟེ་དེ་མི་ཤེས་པས། ཀུན་རྫོབ་ལ་ནི་ཉེར་དམིགས་ཏེ། །ཞེས་པ་ནི་ཀུན་རྫོབ་རྫས་སུ་ཤེས་པས་དེ་ལ་ དམིགས་ན་དེ་རྣམ་པ་སྣ་ཚོགས་པའི་ནད་སྐྱེ་བ་ནི་ལྟ་བ་ངན་པ་འབྱུང་བར་འགྱུར་རོ། །དེ་གང་གི་ཕྱིར་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་རང་གི་དངོས་པོ་ཡིན་ཏེ། རྟེན་ཅིང་འབྲེལ་པ་ལས་འབྱུང་བ་སོ་སོར་སྣང་བའི་ཕྱིར་རོ། །དེ་བས་ན་གང་དང་གང་སོ་སོར་སྣང་བ་དེ་དང་དེ་སྒྱུ་མ་ཁོ་ན་ ཏེ། སྒྱུ་མ་མཁན་གྱིས་སྤྲུལ་པའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །ཕུང་པོ་ལ་སོགས་པ་འདི་རྣམས་ཀྱང་སོ་སོར་སྣང་བ་སྟེ། དེ་བས་ན་དེ་དག་སྒྱུ་མ་ལྟ་བུ་ཡིན་ཏེ་རང་བཞིན་གྱི་གཏན་ཚིགས་སོ། །དེ་བས་ན་གང་ཞིག་ཕྱིའི་དོན་སྨྲ་བ་རྣམས་སམ། རྣམ་པར་རིག་པ་ཙམ་སྨྲ་བ་རྣམས་ཀྱི་ཕུང་པོ་ལ་སོགས་པ་ རྫས་སུ་ཡོད་པའམ་རྣམ་པར་རིག་པར་སྨྲ་བ་དེ་དག་བཀག་པར་འགྱུར་རོ། །དེ་བས་ན་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་མི་ཤེས་པས་ཐ་སྙད་ཀྱིས་མཚན་མ་ལ་བརྟེན་ཏེ། སྣ་ཚོགས་པ་ལྟ་བའི་དྲ་བས་བཅིངས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་འབྱུང་བ་སྟེ། དེ་དག་ཐམས་ཅད་སྒྱུ་མའི་ རྣམ་འཕྲུལ་ནི་སྤྲོས་པའི་མཚན་ཉིད་ཀྱི་སྒྱུ་མའི་རྣམ་པར་རོལ་པར་འགྱུར་རོ་ཞེས་སྟོན་ཏོ། །དོན་འདི་ཉིད་རྒྱས་པར་བྱ་བའི་ཕྱིར། བདག་བྱིན་བརླབ་པའི་མན་ངག་དག །གང་གིས་བླ་མ་ལས་མ་བསྒྲུབས། །རྟག་དང་ཆད་པ་ལ་དམིགས་པས། །མི་དེ་ཕྱིར་ལྡོག་གྱུར་པ་ཡིན། །ཞེས་བྱ་བ་གསུངས་ ཏེ། སློབ་མ་གང་གིས་བླ་མ་ནི་སློབ་དཔོན་ལས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཏེ་དེ་ཉིད་མ་བསྒྲུབས་པར་ནི་ཐོབ་པར་མི་འགྱུར་ན། རྟག་པའམ་ཆད་པའི་ལྟ་བ་ལ་དམིགས་ནས་སླར་ཡང་མི་དེ་ཕྱིར་ལྡོག་པར་གྱུར་པ་ཡིན་ནོ། །དེ་ནི་སོ་སོ་སྐྱེ་བོའི་ས་ལ་ལྟུང་བས་ཕྱིར་ ལྡོག་པ་ཞེས་བཤད་དོ། །དེ་ལ་གལ་ཏེ་ཕྱིའི་དོན་སྨྲ་བ་རྣམས་ཀྱིས་དངོས་པོའི་ཚོགས་དང་མྱ་ངན་ལས་འདས་པ་རྗེས་སུ་འདོད་པ་དང་། རྣམ་པར་རིག་པ་སྨྲ་བ་རྣམས་ཀྱིས་རྣམ་རིག་ཙམ་འདོད་ན་དེ་ཚེ་རྟག་པའི་ཕྱོགས་འབྱུང་བར་འགྱུར་རོ། །དངོས་པོ་ཐམས་ཅད་སྟོང་པ་ཁོ་ན་ཡིན་ནོ་ཞེས་འགོག་པར་ སྨྲ་བའི་དབུ་མ་པ་ཟེར་ན། དེའི་ཚེ་ཆད་པའི་ཕྱོགས་ཡིན་ནོ། །སྔགས་ཀྱི་ཕྱོགས་ལ་སྤྱོད་པའི་རྣལ་འབྱོར་པས་ཀྱང་། གལ་ཏེ་སྔགས་ཀྱི་སྐུ་འདོད་ན་དེའི་ཚེ་རྟག་པའི་ཕྱོགས་སྨྲ་བ་ཡིན་ནོ། །སེམས་ལ་དམིགས་པའི་རིམ་པས་ཀྱང་མི་གཡོ་བའི་ཏིང་ངེ་འཛིན་གྱི་ཕྱོགས་འདོད་ན་ཆད་པའི་ཕྱོགས་སུ་ ལྟུང་བར་འགྱུར་རོ། །འཇིག་རྟེན་རྒྱང་ཕན་པ་རྣམས་ནི་ཆད་པའི་ཕྱོགས་སྨྲ་བ་ཡིན་ནོ། །གྲངས་ཅན་ལ་སོགས་པ་རྣམས་ཀྱང་དེ་ཁོ་ན་ཉིད་ཉི་ཤུ་རྩ་བཞི་ཡོད་པར་འདོད་པའི་ཕྱིར་རྟག་པའི་ཕྱོགས་སྨྲ་བ་ཡིན་ནོ། །དེ་བས་ན་འདི་དག་ཐམས་ཅད་ཕྱིར་ལྡོག་པ་ནི་འཁོར་བ་ལ་ཡིན་ནོ། །དེའི་ཕྱིར་ཏིང་ ངེ་འཛིན་འདི་ལ་འབད་པར་བྱའོ། །ད་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྟོན་པར་བྱེད་པའི་བླ་མ་མཆོད་པར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་ལ་མཆོད་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་པའི། །ཡེ་ཤེས་མཆོག་ནི་ཐོབ་པར་ འགྱུར། །ཞེས་བྱ་བ་གསུངས་ཏེ། མཆོད་པ་ཐམས་ཅད་ནི་དཀོན་མཆོག་གསུམ་ལ་སོགས་པའི་མཆོད་པ་སྟེ་དེ་ཡོངས་སུ་སྤངས་ནས་བླ་མའི་མཆོད་པ་ཁོ་ན་མཆོག་ཏུ་གྱུར་པ་ཡིན་ནོ། །དེ་གང་གི་ཕྱིར་ན་བླ་མ་དག་མཉེས་པས་ཀུན་མཁྱེན་གྱི་ཡེ་ཤེས་མྱུར་དུ་ཐོབ་པའི་ཕྱིར་རོ། །སྟོང་ཕྲག་ བརྒྱ་པ་ལས་ཀྱང་དགེ་བའི་བཤེས་གཉེན་ལ་བརྟེན་ན་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའོ་ཞེས་གསུངས་སོ། །མཆོད་པ་དེ་ཉིད་བཤད་པར་བྱ་བའི་ཕྱིར། བླ་མེད་བྱང་ཆུབ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་ ཅི་ཞིག་ཡོད། །ཅེས་བྱ་བ་གསུངས་ཏེ། བསོད་ནམས་རྣམས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་ལ་བརྟེན་པ་དང་། དཀའ་ཐུབ་ནི་སོ་སོར་ཐར་པ་བརྒྱད་པ་ལ་སོགས་པར་བསྟན་པའི་སྡོམ་པ་བསྲུང་བ་སྟེ། དེའི་གང་ཟག་དེས་མ་བྱས་པ་དང་མ་བསྟེན་པ་ཡོད་པ་མ་ཡིན་ཏེ་བྱས་ པ་དང་བསྟེན་པ་ཁོ་ན་ཡིན་ནོ། །དེ་གང་གི་ཕྱིར་སློབ་དཔོན་ཁོ་ན་རྡོ་རྗེ་སེམས་དཔའ་བླ་མེད་ནི་མཆོག་ཏུ་གྱུར་པ་སྟེ་དེ་ལ་མཆོད་པ་བྱས་པའི་ཕྱིར་རོ། །མཆོད་པ་དེ་ཡང་ཆོས་ཐོས་པ་སྔོན་དུ་འགྲོ་བ་བླ་མ་དེ་བཀུར་བ་དང་ཕྱི་རོལ་གྱི་ཡོ་བྱད་དེ་ལ་ཕུལ་བའོ། །དེ་ཉིད་བཤད་པར་བྱ་བའི་ཕྱིར། དེ་ཉིད་མི་ཟད་འདོད་པ་ཡིས། །ཤིན་ཏུ་དགའ་བ་གང་དང་གང་། །ཤིན་ཏུ་ཁྱད་པར་ཅན་ཉིད་དེ། །དེ་དང་དེ་ནི་བླ་མར་སྦྱིན། །ཞེས་བྱ་བ་གསུངས་ཏེ། རེ་ཞིག་ཕྱི་རོལ་གྱི་རྫས་ལ་སོགས་པ་ཟད་པ་སྟེ། དེ་གལ་ཏེ་མི་ཟད་པར་འདོད་ན་དེའི་ཚེ་དེ་དག་བླ་མ་ལ་དབུལ་བར་བྱ་སྟེ། འདིས་ཐམས་ ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་མཁས་པ་ཉིད་བསྟན་ཏོ། །དབུལ་བར་བྱ་བ་དེ་དག་གང་ཞེ་ན། ཤིན་ཏུ་དགའ་བ་གང་དང་གང་། །ཞེས་པ་ནི་ཕྱི་རོལ་གྱི་གླང་པོ་ཆེ་དང་རྟ་དང་བུ་དང་ཆུང་མ་ལ་སོགས་པའོ། །དེ་བཞིན་དུ་ཤིན་ཏུ་ཁྱད་པར་ཅན་ནི་བདག་རང་གི་ལུས་པོ་སྟེ་དེ་ཡང་ དབུལ་བར་བྱའོ། །རྒྱུ་གང་གིས་དེ་དག་དབུལ་བར་བྱའོ་ཞེས་བཤད་པར་བྱ་བའི་ཕྱིར། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིགས་ལས་ཕ་རོལ་སྒྲོལ། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་གྱི་ སྤྱོད་པ་ལ་སྤྱོད་པས་སློབ་དཔོན་ཏེ། དེའི་རིག་པའི་དབང་བསྐུར་བས་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ཀྱི་སྡིག་པ་འཕྲོག་པ་སྟེ། མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །དེ་བཞིན་དུ་འཇིགས་པ་ནི་གཙང་བ་དང་མི་གཙང་བ་ ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་སེལ་བ་སྟེ། གསང་བའི་དབང་བསྐུར་བ་སྦྱིན་པའི་ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་གྱི་རྒྱ་མཚོའི་འཇིགས་པ་ནི་ཆགས་པ་དང་། ཆགས་པ་བྲལ་བ་དང་། ཆགས་པ་བར་མའི་མཚན་ཉིད་ཀྱི་རང་བཞིན་བརྒྱ་དྲུག་ཅུའི་ཚོགས་ཏེ། དེ་ལས་ཕ་རོལ་ སྒྲོལ་བ་ནི་ཤེས་རབ་ཀྱི་དབང་དང་། དེ་ཡང་དེ་བཞིན་བཞི་པའོ། །ཞེས་བྱ་བ་སྟེ། དེ་དག་ལས་རང་བཞིན་གྱིས་འོད་གསལ་བའི་དེ་ཁོ་ན་ཉིད་འབྱུང་བའི་ཕྱིར་རོ། །ཡང་ན་ཆགས་པ་ལ་སོགས་པ་དང་འོད་གསལ་བ་ཕན་ཚུན་འགལ་བའམ། དེ་རྣམས་དེའི་ངོ་བོ་ཡིན་ནོ་ཞེས་དགོངས་པའོ། །ད་ནི་ ཆོས་སྦྱིན་པར་མི་བྱ་བ་དང་། སྦྱིན་པར་བྱ་བའི་སློབ་མ་གང་ཡིན་པ་དེ་དག་གི་སྐྱོན་དང་ཡོན་ཏན་དཔྱད་པར་བྱ་བའི་ཕྱིར། གང་ཞིག་ང་རྒྱལ་གྱིས་བརྩེགས་ཤིང་། །ཡང་དག་རིམ་པ་སུན་འབྱིན་དང་། །དེ་ཉིད་ཆོས་ལ་བརྙས་བཅས་པ། །དེ་ལ་དེ་ཉིད་བསྟན་མི་བྱ། །ཞེས་བྱ་བ་གསུངས་ ཏེ། བདག་གིས་རྣམ་པ་མང་པོར་ཡང་དང་ཡང་དུ་དབང་བསྐུར་བ་ཐོབ་པ་ཡིན་ནོ་ཞེས་གང་ཞིག་ང་རྒྱལ་དང་ལྡན་པ་དེ་བཞིན་དུ་ཡང་དག་རིམ་པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པ་སྟེ་དེ་ལ་སུན་འབྱིན་པ་དང་། དེ་བཞིན་དུ་དེ་ཉིད་ཆོས་ནི་མན་ངག་གཙོ་བོར་གྱུར་པའི་རྒྱུ་རྣམས་བདག་རང་གིས་རྟོགས་ ལ་བདག་ལ་བླ་མ་ཅུང་ཟད་ཀྱང་དགོས་པ་མ་ཡིན་ནོ་ཞེས་དེ་ལ་ལོ་དང་ལྡན་པ་དང་། སློབ་མ་སྐྱོན་ཅན་གང་ཡིན་པ་དེ་ལ་བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་བླ་མས་བསྟན་པར་མི་བྱའོ། །དེ་ནི་སྒྲ་ཇི་བཞིན་པའོ། །ཡོན་ཏན་ཅན་བཤད་པར་བྱ་བའི་ཕྱིར། བླ་མ་ལ་གུས་བདེན་པར་སྨྲ་བ་དང་། །རྣམ་པར་ མཁས་ཤིང་རྒྱུད་གཅིག་ལ། །དམ་ཚིག་སྤྱོད་པ་བསྲུང་བ་དག །རིམ་པ་དེ་ལ་བསྟན་པར་བྱ། །ཞེས་བྱ་བ་གསུངས་ཏེ། སློབ་མ་འདི་ལྟ་བུ་གང་ཡིན་པ་དེ་ལ་རིམ་པ་བསྟན་པར་བྱའོ་ཞེས་ཚིག་གི་འབྲེལ་པའོ། །དེ་གང་ཡིན་ཞེ་ན། གང་ཞིག་བདེན་པར་སྨྲ་བ་དང་། རྡོ་རྗེ་སློབ་དཔོན་ལ་དད་ པ་ཅན་དང་། དེ་བཞིན་དུ་རྒྱུད་གཅིག་པ་ནི་ལན་ཅི