Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 37

Văn bản gốc(Tây Tạng)

Trang 10 / 19 (50.000 ký tự/trang)
་ལུང་ཚད་མ་

ཡིན་པར་བསྟན་ཏེ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱ། །དེ་ནི་རྗེས་གཞིག་རིམ་པ་ཡིན། །རིམ་པ་འདི་ཉིད་ཀྱིས་བ་སྤུའི་བུ་གའི་གསེབ་ཐམས་ཅད་ནས་བྱུང་བའི་
འོད་ཟེར་གྱི་འཁོར་ལོས་སྒྱུར་བའི་བདག་ཉིད་ཀྱི་འགྲོ་བ་སྣང་བ་མེད་པར་བྱ་སྟེ་དེ་བཞིན་དུ་བདག་ཉིད་ཀྱང་སྣང་བ་མེད་པར་བྱའོ་ཞེས་བྱ་བ་ནི་རྡུལ་བཞིན་རྡུལ་ཕྲ་རབ་རེ་རེ་ཕྱེ་ནས་འགྲོ་བ་མི་དམིགས་པའི་ཕྱིར་རྗེས་སུ་གཞིག་པ་ཞེས་བྱ་སྟེ་མཐར་ཐུག་པའོ། །འདིར་དཔེ་གཉིས་ཏེ།
ཇི་ལྟར་ཆུ་བོའམ་ལྟེང་ཀའི་ཆུ་ནི་དྲི་མེད་དག་ལ་ཟླ་བ་གནས་པ་ལྟར། །དེ་བཞིན་རིམ་པ་འདི་ཡིས་རྗེས་སུ་གཞིག་ཅེས་རྣལ་འབྱོར་པས་ནི་རྟག་ཏུ་བསམ། །མེ་ལོང་ལ་ནི་རླུང་དག་རིམ་གྱིས་ཟད་པར་འགྱུར་བ་བཞིན་དུའང་བལྟ་བྱ་སྟེ། །རིལ་པོར་འཛིན་པ་དག་ལ་བྱ་བའི་རིམ་པ་འདི་ནི་དེ་བཞིན་
ཡང་དག་བརྟག །ཅེས་བྱ་བ་བཞིན་ནོ། །འོད་གསལ་བ་ལ་ཡང་དང་ཡང་དུ་གོམས་པར་བྱ་བའི་ཕྱིར། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་འགྱུར་བ། །དེ་བཞིན་རྣལ་འབྱོར་ཡང་དག་མཐའ། །ཡང་དང་ཡང་དུ་འཇུག་པར་བྱ། །ཞེས་བྱ་བ་གསུངས་ཏེ་ཇི་
ལྟར་མེ་ལོང་དྲི་མ་མེད་པ་ལ་དབུགས་ཀྱི་རླུང་སྟེ་ཁའི་རླུང་བཞག་པ་ན་སྐད་ཅིག་ཉིད་ཀྱིས་ཐིམ་ཞིང་ཞི་བར་འགྱུར་བ་དེ་བཞིན་དུ་རྣལ་འབྱོར་པས་སྐད་ཅིག་རེ་རེ་ཞིང་ཡང་དག་མཐའ་སྟེ་འོད་གསལ་བ་ལ་འཇུག་པར་བྱའོ་ཞེས་བྱ་བ་ནི་གོམས་པར་བརྟན་པར་བྱ་བ་ཉིད་དུ་བསྟན་པ་ཡིན་ནོ། །
གཞན་དུ་ན་གློག་བཞིན་དུ་གཡོ་བའི་དོན་དམ་པའི་སྐད་ཅིག་ལ་གནས་པར་མི་འགྱུར་རོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །སྤྱོད་ལམ་ཐམས་ཅད་དུ་འོད་གསལ་བ་ལ་འཇུག་པ་ནི། །འགྲོ་དང་འདུག་དང་ཉལ་དང་ཟ། །མིག་འབྱེད་འཛུམས་དང་དགོད་པ་དང་། །བསམ་གཏན་
སྦྱོར་བ་འདི་ཡིས་ནི། །དེ་ཉིད་རིག་པ་རྟག་ཏུ་གནས། །ཞེས་བྱ་བ་གསུངས་ཏེ་འགྲོ་བ་ལ་སོགས་པ་རྣམས་ནི་སྤྱོད་ལམ་རྣམ་པ་བཞིའོ། །ཟ་བ་ལ་སོགས་པ་རྣམས་ཀྱིས་ནི་དབང་པོའི་བྱ་བ་རྣམས་ཉེ་བར་མཚོན་པར་བྱ་སྟེ། དེ་ན་ལས་ཐམས་ཅད་ལ་འཇུག་པ་ན་རྣལ་འབྱོར་

པ་ཏིང་ངེ་འཛིན་འདི་ཉིད་ལ་སྟོན་པར་བྱེད་དོ། །དེ་ཉིད་རིག་པ་ཞེས་བྱ་བ་ནི་དོན་དམ་པ་ཇི་ལྟ་བ་བཞིན་དུ་མངོན་པར་ཤེས་པའོ། །རྟག་ཏུ་ཞེས་བྱ་བ་ནི་ཉིན་དང་མཚན་དུའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །འོད་གསལ་བ་ཞུགས་པའི་སེམས་ཅན་གྱི་དོན་ནི། བརྒྱ་ལ་སེམས་ཅན་
དོན་བྱེད་ན། །དེ་དང་དེ་མཐུན་འོད་ཟེར་དང་། །རྣམ་ཤེས་རླུང་དང་ལྡན་པ་ནི། །བདག་བྱིན་བརླབ་པའི་རིམ་པས་བྱ། །ཞེས་བྱ་བ་གསུངས་ཏེ། གང་གི་ཚེ་རྣལ་འབྱོར་པས་སེམས་ཅན་གྱི་དོན་བྱ་བར་འདོད་པ་དེའི་ཚེ་དེ་བཞིན་གཤེགས་པ་ལྔའི་རིགས་ཀྱི་གཙོ་བོར་བྱས་པའི་སྒོ་ནས་
དེ་དང་དེ་མཐུན་པའི་འོད་ཟེར་སྤྲོས་ལ་རྣམ་ཤེས་རླུང་དང་ལྡན་པ་སྟེ་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྣམ་གྲངས་གཞན་ཡང་བདག་བྱིན་གྱིས་བརླབ་པའི་རིམ་པ་ཞེས་བྱ་བ་གང་ཡིན་པ་དེས་གཞན་འཇའ་ཚོན་ལྟ་བུའི་སྐུར་བསྐྱེད་ནས་སྐུ་དེ་དང་འོད་ཟེར་གྱི་སྦྱོར་བས་བཤད་པ་ན། སྨིན་པ་
ལ་སོགས་པའི་རྣམ་པས་འགྲོ་བའི་དོན་བྱའོ་ཞེས་བྱ་བ་ནི་སྦས་པའོ། །འོད་གསལ་བ་ནི་ཐམས་ཅད་འབྱུང་བའི་རྒྱུ་ཉིད་ཡིན་པར། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་བར་འཕར་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །
ཞེས་བྱ་བ་གསུངས་ཏེ། ཇི་ལྟར་དང་ཞིང་འདམ་གྱི་ཉེས་པའི་རྙོག་པ་མེད་པའི་ཆུ་ཀླུང་སྟེ་ཆུ་བོའི་ཆུ་ལས་གློ་བུར་དུ་ཟས་དོན་དུ་གཉེར་བའི་ཉ་དེ་ཉ་རྣམས་མྱུར་དུ་སྐད་ཅིག་ཙམ་གྱིས་འཕར་ཞིང་འབྱུང་སྟེ་ཆུ་ན་སྤྱོད་པ་ཉིད་ཡིན་པས་དེའི་ནང་དུ་མྱུར་དུ་འགྲོ་བར་ནུས་པ་ཉིད་ཡིན་པའི་ཕྱིར་
རོ། །དེ་ཁོ་ན་བཞིན་དུ་ཐམས་ཅད་སྟོང་པ་སྟེ་འོད་གསལ་བའི་དེ་ཁོ་ན་ཉིད་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་འདམ་གྱི་དྲི་མ་དང་བྲལ་ཞིང་གསལ་བ་ལས་སྒྱུ་མའི་རང་བཞིན་གྱི་ལྷའི་སྐུ་འདི་འགྲོ་བའི་དོན་བྱ་བའི་ཕྱིར་སྐད་ཅིག་གིས་འབྱུང་ཞིང་སྐྱེ་བ་འམ་འཕོ་བར་འགྱུར་རོ། །
དྲ་བ་སྟེ་འཁོར་བའི་འཁོར་ལོ་མ་ལུས་པ་ཡང་དེ་ཁོ་ནས་འབྱུང་བ་ཉིད་ཡིན་ནོ། །རྣལ་འབྱོར་པ་དང་སོ་སོའི་སྐྱེ་བོ་དག་ལ་ཡོངས་སུ་ཤེས་པ་དང་ཡོངས་སུ་མ་ཤེས་པས་བྱས་པ་དང་རང་དབང་ཅན་དང་རང་དབང་ཅན་མ་ཡིན་པས་བྱས་པའི་ཁྱད་པར་ཡོད་པར་ཤེས་པར་བྱའོ། །དེ་ཉིད་

བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་ཡིན་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དངོས་པོ་རྣམས་ཀྱི་རྒྱུ་ནི་གཅིག་པ་ཉིད་ཡིན་ཞིང་དེ་ཉིད་དུ་ཐིམ་པར་ཡང་འགྱུར་རོ་ཞེས་བྱ་བ་དེ་ནི་རིམ་པ་གསུམ་པར་བཤད་ཟིན་པས་འདིར་མི་སྤྲོ་སྟེ་སྦས་པའོ། །དེ་ལས་
བྱུང་བའི་སྐུའི་རང་བཞིན་ནི། རིགས་ལྔའི་སངས་རྒྱས་ལ་ལྟོས་པའི། །ཕྱག་རྒྱ་ཆེན་པོར་བརྟག་པ་ནི། །འོད་ཟེར་ལྔ་ནི་འབྱུང་བ་སྟེ། །ནམ་མཁའ་འཇའ་ཚོན་མཚུངས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པས་འོད་གསལ་བ་དེ་ལས་སྐུ་སྤྲོས་པ་གང་ཡིན་པ་དེ་ནི་ཕྱག་
རྒྱ་ཆེན་པོའོ། །དེའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཕྱག་དང་ཞལ་དང་སྐུ་མདོག་དང་དབྱིབས་དང་ལྡན་པ་ཉིད་ཡིན་པའི་ཕྱིར་ཕྱག་རྒྱ་ཡང་ཡིན་ལ་འོད་གསལ་བ་ལས་འབྱུང་བ་ཉིད་ཡིན་པའི་ཕྱིར་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོའོ། །བརྟག་པ་ནི་ཤེས་པར་བྱའོ། །
ཇི་ལྟ་བུ་ཞིག་ཅེ་ན་མོས་པའི་བྱེ་བྲག་གི་སྒོ་ནས་སེམས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུའམ་ཞི་བ་ལ་སོགས་པའི་དོན་དུ་རིགས་ལྔའི་སངས་རྒྱས་ལ་ལྟོས་པ་སྟེ། རིགས་ལྔའི་དེ་བཞིན་གཤེགས་པའི་རང་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་འོད་ཟེར་ལྔ་འབྱུང་བ་ན་ཞེས་བྱ་བ་འོད་ཟེར་ཁ་
དོག་སྣ་ལྔ་པའི་འོད་ཟེར་རིམ་པའམ་ཅིག་ཅར་དུ་འབྱུང་བའི་རྒྱུར་གྱུར་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་ལས་ཁྱད་པར་དུ་གསུངས་པ་ནི། ཇི་ལྟར་ནམ་མཁའ་སྟེ་ནམ་མཁའི་འཇའ་ཚོན་འོད་ཟེར་ཁ་དོག་སྣ་ལྔ་པའི་ཚོགས་འཕྲོ་བར་བྱེད་པ་སྣང་བ་དེ་བཞིན་དུ་དེ་ཡང་ཡོད་པ་
ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་སྒྱུ་མ་བཞིན་དུ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏེ་སྦས་པའོ། །སྐུ་བསྐྱེད་ནས་ཕྱག་རྒྱ་བཅིང་བ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ལ་གནས་པ་ཁོ་ནས་བྱ་བ་ཡིན་ནོ་སྙམ་དུ་ཐུགས་ལ་བཞག་ནས། ཕྱག་རྒྱ་འཆིང་བར་བྱེད་པའམ། །གལ་ཏེ་གསང་
སྔགས་བཟླས་པའམ། །གཞན་དག་ཐམས་ཅད་བྱེད་པ་ན། །ཐམས་ཅད་སྟོང་པའི་གཞི་ལ་གནས། །ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཅིང་བ་སྟེ་ཕྱི་རོལ་གྱི་ལག་པའི་ཕྱག་རྒྱ་ལ་སོགས་པའམ། ནང་གི་དགུག་པ་ལ་སོགས་པའམ། ལས་ཀྱི་ཕྱག་རྒྱ་ལ་སོགས་

པ་དང་སྙོམས་པར་འཇུག་པའི་མཚན་ཉིད་ཀྱི་བྱེད་པའམ་ལས་ཏེ་གསང་སྔགས་ངག་གི་བཟླས་པའི་སྒོ་ནས་གསལ་བའམ། རྡོ་རྗེ་བཟླས་པའི་སྒོ་ནས་མི་གསལ་བར་ཟློས་ཤིང་འདོན་པའམ་དེ་བཞིན་དུ་གཞན་གྱི་དཀྱིལ་འཁོར་དང་ཏིང་ངེ་འཛིན་དང་ཕྱག་རྒྱ་སྔགས་དང་བྱ་བ་དང་གནས་ཐབས་དང་བཟླས་
པ་དང་སྦྱིན་སྲེག་ལ་སོགས་པ་བྱེད་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་ཐམས་ཅད་སྟོང་པའི་གཞི་སྟེ། འོད་གསལ་བའི་གནས་ལ་གནས་ཤིང་འདུག་པས་བྱའོ། །དེ་ལྟ་ན་ནི་དེའི་དེ་དག་འབྲས་བུ་དང་བཅས་པར་འགྱུར་བ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ནོ། །གཞན་དུ་ན་བསྐྱེད་
པའི་རིམ་པའི་རྣལ་འབྱོར་པ་དང་མཚུངས་པར་བསོད་ནམས་ཀྱི་ཚོགས་ཙམ་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །བྱ་བ་ཐམས་ཅད་ལ་དེ་ཁོ་ན་ཉིད་དུ་གནས་པ་ནི། ཐམས་ཅད་ཟ་དང་ཐམས་ཅད་འཐུངས། །ཀུན་ལ་ཕྱག་བྱེད་ཀུན་དུ་འགྲོ། །ཐམས་ཅད་བྱེད་དང་མཚན་
མ་ཀུན། །ཐམས་ཅད་སྟོང་པས་འགྲུབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། རྫོགས་པའི་རིམ་པའི་རྣལ་འབྱོར་པ་གང་ཡིན་པ་དེས་ཐམས་ཅད་སྟོང་པ་དེ་ཁོ་ན་ཉིད་བཞི་པ་ལ་བརྟེན་ནས་གྲུབ་པའམ་འགྲུབ་པར་འགྱུར་རོ། །དེ་ཇི་ལྟ་བུ་ཞིག་ཅེ་ན། ཐམས་ཅད་ཟ་ཞེས་བྱ་བ་ནི་དུས་
ཐམས་ཅད་དུ་ཡུལ་ཐམས་ཅད་དང་ཕྱོགས་ཐམས་ཅད་ན་འགལ་བའམ་མི་འགལ་བ་ཐམས་ཅད་ཟ་བ་ན་ཉེས་པར་མི་འགྱུར་རོ། །དེ་བཞིན་དུ་ཐམས་ཅད་འཐུངས་ན་ཡང་ཉེས་པར་མི་འགྱུར་རོ། །ཀུན་ལ་སྟེ་བྱིས་པ་དང་སོ་སོའི་སྐྱེ་བོ་རྣམས་སམ། འཕགས་པ་རྣམས་ལ་ཕྱག་བྱེད་པ་
ན་ཉེས་པར་མི་འགྱུར་རོ། །དེ་ཁོ་ན་བཞིན་དུ་གལ་ཏེ་འགལ་བ་དང་མི་འགལ་བའི་ཡུལ་ལ་སོགས་པ་ཐམས་ཅད་ལ་འགྲོ་བས་ན་ཀུན་དུ་འགྲོ་བ་ཡིན་པ་དེའི་ཚེ་ཡང་ཉེས་པ་མེད་དེ། དེ་ཁོ་ན་ཉིད་ཤེས་པ་ཡིད་ལ་བྱེད་པ་ཁྱད་པར་ཅན་གྱིས་ཟིན་པའི་འདོད་ཆགས་ལ་སོགས་པ་རྣམས་ནི་
བླ་ན་མེད་པའི་འབྲས་བུ་ཐོབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་མཆོག་དང་པོ་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །གསུམ་པོ་འདི་དག་དུག་ཆེན་ཡིན། །དུག་ཉིད་ཀྱིས་ནི་བརྟན་བྱས་ན། །དུག་ཏུ་ཉེ་བར་འགྲོ་བ་ཉིད། །བདུད་

རྩི་ཉིད་ཀྱིས་བརྟན་བྱས་ན། །བདུད་རྩི་ཉིད་དུ་འགྲོ་བར་འགྱུར། །ཞེས་གསུངས་པ་དང་། མདོ་སྡེ་དཀོན་མཆོག་བརྩེགས་པ་ལས་ཀྱང་འོད་སྲུངས་འདི་ལྟ་སྟེ་བུ་རམ་ཤིང་གི་ཞིང་དང་། འབྲས་ཀྱི་ཞིང་དང་ལྡུམ་ར་རྣམས་ལ་ལུད་ཀྱི་ཕུང་པོས་ཕན་པར་བྱེད་པར་འགྱུར་
བ་ཡིན། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་པས་ཕན་པར་འགྱུར་བ་ཡིན་ནོ། །འོད་སྲུངས་འདི་ལྟ་སྟེ་སྔགས་དང་སྨན་གྱིས་ཟིན་པའི་དུག་གིས་གསོད་པར་བྱེད་པ་མ་ཡིན་ཏེ། དེ་བཞིན་དུ་ཐབས་དང་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་ཉོན་མོངས་པ་
རྣམས་ཀྱིས་ལྟུང་བར་མི་འགྱུར་རོ་ཞེས་གསུངས་པ་དང་། དེ་ཉིད་ཀྱི་ཕྱིར་དོན་ཡོད་པར་གྲུབ་པའི་རྒྱུད་ལས། གང་གིས་རྨོངས་པར་འགྱུར་བ་དང་། །དེ་ཡིས་མཁས་པ་གྲོལ་འགྱུར་ཏེ། །དེ་ལྟར་བྱང་ཆུབ་བསྒོམས་པ་ཡིས། །འདི་དག་མ་ལུས་བཟློག་པ་ཡིན། །
ཞེས་གསུངས་པ་དང་གཞན་ལས་ཀྱང་། ལས་ནི་དྲག་པོ་གང་གང་གིས། །སྐྱེ་བོ་རྣམས་ནི་འཆིང་འགྱུར་བ། །ཐབས་དང་བཅས་ན་དེ་ཉིད་ཀྱིས། །སྲིད་པ་འཆིང་ལས་གྲོལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མཐར་ཐུག་པའོ། །ད་ནི་མན་ངག་ཐོབ་པའི་སློབ་
མ་ཕྱིར་མི་ལྡོག་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་བླ་མས་བྱིན་པ་གདོན་པའི་ཕྱིར་དེ་ལ་མཆོད་པར་བྱའོ་སྙམ་དུ་ཐུགས་ལ་བཞག་ནས། སྐལ་བཟང་སློབ་མ་བཟང་པོར་མན་ངག་ཐོབ། ཐལ་མོ་སྦྱར་ནས་མེ་ཏོག་འཛིན་པ་ཡིས། །བྱང་
ཆུབ་སེམས་སྔགས་དོན་དམ་ཞེས་བྱ་བ། །བླ་མ་ལས་ནི་སླར་ཡང་བླང་བར་བྱ། །ཞེས་བྱ་བ་གསུངས་ཏེ། མན་ངག་ཐོབ་ཅེས་བྱ་བ་ནི་མངོན་པར་བྱང་ཆུབ་པའི་རིམ་པ་ཐོབ་པའོ། །སྐལ་བཟང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ཕྱིར་དེ་བཞིན་གཤེགས་པ་ལྔའི་རང་བཞིན་
གྱི་སྐུར་འཛིན་པ་སྟེ་དེ་སྐད་དུ་ཡང་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས། ཀུན་དུ་སྣ་ཚོགས་སྐལ་བཟང་ལས། །རང་བདག་སྒྲུབ་པ་སྐལ་བཟང་ཡིན། །ཆོས་ལ་བདག་མེད་དང་ལྡན་ཞིང་། །དམ་ཚིག་སྡང་བ་སྐལ་ངན་ཡིན། །སྲིད་པ་ཤིན་ཏུ་བསྒྲུབ་པའི་

ཕྱིར། །སངས་རྒྱས་བཅོམ་ལྡན་སྐལ་བཟང་ཡིན། །ཤིན་ཏུ་མྱ་ངན་འདས་པ་ཡི། །འཇིག་རྟེན་ཉན་ཐོས་སྐལ་ངན་ཡིན། །རྟོག་པ་ཐམས་ཅད་བསྒྲུབ་པའི་ཕྱིར། །ཕྱག་ན་རྡོ་རྗེ་སྐལ་བཟང་ཡིན། །སྟོང་ཉིད་ཤིན་ཏུ་སྦྱོར་བ་ཡི། །རང་རྒྱལ་རྣམས་ནི་སྐལ་ངན་ཡིན། །འདོད་ཆགས་
ཐམས་ཅད་སྦྱང་བའི་ཕྱིར། །སྤྱན་རས་གཟིགས་དབང་སྐལ་བཟང་སྟེ། །ལོག་པར་ལྟ་བ་དང་ལྡན་པའི། །འཇིག་རྟེན་མུ་སྟེགས་སྐལ་ངན་ཡིན། །དོན་དམ་མཆོག་ནི་སྡུད་པའི་ཕྱིར། །རྡོ་རྗེ་ཉི་མ་སྐལ་བཟང་སྟེ། །རང་གི་ལུས་ལའང་ཆགས་མེད་པའི། །དཀའ་ཐུབ་ཅན་ཀུན་
སྐལ་ངན་ཡིན། །རྒྱལ་སྲིད་མཆོག་ཏུ་སྡུད་པའི་ཕྱིར། །དཔལ་ལྡན་རྟ་མཆོག་སྐལ་བཟང་སྟེ། །བདག་གི་མེད་ཅིང་འཛིན་མེད་པའི། །སྡོམ་བརྩོན་ཐམས་ཅད་སྐལ་ངན་ཡིན། །བདེ་ཀུན་བདག་ཉིད་བསྒྲུབ་པའི་ཕྱིར། །སློབ་དཔོན་ཐམས་ཅད་སྐལ་བཟང་ཡིན། །ལྟས་ངན་དམ་
ཚིག་ལ་སྡང་བའི། །སློབ་མ་ཐམས་ཅད་སྐལ་ངན་ཡིན། །དེ་ཉིད་གསང་བ་འདི་ཡིས་ནི། །རྣམ་པར་ཤེས་པ་དོན་གསལ་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་རིན་པོ་ཆེ་ལྟ་བུའི་གང་ཟག་ཉིད་ཡིན་པས་སློབ་མ་བཟང་པོ་སྟེ་བུ་ཁྱད་པར་ཅན་ནོ། །ཐལ་མོ་
སྦྱར་ཞེས་བྱ་བ་ནི་སྤྱི་བོར་ལག་པའི་ཐལ་མོ་སྦྱར་བའོ། །གང་གིས་ལག་པ་དག་ན་མེ་ཏོག་སྟེ་མེ་ཏོག་གི་ཕྲེང་བ་རྣམས་འཛིན་པ་སྟེ་བླ་མའི་ཞལ་སྔ་ནས་ལྷ་མཆོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱང་ཆུབ་ཀྱི་སེམས་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སྔགས་ཞེས་བྱ་བ་ནི་བརྗོད་
པའོ། །བརྗོད་པར་བྱ་བའི་གཙོ་བོ་དོན་དམ་པ་ཉིད་ཡིན་པའི་ཕྱིར་དོན་དམ་པ་ཞེས་བྱ་བ་ནི་བརྗོད་པར་བྱ་བའོ། །དེ་བླ་མ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཞལ་པདྨ་ལས་བླང་ཞིང་གཟུང་བར་བྱ་སྟེ་སྒྲ་ཇི་བཞིན་པའོ། །ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་སྔགས། ཨོཾ་དངོས་པོ་ཀུན་དང་རྣམ་བྲལ་
ཞིང་། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ཀུན་བདག་མེད་མཉམ་ཉིད་ལས། །རང་སེམས་གཟོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བྱ་བ་གསུངས་ཏེ་འདིའི་དོན་ནི་འདི་ཡིན་ཏེ། རེ་ཞིག་དངོས་པོ་ཀུན་ནི་བདག་དང་སྐྱེས་

བུ་དང་། གང་ཟག་དང་། དབང་ཕྱུག་དང་། སྲོག་དང་། དུས་དང་། ངེས་པ་དང་། རང་བཞིན་དང་། གཟའ་དང་། ལས་དང་། ལྷ་དང་། སྐལ་བ་དང་། བསོད་ནམས་རྣམས་ཏེ་གཞན་དག་གིས་བརྟགས་པ་གང་དག་ཡིན་པའོ། །དེ་ལ་བདག་ཅེས་བྱ་བ་ནི་རྣམ་པར་དཔྱད་ན་
ཕུང་པོ་ལ་སོགས་པ་ལས་ལོགས་ཤིག་ཏུ་མི་དམིགས་ཏེ་ཚད་མ་མེད་པ་དང་འཇིག་ཚོགས་ལ་ལྟ་བའི་རི་བོ་མཐོ་བ་ཉི་ཤུ་ལས་བྱུང་བའི་བདག་ལ་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ངོ་བོ་མ་ཡིན་པའི་སྐྱེས་བུ་ཡང་ཡོད་པ་མ་ཡིན་ཏེ་གཏན་མེད་པའི་ཕྱིར་རི་བོང་གི་རྭ་
བཞིན་ནོ། །གང་ཞིག་སྒྱུ་མ་ཡིན་ཞིང་འབྲས་བུ་མ་ཡིན་པ། །ཞེས་བྱ་བ་དེ་ལྟ་བུའི་དངོས་པོ་ནི་དམིགས་པར་མི་འགྱུར་རོ། །གང་ཟག་ཀྱང་རྟག་པ་ཡང་ཡིན་ལ་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་འགལ་བ་ཡིན་ནོ། །དབང་ཕྱུག་ཀྱང་བྱེད་པ་པོའི་ནུས་པ་དང་ལྡན་པ་ཡང་ཡིན་ཞིང་རྟག་པ་ཡང་
ཡིན་པར་རིགས་པ་མ་ཡིན་ཏེ་བྱེད་པ་པོ་ཉིད་ཡིན་པས་འབྲས་བུ་འབྱུང་བ་ན་རྒྱུ་འགག་པར་མཐོང་བའི་ཕྱིར་རོ། །དེ་བས་ན་རྟག་པ་མ་ཡིན་པར་འགྱུར་རོ། །སྲོག་ཅེས་བྱ་བ་ཁྱབ་པར་བྱེད་པའི་རང་བཞིན་ཡིན་པར་རིགས་པ་མ་ཡིན་ཏེ་རྣམ་པར་ཤེས་པ་དང་དབང་པོ་དང་ཚེ་འགག་པའི་ཕྱིར་རོ། །
དུས་ནི་སྐད་ཅིག་གཞན་དང་གཞན་གྱི་བདག་ཉིད་ཡིན་པའི་ཕྱིར་རང་ཉིད་ཡོད་པ་མ་ཡིན་པས་འབྱུང་བ་རྣམས་དུས་ཀྱིས་སྨིན་པར་བྱེད་པ་དང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་ཅིའི་ཕྱིར་བརྗོད་པར་བྱ། ངེས་པ་ཞེས་བྱ་བ་ནི་འཆི་བ་སྟེ། དེ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་རྣམས་སྐྱེད་པར་བྱེད་པ་དང་
སྡུད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡང་འཐད་པ་མ་ཡིན་ཏེ། དེ་རྒྱུ་ཡིན་ན་དེའི་རྟག་པ་ཉིད་ཉམས་པར་འགྱུར་བའི་ཕྱིར་རོ། །རང་བཞིན་དུ་སྨྲ་བ་ལ་དངོས་པོ་རྣམ་པ་སྣ་ཚོགས་པ་ཡིན་པར་མི་འཐད་དེ་རང་བཞིན་ནི་གཅིག་པུ་ཡིན་པ་དང་། ཐམས་ཅད་ཅིག་ཅར་སྐྱེ་བ་དང་། །འཇིག་པར་
མཐོང་བར་འགྱུར་བའི་ཕྱིར་རོ། །ལས་སུ་སྨྲ་བ་ཡང་རྨོངས་པ་རྣམས་ཀྱིས་བརྟགས་པའི་དབང་དུ་བྱས་ནས་གཞན་པ་ཡིན་གྱི་དོན་དམ་པར་ནི་ལས་ཡོད་པ་མ་ཡིན་ཏེ་དེ་ནི་སེམས་དང་འབྲེལ་པ་ཉིད་དང་། སྐད་ཅིག་པ་ཉིད་ཡིན་པའི་ཕྱིར་ལས་ཀྱི་ནུས་པ་ཡོད་པར་ག་ལ་འགྱུར། དེ་བཞིན་དུ་

ཡང་ལས་ནི་བྱེད་པ་པོ་ལ་ལྟོས་པ་ཡིན་ཏེ་བྱེད་པ་པོ་དང་ལས་ལོགས་ཤིག་ན་ལས་མེད་ཅིང་། ལས་ལོགས་ཤིག་ན་ཡང་བྱེད་པ་པོ་མེད་ལ་དེ་དག་ཕན་ཚུན་ལྟོས་པ་ཉིད་ཡིན་པའི་ཕྱིར་གཉི་ག་མ་གྲུབ་པ་ཡིན་ནོ། །གལ་ཏེ་ཐམས་ཅད་ལྷའི་བྱེད་དོ་ཞེ་ན་ཐམས་ཅད་བཟང་བའམ་ངན་པར་
ཅིའི་ཕྱིར་མི་བྱེད། གལ་ཏེ་རྣམ་པ་སྣ་ཚོགས་པ་བྱེད་པའི་ནུས་པ་ཡོད་དོ་ཞེ་ན། འོ་ན་ནི་ནུས་པ་ཁོ་ན་བྱེད་པ་པོ་ཡིན་གྱི་ལྷ་ནི་མ་ཡིན་ཏེ་དེ་དག་གི་འབྲེལ་པ་ནི་སྔར་བསལ་ཟིན་པ་ཁོ་ནའོ། །དེའི་རྣམ་གྲངས་ཀྱི་སྐལ་བ་དང་བསོད་ནམས་དག་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ་དེ་ལྟ་བུ་ལ་སོགས་
པ་ཚད་མས་གནོད་པར་འགྱུར་བའི་དངོས་པོ་ཀུན་དང་རྣམ་པར་བྲལ་ཞིང་སྤངས་པ་ཡིན་ནོ། །ཉན་ཐོས་རྣམས་གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་འགྲོ་བའི་ཕུང་པོ་ལ་སོགས་པའི་རང་བཞིན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་སྐྱེ་
མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ན་དེ་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་རིག་པ་ཁོ་ན་དེ་རྣམས་ཀྱིས་རྣམ་པར་སྣང་བ་ཡིན་ཏེ་དོན་དམ་པར་ནི་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཡང་གང་གསལ་བ་དེ་ནི་ཡོད་པ་ཡིན་ལ་གང་
མི་གསལ་བ་དེ་ནི་མེད་པ་ཡིན་ཏེ། གཟུགས་ལ་སོགས་པ་རྣམས་ཀྱང་རང་ཉིད་གསལ་བ་མེད་པའི་ཕྱིར་མེད་པ་ཉིད་ཡིན་ནོ། །ངོ་བོ་གང་གིས་གསལ་བ་ནི་རྣམ་པར་རིག་པ་ཡིན་པའི་ཕྱིར་འགྲོ་བ་ནི་དེའི་རང་བཞིན་ཅན་ཁོ་ན་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་དོན་བདེན་པའི་དངོས་པོ་ཡོད་
ན། བུད་མེད་ཤི་བའི་རོ་གཅིག་ལ་བློའི་སྣང་བ་ཐ་དད་པར་མི་འགྱུར་ཏེ། བུད་མེད་ལུས་ནི་གཅིག་པོ་ལ། །རོ་དང་འདོད་བྱ་བཟའ་བ་ཤེས། །ཀུན་རྒྱུ་འདོད་ཅན་ཁྱི་རྣམས་ཀྱིས། །རྣམ་པར་རྟོག་པ་རྣམ་གསུམ་མོ། །དེའི་ཕྱིར་ཕུང་པོ་ལ་སོགས་པ་རྣམས་ནི་ཡོད་པ་མ་ཡིན་
ཏེ་བཅོམ་འདས་ཀྱིས་ཉན་ཐོས་རྣམས་གཞུག་པའི་དོན་དུ་གསུངས་སོ། །དེ་བས་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྤངས་ཤིང་དེ་དང་བྲལ་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བ་རྣམས་གལ་ཏེ། དེ་ལྟ་ཡིན་དུ་ཆུག་ཀྱང་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་སྣང་བའི་རྣམ་པར་རིག་པ་འབའ་

ཞིག་ཁོ་ན་ཡོད་པ་ཡིན་ཞིང་ཐམས་ཅད་དེའི་རང་བཞིན་ཅན་ནོ་ཞེས་ཟེར་ན་དེ་ཡང་འཐད་པ་མ་ཡིན་ཏེ། རྣམ་པར་རིག་པ་ཞེས་པ་ཅི་ཞིག་ཡིན་པར་བརྗོད་པར་བྱ། རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་རིག་པ་ཡིན་ནོ་ཞེ་ན་ཅི་ཞིག་ཤེས་པར་བྱེད། རང་གི་རྣམ་པ་
ཁོ་ན་གཟུང་བའི་དོན་ནོ་ཞེ་ན། དེའི་ཕྱིར་གཅིག་དང་དུ་མ་དང་བྲལ་བས་དེ་མེད་པ་ནི་འཛིན་པ་ཡང་མེད་པ་ཡིན་ནོ། །གཞན་ཡང་དོན་འདས་པའམ་མ་འོངས་པ་འམ་ད་ལྟར་བྱུང་བ་ཞིག་གིས་རྣམ་པར་རིག་པ་བསྐྱེད་གྲང་ན་རེ་ཞིག་འདས་པ་ནི་མ་ཡིན་ཏེ་དེ་ནི་ཞིག་ཟིན་པ་ཡིན་པའི་ཕྱིར་
རོ། །མ་འོངས་པ་ཡང་མ་ཡིན་ཏེ་མ་ཐོབ་པས་མི་སྣང་བའི་ཕྱིར་རོ། །ད་ལྟར་བས་ཀྱང་སྐྱེད་པར་ནུས་པ་མ་ཡིན་ཏེ་སྐད་ཅིག་མ་ཉིད་དང་གཉི་གའི་ཆས་ཟིན་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེད་པར་ནུས་པ་ཡིན་དུ་ཆུག་ན་ཡང་ཅིག་ཅར་སྐྱེད་པར་བྱེད་དམ་འོན་ཏེ་རིམ་གྱིས་ཡིན། རིམ་
གྱིས་སྐྱེད་ན་ནི་དོན་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ཞིག་པ་ན་རྣམ་པར་རིག་པ་ཇི་ལྟར་བརྟེན་ནས་སྐྱེ་བར་འགྱུར། ཅིག་ཅར་གྱིས་ན་ནི་གང་ཞིག་གང་དང་འབྲེལ་པ་ཡིན། རྣམ་པར་རིག་པ་ཡང་ཅིའི་ཕྱིར་དོན་སྐྱེད་པར་མི་བྱེད་དེ་དེའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་པ་ཡིན་ནོ། །གལ་ཏེ་
དེ་ལྟ་ཡིན་ན་བྱང་ཆུབ་ཀྱི་སེམས་དེ་ཇི་ལྟ་བུ་ཞིག་ཅེ་ན་གསུངས་པ་ཕུང་པོ་ལ་སོགས་པ་ཆོས་ཀུན་གྱི་བདག་མེད་པ་ནི་བདག་ཡོད་པ་མ་ཡིན་པ་གང་ཡིན་པའོ། །དེ་དང་མཉམ་པ་ནི་ཐམས་ཅད་ལ་ཁྱབ་པ་སྟེ་དེ་ཡིས་སོ། །སེམས་དང་སེམས་ལས་བྱུང་བ་དང་མ་རིག་པའི་ངོ་བོའི་
རྣམ་པར་ཤེས་པ་གསུམ་གྱི་རང་བཞིན་རང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ནི་རང་བཞིན་མེད་པ་སྟེ། སྐྱེ་བ་དང་འཇིག་པ་དང་གནས་པ་སྤངས་ཤིང་རྟག་པ་དང་ཆད་པར་ལྟ་བ་དང་བྲལ་བ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་དེ་ཐམས་ཅད་སྟོང་པ་ཡིན་ཞིང་དེ་ཁོ་ན་ཉིད་བཞི་པ་ཡིན་ཏེ། དེའི་
རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་བདག་གིས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་ལྷག་མའོ། །སློབ་མས་བྱང་ཆུབ་ཀྱི་སེམས་ཀྱི་སྔགས་དེ་བརྗོད་ནས་སློབ་དཔོན་གྱི་ཞབས་ཀྱི་རྩར་སྙིམ་པས་མེ་ཏོག་དབུལ་བར་བྱ་སྟེ་མཐར་ཐུག་པའོ། །དེའི་རྗེས་ལ་ཡུལ་དབུལ་བར་བྱའོ་སྙམ་དུ་

ཐུགས་བཞག་ནས། དེ་ནས་རྗེས་སུ་མཐུན་པའི་ཡོན། །བླ་མ་ལ་ནི་དབུལ་བྱ་སྟེ། །རིན་ཆེན་ཁྱིམ་དང་གླང་པོ་དང་། །ཡུལ་དང་རྟ་དང་མལ་སྟན་བཅས། །ཞེས་བྱ་བ་གསུངས་ཏེ། དེའི་རྗེས་ལ་རྗེས་སུ་མཐུན་པ་སྟེ། རང་གི་ནུས་པ་དང་མཐུན་པའི་ཡོན་རིན་པོ་ཆེ་སྣ་བདུན་བླ་
མ་ལ་དབུལ་བར་བྱའོ་ཞེས་བྱ་བ་ནི་སྦྱིན་པ་པོ་དེ་བཞིན་དུ། བྲན་དང་བྲན་མོ་ཆུང་མ་སྡུག །བུ་མོ་ཤིན་ཏུ་གཅེས་པ་དང་། །བདག་ཉིད་ཀྱང་ནི་དབུལ་བྱ་ན། །ལྷག་མ་གཞན་ལྟ་སྨོས་ཅི་དགོས། །བྲན་ལ་སོགས་པ་རྣམས་ནི་སྦྱིན་པ་ཆེན་པོའོ། །བདག་ཉིད་དབུལ་བ་ནི་ཁྱད་པར་ཅན་
གྱི་སྦྱིན་པ་ཡིན་པས་ལྷག་མ་གཞན་ལྟ་ཅི་སྨོས་ཏེ་དབུལ་བར་འོས་པ་མ་ཡིན་པ་གཞན་ཅི་ཞིག་ཡོད་ཅེས་བྱ་བའི་ཐ་ཚིག་སྟེ་སྒྲ་ཇི་བཞིན་པའོ། །དེ་ལྟར་མན་ངག་ཐོབ་པས་དེ་ཁོ་ན་ཉིད་བསྒོམ་པའི་སྒོ་ནས་འབྲས་བུར་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྟན་པའི་ཕྱིར། སློབ་དཔོན་
ལས་ནི་དྲིན་ཐོབ་དྲི་མེད་བརྟན་པའི་བློ་ལྡན་དངོས་ཀུན་རང་བཞིན་ཅན། །གསལ་དག་ཤིན་ཏུ་ཕྲ་བ་མཆོག་གི་རང་བཞིན་སངས་རྒྱས་མྱ་ངན་འདས་པའི་ཁམས། །གཉིས་མེད་རྟོག་བྲལ་མཆོག་ཏུ་བདེ་བའི་རང་བཞིན་དེ་ཉིད་བསྒོམ་པའི་རྣལ་འབྱོར་པ། །བསོད་ནམས་བསོད་ནམས་མིན་
གྲོལ་རང་ཉིད་འདིར་ནི་བཅོམ་ལྡན་རྡོ་རྗེ་སེམས་དཔར་འགྱུར། །ཞེས་བྱ་བ་གསུངས་ཏེ། དེ་ཁོ་ན་ཉིད་བཞི་ཡང་དག་པའི་མན་ངག་སྟེ་དེ་ལྟ་བུ་བསྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བར་གྱུར་ནས་བཅོམ་
ལྡན་རྡོ་རྗེ་སེམས་དཔའ་སྟེ་རྡོ་རྗེ་འཆང་ཆེན་པོར་འགྱུར་ཞིང་འགྲུབ་པར་འགྱུར་རོ། །རྣལ་འབྱོར་པ་ཇི་ལྟ་བུ་ཞིག་ཅེ་ན། གང་གིས་སློབ་དཔོན་ལ་དྲིས་ཏེ་བླ་མའི་ཞལ་སྔ་ནས་ལུང་ཐོབ་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་དུ་རང་བཞིན་གྱི་དྲི་མ་མེད་པའི་འདོད་ཆགས་ལ་སོགས་པ་
ཉོན་མོངས་པའི་འདམ་དང་བྲལ་བའོ། །གང་ལ་བརྟན་པ་སྟེ་བསྒོམ་པ་ལ་ཤིན་ཏུ་བརྟན་པའི་བློ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དངོས་ཀུན་ནི་བརྟན་པ་དང་གཡོ་བའི་རང་བཞིན་ཅན་ཏེ་དེ་རྣམས་ཀྱི་རང་བཞིན་ནི་དོན་དམ་པར་ཡོངས་སུ་ཤེས་པའི་ཕྱིར་དངོས་ཀུན་རང་བཞིན་ཅན་ནོ། །

དེ་ཁོ་ན་ཉིད་ཇི་ལྟ་བུ་ཞེ་ན། གསལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་དག་པར་བྱེད་པའི་རང་བཞིན་ནོ། །དག་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་དག་པར་བྱེད་པའི་བདག་ཉིད་ཀྱི་ཡིན་ནོ། །ཤིན་ཏུ་ཕྲ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ། །མཆོག་ནི་སེམས་ཅན་
གྱི་དོན་བསྒྲུབ་པར་ནུས་པ་མ་ཡིན་ཞིང་ཞི་བའི་རང་བཞིན་ནོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་ཏེ་མཆོག་ཏུ་ཞི་བའི་རང་བཞིན་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །སངས་རྒྱས་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱི་མྱ་ངན་ལས་འདས་པའི་ཁམས་ནི་ཆོས་ཀྱི་
དབྱིངས་ཤིན་ཏུ་རྣམ་དག་པའི་ཡེ་ཤེས་ཀྱི་བདག་ཉིད་ཡིན་ནོ། །དེ་བཞིན་དུ་གཉིས་མེད་དེ་གཉིས་ནི་འདོད་ཆགས་དང་བྲལ་བ་ཡིན་ལ་དེ་མེད་པའི་ཕྱིར་གཉིས་མེད་དོ། །བརྟགས་པ་ཉིད་ཡིན་པའི་ཕྱིར་མཆོག་ཏུ་དག་པ་ནི་རྟོག་པ་ཡིན་ལ་དེ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་རྟོག་
པ་དང་བྲལ་བའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་བདེ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་བདེ་བ་ཆེན་པོ་ཡིན་ཞིང་དེའི་རང་བཞིན་དེ་དེའི་ངོ་བོ་ཁོ་ན་ཉིད་བསྒོམ་པའི་རྣལ་འབྱོར་པ་གང་ཡིན་པ་དེ་ནི་རྡོ་རྗེ་སེམས་དཔར་འགྱུར་རོ་ཞེས་བྱ་བ་ནི་ངག་གི་དོན་ཏེ་མཐར་ཐུག་པའོ། །རིམ་པ་ལྔའི་
བཤད་པ་ནོར་བུའི་ཕྲེང་བ་ལས་མངོན་པར་བྱང་ཆུབ་པའི་རིམ་པ་སྟེ་བཞི་པའོ།། །།དེ་ནས་ཟུང་དུ་འཇུག་པའི་རིམ་པ་རྩོམ་པ་ན་ཕྱག་འཚལ་བ། མགོན་པོ་རྒྱུ་དང་འབྲས་བདག་ཉིད། །གཉིས་པ་ཐམས་ཅད་རྣམ་སྤངས་ལ། །ཕྱག་འཚལ་ནས་ནི་ཟུང་འཇུག་པའི། །རིམ་པ་ཐ་མ་བདག་
གིས་བྲི། །ཞེས་བྱ་བ་གསུངས་ཏེ། མགོན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གོ། །རྒྱུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དབྱེ་བ་ཉི་ཤུ་རྩ་གཉིས་ཡིན་ཞིང་། འབྲས་བུ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ་དེ་དག་གི་བདག་ཉིད་དོ། །གཉིས་པོ་ཐམས་ཅད་དེ་འདོད་ཆགས་ལ་སོགས་
པའི་ཉེས་པ་རྣམས་དང་བྲལ་བ་ནི་སྤངས་པའོ། །བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་གྱི་རིམ་པ་ཐ་མ་སྟེ་ཕྱི་མ་བྲི་ཞིང་བཤད་པར་བྱ་བ་སྒྲ་ཇི་བཞིན་པའོ། །ཡང་ན་མགོན་པོ་ནི་ཐམས་ཅད་ཀྱི་མཆོག་གོ། །

རྒྱུ་ནི་བསྐྱེད་པའི་རིམ་པས་ལྷའི་སྐུ་བསྒོམ་པ་ཡིན་ཞིང་འབྲས་བུ་ནི་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་སྟེ། དེ་དག་གི་བདག་ཉིད་ནི་དེའི་རང་བཞིན་ནོ། །གཉིས་པ་ཐམས་ཅད་དེ་ཕུང་པོ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་
འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །མགོན་པོ་ནི་བདེ་བ་ཆེན་པོའོ། །འབྲས་བུ་ནི་བྱང་ཆུབ་ཀྱི་སེམས་སོ། །དེའི་རྒྱུ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའོ། །དེའི་བདག་ཉིད་ནི་ཐབས་དེས་ཐོབ་པར་བྱ་བའོ། །གཉིས་དེ་དགའ་བ་དང་
མཆོག་དང་བྲལ་བ་ཐམས་ཅད་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་དགོངས་པས་བཤད་པའོ། །མགོན་པོ་ནི་ཉོན་མོངས་པ་ལས་རྒྱལ་བའོ། །འབྲས་བུ་ནི་མྱ་ངན་ལས་འདས་པའོ། །རྒྱུ་ནི་ཆོས་དང་གང་ཟག་ལ་བདག་མེད་པའོ། །
དེའི་བདག་ཉིད་ནི་དེའི་ལམ་གཉིས་སྟོན་པར་མཛད་པའོ། །གཉིས་པ་ཐམས་ཅད་དེ་ཆགས་པ་དང་ཞེ་སྡང་ལ་སོགས་པ་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བཤད་པར་བྱའོ་ཞེས་པ་ནི་དྲང་བའི་དོན་ཏོ། །འབྲས་བུ་ནི་དཀྱིལ་འཁོར་བཞི་རུ་ཆ་ཤས་
དང་ཆ་ཤས་ཀྱི་བྱེ་བྲག་གིས་གནས་པའི་ཡི་གེ་ཧཱུྃ་ངོ་། །རྒྱུ་ནི་འཇུག་པ་ལ་སོགས་པའི་རིམ་གྱིས་དེ་ཉིད་ཀྱི་བཟླས་པའོ། །དེའི་བདག་ཉིད་ནི་དེའི་འདོད་པའི་བཟླས་པའི་རང་བཞིན་ནོ། །མགོན་པོ་ནི་རྡོ་རྗེ་འཆང་གི་ས་བོན་ནོ། །གཉིས་པ་ཐམས་ཅད་དེ་ཨོཾ་དང་གསུང་གི་ས་བོན་གྱི་ཡན་
ལག་རྣམ་པར་སྤངས་པ་ལ་ཕྱག་འཚལ་ནས་རྗེས་སུ་དྲན་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །འབྲས་བུ་ནི་སྲོག་ཅེས་བྱ་བའི་རླུང་ངོ་། །རྒྱུ་ནི་ཐུར་དུ་སེལ་བའི་རླུང་ངོ་། །བདག་ཉིད་ནི་མེ་དང་རླུང་སྟེ་དེ་རྣམས་སྡུད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མགོན་པོ་ནི་འོད་
གསལ་བའོ། །གཉིས་པ་ཐམས་ཅད་ནི་ཁ་དོག་དམར་པོ་ལ་སོགས་པ་རྣམས་ཏེ་དེ་དག་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པ་མ་ཡིན་པའོ། །རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུ་དག་སྟེ་བྱེད་པ་དང་བྱ་བ་དག་ཡིན་ཞིང་

ཕ་དང་མ་ལས་བྱུང་བའི་འགྲོ་བའི་རང་བཞིན་གྱི་ཁམས་དྲུག་ཡིན་ནོ། །དེ་གྱུར་པའི་ལུས་འབྱུང་བ་ལ་གཉིས་པ་ཐམས་ཅད་དེ་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བ་དང་སྐལ་བ་མཉམ་པ་དང་མཚུངས་པར་ལྡན་པ་དང་ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པ་ཞེས་བྱ་བའི་རྒྱུའི་བྱེ་བྲག་ཡོད་དེ། དེ་
རྣམས་དག་པར་བྱེད་པ་ཉིད་ཡིན་པའི་ཕྱིར་མགོན་པོ་སྟེ། དེ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་ཡི་གེའི་དོན་ཏོ། །ཡང་ན་མགོན་པོ་ནི་སྟོང་པ་ཉིད་དོ། །རྒྱུ་དང་འབྲས་བུའི་བདག་ཉིད་རྣམ་པར་ཐར་པའི་སྒོ་བཞི་ཐོབ་པར་བྱའོ། །གཉིས་པ་ཐམས་ཅད་དེ་གཟུང་བ་དང་འཛིན་
པའི་རྣམ་པར་རྟོག་པ་རྣམས་སྤངས་པ་ལ་ཕྱག་འཚལ་ཏེ་རྗེས་སུ་ཞུགས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྒྱུ་ནི་དེ་བཞིན་ཉིད་དང་ཟླ་བ་དང་རྡོ་རྗེ་དང་ས་བོན་གྱི་རིམ་པའོ། །འབྲས་བུ་ནི་ལྷའི་སྐུ་བསྐྱེད་པའོ། །དེའི་བདག་ཉིད་ཀྱི་མགོན་པོ་ནི་དེ་བཞིན་གཤེགས་པ་
ལྔའི་སྐུ་འཛིན་པའོ། །གཉིས་པ་ཐམས་ཅད་ནི་བདག་དང་གཞན་དུ་དགྱེས་པའི་རྣམ་པར་རྟོག་པ་སྟེ། དེ་རྣམས་དང་བྲལ་ཞིང་སྤངས་པ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡང་ན་རྒྱུ་ནི་རྡོ་རྗེའོ། །འབྲས་བུ་ནི་པདྨ་སྟེ་དེ་དག་དང་ཡང་དག་པར་སྦྱོར་བའི་
སྒོ་ནས་རྣམ་པར་དག་པའི་གནས་ཐོབ་པར་བྱེད་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །མགོན་པོ་ནི་བདེ་བ་ཆེན་པོའོ། །གཉིས་པ་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་དང་འདོད་ཆགས་བར་མ་རྣམས་སོ། །དེ་དག་སྤངས་པའི་ལྷན་ཅིག་སྐྱེས་པ་ལ་ཕྱག་འཚལ་ནས་ཏེ། རབ་ཏུ་ཞུགས་
ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རྒྱུ་དང་འབྲས་བུ་ནི་བདག་བྱིན་གྱིས་བརླབ་པ་དང་། འོད་གསལ་བའི་རིམ་པ་སྟེ་དེའི་བདག་ཉིད་ནི་དེ་དང་ཐ་མི་དད་པའི་རང་བཞིན་ནོ། །མགོན་པོ་ནི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །གཉིས་པ་
ཐམས་ཅད་ནི་སྒྱུ་མ་ལ་སོགས་པའི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མི་མཐུན་པའི་ཕྱོགས་དམིགས་པའི་རྣམ་པར་རྟོག་པ་རྣམས་ཡིན་ལ་དེ་དང་བྲལ་ཞིང་སྤངས་ནས་ཏེ། སྒྱུ་མའི་དཔེ་དང་ལྡན་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཕྱག་འཚལ་ནས་ཏེ་འོད་གསལ་བ་ལས་སྤྲོས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་

བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །མགོན་པོ་ནི་བཞི་པའོ། །རྒྱུ་ནི་རྣམ་པར་ཤེས་པ་གསུམ་མོ། །འབྲས་བུ་ནི་རང་བཞིན་རྣམས་ཏེ་དེ་དག་དག་པར་བྱེད་པ་འདི་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །གཉིས་པ་ཐམས་ཅད་དེ་སྟོང་པ་དང་ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་རྣམས་སྤངས་ཤིང་བོར་བའི་
ཐམས་ཅད་སྟོང་པའི་གཞི་དེ་ཁོ་ན་ཉིད་ལ་ཕྱག་འཚལ་ནས་དེ་མངོན་དུ་བྱས་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །མགོན་པོ་ནི་མན་ངག་བཞི་པའོ། །རྒྱུ་ནི་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ནོ། །འབྲས་བུ་ནི་རིལ་པོར་འཛིན་པའི་ཏིང་ངེ་འཛིན་ཏེ་དེ་དག་གིས་ཐོབ་པའི་
བདག་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ། །གཉིས་པ་ཐམས་ཅད་ནི་ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པའི་བག་ཆགས་ཀྱི་ཚོགས་རྣམས་སྤངས་ཤིང་རབ་ཏུ་གསལ་བའི་དགའ་བའི་རང་བཞིན་གྱི་དེ་ཁོ་ན་ཉིད་ལ་ཕྱག་འཚལ་ནས་ཏེ་རང་རིག་པའི་མངོན་སུམ་གྱིས་རྟོགས་
པར་བྱ་བ་ཐོབ་ནས་ཟུང་དུ་འཇུག་པའི་རིམ་པ་བྲི་བར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །རྒྱུ་ནི་ཀུན་རྫོབ་ཀྱི་བདེན་པའོ། །འབྲས་བུ་ནི་དོན་དམ་པའི་བདེན་པ་སྟེ། དེ་དག་ཐ་མི་དད་པར་བྱེད་པའི་ཕྱིར་རྒྱུ་དང་འབྲས་བུའི་བདག་ཉིད་དོ། །མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་
པའི་ཕྱིར་མགོན་པོའོ། །གཉིས་པ་ཐམས་ཅད་དེ་རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པ་ལ་སོགས་པ་རྣམས་དང་གཙང་བ་དང་མི་གཙང་བ་ལ་སོགས་པ་རྣམས་སྤངས་ཤིང་བོར་བ་ལ་ཕྱག་འཚལ་ནས་ཟུང་དུ་འཇུག་པའི་བདག་ཉིད་ཀྱི་མི་སློབ་པའི་བྱང་ཆུབ་ཀྱི་ངོ་བོ་དེ་ཐོབ་ནས་ཟུང་དུ་འཇུག་པའི་
རིམ་པ་ཞེས་བྱ་བ་ལ་ཟུང་ནི་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པ་ལ་སོགས་པའི་ངོ་བོ་ཡིན་ཞིང་། རིམ་པ་གང་གིས་དེ་དག་འཇུག་པ་སྟེ་འཆིང་ཞིང་གཅིག་ཏུ་བྱེད་པ་དང་ཐ་མི་དད་པར་བྱེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ཡིན་
ནོ། །མི་སློབ་པ་ཉིད་དང་འདི་ལ་ཕ་རོལ་ན་བྱ་བ་གཞན་མེད་པའི་ཐ་མ་སྟེ་དེ་བདག་གིས་བྲི་བར་བྱ་ཞིང་ཕྲེང་བར་བརྒྱུ་བར་བྱའོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །ད་ནི་དེ་ཉིད་ཀྱི་བྱེ་བྲག་རེ་རེ་ནས་བཤད་པར་བྱ་སྟེ། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པ་ན། །གང་དུ་དངོས་པོ་

གཅིག་གྱུར་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །དེ་ནི་རིམ་པ་ལྔ་པའི་སྤྱིའི་མཚན་ཉིད་ཡིན་ནོ། །དེ་བཞིན་དུ་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཐམས་ཅད་ལྟ་བའི་བྱེ་བྲག་གི་སྒོ་ནས་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཁས་ལེན་ཏོ། །དེ་ལས་གྲངས་ཅན་པ་རྣམས་ཀྱིས་ཇི་ལྟར་
འཁོར་བ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་ཡིན་ཏེ། གསལ་བ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་གསུམ་གྱི་རང་བཞིན་ཡིན་ལ་མི་གསལ་བ་ནི་ཡོན་ཏན་གསུམ་གྱི་བདག་ཉིད་དོ། །དེ་རྣམས་ཀྱི་རྣམ་པ་དབྱེ་བ་ཡོངས་སུ་མ་ཤེས་པས་ཉི་ཤུ་རྩ་ལྔ་པའི་སྐྱེས་བུ་འཆིང་བར་འགྱུར་རོ་ཞེས་བྱ་བ་ནི་འཁོར་བའོ། །
དེ་དག་ཐ་དད་པར་གྱུར་པ་ནི་ཐར་པ་སྟེ། ཇི་ལྟར་འོ་མ་སེམས་མེད་པ། །བེའུ་བསྐྱེད་ཕྱིར་འཇུག་པ་ལྟར། །དེ་བཞིན་སྐྱེས་བུ་ཐར་བྱའི་ཕྱིར། །གཙོ་བོ་རབ་ཏུ་འཇུག་པ་ཡིན། །རིག་པ་པ་རྣམས་ཀྱི་ཐར་པ་ནི་བདག་གི་ཡོན་ཏན་དགུ་ཡོངས་སུ་ཤེས་པ་ཙམ་གྱིས་བདག་གིས་དངོས་པོ་བསམ་པ་ཡོངས་སུ་ཤེས་
པ་ཡིན་ལ་དེ་ཡོངས་སུ་མ་ཤེས་པ་འཁོར་བའོ། །ཞི་བ་པ་རྣམས་ཀྱི་ཐར་པ་ནི་དེ་ཁོ་ན་ཉིད་སུམ་ཅུ་རྩ་དྲུག་བཅད་པའི་སྒོ་ནས་ཡིན་ཞིང་དེ་ཡོངས་སུ་མ་བཅད་པ་ནི་འཁོར་བ་ཡིན་ནོ། །སྤྱོད་པ་པ་རྣམས་ཀྱི་ལྟར་ན་བྱ་བའི་ཕྱོགས་ལ་མེའི་མཆོད་སྦྱིན་ལ་སོགས་པ་ཉམས་སུ་ལེན་པ་མེད་པས་ནི་འཁོར་བ་ཡིན་ལ་དེ་
དག་ཉམས་སུ་ལེན་པས་ནི་ཐར་པ་ཡིན་ནོ། །ཡེ་ཤེས་ཀྱི་ཕྱོགས་ལ་ནི་མེའི་མཆོད་སྦྱིན་ལ་སོགས་པ་ཉམས་སུ་ལེན་པ་འཁོར་བ་ཡིན་ལ་རབ་ཏུ་ཞི་བའི་ཚངས་པའི་དེ་ཁོ་ན་ཉིད་ལ་བལྟ་བ་ནི་ཐར་པ་ཡིན་ནོ། །མཆོད་འོས་པ་རྣམས་ཀྱི་ལྟར་ན་འཁོར་བ་ནི་འདོད་ཆགས་ལ་སོགས་པའི་བློ་འགྱུར་བ་ཡིན་ལ།
ཐར་པ་ནི་དུས་གསུམ་ཆར་དུའང་དངོས་པོ་ཐམས་ཅད་འགྱུར་བར་ཤེས་པས་དག་པའི་བདག་གི་དེ་ཁོ་ན་ཉིད་མཐོང་བའོ། །འཇིག་རྟེན་རྒྱང་པན་པ་རྣམས་ཀྱི་ལྟར་ན་མེད་པར་ལྟ་བ་ཅན་ཉིད་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པའོ་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་
ཡིན་པར་འདོད་དེ། དེ་རྣམས་ནི་གཞན་གྱི་བདེ་བ་རྣམས་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པ་དག་ཡིན་ནོ། །རེ་ཞིག་རང་གི་སྡེ་པ་རྣམས་ཀྱི་བརྗོད་པར་བྱ་སྟེ། བྱེ་བྲག་ཏུ་སྨྲ་བ་ལྟར་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཁམས་དང་རྣམ་པའི་བྱེ་བྲག་གིས་དབྱེ་བའི་སྒོ་ནས་གྲངས་

དགུ་བཅུ་རྩ་བརྒྱད་ཡོད་པས་ཁམས་གསུམ་པ་བཅིངས་པ་ནི་འཁོར་བ་ཡིན་ལ། དེ་རྣམས་ཉིད་མཐོང་བ་དང་བསྒོམ་པའི་ལམ་གྱིས་སའི་རིམ་པ་རྣམ་པར་སྦྱངས་ནས་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ནི་མྱ་ངན་ལས་
འདས་པའོ། །མདོ་སྡེ་པ་རྣམས་ཀྱི་ལྟར་ན་རྗེས་སུ་དཔག་པས་གྲུབ་པ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་དངོས་པོ་སེམས་ཀྱི་རང་གི་ངོ་བོར་ཡོངས་སུ་མ་ཤེས་པ་ནི་འཁོར་བ་ཡིན་ལ། དེ་ཉིད་སེམས་ཀྱི་རང་གི་ངོ་བོར་ཡོངས་སུ་ཤེས་པ་ནི་མྱ་ངན་ལས་འདས་པའོ། །རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ལྟར་ན་གཅིག་དང་དུ་མ་
ཉིད་དུ་མེད་པའི་ཕྱིར་ཕྱི་རོལ་གྱི་དོན་མེད་དོ། །དེ་བས་ན་གཟུང་བ་དང་འཛིན་པའི་རྣམ་པ་ཅན་གྱི་འཁྲུལ་པ་ནི་འཁོར་བའོ། །དྲི་མ་མེད་ཅིང་མཐའ་ཡས་པ་ནམ་མཁའ་ལྟ་བུ་ཆོས་ཀྱི་སྐུའི་རང་བཞིན་གྱི་རྣམ་པར་རིག་པ་འབའ་ཞིག་ཁོ་ན་མྱ་ངན་ལས་འདས་པའོ། །རྣམ་པ་མེད་པའི་རྣམ་པར་རིག་པ་ཙམ་
དུ་སྨྲ་བའི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱི་ལྟར་ན་རྣམ་པ་དང་བཅས་པའི་རྣམ་པར་རིག་པ་ནི་འཁོར་བ་ཡིན་ལ། གཟུགས་བརྙན་དང་བྲལ་བའི་རྣམ་པར་རིག་པ་ཙམ་ཉིད་ནི་མྱ་ངན་ལས་འདས་པའོ། །དབུ་མ་པ་རྣམས་ཀྱི་ལྟར་ན་གཟུང་བ་དང་འཛིན་པར་བརྟག་པའི་འཁྲུལ་པ་ཙམ་གྱི་རང་བཞིན་གྱི་
སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་རང་གི་ངོ་བོ་ཁམས་གསུམ་པ་འདི་ནི་འཁོར་བ་ཡིན་ལ་སྟོང་པ་ཉིད་བཅོ་བརྒྱད་ཀྱིས་རིམ་གྱིས་ཐོབ་པར་བྱ་བའི་ཐམས་ཅད་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ། །བྱ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་ཐ་མལ་པའི་རང་གི་ལུས་སུ་མངོན་
པར་ཞེན་པ་ཡིན་ལ་མྱ་ངན་ལས་འདས་པ་ནི་ལྷའི་སྐུ་གྲུབ་པ་ཡིན་ནོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་ལྷའི་སྐུ་བསྒོམ་པ་ཡིན་ལ་མྱ་ངན་ལས་འདས་པ་ནི་ཡེ་ཤེས་ཀྱི་སྐུ་ཡོངས་སུ་འཛིན་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་བ་ནི་
དམིགས་པའི་རྣམ་པར་རྟོག་པ་གང་ཅི་ཡང་རུང་བ་ཡིན་ལ་མྱ་ངན་ལས་འདས་པ་ནི་འོད་གསལ་བ་ལ་འཇུག་པ་ཙམ་ཡིན་ནོ། །དེའི་ཕྱིར་འདིར་བསྡུས་པ་ནི་དམིགས་པའི་བདག་ཉིད་ཅན་གྱི་རྣམ་པར་རྟོག་པའི་བྱེ་བྲག་ཕྲ་བའམ་རགས་པ་གང་རུང་བ་དེ་ནི་འཁོར་བའི་ཕྱོགས་ཁོ་ན་ཡིན་ནོ། །

དེ་དག་དང་བྲལ་བའི་དེ་ཁོ་ན་ཉིད་སེམས་ཀྱི་དགའ་བ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ཡིན་ནོ། །འཕགས་པ་ཀམ་པ་ལའི་ཞལ་སྔ་ནས་ཀྱིས་ཀྱང་། འདོད་ཆགས་ལ་སོགས་དྲི་བཅས་སེམས། །འཁོར་བ་ཡིན་ཏེ་དེས་དབེན་པ། །མདོར་ན་ཐར་པ་
ཡིན་པར་ནི། །རྒྱལ་བ་སྒྲིབ་པ་སྤངས་པས་གསུངས། །ཞེས་གསུངས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་རྟོག་པ་དེ་དག་སྤངས་ཤིང་བཅོམ་པས་ན་ཏིང་ངེ་འཛིན་གང་དུ་དངོས་པོ་གཅིག་སྟེ་ཐ་མི་དད་པར་འགྱུར་ཞིང་། འགྲུབ་པ་དེ་ནི་ཟུང་དུ་འཇུག་པར་ཏེ་མི་གནས་པའི་མྱ་ངན་
ལས་འདས་པའི་ཏིང་ངེ་འཛིན་ཅེས་བརྗོད་པར་བྱའོ། །དེ་བཞིན་དུ་ཡང་འོད་གསལ་བའི་ཏིང་ངེ་འཛིན་ལས་མི་གཡོ་བ་ཉིད་ཡིན་པའི་ཕྱིར་འཁོར་བ་ལས་མི་གནས་པ་ཡིན་ལ་འཇའ་ཚོན་ལྟ་བུའི་ཡེ་ཤེས་ཀྱི་སྐུ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་ནུས་པ་ཡིན་པའི་ཕྱིར་མྱ་ངན་
ལས་འདས་པ་ལ་མི་གནས་པ་ཡིན་ནོ་ཞེས་བྱ་བ་ནི་དངོས་སུ་ཟུང་དུ་འཇུག་པའི་རིམ་པའི་དོན་དང་མཐུན་པའི་མིང་བསྟན་པ་ཡིན་ནོ། །དེ་ནི་སྤྱིའི་མཚན་ཉིད་ཡིན་ཏེ་དགོངས་པ་མ་ཡིན་པའོ། །ཁྱད་པར་གྱི་མཚན་ཉིད་ནི། །ཀུན་ནས་ཉོན་མོངས་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གི་
གཅིག་པ་ཉིད་ཤེས་པ། །དེ་ཡི་ཟུང་དུ་འཇུག་པ་ཤེས། །ཞེས་བྱ་བ་གསུངས་ཏེ་ཀུན་ནས་ཉོན་མོངས་པ་ཞེས་བྱ་བ་ནི་སེམས་དང་སེམས་ལས་བྱུང་བས་བསྡུས་པའི་ཁམས་གསུམ་པའོ། །རྣམ་པར་བྱང་བ་ནི་དེའི་གཉེན་པོར་གྱུར་པའི་དགེ་བའི་ཆོས་རྣམས་སོ། །དེ་བཞིན་དུ་ཡང་སྡུག་བསྔལ་
འཕགས་པའི་བདེན་པ་དང་། ཀུན་འབྱུང་འཕགས་པའི་བདེན་པ་དང་། །འགོག་པ་འཕགས་པའི་བདེན་པ་དང་། ལམ་འཕགས་པའི་བདེན་པ་དང་ཞེས་བྱ་བ་འཕགས་པའི་བདེན་པ་བཞི་སྟེ་རྗེ་བཙུན་དཀོན་མཆོག་སྒྲོལ་མ་ལས། གཉིས་ནི་འཕགས་པ་ཉན་ཐོས་རྣམས་ཀྱི་
བདེན་པ་དག་ཡིན་ལ། ཡང་གཉིས་ནི་འཕགས་པའི་བདེན་པའོ་ཞེས་འབྱུང་བའི་ཕྱིར། དེ་ལ་འཕགས་པ་རྣམས་ཀྱི་བདེན་པ་གང་དང་གང་ཡིན་ཞེ་ན། སྡུག་བསྔལ་དང་ཀུན་འབྱུང་སྟེ་གང་གི་ཕྱིར་དེ་རྣམས་ནི་འཁོར་བ་སྤང་བར་འདོད་པའི་འཕགས་པའི་གང་ཟག་རྣམས་

ཀྱིས་རྒྱུ་དང་འབྲས་བུའི་དངོས་པོར་བདེན་པ་ཉིད་དུ་བརྟགས་པའི་ཕྱིར་རོ། །དེ་དག་གི་གཉེན་པོར་གྱུར་པའི་འགོག་པ་དང་། ལམ་དག་ནི་འདུས་མ་བྱས་ཉིད་དང་རང་ཉིད་ཉོན་མོངས་པ་དང་བྲལ་བ་ཉིད་ཡིན་པའི་ཕྱིར་འཕགས་པ་ཡིན་ཞིང་། ཡང་དག་པའི་ཤེས་པ་སྔོན་དུ་
འགྲོ་བ་ཅན་ཉིད་དང་ཚད་མས་འཐད་པ་ཉིད་ཡིན་པའི་ཕྱིར་བདེན་པའོ། །དེ་ནི་རྣམ་པར་བྱང་བ་སྟེ་ཀུན་ནས་ཉོན་མོངས་པ་ཁྱད་པར་དུ་བྱང་བར་བྱེད་ཅིང་ཉམས་པར་བྱེད་པས་ན་རྣམ་པར་བྱང་བ་ཡིན་ཞིང་དགེ་བའི་ཕྱོགས་ཀྱིས་བསྡུས་པའི་ལམ་མོ། །དེའི་ཕྱིར་མཐོང་བ་དང་བསྒོམ་
པའི་ལམ་གྱི་རིམ་པས་ཁམས་གསུམ་པའི་ཡུལ་ཅན་གྱིས་ཉོན་མོངས་པ་ཉེ་བར་ཞི་བར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་སྐད་ཅིག་བཞིའི་དབྱེ་བས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་ཆོས་རྣམས་ཁོང་དུ་ཆུད་པས་ཆོས་ཀྱི་སྐུའོ། །རྟོགས་པའི་
དུས་དེ་སྲིད་དུ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་འབྱུང་ངོ་། །འོད་གསལ་བའི་དེ་ཁོ་ན་ཉིད་མངོན་དུ་བྱས་པའི་ཕྱིར་ཏིང་ངེ་འཛིན་གང་ལ་མི་མཐུན་པའི་ཕྱོགས་དང་། གཉེན་པོའི་ཕྱོགས་སུ་གྱུར་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་
པར་བྱང་བྱའི་རྣམ་པར་རྟོག་པ་དེ་འདི་ཡིན་ནོ་སྙམ་དུ་སྣང་བ་མེད་ཅིང་། འོན་ཀྱང་རྣལ་འབྱོར་པ་གང་གིས་གཅིག་པ་ཉིད་དུ་སྟེ་གཉིས་སུ་མེད་པའི་ངོ་བོ་ཉིད་དུ་ཤེས་ཤིང་རྟོགས་པ་དེས་ནི་ཟུང་དུ་འཇུག་པའི་རིམ་པ་ཤེས་པའོ་ཞེས་བྱ་བའི་དོན་ཏེ་དགོངས་པ་མ་ཡིན་པའོ། །རྣམ་པར་
ཤེས་པ་སྨྲ་བའི་ཕྱོགས་སྔ་མར་བཀོད་པའི་སྒོ་ནས་ཐ་མི་དད་པའི་ཏིང་ངེ་འཛིན། དངོས་པོ་རྣམས་བཅས་ཀུན་རྟོག་དང་། །རྣམ་པ་མེད་པའི་རྟོག་པ་དང་། །གཅིག་བཅས་སྤྱོད་པའི་རྣལ་འབྱོར་པ། །དེ་ནི་ཟུང་དུ་འཇུག་ཤེས་པའོ། །ཞེས་བྱ་བ་གསུངས་ཏེ་རྣམ་པར་རིག་པ་ཙམ་དུ་སྨྲ་བ་ཁ་
ཅིག་གི་ཕྱོགས་ནི་འདི་ཡིན་ནོ། །འདི་ལྟ་སྟེ་བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་ཕྱི་རོལ་ན་སྣང་བ་གང་ཅི་ཡང་རུང་བ་དེ་རྣམས་ནི་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ་རང་གསལ་བ་ཉིད་ཡིན་པའི་ཕྱིར་རོ། །དངོས་པོ་གང་དང་གང་རང་གསལ་བའི་ངོ་བོ་དེ་ཡོད་དེ་རྣམ་པར་རིག་པ་བཞིན་ནོ། །

གང་ཞིག་གཞན་གྱི་གསལ་བ་དེ་ནི་ཡོད་པ་མ་ཡིན་ཏེ་གཞན་གྱི་དབང་ཉིད་ཡིན་པའི་ཕྱིར་རོ། །གཞན་ལ་རག་ལུས་པ་ནི་རྣམ་པར་རིག་པ་ཁོ་ནས་གསལ་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་གང་
ཡིན་པ་དེ་རྣམས་ནི་རྣམ་པར་རིག་པ་ཙམ་ལ་རག་ལུས་པ་ཁོ་ན་སྟེ་མེ་ལོང་དུ་བྱུང་བའི་གཟུགས་བརྙན་བཞིན་ནོ་ཞེས་བྱ་བ་དེ་ནི་རྣམ་པར་ཤེས་པ་རྣམས་དང་བཅས་པར་སྨྲ་བ་རྣམས་ཀྱིས་དངོས་པོར་ཀུན་དུ་རྟོག་པ་སྟེ་ཕྱི་རོལ་གྱི་ཚོགས་སུ་སྣང་བའི་རྟོག་པ་འབྱུང་བའོ། །
རྣམ་པར་རིག་པ་ཙམ་སྨྲ་བ་གཞན་དག་ནི་འདི་སྙམ་དུ་སེམས་ཏེ། དྲི་མ་མེད་ཅིང་མཐའ་ཡས་པའི་ནམ་མཁའ་དང་མཚུངས་པ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཐམས་ཅད་སྤངས་ཤིང་རྣམ་པ་མེད་པའི་རྣམ་པར་རིག་པ་འབའ་ཞིག་དེ་ལ་དོན་ལས་འབྱུང་བའམ་དེར་སྣང་
བའི་རྣམ་པ་དེ་དག་གིས་གོས་པར་རུང་བ་མ་ཡིན་ཏེ་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར་ནམ་མཁའ་བཞིན་ནོ། །གློ་བུར་བའི་དྲི་མ་རྣམས་སྣང་བ་ནི་སྣང་བ་མེད་པ་ཁོ་ན་ཡིན་ཏེ་བཅོམ་ལྡན་འདས་མ་ཉིད་ཡིན་པའི་ཕྱིར་རོ། །སྣང་བ་ལྟ་བུར་ཉམས་སུ་མྱོང་བ་གང་ཡིན་པ་དེ་རྣམས་ནི། སྒྱུ་མ་
དང་། སྨིག་རྒྱུ་དང་། ཟླ་བ་གཉིས་ལ་སོགས་པ་བཞིན་དུ་མེད་པ་ཡིན་པས་ན་རྣམ་པ་མེད་པའི་རྣམ་པར་རིག་པ་འབའ་ཞིག་ཡིན་ནོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་རྣམས་ཀྱིས་རྣམ་པ་མེད་པ་ཉིད་དུ་རྟོག་པའོ། །དེ་ལྟ་བུའི་ཕྱོགས་གཉིས་འོད་གསལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་
པས་གཅིག་ཏུ་བྱས་ནས་ཏེ་རོ་གཅིག་ཏུ་བྱས་ནས་སྤྱོད་ཅིང་ཤེས་པའི་རྣལ་འབྱོར་པ་ཡོངས་སུ་གྲུབ་པའི་དེ་ཁོ་ན་ཉིད་ལ་གནས་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ཤེས་པ་སྟེ་མཐོང་བའམ་ཐོས་པ་ཡིན་ནོ་ཞེས་བྱ་བ་ནི་
དགོངས་པ་མ་ཡིན་པའོ། །དབུ་མའི་ཕྱོགས་ནི། གཟུང་བ་དང་ནི་འཛིན་པ་ཡི། །བློ་རྣམས་གཉིས་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་ཡོད་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །ཅེས་བྱ་བ་གསུངས་ཏེ་དབུ་མ་པ་རྣམས་ནི་ཕྱི་རོལ་གྱི་གཟུང་བ་གཅིག་དང་དུ་མ་དང་བྲལ་བའི་

ཕྱིར་མེད་པར་འདོད་དོ། །དེའི་ཕྱིར་གཟུང་བ་མེད་པས་འཛིན་པ་ཡང་མེད་པའི་ཕྱིར་འཛིན་པ་མེད་ཅེས་ཟེར་རོ། །དེ་ལྟར་དེ་རྣམས་ཀྱི་ལྟར་ན་བློ་སྟེ་ཤེས་པ་གཟུང་བ་དང་འཛིན་པའི་རང་བཞིན་གྱི་རྣམ་པ་གཉིས་སུ་གྱུར་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཡང་དེ་རྣམས་ནི་འདི་
སྐད་དུ་དངོས་པོ་འདི་དག་ཐམས་ཅད་རང་བཞིན་མེད་དེ་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་གཟུགས་བརྙན་བཞིན་ནོ། །དངོས་པོ་གང་ཞིག་གཅིག་དང་དུ་མ་ཉིད་ལ་སོགས་པ་དང་ལྡན་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ལ་སོགས་པ་ལྟ་
བུ་ཡིན་པས་མི་མཐུན་པའི་ཕྱོགས་དང་། ཚད་མ་མེད་པ་ཁོ་ན་ཡིན་ཞེས་སྨྲའོ། །དེ་ལྟར་ན་དབུ་མ་པ་རྣམས་ལ་གཉིས་སུ་སྣང་བ་མེད་དེ། དེ་ནི་དོན་དམ་པ་འབའ་ཞིག་གི་ཕྱོགས་ཡིན་པས་དེ་བསལ་བའི་ཕྱིར་གསུངས་པ། ཟུང་དུ་འཇུག་
པའི་བདག་ཉིད་ཀྱི་ཏིང་ངེ་འཛིན་གང་དུ་མི་ཕྱེད་པ་ནི་གཅིག་པ་སྟེ། ཀུན་རྫོབ་དང་དོན་དམ་པ་དག་གཉིས་སུ་མེད་པའི་དངོས་པོར་ཡོད་ཅིང་། རྣལ་འབྱོར་པ་རྣམས་ཀྱིས་དམིགས་པའི་ཏིང་ངེ་འཛིན་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་བཅོམ་ལྡན་
འདས་ཀྱིས་གསུངས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་ཚད་མ་ཡིན་པར་བསྟན་ཏེ་དགོངས་པ་མ་ཡིན་པའོ། །རྒོལ་བ་ཐམས་ཅད་ཀྱི་ཕྱོགས་དགག་པའི་ཕྱིར། རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་རབ་གནས་པ། །
ཟུང་འཇུག་རིམ་པ་ཤེས་བྱ་བ། །གང་གིས་དེ་ཤེས་མཁས་པ་ཡིན། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཡང་བདག་ཏུ་ལྟ་བས་ཟིན་པ་ཕ་རོལ་རྒོལ་བ་གང་དུ་ཡང་རུང་བ་དེ་ཐམས་ཅད་ནི་འཁོར་བའི་དུག་གི་ལྗོན་ཤིང་གི་རྒྱུར་གྱུར་པ་རྣམ་གྲངས་གཞན་
ཐེར་ཟུག་ཉིད་ཅེས་བྱ་བ་ནི་རྟག་པའི་ཕྱོགས་ཀྱི་ལམ་ལ་གནས་པ་ཡིན་ཞིང་། དེ་རྣམས་ནི་འཁོར་བའི་ཞགས་པའི་མདུད་པ་ལས་གྲོལ་བ་མ་ཡིན་ཏེ་ཐར་པའི་ལམ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཁ་ཅིག་རང་གི་ཕུང་པོ་ལ་སོགས་པ་འགགས་པ་

ལས། ཏིལ་མར་ཟད་པས་མར་མེ་ཤི་བ་བཞིན་དུ་མར་མེ་ལྟ་བུའི་མྱ་ངན་ལས་འདས་པ་འདོད་པ་ཡིན་ཏེ། དེ་རྣམས་ནི་སེམས་ཅན་གྱི་དོན་བྱ་བའི་བདེ་བ་དང་ཡིད་བདེ་བ་མེད་པའི་ཕྱིར་ཚད་མ་གཉིས་ལས་འདས་ཤིང་ཆད་པའི་མཚན་ཉིད་ཀྱི་ཐར་པ་འདོད་པ་ཡིན་ནོ། །དེ་
རྣམས་ཀྱང་གྲོལ་བར་མི་འགྱུར་ཏེ་ཐར་པ་ཡོངས་སུ་མ་དག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །འོད་གསལ་བའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་དབང་གིས་དངོས་པོ་ཐམས་ཅད་རོ་གཅིག་ཏུ་བྱས་པའི་ཏིང་ངེ་འཛིན་གང་ལ་རྟག་པ་དང་ཆད་པའི་བློ་སྤངས་ཤིང་མི་གནས་པ་དེ་ལྟ་བུའི་ཟུང་དུ་
འཇུག་པའི་རིམ་པ་གང་གིས་ཤེས་ཤིང་རིག་པ་དེ་ནི་མཁས་པ་སྟེ། དངོས་པོ་ཇི་ལྟ་བ་བཞིན་དུ་མཐོང་བའི་རྣལ་འབྱོར་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །རྒྱལ་པོ་རིན་པོ་ཆེའི་ཕྲེང་བ་ལས་ཀྱང་། བདག་གཞན་ཕན་པ་ཡོངས་ཤེས་ནས། །རྟག་ཏུ་ལུས་ངག་ཡིད་ཀྱི་ལས། །ཐམས་
ཅད་ཡོངས་སུ་བརྟགས་ནས་སུ། །བྱེད་པ་དེ་ནི་མཁས་པ་ཡིན། །བདག་མེད་ཡོད་པར་མི་འགྱུར་ཞིང་། །བདག་གི་མེད་ཅིང་ཡོད་མི་འགྱུར། །ཞེས་པས་བྱིས་པ་སྐྲག་པར་འགྱུར། །མཁས་པ་སྲིད་པ་ཟད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དགོངས་པ་མ་
ཡིན་པའོ། །དེ་ཉིད་ནི། ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་རབ་ཏུ་འཇུག་འགྱུར་བ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་བྱ་བ་གསུངས་ཏེ་དེ་ལ་ཤེས་རབ་ཅེས་བྱ་བ་ནི་ཐོས་པ་ལས་བྱུང་བ་དང་བསམས་པ་ལས་
བྱུང་བ་དང་བསྒོམས་པ་ལས་བྱུང་བ་ཞེས་བྱ་བ་རྣམ་པ་གསུམ་མོ། །དེ་ལ་ཐོས་པ་ལ་སོགས་པ་ལས་བྱུང་བ་ནི་དམིགས་པ་དང་བཅས་པ་ཡིན་ལ་དེའི་རྗེས་ལ་ཐོབ་པ་ནི་དམིགས་པ་མེད་པ་ཡིན་ནོ། །སྙིང་རྗེ་ནི་སེམས་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་དམིགས་པ་
མེད་པ་ཞེས་བྱ་བ་རྣམ་པ་གསུམ་མོ། །གཉིས་ནི་དམིགས་པ་དང་བཅས་པ་ཡིན་ལ་ཐ་མ་ནི་དམིགས་པ་མེད་པ་ཡིན་ཏེ་དེ་ཉིད་སྙིང་རྗེ་ཆེན་པོ་ཡིན་ནོ། །ཤེས་རབ་སྙིང་རྗེ་དག་གཅིག་པར་ཏེ་ཐ་དད་པ་མེད་པར་ཤེས་ཤིང་རྟོགས་ནས་རྣལ་འབྱོར་པ་རབ་ཏུ་འཇུག་ཅིང་སེམས་ཅན་

གྱི་དོན་བྱེད་པ་དེ་ནི་སངས་རྒྱས་སྤྱོད་ཡུལ་ཏེ་དེ་བཞིན་གཤེགས་པའི་ཡུལ་ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བར་བཤད་དོ་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །ཡང་ན་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །སྙིང་རྗེ་ནི་དཔལ་རྡོ་རྗེ་འཆང་སྟེ་ཕྱག་རྒྱ་ཆེན་པོ་ཡིན་ཞིང་དེ་དག་སྙོམས་པར་འཇུག་པའི་གཅིག་པ་
ཤེས་ཤིང་མངོན་དུ་བྱས་ནས་རྣལ་འབྱོར་པ་གང་ཞིག་རབ་ཏུ་འཇུག་པ་སྟེ། སྤྲོ་བའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་མི་འདྲ་བ་གཞན་དང་གཞན་སྤྲུལ་པའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་སྤྱོད་ཡུལ་ས་བཅུ་གཉིས་
པ་ཐོབ་པར་བྱ་བ་ཡིན་ནོ་ཞེས་བཤད་པར་བྱ་སྟེ་ངེས་པའི་དོན་ཏོ། །ཡང་ན་ཤེས་རབ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ། །སྙིང་རྗེ་ནི་ཀུན་རྫོབ་ཀྱི་སེམས་ཡིན་ཞིང་དེ་དག་གཅིག་པར་ཏེ། རྡོ་རྗེའི་རྩེ་མོར་འཛིན་པའི་ཡན་ལག་གིས་རོ་གཅིག་པར་ཤེས་ཤིང་ཉམས་སུ་མྱོང་ནས་རྣལ་འབྱོར་
པ་གང་ཞིག་རབ་ཏུ་འཇུག་པ་སྟེ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་དེ་ཁོ་ན་ཉིད་ལ་གནས་པ་དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་རང་རིག་པའི་མངོན་སུམ་གྱི་ཚད་མས་ཡང་དག་པར་ཁོང་དུ་ཆུད་པར་བྱ་བའི་རང་གི་ངོ་བོ་ཟུང་དུ་འཇུག་པ་ཞེས་བཤད་པར་བྱ་སྟེ་དགོངས་པ་མ་ཡིན་པའོ། །ཡང་ན་
ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྙིང་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྟེ་དེ་དག་གཅིག་པ་ནི་འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་བསྒྲུབ་པ་སྟེ་དེ་ལྟ་བུར་ཤེས་ཤིང་བསྒྲུབས་ནས་རྣལ་འབྱོར་པ་གང་ཞིག་རབ་ཏུ་འཇུག་པ་སྟེ་སྦྱིན་པ་ལ་སོགས་པ་ལ་རབ་ཏུ་འཇུག་པར་བྱེད་པའི་
རྣལ་འབྱོར་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་སྟེ་གཉིས་སུ་མེད་པའི་རིམ་པ་མངོན་པར་ཤེས་ཤིང་སངས་རྒྱས་ཀྱི་སྤྱོད་ཡུལ་ཏེ་དེ་བཞིན་གཤེགས་པའི་ས་ལ་གནས་པ་ཡིན་ནོ་ཞེས་བཤད་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ད་ནི་ཕྱོགས་གཞན་གྱི་སྒོ་ནས། ཐབས་དང་ཤེས་རབ་སྙོམས་འཇུག་
པས། ཐམས་ཅད་རང་བཞིན་ཤེས་ནས་ནི། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །ཞེས་བྱ་བ་གསུངས་ཏེ་ཤེས་རབ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཐབས་ནི་རྡོ་རྗེ་འཆང་གི་སྐུ་སྟེ་དེ་དག་སྙོམས་པར་འཇུག་པའི་སྦྱོར་བས་འདོད་ཆགས་ལ་སོགས་པ་ཐམས་

ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་ཤེས་ཤིང་རྟོགས་ནས་རྣལ་འབྱོར་པ་ལྷན་ཅིག་སྐྱེས་པ་གང་དུ་གནས་ཤིང་འཇུག་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བར་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །ཡང་ན་ཤེས་རབ་ནི་སེམས་རྣམ་པར་དག་པའི་རིམ་པའོ། །ཐབས་ནི་བདག་བྱིན་གྱིས་བརླབ་
པའི་རིམ་པ་སྟེ་དེ་དག་གི་རྒྱུ་དང་འབྲས་བུའི་དངོས་པོར་སྤྲོ་བ་དང་བསྡུ་བ་དག་ནི་སྙོམས་པར་འཇུག་པའོ། །དེས་ཁམས་གསུམ་པ་ཐམས་ཅད་རང་བཞིན་ཏེ་བསྡུས་ནས་ཤེས་ཤིང་སྒྱུ་མའི་དཔེ་བཅུ་གཉིས་དང་མཚུངས་པར་ཉེ་བར་རྟོགས་ནས་རྫོགས་པའི་རིམ་པའི་མངོན་པར་ཤེས་པའི་རྣལ་
འབྱོར་པ་ཆེན་པོ་གང་དུ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་དུ་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཞེས་བྱ་བའི་དེ་ཁོ་ན་ཉིད་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ཉན་ཐོས་ཕྱོགས་སྔ་མར་བཞག་པའི་སྒོ་ནས། གང་དུ་ཕུང་པོ་ལྷག་བཅས་དང་། །དེ་བཞིན་ཕུང་པོ་ལྷག་
མེད་ཅེས། །དེ་ལྟའི་རྟོག་པ་མེད་གྱུར་པ། །དེ་ཤེས་ཟུང་དུ་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ་ཉན་ཐོས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་རྣམ་པ་གཉིས་ཏེ་ཕུང་པོ་ལྷག་མ་དང་བཅས་པ་དང་ཕུང་པོ་ལྷག་མ་མེད་པའོ། །དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་བག་ཆགས་ཀྱིས་
བཅིངས་པའི་ཕུང་པོ་ལ་སོགས་པ་ནི་ཕུང་པོ་སྟེ་དེ་དང་ལྷན་ཅིག་གནས་པ་ནི་ཕུང་པོ་ལྷག་མ་དང་བཅས་པའོ། །གང་གི་ཚེ་མཐོང་བ་དང་སྒོམ་པའི་ལམ་གྱིས་ཉོན་མོངས་པ་སྤངས་སུ་ཟིན་ཀྱང་སྔོན་གྱི་བག་ཆགས་ཀྱི་དབང་གིས་ལུས་མ་ཟད་པ་དེའི་ཚེ། ཉན་ཐོས་ཀྱི་རིགས་ཅན་རྣམས་
གྲོལ་ཡང་མ་གྲོལ་སྙམ་དུ་སེམས་སོ། །གང་གི་ཚེ་ཉོན་མོངས་པ་རྣམས་ཟད་ཅིང་ཕུང་པོ་རྣམས་ནུབ་པ་དེའི་ཚེ་ཏིལ་མར་ཟད་པའི་མར་མེ་བཞིན་དུ་ནུབ་པར་གྱུར་པ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེའི་ཕྱིར་རྣམ་པར་རྟོག་པ་དེ་གཉིས་ནི།
ཏིང་ངེ་འཛིན་གང་ལ་མེད་པ་དེ་ནི་ཟུང་དུ་འཇུག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་པར་ཤེས་ཤིང་རྟོགས་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །ཕྱོགས་དེ་ཉིད། གང་དུ་གང་ཟག་བདག་མེད་དང་། །ཆོས་བདག་མེད་ཅེས་བྱ་བ་ཡི། །རྟོགས་པ་ཡིས་ནི་དབེན་གྱུར་པ། །ཟུང་དུ་འཇུག་པའི་མཚན་

ཉིད་དོ། །ཞེས་བྱ་བ་གསུངས་ཏེ་བཅོམ་ལྡན་འདས་ཀྱིས་ཕུང་པོ་བསྟན་པའི་སྒོ་ནས་གང་ཟག་མེད་པའི་གང་ཟག་ལ་བདག་མེད་པ་དང་། རྣམ་པར་རིག་པ་ཙམ་དུ་བསྟན་པའི་སྒོ་ནས་ཕུང་པོ་ལ་སོགས་པ་མེད་པའི་ཆོས་ལ་བདག་མེད་པ་གསུངས་སོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་པ་དང་རྣལ་འབྱོར་སྤྱོད་པ་
པ་རྣམས་ཀྱི་ཕྱོགས་གཉིས་ཏེ་རྣམ་པར་རྟོག་པ་དེ་གཉིས་སུ་སྣང་བ་ཏིང་ངེ་འཛིན་གང་ལ་མེད་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་ཞིང་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ་སྤྱིའི་དོན་ཏོ། །ཡང་ན་གང་ཟག་ལ་བདག་མེད་པ་ཞེས་བྱ་བ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་
བསྒོམ་པའི་ལམ་གྱིས་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་མངོན་དུ་བྱེད་པའོ། །ཆོས་ལ་བདག་མེད་པས་ནི་སྐུར་སྒྲུབ་པས་ལུས་དང་ངག་དང་ཡིད་དག་མི་དམིགས་པའི་སྒོ་ནས་ལྷའི་འཁོར་ལོའི་དབུས་ན་གནས་པ་སྟེ་དེ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱི་དེ་ཁོ་ན་ཉིད་དམ་པ་ཡིན་ནོ། །རྫོགས་
པའི་རིམ་པའི་རྣལ་འབྱོར་པའི་ཏིང་ངེ་འཛིན་གང་ལ་རྟོགས་པ་དེ་གཉིས་མེད་པ་ནི་མི་སློབ་པ་ཉིད་ཡིན་པའི་ཕྱིར་ཟུང་དུ་འཇུག་པའི་རིམ་པའི་མཚན་ཉིད་ཡིན་ཞིང་རང་བཞིན་ཡིན་ཏེ་སྤྱིའི་དོན་ཏོ། །རྫོགས་པའི་རིམ་པའི་ཕྱོགས་ནི། བདག་བྱིན་བརླབ་དང་འོད་གསལ་དང་། །དེ་ཉིད་རིག་པས་
རིམ་ཤེས་ནས། །དེ་དག་འདུས་པ་གང་ཡིན་པ། །དེ་ནི་ཟུང་འཇུག་རིམ་པ་ཡིན། །ཞེས་བྱ་བ་གསུངས་ཏེ། བདག་བྱིན་བརླབ་པ་ལས་ཅིག་ཅར་ལྷའི་རྣམ་པར་སྤྲོ་བ་སྟེ་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ནོ། །འོད་གསལ་བ་ཞེས་བྱ་བ་ནི་དེ་ཡང་དེ་ཉིད་དུ་རིམ་པ་གཉིས་པ་དང་
བཞི་པ་དག་གིས་གཞུག་པའོ། །དེ་དག་རིམ་སྟེ་རྗེས་སུ་མཐུན་པ་དང་མི་མཐུན་པའི་རྒྱུ་དང་འབྲས་བུར་ཤེས་ཤིང་མངོན་དུ་བྱས་ནས་ཕྱིས་རིམ་པ་ལྔ་པས་གཉིས་པོ་དེ་དག་འདུས་པ་སྟེ། གཅིག་ཏུ་གྱུར་ཅིང་ཐ་མི་དད་པར་བྱས་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཞེས་བརྗོད་དོ་
ཞེས་བྱ་བ་ནི་སྦས་པའོ། །མངོན་པར་བྱང་ཆུབ་པའི་རིམ་པའི་ཐབས་ཀྱི་ཕྱོགས་ནི། རིལ་པོར་འཛིན་དང་རྗེས་གཞིག་གིས། །དེ་བཞིན་ཉིད་ཀྱིས་གཞིར་འཇུག་དང་། །དེ་ལ་མཉམ་དུ་ལྔ་པ་གང་། །དེ་ནི་ཟུང་དུ་འཇུག་པ་ཡིན། །ཞེས་བྱ་བ་གསུངས་སོ། །མངོན་པར་བྱང་ཆུབ་པའི་རིམ་པ་ནི་རྣལ་

འབྱོར་རྣམས་ཀྱི་ཐབས་ནི་གཉིས་པ་སྟེ་ཕྱག་རྒྱའི་རིམ་པ་དང་ཏིང་ངེ་འཛིན་གྱི་རིམ་པའོ། །དེ་ལ་ཏིང་ངེ་འཛིན་གྱི་རིམ་པ་ནི་རྣམ་པ་གཉིས་ཏེ་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའོ། །རིལ་པོར་འཛིན་པ་ཞེས་བྱ་བ་ནི་མགོ་ནས་རྐང་པའི་བར་དང་དེ་དག་ཡང་མགོ་བོའི་བར་དུ་འོད་
ཟེར་གྱི་འཁོར་ལོས་རང་བདག་ཉིད་སྣང་བ་མེད་པར་བྱའོ། །དེའི་འོག་ཏུ་རྗེས་གཞིག་ནི་རིམ་པ་དེ་ཉིད་ཀྱིས་དང་པོར་ཁམས་གསུམ་པ་སྣང་བ་མེད་པར་བྱ་ཞིང་དེ་ནས་བདག་ཉིད་སྣང་བ་མེད་པར་བྱ་བའོ་ཞེས་བྱ་བ་སྟེ་དེ་དག་ནི་རིལ་པོར་འཛིན་པ་དང་རྗེས་སུ་གཞིག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཏིང་ངེ་
འཛིན་དེ་དག་གིས་དེ་བཞིན་ཉིད་ཀྱི་གཞི་སྟེ་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལ་འཇུག་ཅིང་རྣལ་འབྱོར་པ་དེའི་བདག་ཉིད་དུ་རྗེས་སུ་འཇུག་པར་བྱ་བ་དང་དེའི་རྗེས་ལ་འདི་ནི་དོན་དམ་པའི་ཕྱོགས་ཡིན་གྱི་ཀུན་རྫོབ་ནི་མ་ཡིན་ནོ་ཞེས་རྨི་ལམ་བཞིན་དུ་ཤེས་ནས་འགྲོ་བའི་
དོན་བྱ་བའི་ཕྱིར་དེ་ལས་ཏེ་འོད་གསལ་བ་དེ་ཁོ་ན་ཉིད་དེ་ལས་མཉམ་ཞིང་དུས་མཚུངས་པར་སྐད་ཅིག་གིས་ཏིང་ངེ་འཛིན་གཉིས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱིས་ཅིག་ཅར་ལྡང་བ་སྟེ། སྐུ་སྤྲོ་བ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་སྟེ་ཏིང་ངེ་འཛིན་གཉིས་ཀྱི་རྒྱུ་ལས་བྱུང་བའི་ལྷའི་
སྐུ་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིག་ལྷག་མ་སྟེ་མཐར་ཐུག་པའོ། །རིམ་པ་གཞན་གྱི་སྒོ་ནས། ཀུན་རྫོབ་དང་ནི་དོན་དམ་དག །ཐ་དད་བྱེ་བྲག་མེད་ཤེས་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་འཇུག་ཡིན་པར་བརྗོད། །ཅེས་བྱ་བ་གསུངས་ཏེ་ཀུན་རྫོབ་ཅེས་བྱ་བ་
ནི་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་ལ་སྣང་བའི་བུམ་པ་ལ་སོགས་པའི་རྣམ་པར་རྟོག་པའོ། །དོན་དམ་ནི་ལམ་ཁྱད་པར་ཅན་ལ་བརྟེན་ནས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ལོག་པ་གང་ཡིན་པ་སྟེ་ཀམྦ་ལའི་ཞལ་སྔ་ནས་ཀྱིས་ཀྱང་། །རྣམ་པར་རྟོག་པ་གཞན་མེད་པའི། །རྣམ་རྟོག་
ཀུན་རྫོབ་ཅེས་བྱ་སྟེ། །རྣམ་པར་རྟོག་པ་དེ་ཉིད་ནི། །ལོག་པར་བྱེད་པའི་ཀུན་རྫོབ་ཡིན། །ཞེས་གསུངས་སོ། །དེ་དག་འཁོར་བ་དང་མྱ་ངན་ལས་འདས་པའི་བྱེ་བྲག་གིས་ཐ་དད་པར་རྣམ་པར་གནས་པ་ཡིན་མོད་ཀྱི་འོན་ཀྱང་དོན་དམ་པར་བྱེ་བྲག་མེད་པར་གནས་སོ། །ཀུན་རྫོབ་ལས་ལོགས་

ཤིག་ཏུ་དོན་དམ་པ་ནི་མི་དམིགས་ཏེ་དོན་དམ་པ་ནི་དེ་ཁོ་ནའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་དོན་དམ་པ་ལས་ཐ་དད་པ་མ་ཡིན་ཏེ། ཆོས་ཉིད་ལས་ལོགས་ཤིག་ཏུ་ཆོས་ཅན་མི་དམིགས་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་ཀྱི་འགྲེལ་པ་ལས་ཀྱང་། བུ་རམ་གྱིས་ནི་མངར་དང་མེའི། །
ཚ་བ་རང་བཞིན་ཡིན་པ་ལྟར། །དེ་བཞིན་ཁོ་ནར་ཆོས་རྣམས་ཀྱི། །སྟོང་པ་རང་བཞིན་ཡིན་པར་འདོད། །བྱས་པ་ཉིད་དང་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་པ་ཡིན། །ཞེས་གསུངས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། གཟུགས་ནི་རང་བཞིན་གྱིས་སྟོང་པའོ། །གཟུགས་
ཉིད་སྟོང་པའོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཀུན་རྫོབ་དང་དོན་དམ་པ་དག་བྱེ་བྲག་མེད་པར་ཤེས་ནས་ཏིང་ངེ་འཛིན་གང་དུ་ཡང་དག་པར་འདྲེས་ཏེ་གཅིག་ཏུ་གྱུར་ཅིང་ཐ་
དད་པ་མེད་པར་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་བརྗོད་པར་བྱ་སྟེ་སྤྱིའི་དོན་ཏོ། །ཡང་ན་ཀུན་རྫོབ་དང་དོན་དམ་པ་དག་ནི་བསྐྱེད་པ་དང་རྫོགས་པའི་རིམ་པ་དག་སྟེ་དེ་དག་བྱེ་བྲག་མེད་པར་ཤེས་ནས་ཏིང་ངེ་འཛིན་གང་དུ་རྣལ་འབྱོར་པས་ཡང་དག་པར་འདྲེས་པར་བྱེད་པ་ནི་དེའི་ཟུང་དུ་
འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ན་ཀུན་རྫོབ་ཀྱི་རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་བཞི་སྟེ། འདི་ཉིད་ལས། ཇི་སྲིད་བསྒོམ་པ་དང་ལྡན་པ། །དེ་སྲིད་དང་པོའི་ལས་ཅན་ཡིན། །ཞེས་གང་གསུངས་པའོ། །དོན་དམ་པ་ནི་རིམ་པ་ལྔ་སྟེ་དེ་དག་བྱེ་བྲག་མེད་ཅིང་ཐ་དད་པ་མེད་
པར་ཤེས་ནས་ཡང་དག་པར་འདྲེས་པར་བྱེད་ཅིང་རོ་གཅིག་པར་བྱེད་པ་གང་ཡིན་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་མཐར་ཐུག་པའོ། །རྫོགས་པའི་རིམ་པའི་སྒོ་ནས། དེ་བཞིན་ཉིད་ལ་དམིགས་པ་དང་། །གང་དུ་ལྡང་བ་ཉིད་མེད་པ། །དེར་ནི་ཟུང་དུ་འཇུག་པར་
འགྱུར། །རྣལ་འབྱོར་པ་ནི་མི་ཟད་གནས། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རྣམ་པར་རྟོག་པའི་ཉེས་པ་ཐམས་ཅད་བྲལ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་ཡིན་ཞིང་རྣམ་གྲངས་གཞན་འོད་གསལ་བ་ཞེས་བྱའོ། །དེ་ལ་བཞུགས་སུ་ཟིན་

ཀྱང་དེ་བཞིན་ཉིད་ལ་དམིགས་པ་སྟེ་དེ་འདི་ཡིན་ནོ་ཞེ་འམ། བདག་གིས་དེ་ཁོ་ན་ཉིད་ཐོབ་བོ་སྙམ་དུ་སོ་སོར་ཀུན་དུ་རྟོག་པའི་འཛིན་པ་མེད་པ་དང་། དེ་བཞིན་དུ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་བདག་བྱིན་གྱིས་བརླབ་པའི་རིམ་པས་ལྡང་བ་ནི་སྤྲོ་བས་ཏེ་དེ་ལ་དམིགས་པའི་རྣམ་
པར་རྟོག་པ་མི་བསྐྱེད་པ་ནི་རྫོགས་པའི་རིམ་པ་སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་མི་ཟད་ཅིང་ཟད་པ་མེད་པའི་རྡོ་རྗེ་འཆང་ཆེན་པོ་ཉིད་མངོན་དུ་བྱེད་པའི་གནས་ཏེ་དེ་བཞིན་གཤེགས་པའི་གནས་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་སྦས་པ་དང་མཐར་ཐུག་པའོ། །དེ་ཉིད་ནི། གཉིད་ལོག་
སད་པ་ཞེས་བྱ་བའི། །གནས་སྐབས་དེ་ཉིད་སྤངས་པའི་ཕྱིར། །གཉིད་ལོག་སད་པ་དང་བྲལ་བའི། །སྟོན་པ་ཟུང་དུ་འཇུག་པ་ཡིན། །ཞེས་བྱ་བ་གསུངས་ཏེ་གཉིད་ལོག་ཅེས་བྱ་བ་ནི་དངོས་པོའི་རང་བཞིན་ཡོངས་སུ་མ་ཤེས་པས་མ་རིག་པའི་ཉེས་པའི་མཚན་མོའི་དུས་སུ་སེམས་ཀྱི་
གཉིད་ལོག་པ་སྟེ་མི་ཤེས་པ་ཉིད་དོ། །སད་པ་ནི་ཚད་མས་ཡོངས་སུ་དཔྱད་པའི་སྒོ་ནས་དངོས་པོ་རང་རང་གི་ངོ་བོ་ཡོངས་སུ་ཤེས་པའོ། །གནས་སྐབས་དེ་གཉིས་ཏེ་སེམས་ཀྱི་འཇུག་པའི་སྐད་ཅིག་གིས་བྱེ་བྲག་ཉིད་སྤངས་ཤིང་གསལ་བའི་ཕྱིར་གཉིད་ལོག་སད་པ་དང་བྲལ་བ་སྟེ། ཤེས་
པ་དང་མི་ཤེས་པ་སྤངས་པའི་སྟོན་པ་སངས་རྒྱས་ཏིང་ངེ་འཛིན་གང་ལ་གནས་པའི་ཏིང་ངེ་འཛིན་དེ་ནི་རྣལ་འབྱོར་པས་ཟུང་དུ་འཇུག་པ་ཞེས་བྱ་བ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡང་ན་གཉིད་ལོག་ཅེས་བྱ་བ་ནི་རྩ་བདུན་ཁྲི་ཉིས་སྟོང་གི་ནང་དུ་ཐིམ་པའི་བྱང་ཆུབ་ཀྱི་སེམས་སོ། །
སད་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་སྒོ་ནས་དེ་ཉིད་དེ་རྣམས་ནས་འཛག་ནས་རྡོ་རྗེའི་རྩེ་མོར་གནས་པའོ། །གནས་སྐབས་དེ་ལྟ་བུ་གཉིས་སྤངས་པ་ལས་གཉིད་ལོག་པ་དང་སད་པ་སྟེ་འཇུག་པ་དང་ལྡང་བ་དག་སྤངས་ཤིང་ཟུང་དུ་འཇུག་པའི་རིམ་པ་ལ་
གནས་ཤིང་སྟོན་པ་ཐམས་ཅད་མཁྱེན་པར་འགྱུར་རོ་ཞེས་པ་ནི་མཐར་ཐུག་པའོ། །དེ་ཉིད་ནི། མཉམ་པར་གཞག་དང་མ་གཞག་པ། །གང་ལ་རྣམ་པ་ཀུན་དུ་མེད། །དངོས་དང་དངོས་མེད་རྣམ་སྤངས་པའི། །རྣལ་འབྱོར་པ་ནི་ཟུང་འཇུག་གནས། །ཞེས་བྱ་བ་གསུངས་ཏེ་བསྐྱེད་

པའི་རིམ་པའི་རྣལ་འབྱོར་པའི་མཉམ་པར་གཞག་པ་ནི་དང་པོའི་སྦྱོར་བ་ལ་སོགས་པའི་རིམ་གྱིས་ལྷའི་སྐུ་བསྒྲུབ་པའོ། །མཉམ་པར་མ་གཞག་པ་ནི་དེ་དག་ཐམས་ཅད་བྱས་ནས་ཐུན་མཚམས་སུ་སྤྱོད་ལམ་བཞིས་གནས་པའོ། །དེ་བཞིན་དུ་རྫོགས་པའི་རྣལ་འབྱོར་པ་མཉམ་པར་གཞག་
པ་ནི་རྡོ་རྗེ་བཟླས་པ་ལ་སོགས་པའི་སྒོམ་པ་ལ་མངོན་པར་དགའ་བའོ། །མཉམ་པར་བཞག་པ་ནི་སྣང་བ་ཉིད་ཀྱིས་དེ་ལས་ལྡང་བའོ། །གཉིས་པོ་དེ་ཏིང་ངེ་འཛིན་གང་ལ་རྣམ་པ་ཀུན་དུ་སྟེ་དུས་གསུམ་དུ་ཡང་མེད་པའོ། །རྣལ་འབྱོར་པ་དེ་ནི་དངོས་དང་དངོས་མིན་ཏེ་ཏིང་ངེ་འཛིན་དང་རྣམ་
པར་གཡེང་བ་དག་རྣམ་པར་སྤངས་ཤིང་བོར་ནས་ཟུང་དུ་འཇུག་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་པ་ནི་ཚིག་ལྷག་མ་སྟེ་མཐར་ཐུག་པའོ། །ཡང་ན་མཉམ་པར་གཞག་པ་ནི་འཇུག་པ་དང་གནས་པའོ། །མཉམ་པར་མ་གཞག་པ་ནི་འབྱུང་བའོ། །དེ་རྣམས་ཏིང་ངེ་འཛིན་གང་
ལ་རྣམ་པ་ཀུན་དུ་སྟེ་རླུང་གི་དུས་གསུམ་ཆར་དུ་ཡང་མེད་པའི་རྣལ་འབྱོར་པ་དེ་ནི་དངོས་དང་དངོས་མེད་དེ་སྲོག་དང་རྩོལ་བའི་རླུང་དག་གིས་འབྱུང་བ་དང་འཇུག་པའི་སྦྱོར་བ་སྤངས་ཤིང་ཟུང་དུ་འཇུག་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །སེམས་རྣམ་པར་
དག་པའི་རིམ་པའི་ཕྱོགས་ནི། དྲན་དང་མི་དྲན་ལས་གྲོལ་ཞིང་། །རྟག་ཏུ་རྒྱུན་དུ་གནས་པ་སྟེ། །རྣལ་འབྱོར་པ་ནི་འདོད་བཞིན་སྤྱོད། །ཟུང་འཇུག་རིམ་པ་ལ་གནས་པའོ། །ཞེས་བྱ་བ་གསུངས་ཏེ་དྲན་པ་ནི་ཐམས་ཅད་སྟོང་པ་ཉིད་ཀྱིས་འོད་གསལ་བ་ཁོང་དུ་ཆུད་པའོ། །མི་དྲན་པ་
ཞེས་བྱ་བ་ནི་རྣམ་པར་ཤེས་པ་གསུམ་དང་རང་བཞིན་རྣམས་འགགས་པས་རྣམ་པར་མི་རྟོག་པའི་གནས་ཐོབ་པ་སྟེ་དེ་དག་ལས་གྲོལ་བ་ནི་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་རྟག་ཏུ་རྒྱུན་དུ་སྟེ་འཁོར་བའི་རྒྱུན་ཇི་སྲིད་ཀྱི་བར་དུ་གནས་པ་ནི་སེམས་ཅན་གྱི་དོན་བྱ་བའི་ཕྱིར་སྡོད་པས་ན་རྟག་ཏུ་རྒྱུན་དུ་
གནས་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི་འདོད་བཞིན་ཏེ་རང་དབང་དུ་སྤྱོད་ལམ་བཞི་རྟེན་སྤྱོད་པའོ། །དེ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །བདག་བྱིན་གྱིས་བརླབ་པ་དང་མངོན་པར་བྱང་ཆུབ་པའི་རིམ་པ་དག་ནི། ཆགས་དང་

ཆགས་མིན་ལས་གྲོལ་ཞིང་། །མཆོག་ཏུ་དགའ་བའི་ལུས་དང་ལྡན། །ཟུང་འཇུག་རྣམ་པར་སྒོམ་བྱེད་པ། །འཁོར་བ་སྲིད་དུ་གནས་བྱེད་པ། །ཞེས་བྱ་བ་གསུངས་ཏེ་ཆགས་པ་ནི་དགའ་བ་དང་མཆོག་ཏུ་དགའ་བ་དག་གོ། །ཆགས་མིན་དགའ་བྲལ་ཏེ་རྣམ་པ་སྣ་
ཚོགས་པ་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པའི་རང་བཞིན་ཅན་དེ་དག་ལས་གྲོལ་ཞིང་སྤངས་པའོ། །དེ་ཉིད་ཀྱི་ཕྱིར་མཆོག་ཏུ་དགའ་བ་ནི་མཚན་ཉིད་དང་བྲལ་བའི་སྐད་ཅིག་གིས་རང་བཞིན་གྱི་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་ཞིང་། གང་ལ་དེའི་རང་བཞིན་གྱི་ལུས་ཏེ་ངོ་བོ་ཡོད་པ་དེ་ནི་
མཆོག་ཏུ་དགའ་བའི་ལུས་དང་ལྡན་པའོ། །མཆོག་སྟེ་ཁྱད་པར་དུ་འཕགས་པའི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན་ཞིང་མཆོག་ཏུ་དགའ་བ་ནི་བཞི་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཡང་ན་མཆོག་ལས་ཕ་རོལ་གྱི་དགའ་བ་ནི་མཆོག་ཏུ་དགའ་བ་ཞེས་པས་འཛིན་པའི་ཚིག་བསྡུ་
བ་ལ་ལོ་མའི་རྒྱལ་པོ་ལ་སོགས་པ་བཞིན་དུ་བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་པས་མཆོག་ཏུ་དགའ་བ་བཞི་པ་ཉིད་ཡིན་པར་བརྗོད་པར་བྱའོ། །ཡང་ན་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པའི་སྒྲ་བཞིན་དུ་ཡན་ལག་གི་དོན་བཤད་དུ་མེད་པའི་མཆོག་ཏུ་དགའ་བ་ཞེས་བྱ་བའི་སྒྲ་ནི་
བསྒྲགས་པའི་ཕྱིར། བཞི་པ་རྗོད་པར་བྱེད་པ་ཡིན་ལ་སྦྱོར་བས་གྲག་པའི་སྒྲ་ཉིད་ཡིན་པའི་ཕྱིར་ནི་གཉིས་པ་ལ་འཇུག་པས་ཉེས་པ་འགའ་ཡང་མེད་དོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །དེའི་རྗེས་ལ་སེམས་ཅན་གྱི་དོན་བྱ་བའི་ཕྱིར་དེ་ལས་སྐད་ཅིག་གིས་ལངས་ཏེ་ལྷའི་སྐུར་དམིགས་ནས།
འཁོར་བ་ཇི་སྲིད་དུ་སྟེ་འཁོར་བའི་མཐར་ཐུག་པར་གནས་པར་བྱེད་ཅིང་གང་གི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་མི་འདྲ་བ་གཞན་དང་གཞན་སྤྲོ་བའི་སྒོ་ནས་གནས་པ་སྟེ་དེའི་ཚེ་རྣལ་འབྱོར་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ལ་གནས་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་སྦས་པའོ། །རང་གི་
མཚན་ཉིད་ཀྱི་སྒོ་ནས་རིམ་པ་ལྔ་པ། རྒྱུ་དང་འབྲས་བུ་ཉིད་དང་ནི། །རང་བཞིན་མི་ཕྱེད་བྱས་ནས་སུ། །རྣལ་འབྱོར་པ་ནི་གང་ཞིག་གནས། །དེ་ནི་ཟུང་འཇུག་སངས་རྒྱས་གསུངས། །ཞེས་བྱ་བ་གསུངས་ཏེ་རྒྱུ་ཞེས་བྱ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་འབྲེལ་བའི་བག་ཆགས་ཀྱི་

ཚོགས་སོ། །འབྲས་བུ་ཞེས་བྱ་བ་ནི་ཁུ་བ་དང་ཁྲག་གི་ཐིག་ལེ་ལས་བྱུང་བའི་ལུས་སོ། །རྒྱུ་དང་འབྲས་བུ་དེ་དག་མི་ཕྱེད་པའི་རང་བཞིན་ཏེ། ཡང་མི་སྐྱེ་བའི་ཆོས་ཅན་དུ་བྱས་ནས་རྣལ་འབྱོར་པ་གང་ཞིག་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་ཀྱིས་གསུངས་སོ་ཞེས་
བྱ་བ་ནི་སྒྲ་ཇི་བཞིན་པའོ། །ཡང་ན་རྒྱུ་དང་འབྲས་བུ་དག་ནི་ལྷན་ཅིག་སྐྱེས་པ་དང་ཤེས་རབ་ཀྱི་པདྨ་དག་གོ། །དེ་དག་མི་ཕྱེད་པར་བྱས་ནས་རྣལ་འབྱོར་པ་གནས་པ་གང་ཡིན་པ་དེ་ཉིད་རྣལ་འབྱོར་པའི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་གསུངས་ཏེ་དྲང་བའི་དོན་ཏོ། །རྒྱུ་ནི་རྡོ་རྗེ་
བཟླས་པ་ལ་སོགས་པའི་རིམ་པ་བཞིའོ། །འབྲས་བུ་ནི་རིམ་པ་ལྔ་པ་སྟེ་དེ་རྣམས་མི་ཕྱེད་པར་བྱས་ཤིང་རོ་གཅིག་པར་བྱས་ནས་རྣལ་འབྱོར་པ་གང་ཞིག་གནས་པ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཡིན་པར་སངས་རྒྱས་རྣམས་གསུངས་སོ་ཞེས་བྱ་བ་ནི་ངེས་པའི་དོན་ཏོ། །ད་ནི་རིམ་པ་གཉིས་ཀྱི་སྒོ་
ནས། བསྐྱེད་པའི་རིམ་པ་འདི་གཅིག་དང་། །རྫོགས་པའི་རིམ་པ་ཞེས་བྱ་བ། །གཉིས་པོ་གང་དུ་གཅིག་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་གསུངས། །ཞེས་བྱ་བ་གསུངས་ཏེ་ཐུན་མོང་གི་བསྙེན་པ་ནི་རྡོ་རྗེ་བཞི་པོ་སྟེ། རིམ་པ་དེས་ལྷའི་རྣམ་པ་གྲུབ་པ་གང་ཡིན་པ་དེ་ནི་བསྐྱེད་པའི་རིམ་
པའོ། །ཡན་ལག་དྲུག་གི་རྣལ་འབྱོར་དང་རྩ་རྒྱུ་བའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་ཐིག་ལེའི་རྣལ་འབྱོར་དང་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་དང་དེའི་ཡན་ལག་བསྙེན་པ་ལ་སོགས་པ་རྣམས་དང་། རྡོ་རྗེ་བཟླས་པ་ལ་སོགས་པའི་རིམ་པ་ལྔ་དང་། གཞན་ཡང་དེ་ལྟ་བུ་དང་
རིགས་མཐུན་པ་སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་མཚན་ཉིད་ཅན་གྱི་བསྒོམ་པའི་ལམ་ནི་རྫོགས་པའི་རིམ་པའོ། །རིམ་པ་དེ་དག་ཏིང་ངེ་འཛིན་གང་དུ་གཅིག་སྟེ་ཐ་དད་པའི་བློ་མེད་པ་ཉིད་དུ་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཡང་ཏིང་ངེ་འཛིན་དེ་
ལ་འོད་གསལ་བ་མངོན་དུ་བྱེད་པ་དང་འཇའ་ཚོན་ལྟ་བུའི་སྐུ་དང་། དཀྱིལ་འཁོར་པ་རྣམས་ཏེ་འདི་ཡིན་ནོ་ཞེས་སྣང་བ་མེད་དེ། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རང་བཞིན་ཉིད་དང་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་ནུབ་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་སེམས་ཅན་

ཐམས་ཅད་ཀྱི་དོན་ནི་བསྒྲུབ་པོ་ཞེས་བྱ་བ་ནི་དགོངས་པ་མ་ཡིན་པའོ། །བསྐྱེད་པའི་རིམ་པའི་ལྷའི་སྐུའི་དབྱེ་བ་གཉིས་ཀྱི་ཕྱོགས་ཀྱི་སྒོ་ནས། འདི་ནི་ཡོངས་སུ་དག་པའི་ལྷ། །འདི་ནི་མ་དག་པར་གྱུར་ཞེས། །རྟོག་པ་གང་དུ་གཅིག་པ་ཉིད། །དེ་ནི་ཟུང་
དུ་འཇུག་པའོ། །ཞེས་བྱ་བ་གསུངས་ཏེ་བདག་བྱིན་གྱིས་བརླབ་པའི་རིམ་པས་འོད་གསལ་བ་ལས་སྐད་ཅིག་གིས་སྐུ་བསྐྱེད་པ་ནི་ཡོངས་སུ་དག་པའི་ལྷའི་སྐུ་སྟེ་ཡེ་ཤེས་ཀྱི་སྐུའོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་དང་རྡོ་རྗེ་ལ་སོགས་པའི་རིམ་གྱིས་དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་
གསུམ་ལ་བརྟེན་ནས་སྐུ་འབྱུང་བ་གང་ཡིན་པ་དེ་ནི་ཡོངས་སུ་མ་དག་པའི་ལྷའི་སྐུ་སྟེ་རྣམ་པར་རྟོག་པ་སྤྲོ་བ་མང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྔགས་ཀྱི་སྐུ་ཞེས་བརྗོད་པར་བྱའོ། །སྐུ་དེ་དག་ཏིང་ངེ་འཛིན་གང་དུ་ཐ་དད་མེད་པར་གྱུར་པ་དེ་ནི་ཟུང་དུ་འཇུག་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་དགོངས་པ་
མ་ཡིན་པའོ། །རྫོགས་པའི་རིམ་པའི་དབྱེ་བ་གཉིས་ནི། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པ་སྤངས་པའི་ཕྱིར། །ཞི་བ་རྣལ་འབྱོར་དབང་པོ་ཤེས། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་བྱ་བ་གསུངས་ཏེ་དེ་ལ་རེ་ཞིག་གཟུགས་ཅན་ནི་རྣམ་པར་ཤེས་པ་མ་
རྟོགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །གཟུགས་མེད་ནི་ནམ་མཁའ་དང་རྣམ་པར་ཤེས་པ་ཞེས་བྱ་བ་གཉིས་སོ། །དེ་ལྟ་བུའི་རྣམ་པར་རྟོག་པ་གཉིས་ཏིང་ངེ་འཛིན་གང་ལ་སྣང་བ་མེད་པ་དེ་ཉིད་ཀྱི་ཕྱིར་ཞི་བ་སྟེ་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་གང་གི་ཚེ་རྣལ་
འབྱོར་དབང་པོ་སྟེ། རྫོགས་པའི་རྣལ་འབྱོར་པས་ཤེས་པ་དེའི་ཚེ་དེ་ནི་ཟུང་དུ་འཇུག་པའི་རིམ་པ་ཐོབ་པ་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ་དྲང་བའི་དོན་ཏོ། །ཡང་ན་གཟུགས་ཅན་ནི་འོད་གསལ་བ་ལས་བྱུང་བའི་འཇའ་ཚོན་ལྟ་བུའི་སྐུའོ། །གཟུགས་མེད་ནི་འོད་གསལ་བའི་དེ་ཁོ་ན་ཉིད་དོ། །དེ་ཁོ་
ན་ཉིད་དུ་སྣང་བ་དེ་གཉིས་སྤངས་པའི་རྣལ་འབྱོར་པའི་དབང་པོ་ནི་མི་གནས་པའི་དབྱིངས་ཀྱི་རང་