Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 36

Văn bản gốc(Tây Tạng)

Trang 19 / 20 (50.000 ký tự/trang)
འདུ་

བར་འགྱུར་རོ། །མཉམ་ཉིད་ནི་ནམ་མཁའི་སྙིང་པོ་སྣར་རོ། །ཆུ་ཁམས་ནི་མཱ་མ་ཀཱི་སྟེ་ཆུ་རྣམས་སུའོ། །རྣ་བའི་དབང་པོ་ནི་ཕྱག་ན་རྡོ་རྗེ་སྟེ། རྣ་བ་གཉིས་སུའོ། །སྒྲ་ནི་སྒྲ་རྡོ་རྗེ་མ་སྟེ་སྒྲ་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི། ཊཀྐི་
དང་ཤེས་རབ་མཐར་བྱེད་དག་སྟེ། རིམ་པ་ཇི་ལྟར་རྩིབ་ལོགས་གཡོན་པ་དང་ལག་པ་གཡོན་པ་དག་ཏུའོ། །འདིས་ནི་མཚམས་དང་བཅས་པའི་ལྷོ་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་ཁོངས་སུ་འདུ་བ་བརྗོད་དོ། །འདུ་ཤེས་ནི་འོད་དཔག་མེད་དེ། འདུ་ཤེས་ཀྱི་ཕུང་པོའི་ནང་
དུའོ། །སོ་སོར་རྟོགས་པ་ནི་འཇམ་དཔལ་དེ་ཡིད་དུའོ། །བསྲེག་ཟ་ནི་སྒྲོལ་མ་སྟེ་མེའི་ཁམས་སུའོ། །སྣའི་དབང་པོ་ཞེས་བྱ་བ་ནི་སྣས་ཉེ་བར་མཚོན་པ་སྟེ་ལྕེ་ཡིན་པར་གཟུང་ངོ་། །དེས་སྣའི་དབང་པོའི་སྒྲས་ནི་ལྕེའི་དབང་པོ་ལ་བཞེད་པ་ཡིན་ལ། དེ་ལྟར་ཡིད་དང་ལྕེའི་
དབང་པོ་ནི་འཇིག་རྟེན་དབང་ཕྱུག་ཡིན་པས་ལྕེར་འདུ་བར་འགྱུར་རོ་ཞེས་བྱ་བའི་དོན་འདི་གཞུང་བཙུགས་པར་བལྟའོ། །དྲི་ནི་དྲི་རྡོ་རྗེ་མ་སྟེ། དྲི་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི། དབྱུག་སྔོན་ཅན་དང་པདྨ་མཐར་བྱེད་དག་སྟེ་གོ་རིམས་ཇི་ལྟ་
བར་པུས་མོ་གཡས་པ་དང་ཁར་དུའོ། །འདིས་ནི་མཚམས་དང་བཅས་པའི་ནུབ་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་བརྗོད་པ་ཡིན་ནོ། །འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ། འདུ་བྱེད་ཀྱི་ཕུང་པོར་འདུའོ། །བྱ་བ་གྲུབ་པ་ནི་ཀུན་ཏུ་བཟང་པོ་སྟེ། ཚིགས་རྣམས་ཐམས་ཅད་
དུ་འདུའོ། །རླུང་ནི་སྒྲོལ་མ་སྟེ་རླུང་གི་ཁམས་སུའོ། །ལྕེའི་དབང་པོ་ཞེས་བྱ་བ་ནི། ཁམས་རྣམས་ཀྱི་དོན་དུ་མ་ཡིན་པའི་ཕྱིར་མྱོང་བར་བྱེད་ཅིང་རེག་པར་བྱེད་པ་ཞེས་བྱ་བས། ལྕེའི་དབང་པོའི་སྒྲས་ནི་རེག་པའི་དབང་པོ་ལ་བཞེད་དོ། །དེས་ན་སྒྲིབ་པ་ཐམས་ཅད་རྣམ་
པར་སེལ་བ་ལུས་ཐམས་ཅད་དུ་འདུ་བ་ཡིན་ཞེས་རིག་པར་བྱའོ། །རོ་ནི་རོ་རྡོ་རྗེ་མ་སྟེ་རོ་རྣམས་སུའོ། །ཁྲོ་བོ་གཉིས་དང་ཡང་དག་ལྡན། །ཞེས་བྱ་བ་ནི། སྟོབས་པོ་ཆེ་དང་བགེགས་མཐར་བྱེད་དག་སྟེ་རིམ་པ་ཅི་ལྟ་བ་པུས་མོ་གཡོན་པ་དང་རྡོ་རྗེ་དག་ཏུ་རྗེས་སུ་ཞུགས་པའོ། །

འདིས་ནི་མཚམས་དང་བཅས་པའི་བྱང་གི་ཕྱོགས་ན་གནས་པའི་ལྷ་རྣམས་ནང་དུ་འདུ་བ་རབ་ཏུ་བསྟན་ཏོ། །སྟེང་འོག་ཁྲོ་བོར་ཡང་དག་ལྡན། །ཞེས་བྱ་བ་ནི། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོ་དག་སྟེ་གྲངས་ཅི་ལྟ་བ་བཞིན་སྤྱི་བོ་དང་རྐང་པའི་མཐའ་མ་གཉིས་སུ་འདུས་
སོ། །རང་བཞིན་དུ་ནི་སྣང་ཉིད་ཀྱང་། །ཞེས་བྱ་བ་རང་བཞིན་ཏེ་བཅོམ་ལྡན་འདས་ཀྱི་ངོ་བོ་ཉིད་ལྟ་བུར་སྣང་བའི་རྣམ་པ་གང་ལ་ཡོད་པ་བཅོམ་ལྡན་འདས་ཀྱིས་གཟིགས་ཏེ། རང་བཞིན་དུ་སྣང་བ་བཅོམ་ལྡན་འདས་ཀྱི་གཟུགས་དེ་ནི་རྣམ་ཤེས་ཕུང་པོ་བཞུགས་པར་འགྱུར་བ་ཡིན་ནོ། །འདིས་ནི་
ལྷ་དང་ལྷ་མོ་དག་ཀྱང་འོད་གསལ་བར་ཞུགས་པ་བསྟན་པ་ཡིན་ནོ། །འདི་ནི་རྗེས་སུ་གཞུག་པ་ཞེས་བྱ་བའི་མན་ངག་ཡིན་པར་རིག་པར་བྱའོ། །ད་ནི་ཚིགས་སུ་བཅད་པ་ཕྱེད་ཀྱིས་འཁྲུལ་པ་ཞི་བར་བྱ་བའི་དོན་དུ་འོད་གསལ་བ་རྗོད་པར་བྱེད་པའི་སྒྲས་རྣམ་གྲངས་གསུངས་པ་ནི། མྱ་ངན་
འདས་དང་ཞེས་བྱ་བ་ལ་སོགས་པས་སོ། །བརྗོད་པ་ཡིན་ཞེས་བྱ་བའི་སྒྲར་བྱས་ཤིང་རབ་ཏུ་བསྒྲགས་པའོ། །དེ་ལྟར་རེ་ཞིག་འོད་གསལ་ཞུགས་པ་བརྗོད་ནས་བརྟེན་པ་བསྐྱེད་པར་བྱ་བའི་དོན་དུ་འོད། གདོན་མི་ཟ་བར་བརྗོད་པར་བྱ་བའི་གསང་སྔགས་བརྟན་པར་བྱ་བའི་དོན་དུ་
གསུངས་པ་ནི། བརྟན་པར་བྱ་བའི་དོན་དུ་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་བརྗོད་བཞིན་པ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་སོ། །ཅིའི་དོན་དུ་བརྟེན་པ་བསྐྱེད་པར་བྱ་ཞེ་ན། འདི་ནི་དོན་དམ་དཀྱིལ་འཁོར་ཏེ། །ཞེས་བྱ་བ་ལ་སོགས་
པའོ། །གང་གི་ཕྱིར་འདི་ནི་དོན་དམ་སྟེ་བཅོས་བུ་མ་ཡིན་པ་ལྷན་ཅིག་སྐྱེས་པར་འགྱུར་བའི་དཀྱིལ་འཁོར་ཡིན་ཏེ། སྣང་བ་མེད་ཅིང་འོད་གསལ་མ་དག་པའི་སྣང་བ་གསུམ་དང་བྲལ་བ་ཟུང་འཇུག་ནི་སྐུའི་མཚན་ཉིད་ཅན་ཏེ། མཚན་མའམ་རྒྱུར་བ་ཡིན་ལ། དེ་ཉིད་ཀྱི་ཕྱིར་
དེ་བཞིན་གཤེགས་པ་ཀུན་གྱི་གནས་ཏེ། གཞི་ཡིན་པ་དང་། དོན་དམ་བདེན་པ་ཞེས་ཀྱང་བྱ། །ཞེས་བྱ་བ་དོན་དམ་པ་ནི་བདེན་པའི་མིང་དུ་ཡང་རབ་ཏུ་གྲགས་པ་དེའི་ཕྱིར་འདི་དྲན་པའི་དགོས་པ་ཆེད་དུ་བྱས་ནས་བརྟེན་པ་བསྐྱེད་པར་བྱ་བ་ཡིན་ནོ། །དེ་ལྟར་སྟོང་པ་ཉིད་ལ་

དམིགས་པས་ཉེས་པའི་དྲི་མ་ཐམས་ཅད་བཀྲུས་པ་ན། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོའི་རང་བཞིན་རིམ་པ་འདིས་བསྐྱེད་པར་བྱའོ་ཞེས་པ་བརྟན་པའི་ཕྱིར་གསུངས་པ་ནི། སྔགས་དང་ཞེས་བྱ་བ་ལ་སོགས་པའོ། །སྔགས་ཀྱི་ཡི་གེ་ལས་བྱུང་བའི་སྐུ་ཕྱག་རྒྱ་
ཆེན་པོའི་བདག་ཉིད་ཅན་གྱི་སྦྱོར་བ་གང་ཡིན་པའི་སྔོན་བྱས་པའི་སྨོན་ལམ་གྱི་འཕེན་པ་དེ་ཡིས་ལྷ་དམིགས་པར་བྱེད་པ་ལྡང་བ་སྟེ། གྲུབ་པ་ཡང་བསྟན་པར་བྱ་སྟེ། དེ་མ་ཐག་ཏུ་ཞེས་བྱ་བ་ཁོ་ནས་དབྱུང་ངོ་། །ཇི་ལྟར་ཞེ་ན་གསུངས་པ་ནི་ནམ་མཁའ་ཞེས་བྱ་བ་ལ་སོགས་
པའོ། །ནམ་མཁའི་ཁམས་ནི་ནང་གི་རིམ་པ་སྟེ། ལྷས་སྟོང་པས་ན་ནམ་མཁའ་དང་ཆོས་མཚུངས་པའི་ཕྱིར་རོ། །དེའི་དབུས་སུ་གནས་པ་འཛམ་བུའི་འབྲས་བུ་སྨིན་པ་ལྟ་བུའི་ཅུང་ཟད་དམར་བའི་ཉི་མའི་དཀྱིལ་འཁོར་ཡི་གེ་ཧཱུཾ་ལས་སྐྱེས་པ་རྣམ་པར་བསྒོམས་ཏེ། དེའི་དབུས་ཡི་གེ་
ཨོཾ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བ་དཀར་པོ་བསམ་མོ། །དེའི་དེ་མ་ཐག་ཏུ་ཟླ་བ་དེ་ལས་ཨ་དམར་པོས་བསྐྱེད་པའི་པདྨ་འདབ་བརྒྱད་པ་རྣམ་པར་བསྒོམས་ལ་པདྨའི་ལྟེ་བའི་སྟེང་དུ་ས་བོན་གསུམ་པོ་དེ་ཉིད་དགོད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །སྔགས་དང་པདྨ་ཉི་མ་
དག །ཅེས་བྱ་བ་ནས་བཟུང་སྟེ། རྗེས་སུ་རྣལ་འབྱོར་བརྩམ་པར་བྱ། །ཞེས་བྱ་བའི་མཐར་ཐུག་པ་ནི་རྟོག་སླའོ། །རྗེས་སུ་རྣལ་འབྱོར་དེ་གང་ཡིན་ཞེ་ན། བརྗོད་པ་ནི་ཟླ་བའི་དབུས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཟླ་བ་དེ་ཉིད་ཀྱི་དབུས་སུ།
སྔར་བརྗོད་ཟིན་པའི་ས་བོན་གསུམ་བཀོད་ནས། དེ་གཉིས་གྱུར་པས་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་མཚོན་པར་བྱེད་པའི་རྡོ་རྗེ་རྣམ་པར་བསྒོམས་ནས་དེ་ཡོངས་སུ་གྱུར་ནས་རྡོ་རྗེ་སེམས་དཔར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟར་རེ་ཞིག་རྡོ་རྗེ་སེམས་
དཔའ་བསྒོམས་ལ་རྡོ་རྗེ་སེམས་དཔའ་སྐྱེ་བ་བསྟན་པ་ཡིན་ནོ། །ཡང་གང་གི་ཚེ་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་ཉིད་དུ་བསྒོམ་པར་འདོད་པ་དེའི་ཚེ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གསུམ་ཡོངས་སུ་གྱུར་པ་ལས་དེ་རྣམས་ཀྱི་མཚན་མ་བལྟས་ནས་བསྒོམ་པར་བྱའོ། །དེ་

དག་གི་རང་རང་གི་གནས་སུ་ནི་བསྟན་ཟིན་མ་ཐག་པའི་རྡོ་རྗེ་སེམས་དཔའ་བལྟ་བར་བྱའོ། །གལ་ཏེ་ཡང་སྔར་མོས་པའི་དཀྱིལ་འཁོར་བསྒོམ་པའི་སྐབས་སུ་རྡོ་རྗེ་སེམས་དཔའི་རིགས་རྡོ་རྗེ་མ་ལ་སྙོམས་པར་ཞུགས་པ་བསྟན་ན་ཡང་། །དེ་བཞིན་གཤེགས་པ་གཞན་བཞི་པོ་བདག་ཉིད་ཅི་ལྟ་བའི་
ཤེས་རབ་ཀྱི་མགུལ་ན་འཁྱུད་པ་རྣམས་རང་གི་གནས་སུ་རྡོ་རྗེ་སེམས་དཔའ་བཞག་ནས་གཙོ་བོར་གྱུར་པར་དེ་དང་དེ་ལ་མོས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་ཡིན་ནོ། །དཀྱིལ་འཁོར་པ་གཞན་པའི་ཁམས་ལ་སོགས་པ་རྣམས་སྦྱོང་བར་བྱེད་པ་བརྗོད་པ་རྣམས་ལ་ནི་གཙོ་བོ་ཉིད་ཡོད་པ་མ་ཡིན་ཏེ།
ས་ནི་སྤྱན་མ་ཡིན་པར་བརྗོད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་ཡང་རྗེས་སུ་ཞུགས་པའི་ཡིན་མོད་ཀྱི། སྐབས་ལས་འོངས་པ་ནི་མི་བསྐྱོད་པ་རྗེས་སུ་ཞུགས་པར་བྱ་བ་ཡིན་ནོ་ཞེས་སྟོན་པས་བརྗོད་པས་སོ། །མི་བསྐྱོད་པས་རྗེས་སུ་
ཞུགས་པ་ཞེས་བྱ་བ་ལ་སོགས་ཏེ། ཚིགས་སུ་བཅད་པ་འདི་ཡང་གོ་སླ་བར་རོ། །མི་བསྐྱོད་པ་རྗེས་སུ་ཞུགས་པའི་དོན་བཞི་འདི་པས་བརྗོད་པ་ནི། རྡོ་རྗེའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་འདི་ཡིས་ནི་ཀུན་དུ་ཟླ་བ་ལྟར་དཀར་བའི་བཅོམ་ལྡན་འདས་དེ་ཉིད་
ཀྱི་ཕྱག་གཡས་གཡོན་དག་ཏུ་བསྒོམ་པར་བྱ་བའི་མཚན་མ་བརྗོད་པ་ཡིན་ནོ། །ད་ནི་འདི་ཉིད་ལྷ་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་གྱུར་པ་ན། སྔགས་བཀོད་པའི་དོན་གྱི་ཤུགས་ཁོ་ནས་གདུལ་བྱའི་སྐྱེ་བོ་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་འགྱུར་རོ་ཞེས་བསྟན་པའི་དོན་དུ་ས་བོན་
དགོད་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། གནོད་མཛེས་རྒྱལ་པོ་བཀོད་པར་བསམ། །ཞེས་བྱ་བ་ནི་མཐར་ཐུག་པས་སོ། །འདིར་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ཀྱི་ས་བོན་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་རང་བཞིན་ནོ། །སྤྱན་མ་ལ་སོགས་པ་ཀུན་དུ་བཟང་པོའི་མཐར་
ཐུག་པ་རྣམས་ཀྱི་ས་བོན་རྣམས་ནི་རང་གི་བདག་པོའི་མདོག་ཏུ་བསྒོམ་མོ། །ལྷ་རྣམས་ཀྱི་ས་བོན་ཉིད་ཐམས་ཅད་ནི་འཆད་པར་འགྱུར་བའི་ཚུལ་གྱིས་བདག་ཉིད་ཇི་ལྟ་བའི་མཚན་མ་དང་གདན་དམིགས་ནས། དེའི་གདན་གྱི་སྟེང་ན་གནས་པའི་མཚན་མའི་ནང་དུ་ཆུད་པར་བསྒོམ་པར་བྱ་བ་ཡིན་ནོ། །

གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཅུ་པོ་རྣམས་ནི་ཡི་གེ་ཧཾ་རིང་པོ་ཡིན་ནམ་རཾ་རིང་པོ་བཅུ་ལས་ཡོངས་སུ་གྱུར་པ་ཕྱག་ལ་སོགས་པའི་ཆ་རྣམས་ན་རང་གི་ཕྱག་མཚན་ཡོད་པར་བསྒོམ་མོ་ཞེས་བྱ་བ་ནི་མན་ངག་གོ། །དེ་ལྟར་རེ་ཞིག་རྣལ་འབྱོར་གསུམ་རྫོགས་ནས་ལུས་
ཀྱི་དཀྱིལ་འཁོར་དང་ལྡན་པའི་རྣལ་འབྱོར་པས་སྒྲུབ་པ་ཆེན་པོའི་ཐབས་སུ་གྱུར་པ་རྣལ་འབྱོར་ཆེན་པོ་བསྒོམ་པར་བྱའོ་ཞེས་བསྟན་པའི་དོན་དུ་གསུངས་པའོ། །ཕུང་སོགས་ཆོ་ག་སྦྱིན་དུ་ནི། །ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་པ་འདི་ཡང་གོ་སླའོ། །རྣལ་འབྱོར་ཆེན་པོ་
ཡང་གང་ཞིག་ཡིན་སྙམ་ན་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནས་བརྩམས་ཏེ། འདི་གཉིས་བརྗོད་པས་གསོལ་བ་གདབ། །ཅེས་བྱ་བ་ནི་མཐར་ཐུག་པའོ། །འདིར་དོན་ནི་འདི་ཡིན་ཏེ། མགོའི་ནང་དུ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བའི་ནང་ན་
གནས་པའི་ཟླ་བའི་སྟེང་དུ་ཡི་གེ་ཨོཾ་བསམས་ལ་དེའི་མཐུ་ལས་སྤྱན་མ་འཆད་པར་འགྱུར་བའི་མདོག་དང་ཕྱག་རྒྱ་དང་མཚན་མ་དང་ལྡན་པ་མང་པོ་ཅན་ནམ་མཁའི་མཐོང་ཐམས་ཅད་ཁྱབ་པར་སྤྲོས་པར་བསྒོམ་མོ། །དེའི་འོག་ཏུ་ས་བོན་དེ་ཉིད་ལས་སྤྲོས་པའི་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་འཆད་པར་འགྱུར་བའི་མདོག་དང་ཕྱག་དང་མཚན་མ་ཅན་ཡང་ནམ་མཁའ་ཐམས་ཅད་ཁྱབ་པར་སྤྲོས་པའི་རང་གི་འཁོར་ལོའི་དབུས་ན་བཞུགས་པ་སྤྲོས་ཏེ། སྒྲུབ་པ་པོས་མདུན་གྱི་ཡུལ་དུ་གསོལ་བ་གདབ་པར་བསམ་མོ། །སྒྲུབ་པ་པོས་བཅོམ་ལྡན་འདས་
དེ་ལ་གུས་པ་སྔོན་དུ་འགྲོ་བས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་གསོལ་བ་གདབ་པར་བྱའོ། །དེ་ཉིད་བརྗོད་པ་ནི་དཔལ་ལྡན་སངས་རྒྱས་སྐུ་འཆང་བ་ལ་སོགས་པའོ། །དཔལ་ནི་སྤྱན་མ་སྟེ་དེ་གང་ལ་ཡོད་པ་དེ་དཔལ་ལྡན་ནོ། །སངས་རྒྱས་ནི་དུས་གསུམ་དུ་བཞུགས་
པའི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྐུ་དེའི་བདག་ཉིད་ཀྱིས་འཇིག་པར་བྱེད་པས་ནི་སངས་རྒྱས་སྐུ་འཆང་ངོ་། །རྡོ་རྗེ་གསུམ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་མི་ཕྱེད་ཅིང་བདག་ཉིད་གཅིག་ཏུ་བསྒོམ་པའོ། །བདག་ལ་སྟེ། བདག་གི་ལུས་ལ་དེའི་བྱིན་གྱི་རླབས་

ཀྱིས་གནས། བཞུགས་པར་མཛོད་ཅིག་པའོ། །སྐུའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་དོ། །དེ་ལྟར་བདག་པོ་ལ་གསོལ་བ་བཏབ་ནས། དེའི་འཁོར་ལོ་ལ་གསོལ་བའི་དོན་དུ་བརྗོད་པ་ནི་ཕྱོགས་བཅུར་བཞུགས་པའི་ཞེས་བྱ་བ་ལ་སོགས་པའོ། །འདིའི་དོན་ཡང་སྔ་མ་བཞིན་རྟོགས་
པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ལ་གསོལ་བ་བཏབ་ན་གང་དུ་གྱུར་པ་དེ་བསྟན་པའི་ཕྱིར་སྤྱན་མ་དང་ལྷན་ཅིག་ཅེས་བྱ་བ་ལ་སོགས་པའོ། །གསོལ་བ་བཏབ་མ་ཐག་ཏུ་མདུན་ན་བཞུགས་པའི་བཅོམ་ལྡན་འདས་འཕྲོས་པའི་བདག་ཉིད་ཀྱིས་རང་བཞིན་རྣམ་པ་དེ་ལྟ་བུར་སྤྱན་མ་དང་
སྙོམས་པར་ཞུགས་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་ཕན་ཚུན་རྗེས་སུ་ཆགས་པས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་ཏེ། འོད་ཟེར་དཀར་པོའི་གཟུགས་ཀྱིས་སྒྲུབ་པ་པོའི་མགོའི་ཕྱོགས་སུ་ཞུགས་ནས་ཕུང་པོ་ལྔ་པོ་རྣམས་ཀྱིས་གང་བའི་ལུས་འདིས་བྱིན་གྱིས་བརླབ་པོ་ཞེས་བྱ་བ་ནི་བསྡུས་
པའི་དོན་ཏོ། །དེ་ནས་སྒྲུབ་པ་པོ་རེ་བ་ལ་སྨོན་པ་ནི། སངས་རྒྱས་ཀུན་གྱི་སྐུ་གང་ཞིག །ཕུང་པོ་ལྔས་ནི་རབ་གང་ལྟར། །སངས་རྒྱས་སྐུ་ཡི་རང་བཞིན་གྱིས། །བདག་གི་ཡང་ནི་དེ་འདྲར་ཤོག །ཅེས་བྱ་བ་སྟེ། སྐུའི་རྡོ་རྗེ་སངས་རྒྱས་ཀུན་གྱི་སྐུ་གང་ཞིག་གཟུགས་ལ་སོགས་པའི་ཕུང་
པོ་ལྔས་རབ་ཏུ་བརྒྱན་པའོ། །གང་ཞིག་ཅེས་བྱ་བ་ནི་ཇི་ལྟ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པའི་རང་བཞིན་གང་གིས་བཞུགས་པ་ལྟར། སངས་རྒྱས་སྐུའི་རང་བཞིན་ཏེ། རྣམ་པར་སྣང་མཛད་ཀྱི་སྐུའི་ངོ་བོ་ཉིད་ཀྱིས། བདག་གི་ཡང་ནི་དེ་འདྲར་ཤོག་སྟེ།
ལུས་ཤོག་ཅིག་ཅེས་ཁོང་ནས་དབྱུང་ངོ་། །འདི་བསྟན་པར་བྱ་བའི་དོན་དུ་གདོན་མི་ཟ་བར་བརྗོད་པར་བྱ་བའི་དོན་དུ་སྔགས་གསུངས་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་རེ་ཞིག་སྐུ་རྡོ་རྗེ་རྫོགས་ནས་རིམ་པ་འདིས་གསུང་རྡོ་རྗེ་བསྒྲུབ་པར་བྱའོ་ཞེས་སྟོན་པར་བྱེད་པ་ནི། ལྕེའི་
པདྨའི་ཞེས་བྱ་བ་ལ་སོགས་པའོ། །ལྕེའི་རྩ་བ་མགྲིན་པ་ཞེས་བྱ་བའི་མིང་གཞན་དང་ལྡན་པའི་སྟེང་གི་ཟླ་བར་ཡི་གེ་ཨ་དམར་པོ་ལས་ཡོངས་སུ་གྱུར་པའི་པདྨ་དམར་པོའི་དབུས་ཀྱི་ཟླ་བ་ལ་གནས་པའི་ས་བོན་དེ་ཉིད་ལས་ངེས་པར་བྱུང་བའི་གོས་དཀར་མོ་འཆད་པར་འགྱུར་བའི་

མདོག་དང་མཚན་མ་ཅན་སེམས་ཅན་གྱི་དོན་དུ་སྤྲོས་པའི་ཚུལ་གྱིས་ནམ་མཁའི་ཕྱོགས་ཐམས་ཅད་ཁྱབ་པར་བསྒོམ་ནས་སོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་ས་བོན་དེ་ཉིད་ལས་སྤྲོས་པ་སྟེ། འཆད་པར་འགྱུར་བའི་མདོག་དང་མཚན་ལ་སོགས་པ་ཅན་འཕྲོ་བ་དང་འདུ་བའི་
རང་བཞིན་སྤྲོས་པའི་རང་གི་འཁོར་ལོ་དབུས་ན་བཞུགས་པ། སྐྱེས་བུ་ཆེན་པོའི་མཚན་ལ་སོགས་པས་བརྒྱན་ཞིང་། རང་གི་མདུན་ན་བཞུགས་པ་གསོལ་བ་གདབ་པར་བྱ་བ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཏོ། །ད་ནི་གསོལ་བ་གདབ་པར་
བྱ་བའི་དོན་དུ་ཚིགས་སུ་བཅད་པ་གཉིས་བརྗོད་པ་ནི། དཔལ་ལྡན་གསུང་གི་ཞེས་བྱ་བ་ལ་སོགས་པའོ། །དཔལ་ནི་ཏ་ར་སྟེ། དེ་དང་ལྡན་པའི་ཕྱིར་དཔལ་ལྡན་ནོ། །ཆོས་ནི་འོད་དཔག་མེད་གསུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །མི་ཕྱེད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་
བཞིན་ནོ། །བདག་ལ་སྟེ་བདག་གི་ངག་ལ་བྱིན་གྱིས་རློབ་ཅིང་བཞུགས་པར་མཛོད་ཅིག་པའོ། །གསུང་གི་རྡོ་རྗེ་ནི་རྡོ་རྗེ་གསུང་ལྡན་ནོ། །འདིའི་འཁོར་ལོ་ལ་གསོལ་པ་གདབ་པ་སྔ་མ་ཁོ་ན་བཞིན་ནོ། །གསོལ་བ་གདབ་མ་ཐག་ཏུ་གསུང་གི་རྡོ་རྗེ་བྱིན་གྱིས་རློབ་ཅིང་བརྗོད་པ་ནི།
རང་གི་བདག་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་འོད་དཔག་མེད་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པ་དང་ལྡན་པ་ཐམས་ཅད་སྤྲོས་པའི་རང་བཞིན་ཅན་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པ་ཅན་གྱི་དཀར་མོ་དང་ལྷན་ཅིག་ཁ་
སྦྱར་བར་གྱུར་ནས་ཕན་ཚུན་རྗེས་སུ་ཆགས་པར་སྔོན་དུ་སོང་བ་ཅན་གྱི་འོད་ཟེར་དམར་པོའི་རང་བཞིན་གྱིས་ཁ་སྒོ་ནས་ཞུགས་ཏེ། ལྕེའི་འདབ་མར་ཞུགས་ཤིང་། སྒྲུབ་པ་པོ་དེའི་ངག་བྱིན་གྱིས་རློབ་པ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ད་ནི་རེ་བ་སྨོན་པ་བརྗོད་པ་ནི། རྡོ་རྗེ་ཆོས་
ཀྱི་གསུང་གང་ཞིག །ཅེས་བྱ་བ་ལ་སོགས་པས་སོ། །རྡོ་རྗེ་ཆོས་ཞེས་བྱ་བ་འོད་དཔག་མེད་ཀྱི་གསུང་སྟེ་བརྗོད་པ་གང་ཞིག་ཐོབ་པའོ། །ཅི་འདྲ་བར་ཞེ་ན། ངེས་པར་བརྗོད་པ་ནི་ངེས་ཚིག་སྟེ། གང་དག་ལ་སྟེ་ཕུན་སུམ་ཚོགས་པ་ཡོད་པ་དེ་དག་ནི་ངེས་པའི་ཚིག་ཕུན་སུམ་

ཚོགས་པའོ། །ངེས་ཚིག་སྨོས་པ་ཉེ་བར་མཚོན་པ་སྟེ། དེས་ན་ཆོས་དང་དོན་དང་སྤོབས་པ་རྣམས་གཟུང་བ་ཡིན་ནོ། །བདག་གི་ཚིག་ཀྱང་དེ་འདྲ་བ་སྟེ། དེ་དང་འདྲ་བར་བརྗོད་པར་རོ། །ཆོས་འཛིན་པ་དང་འདྲ་བ་འགྱུར་བ་ཞེས་བྱ་བ་ནི་ཆོས་འཛིན་པ་དང་། འདྲ་བ་བདག་གི་
ཡང་དེ་འདྲ་བར་ཤོག་ཅིང་གྱུར་ཅིག་པའོ། །བརྟན་པར་བྱ་བའི་དོན་དུ་བརྗོད་པར་བྱ་བའི་སྔགས་ནི། ཨོཾ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ད་ནི་སེམས་བྱིན་གྱིས་བརླབ་པ་སྟོན་པ། སྔགས་པ་སྙིང་གར་ཞེས་བྱ་བ་ལ་སོགས་པའོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་
པོ་ལས་སྐྱེས་པའི་རྡོ་རྗེ་རྩེ་ལྔ་པའི་ནང་ན་གནས་པའི་ཟླ་བ་ལས་འོད་ཟེར་རྣམ་པ་ལྔ་རྣམ་པར་འཕྲོ་ཞིང་མདངས་འབར་བའི་ཧཱུཾ་བསམས་ནས། དེ་ནས་ལྷ་མོ་མཱ་མ་ཀཱི་མདོག་དང་ཕྱག་ལ་སོགས་པ་འཆད་པར་འགྱུར་བ་དང་མཐུན་པ་སྤྲོ་བ་དང་སྡུད་པའི་རང་བཞིན་ཅན་སྤྲོ་བར་བྱ་ཞིང་བཅོམ་ལྡན་འདས་
མི་བསྐྱོད་པ་འཆད་པར་འགྱུར་བའི་མདོག་དང་ཕྱག་ལ་སོགས་པ་ཅན་སྤྲོ་བ་དང་སྡུད་པའི་རང་བཞིན་ཅན་རང་གི་ལྷ་མོའི་འཁོར་ལོའི་དབུས་ན་རྣམ་པར་བཞུགས་པ་བདག་ཉིད་ཀྱི་མདུན་དུ་བསམས་ལ་གསོལ་བ་གདབ་བོ་ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་ཀྱི་དོན་ཏོ། །སྔ་མ་བཞིན་གསོལ་བ་
འདེབས་པའི་དོན་དུ་ཚིགས་སུ་བཅད་པ་གཉིས་བརྗོད་པ་ནི་དཔལ་ལྡན་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །དཔལ་ལྡན་ནི་མཱ་མ་ཀཱི་དང་ཡང་དག་པར་ལྡན་པའི་ཕྱིར་རོ། །རྡོ་རྗེ་ལྟ་བུའི་ཐུགས་ནི་ཐུགས་རྡོ་རྗེ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་གིས་མ་གོས་པའི་ཕྱིར་
རོ། །དེ་ལྟ་བུར་གྱུར་པའི་ཐུགས་མངའ་བ་ནི་ཐུགས་ཀྱི་རྡོ་རྗེ་འཆང་སྟེ་མི་བསྐྱོད་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དེ་བཞིན་དུ་འདིའི་འཁོར་ལོ་ལ་གསོལ་བ་གདབ་པ་ཡང་སྔ་མ་ཁོ་ན་བཞིན་ནོ། །དེ་ལྟར་གསོལ་བ་བཏབ་པར་གྱུར་པ་ནི་གང་ཞིག་བསྒོམ་པར་བྱ་བ་དེ་བསྟན་པའི་
ཕྱིར་གསུངས་པ་ནི་ཐུགས་ཀྱི་རྡོ་རྗེ་དང་བཅས་པ་ཞེས་བྱ་བ་ལ་སོགས་པའོ། །བཅོམ་ལྡན་འདས་མི་བསྐྱོད་པ་ཡང་དག་པར་སྤྲོ་བར་བྱས་པའི་བདག་ཉིད་ཀྱི་རང་བཞིན་འཆད་པར་འགྱུར་བའི་མདོག་ལ་སོགས་པ་ཅན། སྤྲོས་པར་གྱུར་པའི་བདག་ཉིད་ཀྱི་རང་བཞིན་ཅན་གྱི་

མཱ་མ་ཀཱི་འཆད་པར་འགྱུར་བའི་མདོག་ལ་སོགས་པ་དང་ལྡན་པ་ལྷན་ཅིག་ཁ་སྦྱོར་དུ་གྱུར་ནས་ཕན་ཚུན་རྗེས་སུ་ཆགས་པས་བདེ་བ་ཆེན་པོའི་རང་བཞིན་ཉམས་སུ་མྱོང་བར་གྱུར་ནས་འོད་ཟེར་ནག་པོའི་རང་བཞིན་གྱིས་སྙིང་གར་ཟླ་བ་ཞུགས་པས་སེམས་བྱིན་གྱིས་བརླབ་པར་བྱའོ་
ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །ཕྱིས་རེ་བ་སྨོན་པར་བྱའོ་ཞེས་གསུངས་པ་ནི་ཀུན་དུ་བཟང་པོ་ཞེས་བྱ་བ་ལ་སོགས་པས་སོ། །ཀུན་དུ་བཟང་པོ་ནི་མི་བསྐྱོད་པའོ། །གསང་དབང་པོ་ཞེས་བྱ་བ་ལ་གསང་བ་ནི་གཉིས་མེད་ཀྱི་ཡེ་ཤེས་སོ། །དེ་ཀ་ཡ་ཏི་སྟེ། རྗོད་པར་བྱེད་
པས་ན་གུ་ཧྱ་ཀའོ། །ཀའི་སྒྲ་ནི་ས་ཁམས་སོ། །དབང་བྱེད་པས་ནི་དབང་སྟེ། དབང་ཕྱུག་དམ་པའོ། །གསལ་བ་སྟོན་པ་རྣམས་ཀྱི་དབང་པོ་སྟེ། དེ་ཁོ་ན་སྟོན་པ་རྣམས་ཀྱིས་གཙོ་བོར་གྱུར་པ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ནི་རེག་བྱ་རྡོ་རྗེ་མ་དང་ཡང་དག་ལྡན་པའོ། །རྣམ་པ་དེ་ལྟ་
བུའི་སེམས་གང་ཡིན་པ་དང་འདྲ་བར་རྡོ་རྗེ་འཛིན་པ་དང་མཚུངས་པར་གྱུར་པ་བདག་གི་སེམས་ཀྱང་གྱུར་ཅིག་ཅེས་བྱ་བ་ནི་གསོལ་བ་ཡིན་ནོ། །སེམས་བྱིན་གྱིས་རློབ་པའི་སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་རེ་ཞིག་སོ་སོར་བྱིན་གྱིས་བརླབས་ནས། ད་ནི་བདག་ཉིད་ཐམས་
ཅད་བྱིན་གྱིས་རློབ་པ་བརྗོད་པ་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་འདི་ཡང་གོ་བར་སླའོ། །བྱིན་གྱིས་རློབ་པའི་མན་ངག་ཀྱང་སོ་སོར་བྱིན་གྱིས་རློབ་པ་བཞིན་ནོ། །སྔགས་ཀྱང་ཨོཾ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྒོམས་
ནས་ཡེ་ཤེས་སེམས་དཔའ་བསྒོམ་པའི་དོན་དུ་གསུངས་པ་ནི། དེ་ལྟར་བྱིན་གྱིས་བརླབས་ནས་བདག །ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་བརྗོད་ཟིན་པའི་རིམ་པས་སོ་སོ་བ་དང་བསྡོམས་ནས་བདག་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པར་བྱས་ནས་སོ། །
ཟླ་བའི་དཀྱིལ་འཁོར་གནས་ཤིང་ཞེས་བྱ་བ་ནི་སྔར་བརྗོད་པའི་ཚུལ་གྱིས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་སྔོན་དུ་འགྲོ་བ་ཅན། རྒྱུའི་རྡོ་རྗེ་འཆང་དམ་ཚིག་སེམས་དཔའ་ཞེས་བྱ་བའི་མིང་གཞན་དང་ལྡན་པ། རྡོ་རྗེ་དང་དྲིལ་བུས་ཉེ་བར་མཚོན་ཅིང་། ཟླ་བའི་གདན་ལ་

བཞུགས་པ་མཚན་མ་དྲུག་དང་ཞེས་བྱ་བ་སྔར་བརྗོད་པའི་རྡོ་རྗེ་ལ་སོགས་པ་ཕྱག་ན་གནས་པ་དང་ལྡན་པ་བསམ་པར་བྱའོ་སྙམ་དུ་དགོངས་པའོ། །དེའི་ཐུགས་ཀར་ནི་ཕྱག་ལ་སོགས་པ་རང་ཉིད་དང་འདྲ་བའི་ཡེ་ཤེས་སེམས་དཔའ་མདོག་དམར་པོ་རྣམ་པར་བསྒོམས་ནས་དེའི་ཐུགས་
ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་བཀོད་དེ། རྣལ་འབྱོར་ཆེན་པོའི་མིང་ཅན་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་ལ་དབང་བསྐུར་བར་གྱུར་པ་ན་བདག་ཉིད་མི་བསྐྱོད་པའི་ཅོད་པན་དང་ལྡན་པར་བསྒོམ་མོ། །དེ་ལྟར་རྣལ་འབྱོར་བསྒོམས་ནས་སྒྲུབ་པ་ཆེན་པོ་བྱ་བ་
གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པའི་སྦྱོར་བ་འདི་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྒྲུབ་པའི་ཆོ་ག་འདིས་སོ། །སྒྲུབ་པ་ཆེན་པོ་ཞེས་བྱ་བ་འདིས་རྡོ་རྗེ་འཆང་ལ་སོགས་པ་ཆེན་པོ་རྣམས་སྒྲུབ་པས་ན་སྒྲུབ་པ་ཆེན་པོའོ། །སྒྲུབ་པ་ནི་སྤྱོད་པ་ལ་སོགས་པ་
བྱེད་པ་ཡན་ལག་དང་བཅས་པ་སྟེ། དེ་བརྩམ་པར་བྱ་སྟེ་ཞེས་བྱ་བའོ། །ད་ནི་གཞི་འདིངས་པ་བརྗོད་པ་ནི་གཟུགས་དང་ཞེས་བྱ་བ་ལ་སོགས་པའོ། །ཚོར་བ་མ་ཞེས་བྱ་བ་ནི་ཆོས་བསྟན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་དགའ་ཞིང་སྒྱུར་བར་བྱེད་པས་དེ་སྤྱོད་
པའི་འོ། །ལེགས་པར་བརླབས་ཤིང་ཞེས་བྱ་བ་ནི་རང་ངམ་གཞན་གྱི་གསོ་སྦྱོང་ལ་སོགས་པ་བྱིན་པའི་ཚུལ་གྱིས་ཡོངས་སུ་སྦྱོངས་པའི་ཕྱི་རོལ་གྱི་བུད་མེད་དེ་རྡོ་རྗེ་སེམས་དཔའ་བསྐྱེད་པ་བཞིན་དུ་དཀར་བ་དང་དམར་བ་དང་ནག་པོའི་བདག་ཉིད་ཅན་གྱི་ཡི་གེ་གསུམ་གྱིས་རེག་བྱ་
རྡོ་རྗེ་མའི་རང་བཞིན་བསྐྱེད་ལ་རབ་ཏུ་བསླངས་ནས་འཁྱུད་ལ་སྒྲུབ་པ་ཆེན་པོ་བརྩམ་པར་བྱའོ་ཞེས་སྔ་མ་དང་འབྲེལ་ཏོ། །ད་ནི་རིགས་ལྔའི་ཚོགས་སུ་རིམ་གྱིས་སྟོན་པས་བརྗོད་པ་ནི། ཨོཾ་ཡིག་ཅེས་བྱ་བ་ལ་སོགས་པ་སྟེ། ཨོཾ་ཡིག་ནི་སྤྱི་བོར་ཟླ་བའི་སྟེང་གི་སྲོག་དཀར་པོ་ལས་
ཡོངས་སུ་གྱུར་པའི་འཁོར་ལོ་དཀར་པོའི་ལྟེ་བའི་ཟླ་བ་ལ་གནས་པའི་སྲོག་དཀར་པོའི་ཨ་ཡིག་ཅེས་བྱ་བ་ནི། ལྕེ་རྩའི་ཟླ་བའི་སྟེང་དུ་ཨ་དམར་པོ་ལས་ཡོངས་སུ་གྱུར་པའི་པདྨ་དམར་པོ་ལྟེ་བའི་དབུས་ཀྱི་ཟླ་བར་གནས་པའི་ཡི་གེ་ཨ་དམར་པོའོ། །ཧཱུཾ་དང་པོ་ཞེས་བྱ་བ་ནི། སྙིང་གར་ཉི་མའི་

དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་སྔོན་པོ་ལས་ཡོངས་སུ་གྱུར་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་དབུས་ན་གནས་པའི་ཉི་མའི་ཡི་གེ་ཧཱུཾ་སྔོན་པོའོ། །ལྟེ་བར་སྭཱ་ཞེས་བྱ་བ་ནི། ལྟེ་བར་ཟླ་བའི་སྟེང་དུ་ཡི་གེ་སྭ་སེར་པོ་ལས་ཡོངས་སུ་གྱུར་པའི་རིན་པོ་ཆེ་མདོག་སེར་པོ་ལ་གནས་པའི་ཟླ་
བའི་སྭ་མདོག་སེར་པོའོ། །རྐང་པ་གཉིས་ལ་ཧ་ཞེས་བྱ་བ་ནི་བརླ་གཉིས་སུ་ཟླ་བའི་སྟེང་དུ་ཡི་གེ་ཧ་སྔོན་པོ་གཉིས་ལས་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེ་འོད་ཟེར་དང་བཅས་པའི་ལྟེ་བ་གཉིས་ལ་གནས་པའི་ཟླ་བ་གཉིས་ལ་ཧ་སྔོན་པོ་གཉིས་དགོད་པར་བྱའོ། །ས་བོན་འདི་ཐམས་
ཅད་ནི་རང་རང་གི་གཙོ་བོའི་མདོག་ཅན་དུ་དངོས་སུའམ་མོས་པས་བསྒོམ་པར་བྱ་བ་ཡིན་ནོ། །སྤྱན་དང་ཞེས་བྱ་བ་ལ་སོགས་པ་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་བཞིས་སོ། །ས་ལ་སོགས་པའི་ཁམས་བཞི་ལ། རང་རང་གི་མཚན་མའི་དབུས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་དུ་
མོ་ཧ་ར་ཏི་ཞེས་བྱ་བ་ལ་སོགས་པའི་ས་བོན་གྱི་རང་བཞིན་དུ་བསྒོམ་པར་བྱ་བ་ཡིན་ནོ། །ལྷ་མོ་རྡོ་རྗེའི་གཟུགས་སོགས་རྣམས། །ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མ་དང་ནི་བཅོམ་ལྡན་འདས་མ་དེའི་ཕྱི་རོལ་དང་ནང་གི་བདག་ཉིད་ཅན་
གྱི་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལ་འཆད་པར་འགྱུར་བའི་ཚུལ་གྱིས་རང་རང་གི་ས་བོན་མའི་དབུས་ན་གནས་པའི་ཟླ་བའི་དབུས་སུ་སྔར་བརྗོད་པའི་རང་གི་ས་བོན་གྱི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་དག་ས་སྙིང་ལ་སོགས་པ་ཞེས་པ་ནི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་
དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་གི་ས་བོན་བདག་ཉིད་མིག་ལ་སོགས་པའི་དབང་པོ་ལ་གནས་པའི་འཛིན་པར་བྱེད་པའི་རང་བཞིན་རྣམས་དང་སྙོམས་པར་ཞུགས་པ་སྟེ། གཟུང་བར་བྱ་བ་ཡིན་པར་གཟུགས་རྡོ་རྗེ་མ་ལ་སོགས་པ་དེ་དག་བསྒོམ་པར་
བྱའོ། །བྱང་ཆུབ་སེམས་དཔའ་གཞན་བཞི་པོ་བྱམས་པ་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་ཞེས་བྱ་བ་རྣམས་ནི་རིམ་པ་ཅི་ལྟ་བ་བཞིན། མགོ་བོ་དང་ཡིད་དང་ལུས་དང་མཚམས་རྣམས་སུ། ས་བོན་གྱི་བདག་ཉིད་དུ་རྣམ་པར་

གནས་པར་བསྒོམ་མོ། །ལག་པ་གཡས་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོ་བཅུ་པོ་རྣམས་ཀྱི་ལྷ་མོ་རྣམས་རང་རང་གི་བདག་པོ་དང་ཕྱག་ལ་སོགས་པ་འདྲ་བར། སྔ་མ་ཁོ་ན་བཞིན་ཡི་གེ་ཧཱུཾ་རིང་པོ་མདོག་སྔོན་པོ་རྣམས་ལས་ཡོངས་སུ་དག་པ་རེག་རྡོ་རྗེ་མའི་ཡན་ལག་གི་གནས་རྣམས་
སུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པའི་དོན་ཏོ། །སའི་སྙིང་པོ་ནས་བརྩམས་ཏེ། ས་འཛིན་གྱི་མཐར་ཐུག་པའི་ལྷའི་རང་བཞིན་འདི་རྣམས་ཀྱི་ས་བོན་ནི་རང་རང་གི་མཚན་མའི་དབུས་ན་གནས་པའི་ཉི་མ་དང་ཟླ་བ་ལ་བསྒོམ་པར་བྱ་བ་ཡིན་ནོ། །རྡོ་རྗེ་རོ་ལངས་མ་ལ་སོགས་པ་ནི་སའི་ས་བོན་
ལས་ཡོངས་སུ་གྱུར་པའི་དངོས་པོ་ཁོ་ནར་བསྒོམ་པར་བྱ་བ་ནི་ཁྱད་པར་ཡིན་ནོ། །བརྗོད་ཟིན་པའི་ཚུལ་དེ་ལྟར་ལྷ་མོ་དེ་ལེགས་པར་སྦྱངས་ནས་དེ་ལྷ་མོ་ལ་སོགས་པ་བཀོད་པས་ཐ་མལ་པའི་བུད་མེད་ཀྱི་རང་བཞིན་སྤངས་ཏེ། རྣལ་འབྱོར་པས་དེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་རྡོ་རྗེ་པདྨ་
བརྩམ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་ཡོངས་སུ་གྱུར་མ་ཐག་ཏུ་འཆད་པར་འགྱུར་པའི་ཚུལ་གྱིས་བརྩམ་པར་བྱའོ། །འདི་ནི་རེ་ཞིག་ཕྱི་རོལ་གྱི་བུད་མེད་ཡོངས་སུ་སྦྱོང་བ་བརྗོད་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་བུད་མེད་མེད་པར་གྱུར་ན་དེའི་ཚེ་རྣམ་པར་རྟོག་པ་ལ་གནས་པའི་རེག་རྡོ་རྗེ་མ་ལ་ཡང་
ཡོངས་སུ་སྦྱོང་བ་འདི་ཉིད་བྱ་བ་ཡིན་ནོ། །ད་ནི་རྡོ་རྗེ་དང་པདྨ་ཡོངས་སུ་སྦྱོར་བ་བརྗོད་པ་ནི། སྔགས་པས་ཞེས་བྱ་བ་ལ་སོགས་པ་ནས་བཟུང་སྟེ། དེ་འོག་སྒྲུབ་པ་བརྩམ་པར་བྱ། །ཞེས་བྱ་བ་ནི་མཐར་ཐུག་པས་སོ། །ཧཱུཾ་ཡིག་མཐོན་མཐིང་གིས་རང་གི་མཚན་མ་རྡོ་རྗེ་རྩེ་ལྔ་པ་ནག་པོ་འོད་ཟེར་ལྔ་
དང་ལྡན་པ་བསམས་ནས་དེའི་རྩེ་མོ་དབུས་མ་ལ་སྲོག་དཀར་པོ་དགོད་ཅིང་། དེའི་ཆོས་འབྱུང་ལ་ཡང་ཨ་ཡིག་དམར་པོ་ལས་ཡོངས་སུ་གྱུར་པ་པདྨ་དམར་པོ་འདབ་མ་བརྒྱད་པའི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་
སོགས་པའི་སྔགས་ཀྱིས། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་འཁྱུད་པ་དང་འོ་ལ་སོགས་པ་བྱའོ། །དེ་ནས་ང་རྒྱལ་འདི་ཉིད་ཀྱིས་བསྐྱོད་པ་བྱའོ་ཞེས་སྟོན་པས་བརྗོད་པ་ནི། ཡི་གེ་ཧཱུཾ་གི་གླུ་ཡིས་ཞེས་བྱ་བ་ལ་སོགས་པའོ། །

ཡི་གེ་ཧཱུཾ་གླུ་རྣམ་པ་མང་པོ་བརྗོད་ཅིང་རྡོ་རྗེ་པདྨའི་ནང་དུ་ཆུད་པས། རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དང་ལྡན་པས་བསྐྱོད་བྱ་སྟེར་བ་གཡོ་བར་བྱའོ། །དེ་ནས་རིམ་གྱིས་དགའ་བ་གཉིས་རྟོགས་པར་བྱས་ནས། རྡོ་རྗེའི་ནོར་བུའི་ནང་དུ་དགའ་བ་གསུམ་པ་བསྐྱེད་པ་ན། ནོར་བུའི་རྩེ་མོའི་བུ་
ག་འགེགས་པར་བྱེད་པའི་ཡི་གེ་གཉིས་རྣམ་པར་བསམས་ནས་དགག་པར་བྱ་ཞིང་ཡི་གེ་གཉིས་པོ་འདི་ཉིད་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེ་ནས་ནི་ལུས་ཀྱི་དཀྱིལ་འཁོར་བའི་ལྷ་རྣམས་ལྷན་ཅིག་སྐྱེས་པའི་བདེ་བ་ཉམས་སུ་མྱོང་ནས་རྩ་བའི་སྦུབས་ནས་ཐིག་ལེའི་
གཟུགས་ཀྱིས་པདྨའི་ནང་དུ་བབས་པར་འགྱུར་རོ། །འདིས་ནི་དགའ་བ་བཞི་པ་ཡང་ཡང་དག་པར་སྐྱེ་བར་གྱུར་པ་ཡིན་ནོ་ཞེས་རིག་པར་བྱའོ། །དེ་ནས་ནི་བལྟ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་བྱའོ་ཞེས་སྟོན་པར་བྱེད་པས་གསུངས་པ་ནི།
འབྱུང་བའི་མཐར་ཡང་ཞེས་བྱ་བ་ལ་སོགས་པའོ། །སྤྲོས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་དོན་གྲུབ་པའི་དོན་ཏོ། །སྔགས་ནི་ཨོཾ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །ད་ནི་ཞེ་སྡང་རྡོ་རྗེའི་བདག་ཉིད་ཀྱིས་དཀྱིལ་འཁོར་བའི་ལྷ་དག་སྤྲོ་བར་བྱ་བ་ཡིན་ཏེ། དེས་ན་ཞེ་སྡང་རྡོ་རྗེའི་གནས་སུ་
འདུག་པར་བྱ་བའི་ཕྱིར་གསུངས་པ་ནི་རང་སྔགས་ཡི་གེ་ཞེས་བྱ་བ་ལ་སོགས་པའོ། །རང་གི་སྔགས་ཀྱི་ཡི་གེ་ནི་བཛྲ་དྷྲྀཀ་ཅེས་བྱ་བའི་སྔགས་མདོག་ནག་པོ་དེ་ལས་སྐྱེས་པའོ་ཞེས་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་རང་བཞིན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་
གེ་གསུམ་པོ་མགོ་དང་མགྲིན་པ་དང་། སྙིང་ག་ལ་གནས་པས་བྱིན་གྱིས་བརླབས་པ་རྡོ་རྗེ་འཆང་གི་རང་བཞིན་བདག་ཉིད་པདྨའི་ནང་དུ་སྟེ། པདྨ་མའི་ཁོང་པར་བསྐྱེད་ནས་དེ་མ་ཐག་ཏུ་སླར་ཡང་ཞེ་སྡང་རྡོ་རྗེར་བསྐྱེད་པར་བྱ་སྟེ་མི་བསྐྱོད་པ་ཅི་འདྲ་བ་བཞིན་དུ་བསྐྱེད་ནས་བསྒོམ་པར་བྱ་ཞེ་ན་བཛྲ་
དྷྲྀཀ་ཅེས་བྱ་བའོ། །མི་བསྐྱོད་ཅེས་བྱ་བ་ནི་མི་འཁྲུགས་པས་ན་མི་བསྐྱོད་པ་སྟེ། རྡོ་རྗེ་སེམས་དཔའོ། །དེས་དབུ་རྒྱན་བྱས་པ་སྟེ། དབུ་བརྒྱན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྔོ་དམར་དཀར་བའི་ཞལ་དང་ལྡན། །ཞེས་བྱ་བ་ནི་གཙོ་བོའི་ཞལ་ནི་སྔོ་བ། གཡོན་ནི་དམར་བ།

གཡས་ནི་དཀར་བའོ། །རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །དྲིལ་བུ་ཞེས་བྱ་བ་ནི་མདོག་དཀར་པོ་སྒྲ་དང་ལྡན་པའོ། །ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསམ་པ་སྒོམ་པར་བྱེད་
པ་སྟེ་རིན་པོ་ཆེ་ཡིད་སྦྱིན་ནོ། །རལ་གྲི་ཞེས་བྱ་བ་ནི་ནོར་བུ་ཆེན་པོ་ལ་སོགས་པས་བརྒྱན་པའི་ཡུ་བ་ཅན་གྱི་རལ་གྲི་སྔོན་པོ་རབ་ཏུ་འབར་བའོ། །འདིའི་འཁོར་ལོས་སྒྱུར་བ་དྲུག་གི་རང་བཞིན་དུ་བསྟན་པའོ། །འདི་ནི་དཀྱིལ་འཁོར་པ་གཞན་རྣམས་དང་། རྒྱུའི་རྡོ་རྗེ་འཆང་ལ་ཡང་ཇི་ལྟར་
སྲིད་པར་རྟོགས་བྱའོ། །དེས་ན་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་བསྒོམ་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་འདིས་ཅི་ཞིག་བྱ་ཞེ་ན། བརྗོད་པ་འདི་ནི་ཞེས་བྱ་བ་བཅོམ་ལྡན་འདས་མི་བསྐྱོད་པ་ནི་སྙིང་ག་ནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་རང་བཞིན་བུད་མེད་
ཀྱི་པདྨའི་ནང་དུ་བབས་པའི་བྱང་ཆུབ་ཀྱི་སེམས་ལས་བཛྲ་དྷྲྀཀ་གི་སྔགས་ཀྱི་བསྐྱེད་པ་བྱུང་ནས་ཏེ། བཏོགས་ནས་ཕྱོགས་བཅུར་རྣམ་པར་གཟིགས་མཛད་དེ། །ཞེས་བྱ་བ་ཕྱོགས་བཅུ་ན་རྣམ་པར་གནས་པའི་སེམས་ཅན་ཀུན་ལ་ལྷའི་སྤྱན་གྱིས་གཟིགས་ནས། འབར་བ་དང་འཚེར་བ་ལ་
སོགས་པ་སངས་རྒྱས་ཀྱི་ཆོ་འཕྲུལ་མ་ལུས་པ་ཡང་མཛད་ཅིང་དེ་རྣམས་ཀྱི་བསམ་པ་ཅི་ལྟ་བ་བཞིན་ཆོས་ཀྱི་འཁོར་ལོ་ཡང་བསྐོར་བས་ཞེ་སྡང་རྡོ་རྗེའི་གནས་པ་སྟེ། ཞེ་སྡང་ཆེན་པོའི་ཉོན་མོངས་པའི་སེམས་ཅན་དེ་དག་ཀྱང་རྣམ་པར་སྦྱངས་ཤིང་ཞེ་སྡང་རྣམ་པར་དག་པར་བྱས་ནས་སླར་བྱོན་ནས།
རྡོ་རྗེ་མགོན་པོ་སྟེ། རྡོ་རྗེ་སེམས་དཔའི་རང་བཞིན་ཅན་གྱི་སྒྲུབ་པ་པོའི་སྤྱན་སྔར་འདུག་ནས་སོ། །ཕྱི་ནས་སྒྲུབ་པ་པོས་ཅི་ཞིག་བྱ་ཞེ་ན་བརྗོད་པ་སྔགས་པས་དེ་ན་ཞེས་བྱ་བ་ལ་སོགས་པ་སྟེ། མདུན་ན་འདུག་པ་སྟེ། བདག་ཉིད་ཀྱི་སྙིང་གར་བཅུག་ནས་བསྒོམ་པར་བྱའོ། །ཅི་ལྟ་བུར་གྱུར་པ་ཞིག་
བསྒོམ་པར་བྱ་ཞེ་ན། སྔར་གྱི་གཟུགས་ནི་ཞེས་བྱ་བ་ལ་སོགས་པའོ། །སྔར་གྱི་རྡོ་རྗེ་འཆང་གི་རྣམ་པ་མདོག་དཀར་པོ་ཡོངས་སུ་གྱུར་པ་སྟེ། ཡོངས་སུ་སྤངས་ནས་ཞེ་སྡང་རྡོ་རྗེའི་གནས་པ་སྟེ། མི་བསྐྱོད་པའི་རང་བཞིན་ལ་བཞུགས་པར་གྱུར་པ་ན། བདག་ཉིད་ཨིནྡྲ་ནཱི་ལ་ལྟ་བུ་ནག་པ་འབར་བ་སྟེ།

བ་སྤུའི་བུ་ག་ནས་བྱུང་བའི་འོད་ཟེར་རྣམས་ཀྱི་སྐུ་རྣམ་པར་འཚེར་བར་རོ། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །ཞེས་བྱ་བ་ནི། སྣ་ཚོགས་པདྨའི་ནང་ན་གནས་པའི་ཡི་གེ་ཧཱུཾ་སྔོན་དམར་ལས་སྐྱེས་པའི་ཉི་མའི་ཡི་གེ་ཧཱུཾ་སྔོན་པོའི་རང་བཞིན་ཅན་གྱི་རྡོ་རྗེ་རྩེ་ལྔ་པའི་
ལྟེ་བ་ལ་གནས་པའི་ཉི་མའི་སྟེང་ན་གནས་པའོ། །རང་གི་ཕྱག་རྒྱ་སྟེ་རེག་རྡོ་རྗེ་མས་འཁྱུད་པ་སྟེ། མགུལ་པ་ནས་ཉེ་བར་འཁྱུད་པའོ། །རྒྱན་རྣམས་ཀུན་གྱི་སྟེ། ནོར་བུ་དང་མུ་ཏིག་ལ་སོགས་པས་རྣམ་པར་སྤྲས་པའི་ཅོད་པན་དང་སྐེ་རགས་ལ་སོགས་པས་བརྒྱན་ཞིང་། དྲག་པོ་ལ་
སོགས་པའི་རང་བཞིན་གྱི་ཞལ་གསུམ་གྱི་རྣམ་པར་མཛེས་པ་བསྒོམ་པར་བྱའོ་ཞེས་སྔ་མ་དང་འབྲེལ་ཏོ། །དེ་དེ་ལྟར། ཞེ་སྡང་རྡོ་རྗེའི་ཏིང་འཛིན་ལ། །གནས་པས་དཀྱིལ་འཁོར་རྣམ་པར་སྤྲོ། །དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །ཇི་ལྟར་
སྤྲོ་ཞེ་ན་གསུངས་པ་ནི། ཛི་ན་ཛིཀ་ཅེས་བྱ་བ་ལ་སོགས་པས་སོ། །ཛི་ན་ཛིཀ་སྔགས་ལས་བྱུང་བ་ཞེས་བྱ་བ་ནི། བུད་མེད་ཀྱི་པདྨའི་ནང་དུ་ལྷུང་བའི་བྱང་ཆུབ་ཀྱི་སེམས་ལས་སྐྱེས་པའི་ཛི་ན་ཛིཀ་གི་སྔགས་དཀར་པོའོ། །དེ་ནས་དེ་ལས་བསྐྱེད་པའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ།
དེའི་ལྟེ་བའི་དབུས་སུ་ནི་སྔགས་ཁ་དོག་དཀར་པོ་དེ་ཉིད་ནི་མཚན་མ་དང་ལྡན་པའི་སྔགས་དེ་ཉིད་ཀྱིས་བསྐྱེད་པས་ན། ཛི་ན་ཛིཀ་སྔགས་ལས་བྱུང་བའི་དེ་བཞིན་དུ་དཀྱིལ་འཁོར་བ་གཞན་རྣམས་དང་སྔར་བརྗོད་པའི་ཞེ་སྡང་རྡོ་རྗེ་ལ་ཡང་། བདག་ཉིད་ཅི་ལྟ་བ་དང་ཁ་དོག་ཅི་ལྟ་བའི་མཚན་མ་དང་
ས་བོན་དམིགས་ནས་བསྐྱེད་པར་བྱ་བ་ཡིན་པར་རིག་པར་བྱའོ། །དཀར་དང་དམར་དང་ནག་པའི་ཞལ། །ཞེས་བྱ་བ་ནི་གཙོ་བོ་དཀར་བ་དང་གཡས་ནག་པ་གཡོན་དམར་བའོ། །འཁོར་ལོ་ཞེས་བྱ་བ་ལ་སོགས་པ། པདྨ་མ་གཏོགས་པ་མཚན་མ་ལྔ་པོ་འདི་དག་གི་མདོག་དང་རང་བཞིན་ནི་
སྔ་མ་ཁོ་ན་བཞིན་ནོ། །འདོད་ཆགས་ནི་གཏི་མུག་གི་ཕྱོགས་གཅིག་ཡིན་པའི་ཕྱིར་ན། འདི་དག་ནི་དོན་དམ་པར་དེའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་པདྨ་འདབ་མ་བརྒྱད་པ་གཟུགས་དཀར་པོ་ཉིད་ཡིན་ནོ། །ཐུགས་ཀ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཤར་ཕྱོགས་ཀྱི་

ཟླ་བར་ཞེས་བྱ་བ་ནི་སྣ་ཚོགས་འདབ་མ་ནི་པདྨ་ལ་གནས་པའི་ཡི་གེ་ཨོཾ་དཀར་པོས་བསྐྱེད་པའི་ཟླ་བའི་ཨོཾ་ཡིག་དཀར་པོས་བསྐྱེད་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ཟླ་བའི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན་པའོ། །བཞུགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ་ཞེས་རིག་པར་བྱའོ། །
དེ་ལྟར་རྣམ་པར་སྣང་མཛད་སྤྲོ་བ་བརྗོད་པ་ཡིན་ལ་མི་བསྐྱོད་པའི་སྔར་བརྗོད་ཟིན་ཏོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་བརྗོད་པའི་དོན་དུ་གསུངས་པ་ནི། རཏྣ་དྷྲྀཀ་ཅེས་གསུངས་པ་སྟེ་རྟོགས་པར་སླའོ། །སེར་དང་ཞེས་བྱ་བ་ལ་རྩ་བའི་ཞལ་ནི་སེར་བ་གཡས་ནག་པ་གཡོན་དཀར་བའོ། །འདི་
ཡང་མཚན་མ་ལྔ་པོའི་མདོག་དང་རང་བཞིན་ནི་སྔ་མ་བཞིན་ནོ། །འདོད་ཆགས་དང་སེར་སྣ་དག་ཙམ་གྱིས་ན་དེའི་བདག་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་པདྨ་མདོག་སེར་པོ་ཡིན་ནོ། །སྙིང་ག་ལས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །རིན་ཆེན་དབུས་སུ་ཞེས་བྱ་བ་ནི། སྣ་ཚོགས་
པདྨའི་ལྟེ་བའི་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ཡི་གེ་སྭཱ་སེར་པོས་བསྐྱེད་པའི་རིན་པོ་ཆེའི་དབུས་ན་གནས་པའི་ཟླ་བ་ལའོ། །བཞུགས་པར་བྱ་ཞེས་བྱ་བ་ལ། རིན་ཆེན་འབྱུང་ལྡན་ཞེས་ཁོང་ནས་དབྱུང་ངོ་། །ད་ནི་མི་བསྐྱོད་པའི་སྤྲོ་བ་བསྟན་པའི་
ཕྱིར་གསུངས་པ་ནི། ཨཱ་རོ་ལྀཀ་སྔགས་ལས་བྱུང་བ། །ཞེས་བྱ་བ་ལ་སོགས་པའོ། །པདྨ་རཱ་གའི་འོད་ཅེས་བྱ་བ་ནི་མདོག་དམར་བའོ། །དམར་དང་ནག་དང་དཀར་བའི་ཞེས་བྱ་བ་ནི། རྩ་བ་དང་གཡས་པ་དང་གཡོན་རྣམས་ཏེ་གཞན་ནི་གོ་སླའོ། །མཚན་མ་ལྔ་པོའི་མདོག་དང་རང་བཞིན་ནི་
སྔ་མ་བཞིན་ནོ། །པདྨ་ནི་གཙོ་བོའི་མདོག་ཅན་ནོ། །སྔ་མ་བཞིན་ཞེས་བྱ་བ་ལ་སོགས་པ་ནི་ཐུགས་ཀ་ནས་བྱུང་སྟེ། སྤྲོ་བ་དང་བསྡུ་བ་བྱས་ནས་སོ། །པདྨར་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་ནང་དུ་ཨོཾ་ཡིག་དཀར་པོས་བསྐྱེད་པའི་ཟླ་བ་ལ་གནས་པའི་ཨ་ཡིག་དམར་པོ་ལས་ཡོངས་སུ་གྱུར་པའི་
པདྨ་དམར་པོ་འདབ་མ་བརྒྱད་ཀྱི་དབུས་ན་གནས་པའི་ཟླ་བའི་དཀྱིལ་འཁོར་ལའོ། །བཞུགས་པར་བྱ་ཞེས་བྱ་བ་འདིར་ཡང་འོད་དཔག་མེད་ཅེས་ཁོང་ནས་དབྱུང་བར་བྱའོ། །དེའི་རྗེས་ལ་དོན་ཡོད་གྲུབ་པའི་སྤྲོ་བ་བརྗོད་པའི་དོན་དུ་གསུངས་པ་ནི། པྲཛྙཱ་དྷྲྀཀ་ཅེས་བྱ་བ་ལ་སོགས་པ་སྟེ་རྟོགས་

སླའོ། །ལྗང་དང་ཞེས་བྱ་བ་རྩ་བའི་ཞལ་ནི་ལྗང་གུ །གཡས་ནག་པ། གཡོན་དཀར་བའོ། །རལ་གྲི་ཞེས་བྱ་བ་ལ། འདིར་ཡང་མཚན་མ་ལྔ་པོ་རྣམས་ཀྱི་མདོག་དང་རང་བཞིན་སྔ་མ་བཞིན་ནོ། །འདོད་ཆགས་དང་ཕྲག་དོག་དག་ཙམ་ཉིད་ཀྱིས་དེའི་བདག་ཉིད་དུ་
མངོན་པར་བཞེད་པའི་ཕྱིར་པདྨ་ལྗང་གུ་ཉིད་དོ། །སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་སྟེང་དུ་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ཡི་གེ་ཧཱ་སྔོན་པོ་ལས་སྐྱེས་པའི་སྣ་ཚོགས་པའི་ལྟེ་བ་ལ་གནས་པའི་ཟླ་བ་ལའོ། །བཞུགས་བྱ་བ་འདིར་ཡང་དོན་ཡོད་པ་ཞེས་རྟོགས་པར་བྱའོ། །
དེ་བཞིན་གཤེགས་པ་ལྔ་པོ་འདི་དག་བསྒོམ་པའི་དགོས་པ་གསུངས་པ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་རྟོགས་པར་སླའོ། །ད་ནི་ལྷ་མོ་བཞི་པོ་རྣམས་ཀྱི་སྤྲོ་བ་གསུངས་པ་ནི། མོ་ཧ་ར་ཏི་སྔགས་ཞེས་བྱ་བ་ནས་བརྩམས་ནས་ཞི་བའི་ནས་བཞུགས་པར་བྱ་བའི་མཐར་ཐུག་
པ་སྟེ། འདི་ནི་དེ་བཞིན་གཤེགས་པ་བཞི་པོ་སྤྲོས་པ་བཞིན་བཤད་པར་བྱའོ། །སྒྲོལ་མའི་མཚན་མ་ལ་ཨུཏྤ་ལའི་སྒྲས་ནི་པདྨ་དམར་པོ་བརྗོད་པ་ཡིན་ཏེ། འདོད་ཆགས་ཀྱི་ཡུལ་ཉིད་དུ་བསྟན་པའི་དོན་དུའོ། །གཞན་སྤྱན་མ་ལ་སོགས་པ་རྣམས་ལ་ནི་ཕྲག་དོག་གི་ཡུལ་ཉིད་དུ་བསྟན་པའི་
དོན་དུ་ཨུཏྤ་ལ་ཡིན་པས་ན་སྔ་མ་ལས་ཁྱད་པར་རོ། །དེ་ལྟར་འདི་ཐམས་ཅད་ཀྱིས་ནང་རིམ་གྱི་ལྷ་རྣམས་ཀྱི་སྤྲོ་བ་བརྗོད་པ་ཡིན་ནོ། །རིམ་པ་གཉིས་པའི་ལྷ་རྣམས་ཀྱི་སྤྲོ་བ་གསུངས་པ་ནི། རིམ་པ་གཉིས་པར་ཞེས་བྱ་བ་ལ་སོགས་པའོ། །གང་གི་གནས་གང་ཡིན་ཞེ་ན་བརྗོད་པ་
ནི། རྡོ་རྗེ་གཟུགས་མ་ཡིད་འོང་ནི། །ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་གཟུགས་མ་ནི་དཀར་མོ། །སྣ་ཚོགས་པདྨ་ཅན་གྱི་པདྨའི་སྟེང་གི་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ས་བོན་དཀར་པོ་ཡི་གེ་གསུམ་དུ་གྲགས་པས་བསྐྱེད་པའི་མེ་ལོང་དཀར་པོ། ས་བོན་གྱི་
སྙིང་པོ་ཅན་ལས་ཡོངས་སུ་གྱུར་པ་སྟེ། །ཕྱག་དྲུག་རྣམ་པར་སྣང་མཛད་ཀྱིས་མཚན་པའོ། །རྩ་བའི་ཕྱག་གཉིས་ཀྱིས་མེ་ལོང་བཟུང་བ། གཡོན་དང་གཡས་དང་དབུས་ན་གནས་པའི་ཞལ་སྔོ་བ་དང་དམར་བ་དང་དཀར་བའོ། །གཞན་མཚན་མ་དང་གདན་དང་བྱ་བ་ནི་གཏི་མུག་དགའ་མ་

དང་འདྲའོ། །བུད་མེད་ཀྱི་པདྨའི་ནང་དུ་བསྐྱེད་ནས་མེའི་ཕྱོགས་གཞག་པར་བྱའོ་ཞེས་བྱ་བ་ནི་ལྟ་བུར་བྱ་བའི་དོན་ཏོ། །དེ་བཞིན་དུ་ལྷ་མོ་གཞན་གསུམ་པོ་ཡང་སྒྲ་དང་དྲི་དང་རོ་རྡོ་རྗེ་མ་རྣམས་ཀྱང་ཨོཾ་དཀར་པོ་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་སེར་བ་དང་དམར་བ་དང་སྔོ་བའི་ཡི་གེ་གསུམ་
ལས་བྱུང་བ། པི་ཝང་དང་དུང་ཆོས་དང་རོའི་སྣོད་སེར་པོ་དང་དམར་པོ་དང་སྔོན་པོ། ས་བོན་གྱི་སྙིང་པོ་ཅན་རྣམས་ལས་ཡོངས་སུ་གྱུར་པ་རྣམས་ནི། རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་། དོན་ཡོད་གྲུབ་པས་མཛེས་པར་བྱས་པ་རང་རང་གི་བདག་པོ་དང་འདྲ་བའི་ཞལ་དང་ལྡན་པ།
རྩ་བའི་ཕྱག་རྣམས་ཀྱིས་བརྗོད་མ་ཐག་པའི་མཚན་མ་འཛིན་ཅིང་མཚན་མ་དང་ལྡན་པར་བྱ་བ་གཞན་ནི། མཱ་མ་ཀཱི་དང་གོས་དཀར་མོ་དང་ཏྭ་ར་རྣམས་འདྲ་བ་སྟེ་བདེན་བྲལ་དང་རླུང་ལྷ་དང་དབང་ལྡན་གྱི་ཕྱོགས་རྣམས་སུ་དགོད་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གསུངས་པ་ནི་རྡོ་རྗེ་སྒྲོལ་མ་ཞེས་བྱ་བ་
ནས་བརྩམས་ནས། ལྷག་མ་སྒྲོལ་མ་ཅི་བཞིན་ནོ། །ཞེས་བྱ་བའི་མཐར་ཐུག་པ་སྟེ། །འདི་ཐམས་ཅད་ནི་གོ་སླའོ། །བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་གྲུབ་པ་རེག་བྱ་རྡོ་རྗེ་མའི་རང་བཞིན་གསུངས་པ་ནི། རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་། །ཞེས་བྱ་བ་ལ་སོགས་པ་སྟེ། ཚིགས་སུ་བཅད་
པ་འདི་ཡང་གོ་བར་སླའོ། །རིམ་པ་གཉིས་པའི་ལྷ་གཞན་དག་ཀྱང་བསྟན་པའི་ཕྱིར་གསུངས་པ་ནི། རིམ་པ་གཉིས་པའི་ཤར་ཕྱོགས་ཀྱི་ཞེས་བྱ་བ་ལ་སོགས་པ་ནས་བཟུང་སྟེ་བྱང་གི་ཕྱོགས་སུ་སྤྲོ་བར་བྱ་བའི་མཐར་ཐུག་པ་སྟེ། གོ་བར་སླའོ། །བྱང་ཆུབ་སེམས་དཔའ་བརྒྱད་པོ་སྣ་ཚོགས་པའི་པདྨའི་
ལྟེ་བར་གནས་པའི་ཟླ་བའི་དཀྱིལ་འཁོར་དུ་རང་གི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་སྐྱེས་པ་འདི་རྣམས་ཀྱི་སྤྲོ་བ་ནི་སྔ་མ་བཞིན་རྟོགས་པར་བྱའོ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་ཡིན་ནོ། །ད་ནི་བརྗོད་མ་ཐག་པའི་བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱི་རང་བཞིན་ལ་སོགས་པ་སྟོན་པར་བྱེད་
པས། འདི་དག་དབུ་རྒྱན་རང་རང་གོན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱམས་པ་དང་སའི་སྙིང་པོ་དག་གི་དབུ་རྒྱན་ནི་རྣམ་པར་སྣང་མཛད་དོ། །ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དག་ནི་རིན་ཆེན་འབྱུང་ལྡན་གྱི་ཅོད་པན་ཅན་ནོ། །འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་ཀྱི་ནི་མགོན་

པོ་འོད་དཔག་ཏུ་མེད་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོ་དག་གི་བདག་པོ་ནི་དོན་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །མདོག་སོགས་ནི་ཞེས་བྱ་བ་ནི་མདོག་དཀར་པོ་ལ་སོགས་པ་དང་། ཞལ་གསུམ་པ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་གནས་པའི་འཁོར་ལོ་
ལ་སོགས་པ་རྣམས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་འདྲའོ། །དེ་བཞིན་དུ་ཕྱག་དྲུག་པོ་རྣམས་དང་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་རྣམས་ཉིད་དང་འདྲ་བ་ཡིན་ནོ། །བྱམས་པའི་མཚན་མ་ལ་ཁྱད་པར་གསུངས་པ་ནི་བྱམས་པ་འབའ་
ཞིག་ཅེས་བྱ་བ་ལ་སོགས་པས་སོ། །འདི་དག་བསྒོམ་པས་སྒྲུབ་པ་པོ་དང་གཞན་རྣམས་ལ་ཅི་ཞིག་བྱེད་སྙམ་ན་གསུངས་པ་ནི། ལྷ་ཡི་མིག་སོགས་རྩོལ་མཛད་པ། །ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་པོའི་མིག་ལ་སོགས་པའི་རྣམ་པར་དག་པ་བསྒོམས་པ་རྣམས་ཀྱིས་ནི་མིག་ལ་སོགས་པ་
རྣམས་རྣམ་པར་སྦྱོང་བར་བྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ཁམས་གསུམ་ན་གནས་པ་རྣམས་ཀྱི་མིག་ལ་སོགས་པ་ཡང་རྫུ་འཕྲུལ་གྱིས་རྣམ་པར་སྦྱོང་བར་བྱེད་དོ་ཞེས་བྱ་བ་འདི་དགོངས་པས་སོ། །གདན་རྣམས་ལ་ནི་བཞུགས་པར་བྱ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་
གདན་སྔར་བརྗོད་པའི་འཁོར་ལོ་ལ་སོགས་པ་རྣམས་ལའོ། །དེ་ལྟར་ན་རེ་ཞིག་བྱང་ཆུབ་སེམས་དཔའ་བརྒྱད་ཀ་ཡང་སྤྲོ་བ་ཡིན་ནོ། །ད་ནི་བགེགས་བསྐྲད་པའི་དོན་དུ་ཁྲོ་བོ་བཅུ་པོ་རྣམས་ཀྱི་སྤྲོ་བ་གསུངས་པ་ནི། ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པའོ། །འདིའི་སྤྲོ་བ་ནི་རྣམ་པར་སྣང་
མཛད་སྤྲོ་བ་བཞིན་ཏེ། པདྨའི་ནང་དུ་སྔོན་པོ་ཡ་མཱནྟ་ཀྲྀཏ་ཅེས་བྱ་བ་དེ་ལས་གྲུབ་པ་ཡིན་པར་རིག་པར་བྱའོ། །ནག་དང་དམར་དང་དཀར་བའི་ཞལ། །ཞེས་བྱ་བ་ལ་རྩ་བའི་ཞལ་ནག་པ། གཡོན་དམར་བ། གཡས་དཀར་བ་སྟེ། སོ་སོར་སྤྱན་གསུམ་དང་ལྡན་པའོ། །འདི་ནི་རྣམ་པར་སྣང་
མཛད་ཀྱི་རང་བཞིན་ཡིན་ཡང་ཐུགས་ཀྱི་དབང་པོའི་རང་བཞིན་པས་ན་ནག་པོ་ཉིད་དོ། །དབྱིག་པ་ཞེས་པ་ནི་དབྱིག་པ་དཀར་པོ་རྡོ་རྗེས་མཚན་པའོ། །འཁོར་ལོ་དང་རྡོ་རྗེ་ནི་སྔར་བརྗོད་པའི་མདོག་དང་རང་བཞིན་ཅན་ནོ། །ཐུགས་ཀར་ནི་སྡིགས་མཛུབ་ཞགས་པ་ཞེས་བྱ་བ་ནི་སྙིང་གའི་

སྡིགས་མཛུབ་དང་ལྷན་ཅིག་པའི་རྡོ་རྗེའི་རང་བཞིན་གྱི་ཞགས་པ་ནག་པོ་ཐོགས་པའོ། །དགྲ་སྟ་ཞེས་བྱ་བ་ནི་རྡོ་རྗེས་མཚན་པ་རྡོ་རྗེའི་རང་བཞིན་གྱི་དགྲ་སྟ་ནག་པོའོ། །མི་བཟད་ཅེས་བྱ་བ་ལ་སོགས་པས་ནི་བྱ་བ་བརྗོད་པའོ། །སྒྲུབ་པ་པོ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་
པའི་ཏིང་ངེ་འཛིན་ཉམས་པར་བྱེད་པ་གང་དག་ཡིན་པ་བརྒྱ་བྱིན་ལ་སོགས་པ་འཁོར་དང་བཅས་པ་དེ་དག་སྲེག་པར་མཛད་ཅིང་རྒྱང་སྲིང་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟར་བྱས་ནས་ཅི་ཞིག་བྱེད་སྙམ་ན། པདྨ་ཉི་མ་ལ་ཞེས་བྱ་བ་གསུངས་སོ། །འདབ་མ་སྣ་ཚོགས་
ཅན་གྱི་པདྨའི་སྟེང་དུ་རང་ཉིད་ཀྱི་ས་བོན་གྱིས་བསྐྱེད་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཡི་གེ་ཧཱུཾ་སྔོ་ནག་ནི་ས་བོན་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་གནས་པས་བཞུགས་པ་ཞེས་པ་ནི་མན་ངག་གི་དོན་ཏོ། །པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པ་ནི་གཉིས་
པོ་སྤྲོ་བ་གསུངས་པའོ། །འདིའི་སྒོ་བ་ནི་པྲཛྙཱནྟ་ཀྲྀཏ་ཅེས་བྱ་བ་དཀར་པོར་གྱུར་པ་སྔགས་དེ་ལས། རིན་ཆེན་འབྱུང་ལྡན་སྤྲོ་བ་བཞིན་སྤྲོ་བར་རིག་པར་བྱའོ། །དཀར་དང་ཞེས་བྱ་བ་ལ་སོགས་པ་ལ་རྩ་བའི་ཞལ་ནི་དཀར་བ། གཡས་ནག་པོ། གཡོན་དམར་པོའོ། །རིན་ཆེན་འབྱུང་ལྡན་རང་
བཞིན་འདི་དཀར་བ་ཉིད་ནི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །མཚན་མ་རྣམས་ཀྱི་རང་བཞིན་དང་མདོག་ནི་སྔ་མ་བཞིན་རིག་པར་བྱའོ། །པདྨ་ཉི་མ་ལ་གནས་ཞེས་བྱ་བ་ནི་སྣ་ཚོགས་པདྨའི་ལྟེ་བར་རང་གི་ས་བོན་ཉིད་ཀྱིས་བསྐྱེད་པའི་ཡིད་བཞིན་གྱི་ནོར་བུ་སེར་པོའི་དབུས་ཀྱི་ཡི་གེ་ཧཱུཾ་སྔར་བརྗོད་
པའི་རང་བཞིན་ལས་སྐྱེས་པའི་ཉི་མ་གཡོན་བརྐྱང་བའི་ཞབས་ན་མནན་ནས་གནས་པ་ཞེས་བྱ་བའི་དོན་ཏོ། །ད་ནི་གསུམ་པའི་སྤྲོ་བ་གསུངས་པ་ནི། པདྨཱནྟ་ཀྲྀཏ་ཅེས་བྱ་བ་ལ་སོགས་པའོ། །འདིར་སྤྲོ་བ་ནི་འོད་དཔག་མེད་ཀྱི་སྤྲོ་བ་བཞིན་རིག་པར་བྱའོ། །ཞལ་ནི་དམར་དང་ཞེས་བྱ་བ་ལ་
སོགས་པ་ལ་ཞལ་དང་པོ་ནི་དམར་བ། གཡས་ནག་པ། གཡོན་དཀར་བའོ། །གཏུན་ཤིང་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དབྱིག་པ་སྔོན་པོ་རྡོ་རྗེའི་རང་བཞིན་ནོ། །མཚན་མ་གཞན་རྣམས་ཀྱི་མདོག་དང་རང་བཞིན་ནི་སྔ་མ་བཞིན་རིག་པར་བྱའོ། །པདྨ་ཉི་མ་ལ་བཞུགས་ཤིང་། །ཞེས་

བྱ་བ་ནི་འདིར་ཡང་སྣ་ཚོགས་པདྨའི་ལྟེ་བར་རང་གི་ས་བོན་ཉིད་ཀྱིས་བསྐྱེད་པའི་པདྨ་དམར་པོའི་དབུས་ཀྱི་སྔ་མའི་རང་བཞིན་ཅན་གྱི་ཡི་གེ་ཧཱུཾ་གིས་བསྐྱེད་པའི་ཉི་མའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་གཡོན་བརྐྱང་བས་བཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་བཞི་པ་
སྤྲོ་བར་གསུངས་པ་ནི། བིགྷྣཱཾ་ཏ་ཀྲྀཏ་ཅེས་བྱ་བ་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་སྤྲོ་བ་དོན་ཡོད་གྲུབ་པ་སྤྲོ་བ་བཞིན་རིག་པར་བྱའོ། །ཞལ་ནི་སྔོ་དང་ཞེས་བྱ་བ་ལ་སོགས་པ་ལ། ཞལ་དང་པོ་ནི་སྔོ་བ། གཡོན་དམར་བ། གཡས་དཀར་བའོ། །པདྨ་ཉི་མ་ལ་ཞེས་བྱ་བ་ནི་སྣ་
ཚོགས་པདྨའི་དབུས་སུ་རང་གི་ས་བོན་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཡི་གེ་ཧཱུཾ་སྔར་བརྗོད་པའི་རང་བཞིན་ཅན་ལས་སྐྱེས་པའི་ཉི་མ་ལ་གཡོན་བརྐྱང་བས་བཞུགས་པ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་ཁྲོ་བོའི་རྒྱལ་པོ་གཞན་དྲུག་པོ་རྣམས་ལ་ཡང་སྔ་མའི་ཚུལ་ཁོ་ན་བཞིན་རང་གི་
བདག་པོ་ཅི་ལྟ་བའི་མཚན་མས་བསྐྱེད་པ་དང་། མཚན་རྣམས་སུ་གནས་པར་རིག་པར་བྱའོ་ཞེས་བརྟན་པའི་དོན་དུ་གསུངས་པ་ནི། རང་གི་གསང་སྔགས་ལས་བྱུང་བའི། །ཞེས་བྱ་བ་ལ་སོགས་པའོ། །རང་གི་སྔགས་ནི་ཡི་གེ་ཧཱུཾ་སྟེ། དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱའོ། །འདི་
རྣམས་ཐམས་ཅད་ཀྱི་མདོག་ནི་ནག་པོ་ཁོ་ན་ཡིན་ནོ། །གཞན་ནི་གོ་བར་སླའོ། །དེ་ལྟར་རེ་ཞིག་དཀྱིལ་འཁོར་པ་རྣམས་ཐམས་ཅད་ཀྱི་སྤྲོ་བ་རྫོགས་པ་ཡིན་ནོ། །ཕྱིས་བསྒྲུབ་པ་ཅི་ཞིག་བྱ་སྙམ་ན་གསུངས་པ་ནི། ལྷ་ནི་སུམ་ཅུ་གཉིས་རང་བཞིན། །ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཡང་
གོ་བར་ཆད། ཕྲ་མོའི་རྣལ་འབྱོར་འདི་ཡང་གང་ཡིན་སྙམ་ན་གསུངས་པ་ནི། སྣའི་རྩེ་མོར་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་པདྨའི་སྣ་རྩེར་ཉུངས་ཀར་ཞེས་བྱ་བ་ཉུངས་འབྲུའི་ཚད་ཙམ་གྱི་ཚད་བྱང་ཆུབ་ཀྱི་སེམས་སྤྲུལ་པ་ལས་སྐྱེས་པ། རྡོ་རྗེ་ལ་སོགས་པའི་ཁོང་པ་དེར་
རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་ཞེས་བྱ་བར་འབྲེལ་ཏོ། །དེ་ཡང་ཡེ་ཤེས་ཀྱི་གནས་ཡིན་ཏེ། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་གཞི་ཡིན་ཏེ། སེམས་བརྟན་པ་ལ་དེ་འདྲ་བའི་མངོན་དུ་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཡིད་དུ་འོང་བ་ཡིན་ནོ། །གསང་བ་ནི་

སྦ་བར་བྱ་བ་ཡིན་པའི་ཕྱིར་རོ། །ཡེ་ཤེས་རྟགས་རྣམས་ཡེ་ཤེས་དང་མཚུངས་པར་བསྒོམ་པར་བྱའོ། །ཡང་ན་མཚན་མ་ཙམ་བསྒོམ་པར་བྱའོ་ཞེས་སྟོན་པས་གསུངས་པ་ནི་རིན་ཆེན་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ། །རིན་ཆེན་ཆེན་པོ་དེ་ནི་རིན་ཐང་ཆེ་བའི་ཕྱིར་རོ། །མདོག་ལྔ་པ་ནི་རིགས་ལྔ་
ལས་བྱུང་བ་རྡོ་རྗེ་ལ་སོགས་པའི་མཚན་མའོ། །ཉུངས་ཀར་སྦོམ་པོ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །རྣལ་འབྱོར་གྱིས་ནི་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱིས་སོ། །རྟག་ཏུ་ནི་ཉིན་དང་མཚན་དུའོ། །བསྒོམ་པ་ལ་རག་ལས་པའི་སེམས་བརྟན་པ་ཉིད་སྐྱེད་པའི་ཕྱིར་སྤྲོ་བར་བྱའོ་ཞེས་སྟོན་པས་
གསུངས་པ་ན། རིན་ཆེན་བརྟན་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རིན་ཆེན་ནི་རྡོ་རྗེ་ལ་སོགས་པའི་མཚན་མའོ། །བརྟན་པ་ནི་བསྒོམ་པ་གཡོ་བ་མེད་པ་ཉིད་དུ་ངེས་པར་རིག་ནས་སྤྲོ་བར་བྱ་སྟེ། སེམས་ཅན་གྱི་དོན་བྱེད་པ་ན་རང་བཞིན་གཅིག་ཏུ་བྱའོ། །གང་གི་ཚེ་བསྒོམ་པ་མ་བརྟན་པ་རིག་
པ་དེའི་ཚེ་ནི་སྤྲོ་བར་མི་བྱ་བ་ཁོ་ན་སྟེ་དངོས་པོ་མེད་པའི་ཕྱིར་དང་། སྤྲོས་པའི་འབྲས་བུ་ཡང་དགོས་པ་ཡིན་པའི་ཕྱིར་རོ། །རྡོ་རྗེ་ལས་འཕྲོས་པ་བརྟན་པར་བྱས་པས་ན་ཕྱག་རྒྱ་ཆེན་པོའི་རང་བཞིན་ཡང་འགྱུར་བ་ཡིན་ནོ། །ཕྱོགས་དང་པོ་དང་པོ་ལ་ནི་དེ་ཁོ་ན་གནས་པ་དང་གཉིས་པ་
ལ་དེ་ལས་འཐོན་པ་སྤྲོ་བར་བྱའོ་ཞེས་གསུངས་པ་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའོ། །སངས་རྒྱས་འབར་བ་དང་མཚུངས་པའི། །ཞེས་བྱ་བ་ལ་སངས་རྒྱས་རྣམས་ཀྱི་འབར་བ་ནི་དཀར་པོ་ལ་སོགས་པའི་མདོག་གོ། །དེ་དག་དང་མཉམ་ཞིང་མཚུངས་པའི་དོན་དམ་པ་མདངས་
དགའ་བ་དག་ལ་ཡོད་པ་དེ་རྣམས་ཏེ། དཀར་པོ་ལ་སོགས་པ་མདོག་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །རབ་མཆོག་སྤྲིན་རྣམས་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའི་སངས་རྒྱས་ཀྱི་ཚོགས་རྣམས་སོ། །ད་ནི་རྡོ་རྗེ་སློབ་དཔོན་བཟླས་པ་བྱའོ་ཞེས་བྱ་བ་གསུངས་པ་ནི། སློང་མོ་ཟ་ཞིང་ཞེས་བྱ་བ་ལ་
སོགས་པ་སྟེ། སློང་མོ་ཟ་བའི་ངང་ཚུལ་གྱིས་སོ། །མི་ཟླ་སྟེ་ཞེས་བྱ་བ་ནི་རབ་ཏུ་སྨྲ་བར་མི་བྱའོ། །སློང་མོ་ཟ་བ་ནི་ཉེ་བར་མཚོན་པའི་དོན་ཏེ། ཡོངས་སུ་ཚོལ་བ་ལ་སོགས་དམན་པར་འཇུག་པ་གཞན་དག་དང་ལྡན་པས་ཀྱང་བཟླ་བར་མི་བྱའོ་ཞེས་བྱ་བ་ཡིན་ནོ། །སློང་བ་དགའ་བར་ཡང་མི་

བྱ། །ཞེས་བྱ་བ་ནི་ཟས་ཉེ་བར་མཚོན་པ་སྟེ། སློང་བ་ལ་དགའ་བ་ཁ་ཟས་ལ་དགའ་བར་ཡང་མི་བྱའོ། །ཅི་ཙམ་གྱིས་ལུས་བརྟན་པར་འགྱུར་བ་དེ་ཙམ་གྱིས་ཆོག་ཤེས་པས་ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་སྤྱད་པར་བྱའོ། །དེ་ལྟ་བུར་གྱུར་པའི་སྤྱོད་པ་ལ་གནས་པས་ཅི་ཞིག་བྱ་སྙམ་པ་
གསུངས་པ་ནི། འདོད་པ་ཀུན་གྱི་ཞེས་བྱ་བ་ནས་ཕ་ལ་སོགས་པའོ། །སྔགས་པས་འདོད་པ་ཀུན་ལ་སྤྱོད་པར་བྱེད་པས་སྔགས་དེ་ཡི་གེ་གསུམ། ལུས་ཐ་མི་དད་པ་སྟེ། ལྷའི་རྣལ་འབྱོར་དང་ཐ་དད་པ་མེད་པས་བཟླས་པ་བྱའོ། །འདིའི་དོན་ནི་འདི་ཡིན་ཏེ། རང་གི་སྙིང་གར་གནས་པའི་མི་ཤིགས་པ་
བསྒོམ་བྱའོ། །བརྟན་པར་བྱས་ནས་དེ་ལ་ཡི་གེ་མདོག་དམར་པོར་གནས་པའི་སྔགས་གང་ཡིན་པའི་རྣམ་པར་བསྒོམས་ནས་འཇུག་པའི་རླུང་དང་། གཅིག་ཏུ་འདྲེས་པར་ཨུར་པ་འཇུག་པ་དང་། ཡི་གེ་ཨོཾ་དཀར་པོ་དེ་བཞིན་གཤེགས་པའི་ཚོགས་སྤྲོ་བར་བྱེད་པ་བལྟས་ནས། འབྱུང་བའི་རླུང་
གིས་ཕྱིར་འབྱུང་བ་དང་། ཡི་གེ་ཧཱུཾ་ནག་པོ་ཡི་གེ་ཨོཾ་གྱིས་སྤྲོས་པའི་སངས་རྒྱས་བྱེ་བ་རྣམས་སྡུད་པར་བྱེད་པ་དང་། སངས་རྒྱས་དེ་དག་གནས་པར་བྱེད་པའི་ཡི་གེ་ཨཱ་ཡང་བསྒོམ་པར་བྱའོ། །འདི་ནི་གཡས་དང་གཡོན་དང་སྟེང་དང་འོག་དང་རྒྱུ་བའི་དཀྱིལ་འཁོར་བཞི་པོ་རྣམས་ཀྱི་རང་བཞིན་ནོ། །གོ་
རིམས་ཇི་ལྟ་བ་བཞིན་གོས་དཀར་དང་སྒྲོལ་མ་དང་མཱ་མ་ཀཱི་དང་རེག་བྱ་རྡོ་རྗེ་མ་རྣམས་ཀྱི་རང་བཞིན་ཡིན་པའི་ཕྱིར། གོས་དཀར་མོ་ལ་སོགས་བཟླས་པ་ཡིན་ནོ། །ད་ནི་ངག་གི་བཟླས་པའི་དོན་དུ་ཁ་སྦྱར་བྱ་བ་གསུངས་པ་ནི། རྡོ་རྗེ་ཞེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་སྤྲོ་བའི་ལྷ་རྣམས་ཀྱི་ལུས་སོ། །བརྗོད་
ནས་ཞེས་བྱ་བ་ནི་གནས་ནས་བཟླས་པ་བྱས་ནས་གནས་སོ། །སྤྲོ་བར་བྱ་སྟེ་ཞེས་བྱ་བ་ནི། ཕུང་པོའི་ལས་ལ་སོགས་པའི་རང་བཞིན་གྱི་བདག་ཉིད་ལ་གཞག་པར་བྱའོ། །རྫོགས་པ་ན་སྟེ་ཁ་སྦྱོར་བྱེད་པའི་བྱ་བ་མཐར་ཕྱིན་པ་ན་ནི། བསྡུ་བར་བྱ་སྟེ། ཏིང་ངེ་འཛིན་སེམས་དཔའ་བཞུགས་པར་བྱ་བ་བསྒྲུབ་
པའོ། །དེ་ནས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་ནོ་སྙམ་པ་ང་རྒྱལ་དང་ལྡན་པས། མྱུར་བ་དང་བུལ་བ་ལ་སོགས་པ་ཉེས་པ་དང་ཚིག་གིས་ཡི་གེ་གསུམ་བརྗོད་པར་བྱའོ། །གང་གི་ཚེ་བཟླས་པ་བྱས་ནས་རྫོགས་པ་དེའི་ཚེ་ན་དཀྱིལ་འཁོར་པ་རྣམས་གནས་ཇི་ལྟ་བ་

བཞིན་དགོད་པར་བྱའོ་ཞེས་བྱ་བ་ནི་མན་ངག་ཡིན་ནོ། །འདི་ཐམས་ཅད་བྱས་ནས་བྱ་བར་འོས་པ་གཞན་གང་ཡིན་པ་དེ་ལ་སྟོན་པས་གསུངས་པ་ནི་རྣལ་འབྱོར་ཕྲ་བའམ་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་ཉིད་དུ་བཞུགས་པར་བྱ། །ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པས་བྱང་ཆུབ་ཀྱི་
སེམས་ཀྱི་གནས་སྐབས་སུ་བྱའོ། །དེ་ལྟར་འོད་གསལ་བར་ཞུགས་པའི་རྗེ་བཙུན་མ་མཐོང་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་སྐུལ་བར་བྱེད་པ་ནི་དཀྱིལ་འཁོར་ལག་ནས་ཞེས་བྱ་བ་ལ་སོགས་པ་སྟེ། རྟོགས་སླའོ། །ཚིགས་སུ་བཅད་པ་བཞི་པོ་དེ་བསྡམས་ན། རྡོ་རྗེ་ཐུགས་ཁྱོད་ཅེས་
བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་ཐུགས་ནི་སེམས་ལ་དབང་ཐོབ་པའོ། །ཁྱོད་ཅེས་བྱ་བ་ནི་བདུན་ན་གནས་པ་ལྟ་བུར་བསམས་ནས་མངོན་པར་བརྗོད་པའོ། །ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར་ན་སའི་དབང་ཕྱུག་གོ། །སེམས་ཅན་དབྱིངས་ནི་འབྱུང་པོ་ཐམས་ཅད་ཀྱི་
བདག་ཉིད་ཡིན་པའི་ཕྱིར་རོ། །དགའ་བ་ནི་རྩ་བྲོད་དོ། །དེ་ཡིད་དུ་འོང་བའི་ཚིམ་པ་བསྐྱེད་པ་ཡིན་པའི་ཕྱིར་རོ། །དོན་ཆེན་ནི་མཆོག་དགའོ། །དེ་འདོད་ཅིང་སྐྱེད་པར་བྱེད་པས་ན་དོན་ཆེན་འདོད་པའོ། །རྣམ་པ་དེ་ལྟ་བུའི་དགའ་བ་ཡིད་འོང་དོན་ཆེན་འདོད་པ་སྟེ། འཁྱུད་པ་ལ་སོགས་པ་རྣམས་ཀྱིས་བདག་ལ་སྐྱོབས་
ཏེ། དགའ་བ་མཛོད་ཅིག་པའོ། །མགོན་པོ་ནི་ཇོ་བོའོ། །སེམས་ཅན་ཐམས་ཅད་པའི་རྒྱུ་ཡིན་པས་ན་སྐྱེད་བྱེད་དོ། །སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བྱེད་པས་ན། གཉེན་ཆེན་མཆོག་གོ། །བདག་ནི་སྟེ་ཁོ་མོ་གསོན་པར་བཞེད་ན་དེའི་ཚེ་བདག་ལ་རོལ་ཏེ་འདོད་པར་
མཛོད་ཅིག་པའོ། །འདི་ནི་སྤྱན་མས་བསྐུལ་བའོ། །དེའི་དེ་མ་ཐག་ཏུ་མཱ་མ་ཀཱིས་བསྐུལ་བ་བསྟན་པའི་དོན་དུ་གསུངས་པ་ནི། མི་འཇིགས་པའི་སྐུ་མངའ་བས་ན་རྡོ་རྗེའི་སྐུའོ། །ཁྱོད་ནི་སྔ་མ་བཞིན་ནོ། །སེམས་ཅན་མ་དགའ་ཞེས་བྱ་བ་ནི་དགའ་བ་སྐྱེད་པའི་ཕྱིར་རོ། །བཀའི་འཁོར་ལོ་
ཞེས་བྱ་བ་ནི་བཀའི་འཁོར་ལོ་བསྐོར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་རོ། །སངས་རྒྱས་དོན་དུ་བྱང་ཆུབ་མཐར་ཐུག་ཕྱིན་དོན་སྟོན། ཞེས་བྱ་བ་ལས་སངས་རྒྱས་ཀྱི་ཕུང་པོ་ལྔའོ། །དེ་རྣམས་ཀྱི་དོན་དུ་ཀུན་རྫོབ་ཀྱི་བདེན་པའོ། །བྱང་ཆུབ་ནི་དོན་དམ་པའི་བདེན་པའོ། །དེ་གཉིས་ཀ་

མཐར་ཐུག་ཡིན་ཏེ། ཡང་དག་པའི་སྦྱར་བ་སྦྱོར་བས་བསྐྱེད་པའི་སྐུའོ། །ཐེག་པ་གསུམ་གྱི་སེམས་ཅན་རྣམས་ལ་ཕན་པའི་བསམ་པས་སྟོན་པས་ན་ཕན་དོན་སྟོན་ཏོ། །མགོན་པོ་གལ་ཏེ་ཞེས་བྱ་བ་སྔ་མ་བཞིན་ནོ། །ཆགས་པ་སྟེ་ཆགས་པའི་རྣམ་པར་དག་པའི་རྣམ་པས་འདོད་ཆགས་
དམ་ཚིག་སྟེ་འདོད་ཆགས་ལ་སྤྱོད་པ་བདག་ལ་དགྱེས་རོལ་ཏེ་འདོད་པ་མཛོད་ཅིག་པའོ། །ལྷག་མ་རྣམ་པར་བཀྲལ་ཟིན་ཏོ། །ད་ནི་གོས་དཀར་མོས་བསྐུལ་བ་ནི་རྡོ་རྗེ་གསུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྡོ་རྗེ་གསུང་ནི་གསུང་གི་དབང་ཕྱུག་ཐོབ་པའི་ཕྱིར་རོ། །ཁྱོད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ཐམས་
ཅད་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་སོ། །ཕན་རྗེས་བརྩེ་ནས་ཞེས་བྱ་བ་ནི་ཤིན་ཏུ་བརྩེ་བའི་བདག་ཉིད་ཅན་ནོ། །དེ་ཉིད་ཀྱི་ཕྱིར་ཚངས་པའི་གནས་བཞིས་སེམས་ཅན་རྣམས་ཀྱི་དོན་བྱ་བ་ལ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་ཡང་དག་པར་འཇུག་པ་ཡིན་ནོ། །རབ་དགྱེས་དཔྱོད་མངའ་སྟེ་རབ་ཏུ་དགྱེས་པའི་
སྤྱོད་པས་སོ། །ཀུན་ནས་སེམས་ཅན་གྱི་ཁམས་ལ་བཟང་ཞིང་དགེ་བ་སྐྱེད་པར་བྱེད་པས་ན་ཀུན་བཟང་ངོ་། །བདག་ལ་དགྱེས་རོལ་ཞེས་བྱ་བ་ནི་བདག་ལ་བརྟེན་ཅིག་པའོ། །དེ་ནི་སྒྲོལ་མའི་བསྐུལ་པ་གསུངས་པ་ནི་རྡོ་རྗེ་འདོད་ཁྱོད་ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་དང་པདྨ་ཡང་དག་པར་ལྡན་པས་སྤྲོས་པའི་
དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་ཞེ་སྡང་ལ་སོགས་པ་ལ་སྤྱོད་པའི་སེམས་ཅན་གྱི་ཁམས་རྣམ་པར་སྤྱོད་པའི་ཕྱིར་རྡོ་རྗེ་འདོད་པ་སྟེ་མངོན་པར་འདོད་པའི་དོན་ཐུགས་རྗེ་ཆེན་པོ་སྒྲུབ་པར་བྱེད་པ་ཁྱོད་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ལས་ཀྱི་རིགས་ཀྱི་བདག་པོ་ཡིན་པའི་ཕྱིར་དམ་ཚིག་མཆོག་གོ། །འདོད་ཆགས་
ལ་དཔྱོད་པའི་སེམས་ཅན་རྣམས་ལ་འདོད་ཆགས་རྣམ་པར་དག་པའི་ཐབས་ཀྱིས་ཐར་པ་སྟེར་བས་ན། ཕན་ཆེན་དོན་ཏོ། །ཤཱཀྱའི་རིགས་སུ་སྐྱེ་བ་རྣམས་ཀྱིས་ཐིག་ལེར་གྱུར་པས་རྫོགས་སངས་རིགས་ཀྱི་ཐིག་ལེའོ། །ཡང་ན་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འགྲོ་བའི་དོན་བྱེད་པའི་ཕྱིར་རྫོགས་སངས་རིགས་
ཀྱི་ཐིག་ལེའོ། །རང་དང་གཞན་གྱི་རྣམ་པར་དབྱེ་བའི་དམིགས་པ་བྲལ་བ་ཡིན་ཡང་སེམས་ཅན་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་ན། མཉམ་ཉིད་རྗེས་བརྩེ་ཅན་ནོ། །མགོན་པོ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་ཡིན་ནོ། །གང་གི་ཕྱིར་ཆགས་དང་ཆགས་བྲལ་དང་འོད་གསལ་བའི་ཡེ་ཤེས་སྐྱེད་པར་

བྱེད་པ་ནི་ཁོ་མོ་ཡིན་ནོ་ཞེས་བར་དུ་བསྔགས་པར་བྱེད་པ་ནི་ཡོན་ཏན་གཏེར་གྱུར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཚངས་པའི་གནས་བཞིའི་རང་བཞིན་རྣམས་ཀྱིས་བསྐུལ་བ་ནི་སྔོན་གྱི་སྨོན་ལམ་གྱི་རྒྱུན་གྱི་མཐུས་སྟོང་པ་ཉིད་ཀྱི་རྣལ་འབྱོར་ལས་བཞེངས་ནས་དེ་རྣམས་ཐམས་ཅད་རབ་ཏུ་དགྱེས་པའི་མཛད་
པས་ཚིམ་པར་མཛད་པར་འགྱུར་ཏེ་ཞེས་བྱ་བ་ནི་མན་ངག་གོ། །དེ་རྣམས་ཀྱིས་བཞེངས་སུ་གསོལ་བའི་མགོན་པོ་ལ་དེ་བཞིན་གཤེགས་པ་རྣམས་དང་སྟོད་པར་བྱེད་དོ་ཞེས་བསྟོད་པས་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ་རྟོགས་པར་སླའོ། །དེ་ལ་དང་པོ་མི་བསྐྱོད་པའི་རང་བཞིན་དུ་
བསྟོད་པ་ནི་མི་བསྐྱོད་ཅེས་བྱ་བ་ལ་སོགས་པའོ། །ཉོན་མོངས་པའི་ཚོགས་ཐམས་ཅད་མི་གཡོ་བས་ན་མི་བསྐྱོད་པའོ། །རྡོ་རྗེ་སྟེ་ཐུགས་གང་ལ་དེ་ཡོད་པ་དེ་ལ་བོད་པའོ། །སྟོང་པ་བཞིའི་བདག་ཉིད་ཡིན་པའི་ཕྱིར་ཡེ་ཤེས་ཆེན་པོ་ཡིན་ནོ། །རྡོ་རྗེ་ནི་མི་བསྐྱོད་པ་ལ་སོགས་པའོ། །དེ་དག་འཛིན་པས་ན་
རྡོ་རྗེ་འཛིན་པའི་དབྱིངས་སོ། །བདེན་པ་གཉིས་ཁྱད་པར་དུ་ཡོངས་སུ་ཤེས་པས་ན་ཁམས་ཆེན་པོའོ། །དོན་དམ་པའི་དཀྱིལ་འཁོར་དང་ལུས་ཀྱི་དཀྱིལ་འཁོར་གསུམ་གྱི་རང་བཞིན་ཡིན་པའི་ཕྱིར་དཀྱིལ་འཁོར་གསུམ་མོ། །སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་ངོ་བོ་ཡིན་པའི་ཕྱིར་རྡོ་རྗེ་གསུམ་གྱི་མཆོག་
གོ། །རྡོ་རྗེ་སྒྲོག་ཅེས་བྱ་བ་ནི་ཁོ་བོ་དག་ལ་དམ་ཚིག་གི་དེ་ཁོ་ན་ཤོད་ཅིག་པའོ། །འདི་མི་བསྐྱོད་པའི་སྒོ་ནས་བསྟོད་པའོ། །ད་ནི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བསྟོད་པ་གསུངས་པ་ནི། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པའོ། །རྣམ་པར་སྣང་བར་བྱེད་ཅིང་འོད་གསལ་གྱི་མེས་གསལ་བར་བྱེད་
པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ཀྱི་ཕྱིར་དག་པ་ཆེན་པོའོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་དག་རྣམ་པར་དག་པའི་རང་བཞིན་ཡིན་པས་དྲུག་པ་ཡིན་པ་ནི་ཞི་བའོ། །མཆོག་དག་གི་བདག་ཉིད་ཡིན་པའི་ཕྱིར་དགྱེས་པ་ཆེའོ། །རང་བཞིན་འོད་གསལ་ཆོས་རྣམས་ནི། །རྡོ་རྗེ་
སྟོན་ཁྱོད་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་རང་བཞིན་གྱིས་འོད་གསལ་བ་སྟེ་ངོ་བོ་ཉིད་ཀྱིས་དག་པའི་ཆོས་རྣམས། ཀྱེ་རྡོ་རྗེ་ཞེས་བོས་ནས་རྟོག་ཅེས་བྱ་བ་ནི་རྟོག་ཅིག་པའོ། །ད་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་བསྟོད་པ་གསུངས་པ་ནི། རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་སོགས་པའོ། །

རིན་ཆེན་ནི་རིན་པོ་ཆེའི་རིགས་ཏེ། དེ་དག་མཛེས་པར་བྱེད་མི་གསལ། །གསལ་བར་བྱེད་པས་ན་རིན་ཆེན་རྒྱལ་པོའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཤིན་ཏུ་ཟབ་པོ། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ནམ་མཁའ་དྲི་མ་མེད་པ་ཡིན་ནོ། །གདོད་མ་ནས་དག་པའི་
ཕྱིར་ངོ་བོ་ཉིད་དག་གོ། །ཆོས་ཐམས་ཅད་དང་མ་འདྲེས་པའི་ཕྱིར་གོས་པ་མེད་དོ། །རྡོ་རྗེ་སྒྲོག་ཁྱོད་ལ་ཕྱག་འཚལ། །ཞེས་བྱ་བ་ནི་གསལ་བར་སྟོན་ཅིང་ཤོག་ཅིག་པའོ། །དེ་ནས་འོད་དཔག་མེད་ཀྱི་སྒོ་ནས་བསྟོད་པ་གསུངས་པ་ནི། རྡོ་རྗེ་དཔག་མེད་ཅེས་བྱ་བ་ལ་སོགས་པའོ། །རྡོ་རྗེ་
དཔག་མེད་ནི་པདྨའི་རིགས་ཏེ། དེ་དག་གི་བདག་པོ་ཡིན་པས་ན་རྒྱལ་པོ་ཆེན་པོའོ། །སོ་སོར་རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་མི་རྟོག་པའོ། །དེ་ཉིད་ཀྱི་ཕྱིར་ནམ་མཁའ་རྡོ་རྗེ་ཡིན་ནོ། །འདོད་ཆགས་ནི་འཁོར་བར་ཆགས་པའི་མཚན་ཉིད་དོ། །དེའི་ཕ་རོལ་ནི་མུ་སྟེ་དེར་ཕྱིན་པ་བརྙེས་
པའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །དོན་ཡོད་གྲུབ་པའི་སྒོ་ནས་བསྟོད་པ་གསུངས་པ་ནི། དོན་ཡོད་ཅེས་བྱ་བ་ལ་སོགས་པའོ། །དོན་དང་བཅས་པའི་ཡེ་ཤེས་གཙོར་གྱུར་པ་ཡིན་པའི་ཕྱིར་དོན་ཡོད་རྡོ་རྗེ་སྟེ། དོན་ཡོད་པའི་རིགས་རྣམས་སོ། །རྫོགས་སངས་རྒྱས་ནི་རིགས་
དེ་རྣམས་ཀྱི་མདུན་དུ་བྱས་པའོ། །ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་སྒྲུབ་པ་པོའི་སྐྱེ་བོ་རྣམས་ཀྱི་བསམ་པ་རྫོགས་པར་བྱེད་པས་ན། འདོད་པ་ཐམས་ཅད་ཡོངས་སྐོང་མཛད་དོ། །དག་པའི་ངོ་བོ་ལས་བྱུང་བའོ། །དེ་ལྟ་བུའི། རྡོ་རྗེ་སེམས་དཔའ་ཁྱོད་ལ་འདུད། །ཅེས་དོན་ཡོད་པའི་སྒོ་ནས་
བསྟོད་པའོ། །ད་ནི་ཉེ་བར་བསྡུ་བ་གསུངས་པ་ནི་སངས་རྒྱས་ཀྱིས་བསྟོད་ཅེས་བྱ་བ་ལ་སོགས་པའོ། །དེ་ནས་ཏེ་དེ་མ་ཐག་ཏུ་མགོན་པོ་གཅིག་པུ་བཞུགས་པར་གྱུར་ཅེས་འབྲེལ་ཏོ། །ཅི་ཞིག་ནས་མཉམ་ན་གསུངས་པའི་ཕྱིར་ནི་བྱེད་པར་གྱུར་པའི་སངས་རྒྱས་རྣམས་ཀྱིས་བདག་ཉིད་ལ་བསྟོད་ནས་སོ་
སངས་རྒྱས་ཉེ་བར་མཚོན་པའི་དོན་ཏོ། །ལྷ་མོ་རྣམས་ཀྱང་ངོ་བོ་ཞེས་རིག་པར་བྱའོ། །འཁོར་ལོ་ཞེས་བྱ་བ་ནི་ལྷ་མོའི་འཁོར་ལོའོ། །སྔར་གྱི་ཚུལ་དང་མཉེས་མཛད་དོ། །ཞེས་བྱ་བ་རྗེས་སུ་ཆགས་པར་བྱ་ཞིང་དེ་རྣམས་ལ་མཆོག་ཏུ་གསང་བ་ཇི་ལྟ་བ་བཞིན་དུ་བཤད་ནས་རང་གི་ལུས་ཀྱི་འཁོར་

ལོར་དཀྱིལ་འཁོར་པའི་འཁོར་ལོ་རྣམས་ཕུང་པོ་ལ་སོགས་པའི་རང་བཞིན་གྱིས་བསྡུས་ནས་བཞུགས་པར་གྱུར་པ་ཡིན་ནོ། །བསྡུས་པའི་རིམ་པ་དང་། རྡོ་རྗེ་བཟླས་པའི་རིམ་པ་ནི་སྔར་བསྟན་ཏེ། བདེ་བ་ཆེན་པོ་ནི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་དེ་ལྟ་ན་བདེ་བ་ཆེན་པོ་གཅིག་པུ་བཞུགས་པར་
འགྱུར་ཞེས་བྱ་བའི་སྒྲ་འདིར་སེམས་རྣམ་པར་དག་པའི་རིམ་པ་ཟུར་གྱིས་སྟོན་པ་ཡིན་ནོ། །དེ་ནས་རང་བྱིན་གྱིས་བརླབ་པའི་རིམ་པ་གསུམ་བསྟན་དོན་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་བརྗོད་མ་ཐག་པའི་ཚུལ་གྱིས་རྣལ་འབྱོར་བཞི་བྱེད་དེ། རྣལ་འབྱོར་བཞི་
སྒྲུབ་པར་བྱེད་པའི་རྣལ་འབྱོར་པ་སྟེ་སྒྲུབ་པ་པོས་བསྟན་པ་དང་རྒྱུ་བར་གྱུར་པའི་འཇིག་རྟེན་ཧཱུཾ་ཡིག་སྙིང་པོ་ཅན་ཞེས་པ་ཡི་གེ་ཧཱུཾ་གི་སྙིང་པོ་དེ་རྒྱུར་གྱུར་པ་འདི་ལ་ཡོད་པས་ཧཱུཾ་ཡིག་སྙིང་པོ་ཅན་ནོ། །བསམས་ནས་ཞེས་བྱ་བ་ལ་སྙིང་གར་ཞེས་བྱ་བ་ནི་ཁོང་ནས་དབྱུང་བར་བྱ་བའོ། །ད་འགྲོ་བ་དེ་དག་ཀྱང་
དེས་བསྐྱེད་རྡོ་རྗེ་སེམས་དཔར་ཞེས་བྱ་བར་ཡི་གེ་ཧཱུཾ་དེས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་ཡོངས་སུ་གྱུར་པར་བལྟས་ནས། བདག་ཉིད་ཀྱང་འོད་གསལ་ལས་ཡུལ་ཙམ་གྱིས་ལངས་ནས། དེས་བློས་ཞེས་བྱ་བ་ལ་བརྗོད་མ་ཐག་པའི་རང་བཞིན་གྱིས་དྲན་པ་དང་ཤེས་བཞིན་ལྡན་པར་རོ། །ཇི་བཞིན་
ཞེས་བྱ་བ་ནི་ཉེ་བར་བསྟན་པ་བཞིན་དུ་སྤྱོད་ལམ་རྣམ་པ་བཞི་པོ་རྣམས་ཀྱིས་རྣམ་པར་རྒྱུ་བར་བྱའོ། །འདིར་དོན་ནི་འདི་ལྟར་དགོངས་པ་ཡིན་ཏེ། རྣལ་འབྱོར་པ་བཞི་དང་ལྡན་པའི་རྣལ་འབྱོར་པས་སྙིང་ག་ན་གནས་པའི་འཇིག་རྟེན་ལ་ཡི་གེ་ཧཱུཾ་ནི་ས་བོན་ལས་རྡོ་རྗེ་སེམས་དཔའི་རང་བཞིན་དུ་
ཡོངས་སུ་གྱུར་པ་བལྟས་ཏེ། བདག་ཉིད་ཀྱང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་ལངས་པར་རྟོགས་པར་བྱས་ནས་བར་ཆད་མེད་པར་དེའི་ཡིད་ཀྱིས་གནས་པར་བྱའོ་ཞེས་གནས་པར་བྱའོ། །རྣལ་འབྱོར་གཞན་གྱིས་སྐབས་འཆའ་བ་གསུངས་པ་ནི། སྔགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །
ཇི་ལྟར་བསྒོམ་སྙམ་ན་གསུངས་པ་ནི། མཐོ་གང་ཙམ་ནི་ཞེས་བྱ་བ་ལ་སོགས་པའོ། །ཡི་གེ་བྷྲཱུཾ་མདོག་དཀར་པོ་རྣམ་པར་བསམས་ནས་དེ་ལས་ཡོངས་སུ་གྱུར་པས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་དབུས་སུ་ཡི་གེ་ཨོཾ་དཀར་པོ་བལྟས་ཏེ། དེ་ལས་བདུད་རྩི་བབས་པར་བསྒོམ་པར་བྱའོ་

ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །རྡོ་རྗེ་སྦྱོར་བ་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་བརྗོད་པ་སྟེ། དེ་ཡང་གོ་བར་སླའོ། །ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་བསྟན་པའི་ཕྱིར་གསུངས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྦྱང་བ་ལ་སོགས་
པ་ཇི་ལྟར་བྱ་སྙམ་ན་ཡི་གེ་ཧཱུཾ་གིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡི་གེ་ཧཱུཾ་གི་ཞེས་བྱ་བ་ནི་ཧཱུཾ་ལས་ཡོངས་སུ་གྱུར་པའི་རྡོ་རྗེས་སོ། །སྦྱང་བྱ་ཞིང་ཞེ་ན་ནི། འབར་མ་དང་སྤོས་མ་དག་གིས་དག་པར་བྱས་པའོ། །ཨ་ཡིག་གི་ནི་ཞེས་བྱ་བ་ནི། ཨ་ཡིག་ལས་ཡོངས་སུ་
གྱུར་པའི་པདྨའི་སྣོད་ཅེས་པར་གྱུར་པས་སད་པར་བྱས་ཏེ། པདྨའི་སྣོད་དུ་ཆུད་པ་ཟིན་ལ་སོགས་པ་རྣམས་སྔོན་གྱི་དམ་ཚིག་གི་རྗེས་སུ་རྟོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཡང་བར་བྱ་ཞེ་ན། དེའི་ཕྱིར་བརྗོད་པ་ནི། ཨོཾ་གྱིས་མནན་ནས་ཞེས་བྱ་བ་ལ་སོགས་
པའོ། །ཡི་གེ་ཨོཾ་གྱིས་མནན་པ་ཞེས་བྱ་བ་དེས་མཚན་པའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། ནམ་མཁའ་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པའི་རྡོ་རྗེ་དེའི་འོག་ཏུ་ཡི་གེ་ཨ་ལས་ཡོངས་སུ་གྱུར་པའི་པད་སྣོད་དེའི་དབུས་སུ་ནི་ཡི་གེ་ཨོཾ་གྱིས་མཚན་པའི་དམ་ཚིག་གི་རྫས་རྣམས། རྡོ་རྗེ་དང་པདྨ་སྤྲད་པ་
ལས་མེ་འབར་ཏེ། དེས་རྫས་རྣམ་པར་སྤྲོས་དེ་བཙོས་པས་ཞུ་བར་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཡང་དག་པར་སྟོན་པར་བྱེད་པའི་ཡེ་ཤེས་ཀྱི་ཉི་མའི་འོད་ཟེར་གྱི་ཡེ་ཤེས་ཀྱི་ས་བོན་ལ་དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་
ཤེས་ཀྱི་བདུད་རྩི་དྲངས་ནས་དངོས་པོ་དེ་རྣམས་དང་ལྷན་ཅིག་གཅིག་ཏུ་བྱས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་ཁ་ཟས་ཡོངས་སུ་སྦྱང་བའོ། །མགྲིན་པ་སྦྱང་བ་གསུངས་པ་ནི། དུང་ཞེས་བྱ་བ་ནི་ཡི་གེ་ཨོཾ་དཀར་པོ་ལས་ཡོངས་སུ་གྱུར་པའི་དུང་དཀར་
པོའོ། །ཧྲི་ཡིག་ལས་བྱུང་བ་ཞེས་བྱ་བ་ནི་ཧྲིཿདམར་པོ་ལས་བྱུང་བའོ། །པདྨ་ནི་པདྨ་དམར་པོའོ། །ཡི་གེ་ཧཱུཾ་ནི་ནག་པོའོ། །རྡོ་རྗེ་ཆེ་ནི་རྡོ་རྗེ་རྩེ་ལྔ་པ་མདོག་སྔོན་པོའོ། །ཨ་ཡིག་ནི་མདོག་དམར་པོ་སྟེ། །མགྲིན་པ་སྦྱོང་བའོ། །ལྷ་རྣམས་ཚིམ་པར་བྱེད་པ་གསུངས་པ་ནི། སྙིང་གར་

འབྲུག་སྒྲ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འབྲུག་སྒྲ་ཞེས་བྱ་བ་ནི་འབྲུག་སྒྲའི་སྒྲ་དང་ཆོས་མཐུན་པའི་ཕྱིར་ཏེ། ཡི་གེ་ཧཱུཾ་མེ་ལྕེ་གཅིག་གསུམ་དང་ལྡན་པའོ། །སྒོམ་པའི་ཡི་གེ་ཧཱུཾ་དེ་ལས་མེ་ལྕེ་འབར་བར་བྱའོ། །དེར་ནི་ཁ་ཟས་སྦྱིན་སྲེག་བྱ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་བདག་ཉིད་ཅན་ཡི་གེ་ཧཱུཾ་དེར་ཁ་ཟས་དེ་ཡོངས་སུ་སྦྱངས་པའི་དམ་ཚིག་རྫས་རྣམས་སྦྱིན་སྲེག་བྱ་སྟེ་སྲེག་བླུགས་བྱའོ། །དེ་ལྟར་གྱུར་ན་ལུས་ཀྱི་དཀྱིལ་འཁོར་པའི་ལྷ་རྣམས་ཡང་དག་པར་ཚིམ་པར་བྱས་པར་གྱུར་ཏེ། གང་གི་ཕྱིར་འདི་ནི་ནང་གི་སྦྱིན་སྲེག་ཡིན་པ་དེའི་ཕྱིར་རོ། །ད་ནི་རིམ་པ་ཇི་
ལྟ་བ་བཞིན་དུ་ལྟེ་བ་དང་མགྲིན་པ་དང་སྙིང་ག་དང་གསང་བ་ན་གནས་པ། རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་ཀྱི་བྱ་བ་གསུངས་པ་ནི། རླུང་གིས་ཞེས་བྱ་བ་ལ་སོགས་པ་སྟེ་རླུང་ནི་རླུང་གི་དཀྱིལ་འཁོར་ཏེ། དེས་མེ་དེ་མེའི་དཀྱིལ་འཁོར་ཡང་བར་བྱ་ཞིང་མེའི་དཀྱིལ་
འཁོར་དེ་མཆེད་པར་བྱའོ། །མཆེད་པར་བྱེད་པ་ནི་སྐེམས་པར་བྱེད་པའོ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཞེས་བྱ་བ་ནི་སའི་དཀྱིལ་འཁོར་རོ། །གནས་ནི་བཞི་སྟེ་དེ་ཉིད་ཀྱི་ཕྱིར། གང་དུ་སྲེག་རྫས་ཞུགས་གྱུར་པ། །ཞེས་གསུངས་སོ། །བཟའ་བ་དང་བཏུང་བ་ཇི་སྙེད་ཞུགས་གྱུར་པ་ཞེས་
བྱ་བ་ནི་བཟའ་བ་དང་བཏུང་བ་ཞུགས་པ་དེ་དག་ཐམས་ཅད་འཇུ་བ་ཡིན་ནོ། །གང་གིས་སྙམ་པ་ལ་བརྗོད་པ་ནི་ཆུ་ཡིས་ཡིན་ཞེས་བྱ་བ་སྟེ། སྲུལ་བར་བྱེད་པའི་ཆུས་རུལ་བར་བྱས་པ་ན་དེ་དག་འཇུ་བའི་ཕྱིར་ཞེས་དགོངས་པའོ། །སྒྲུབ་པ་པོས་གདོན་མི་ཟ་བར་བྱ་བའི་ལས་གསུངས་པ་ནི།
ཁའི་པདྨའི་ཞེས་བྱ་བ་ལ་སོགས་པའོ། །ཁ་སྦྱོར་བྱེད་པའི་སྦྱོར་བ་ཡིས། །ཞེས་བྱ་བ་ནི་བཤང་ལམ་གྱི་པདྨ་བཙུམ་པ་སྔོན་དུ་བཏང་བས་འོག་དང་སྟེང་གི་རླུང་བཀག་པས་སོ། །དེའི་དེ་མ་ཐག་ཏུ་བཤང་ལམ་པདྨ་ནས་ཏེ། བཤང་ལམ་གྱི་སྒོ་ནས་བྱུང་སྟེ་ཞེས་བྱ་བའི་ཕྱིར་སྟོན་ནས་ཐལ་བའི་མཐར་ནི་
ཟས་ཞུ་བའི་དེ་མ་ཐག་ཏུ་ནི་ཞེས་བྱ་བ་མཐར་ཐུག་པར་གྱུར་པ་བཤད་པའི་གནས་སྐབས་སུ་གྱུར་པ་རྣམ་པར་བལྟས་ཏེ་ཤེས་པར་བྱའོ། །དེས་ཅིར་འགྱུར་སྙམ་པ་ལ་བརྗོད་པ་ནི་དགའ་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་བར་སླའོ། །དགའ་བ་ལ་སོགས་པ་ཉེ་བར་འཚེ་བ་དང་བྲལ་བའི་སྒྲུབ་པ་པོས་ཚེ་

འདི་ཉིད་ལ་བཅོམ་ལྡན་འདས་ཡུན་རིང་པོར་བསྒོམས་པ་ན་མངོན་དུ་བྱེད་པར་འགྱུར་རོ་སྙམ་དུ་དགོངས་པའོ། །བདག་གི་སྤྱོད་ཡུལ་དུ་གྱུར་པའི་དོན་འདི་སྐྱེ་བོ་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག་སྙམ་དུ་སྨོན་པར་བྱེད་པ་ནི། རྡོ་རྗེ་ཕྲེང་བ་དཔལ་རྟ་མཆོག་གིས་ཞེས་བྱ་བ་ལ་སོགས་
པ་སྟེ་འདི་ཡང་གོ་བར་སླའོ། །རྡོ་རྗེ་འཛིན་པའི་སྒྲུབ་ཐབས་བསྡུས་རིམ་ནི། །བཤད་པས་བསོད་ནམས་ཐོབ་པ་གང་ཡིན་དེས། །བདག་ལུས་ལ་གནས་བསྡུས་པའི་རིམ་པ་ནི། །འགྲོ་བ་ཇི་སྲིད་ལུས་ཀུན་ལ་འཇུག་ཤོག །བསྡུས་པའི་རིམ་པའི་དཀའ་འགྲེལ་སློབ་དཔོན་སྒེག་པའི་རྡོ་རྗེས་མཛད་པ་
རྫོགས་སོ།། །།བལ་པོའི་དགེ་བསྙེན་སུའོ་འདི་ཏ་དང་དགེ་སློང་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲདྡྷ་པྲ་ལ་ནཱ་མ་སྟ་བ། བོད་སྐད་དུ། དད་པ་སྨྲ་བ་ཞེས་བྱ་བའི་བསྟོད་པ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །
ཉེས་པའི་དྲི་མ་མ་ལུས་བསལ། །ཡོངས་དག་ཡོན་ཏན་ཚོགས་བརྙེས་པ། །རྒྱལ་བ་ཀུན་གནས་ཁྱོད་ཉིད་ཞབས། །པདྨ་གཉིས་ལ་ཕྱག་འཚལ་ལོ། །སྲིད་པའི་སྡུག་བསྔལ་བས