Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 36
Văn bản gốc(Tây Tạng)
Trang 18 / 20 (50.000 ký tự/trang)
་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ལན་དུ་ཀུན་རྫོབ་ནི་གོང་དུ་བཤད་དོ། །དོན་དམ་པའི་བདེན་པ་ཡང་གང་ཡིན་ཞེ་ན། ལུས་མེད་པ་ནི་ལུས་དང་བྲལ་བ་སྟེ། ལུས་ཉིད་ཀྱང་རྣམ་པར་དག་ པའོ། །དཔེ་མེད་པ་ནི་དཔེ་དང་བྲལ་བའོ། །གང་ལ་ཚད་ཡོད་པ་དེ་ལ་ནི་དཔེ་ཡང་ཡོད་ན་འདི་ལ་ནི་ཚད་མེད་པས་དཔེ་ཡང་མེད་དོ། །རྩོམ་པ་ཐམས་ཅད་དང་བྲལ་བ་ནི་རྩོམ་པའི་བྱ་བ་ལས་འདས་པའོ། །རང་གིས་རིག་པ་ནི་གཞན་གྱིས་རིག་པར་བྱ་བ་ནི་མ་ ཡིན་ནོ། །དེ་ཡང་གང་ལས་ཤེས་ཤེ་ན། བླ་མའི་ཁ་ལས་ཤེས་པའོ། །གཞན་ལས་ཤེས་པར་མི་འགྱུར་རམ་སྙམ་པ་ལ་བླ་མའི་ཁ་ལས་བསྟན་པ་མེད་པར་ཤེས་པར་མི་འགྱུར་ཏེ། གོ་སླའོ། །དེ་ཡང་དཔེ་ལས་ཤེས་པའི་ཕྱིར། ཇི་ལྟར་མར་མེ་ཞེས་པ་ལ་སོགས་པ་སྟེ། གོ་སླའོ། ། རིགས་པ་འདིས་ཞེས་པ་ནི་གཏན་ཚིགས་འདིས་ཞེས་པ་སྟེ། གང་གཏན་ཚིགས་དང་བྲལ་བ་དེས་ནི་ནམ་ཡང་དངོས་པོ་གཏན་ལ་ཕེབས་པར་མི་འགྱུར་རོ། །དེ་བས་ན་གང་ཞིག་གང་གིས་གཏན་ལ་ཕེབས་པ་དེ་ནི་དེའི་གཏན་ཚིགས་ཡིན་ནོ། །སྒྲའི་རྣམ་པ་ལས་བྱུང་བ་ཡིན་པས་ཞེས་པ་ ནི་གང་གིས་དོན་དམ་པ་རྟོགས་པར་འདོད་པ་དེས་ནི་སྒྲ་ལས་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་ནི་དོན་རྗོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །འོ་ན་དེ་ལྟ་ན་ནི་སྒྲའི་བརྗོད་བྱར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བརྡ་ཙམ་གྱིས་དོན་ཤེས་པར་བྱེད་ཀྱི་འདི་ལ་དོན་བརྗོད་པ་ནི་ཅུང་ ཟད་ཀྱང་མེད་དོ། །དེ་བས་ན་སྒྲ་དང་དོན་རང་གི་མཚན་ཉིད་ལ་འབྲེལ་པ་ཡང་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་འདིས་དོན་སྟོན་པའི་བརྡ་བྱེད་པ་ལས་དང་པོ་པས་ཉམས་སུ་བླང་བར་བྱའོ་ཞེ་ན། དེ་བས་ན་སྒྲ་ཡང་བླ་མའི་ཁ་ལ་རག་ལས་པས་དང་པོར་བླ་མ་མཉེས་པར་བྱའོ། །སྒྲས་ཀྱང་གང་ སྟོན་ཞེ་ན། ཐོག་མ་དང་ཐ་མ་མེད་ཅིང་ཞེས་པ་ནི་ཐོག་མ་དང་ཐ་མ་མེད་པ་དང་བྲལ་བ་སྟེ། ཐོག་མ་མ་གྲུབ་ཐ་མ་མ་གྲུབ་ཅེའོ། །དངོས་པོ་མེད་པའི་ཞེས་པ་ནི་དངོས་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་དང་བྲལ་བ་ནི་དངོས་པོ་མེད་པའོ། །དེ་བས་ནི་གང་ལ་དངོས་པོ་དང་མཚན་མ་མེད་པ་དེ་ནི་དངོས་ པོ་དང་བྲལ་བ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་གང་གི་སྒོ་ནས་གང་གིས་སྟོན་ཞེ་ན། ཀུན་རྫོབ་ཀྱིས་བདེན་པའི་མཚན་ཉིད་ཅན་གྱི་སྒྲ་གང་ཡིན་པའི་སྒོ་ནས་སྟོན་ཏེ། གང་རྒྱུ་རྐྱེན་གྱིས་བསྐྱེད་པའི་སྒྲ་དེ་ལ་བརྟེན་ཞིང་དེའི་སྒོ་ནས་སྟོན་ལ་དེ་ཉིད་ཀྱང་སྒྱུ་མ་ལྟ་བུའོ་ཞེའོ། །དོན་དམ་ པའི་བདེན་པ་དེ་ཡང་ཇི་ལྟ་བུའི་རྣམ་པ་ཡིན་ཞེ་ན། ནམ་མཁའ་དང་མཉམ་པ་ནི་ནམ་མཁའ་དང་འདྲ་བའོ། །མ་བཅོས་པ་ན་རྒྱུ་རྐྱེན་དང་བྲལ་ཞིང་བྱེད་པ་པོ་མེད་པའོ། །དྲི་མ་མེད་པ་ནི་རྟོག་པའི་དྲི་མ་དང་བྲལ་བའོ། །དེ་ལྟ་བུ་འདི་ཡང་གང་ལས་ཤེས་ཤེ་ན། ཚུལ་གཅིག་པར་བསྟན་ པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡང་དབང་གང་དང་འབྲེལ་པ་དེ་ཉིད་བསྟན་པར་བྱ་སྟེ། རྒྱུ་དང་འབྲས་བུ་གཉིས་སུ་མེད་པ་ནི་རྒྱུ་དང་འབྲས་བུ་གཉིས་དང་བྲལ་བའོ། །དེ་ཁོང་དུ་ཆུད་པའི་སློབ་མས་ཀྱང་ཇི་ལྟར་བྱ་ཞེ་ན། བླ་མས་བསྟན་པའི་ལུང་ཐོབ་ནས། ། ཞེས་པ་ནི་འདི་ཉིད་ཀྱི་དུས་བསྟན་ཏོ། །རྒྱུད་ལས་བཤད་པའི་ཆོ་ག་ནི་ཕྱག་རྒྱ་མ་བརྟག་པ་ལ་སོགས་པའོ། །འབྱོར་པ་ཅི་ཡོད་པས་ཞེས་པ་ནི་ཡོ་བྱད་དང་རྫས་དང་འཁོར་ལ་སོགས་པས་སོ། །དེས་ཅི་བྱེད་ཅེ་ན། ཚོགས་ཀྱི་དཀྱིལ་འཁོར་བྱས་ལ་ཞེས་པ་ནི་ཚོགས་ཀྱི་འཁོར་ལོའི་ དཀྱིལ་འཁོར་བྱ་ཞེའོ། །དེ་ནས་ནམ་ཕྱེད་ནི་དུས་ཁྱད་པར་ཅན་ནོ། །ལེགས་པར་བསླབས་པའི་ཕྱག་རྒྱ་མ་ནི་སྔགས་སྐྱེས་ལ་སོགས་པའོ། །ལུས་དྲི་ཞིམ་པོས་བྱུགས་པ་སྟེ། སྤོས་ལ་སོགས་པས་བྱུགས་པའོ། །རྒྱན་གང་གིས་བརྒྱན་ཞེ་ན། རྒྱན་ཐམས་ཅད་ཀྱིས་ཏེ། རྐང་ གདུབ་ལ་སོགས་པའོ། །དེ་གང་ལ་དབུལ་ཞེ་ན། བླ་མ་ལ་ཕུལ་ཏེ་ཞེས་པ་ནི་རང་གི་སློབ་དཔོན་ལ་དབུལ་བའོ། །གསང་བ་ནི་གསང་བའི་མཆོད་པའོ། །དེ་བས་གཞན་པའི་མཆོད་པ་ནི་སྤོས་དང་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་པའོ། །སློབ་མས་ཀྱང་ལུས་ཀྱི་བྱ་བ་ཇི་ ལྟར་བྱ་ཞེ་ན། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་པ་ནི་གོ་སླའོ། །བསམ་པ་ཡང་ཇི་ལྟར་བྱ་ཞེ་ན། འཁོར་བ་ལས་སྐྱོབས་པའི་ཡིད་ཀྱིས། །ཞེས་པ་ནི་འདི་ལ་བརྟེན་ནས་བདག་དང་གཞན་ཐམས་ཅད་ངན་འགྲོ་དང་སྲིད་པ་ལས་གྲོལ་བར་བྱའོ་སྙམ་དུ་བསམ་པའོ། །མོས་ པའམ་བསམ་གཏན་ཇི་ལྟར་བྱ་ཞེ་ན། སློབ་དཔོན་ལ་དེ་བཞིན་གཤེགས་པ་མངོན་སུམ་བཞིན་དུ་བསམ་པ་ནི། འདི་ཡི་གཟུགས་ཀྱི་ཕུང་པོ་ལ། །དེ་བཞིན་གཤེགས་པ་རྣམ་སྣང་བཞུགས། །ཞེས་པ་ལ་སོགས་པས་བསྟན་ཏོ། །དེའི་དུས་སུ་ངག་གིས་ཀྱང་ཇི་སྐད་དུ་བརྗོད་པར་ བྱ་ཞེ་ན། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ལ་སོགས་པས་བསྟན་ཏེ། དེ་ལ་མཆོག་སྦྱིན་རྡོ་རྗེ་ནི་གང་གིས་བྱང་ཆུབ་ཀྱི་སེམས་བདུད་རྩི་བླ་ན་མེད་པ་སྟེར་བ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པའི་མཐའ་ནི་འོད་གསལ་བ་སྟེ། དེའི་ངང་དུ་གྱུར་པ་དེ་ལ་དེ་སྐད་ ཅེས་བྱའོ། །སྟོང་ཉིད་ལས་བྱུང་ཞེས་པ་ནི་སྤྲུལ་པའི་སྐུའི་རང་བཞིན་དང་། ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་དུ་གྱུར་པའོ། །སངས་རྒྱས་བྱང་ཆུབ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། འདིར་ཚོགས་དང་སློབ་མའོ། །དེ་འདུད་པ་ནི་ཕྱག་འཚལ་བ་སྟེ། དེས་ ནི་ཀུན་གྱིས་བསྐུར་བར་བསྟན་ཏོ། །དེ་ལྟར་བཏུད་ནས་ཀྱང་ཅི་བྱེད་ཅེ་ན། མངོན་པར་བྱང་ཆུབ་མཐོང་བ་ནི་འོད་གསལ་བ་སྟེ། དེ་ཐོབ་པར་འདོད་པའོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པའོ། །དེ་གང་ཡིན་ཞེ་ན། ཐམས་ཅད་སྟོང་ པ་སྟེ་གཟུང་བ་དང་འཛིན་པ་ཐམས་ཅད་ལས་གྲོལ་བའོ་ཞེའོ། །རང་བཞིན་མཚན་ཉིད་གཅིག་པ་ཉིད། །ཅེས་པ་ནི་སྟོང་པ་ཉིད་ཀྱི་རང་བཞིན་དུ་དངོས་པོ་ཐམས་ཅད་ཀྱི་མཚན་ཉིད་གཅིག་པའོ། །སེམས་དཔའ་ཆེན་པོ་ཞེས་པ་ནི་སློབ་དཔོན་ལ་བོད་པའོ། །སྩལ་དུ་གསོལ་ཞེས་ པ་ནི་དེ་བདག་གིས་ཐོབ་པར་མཛད་དུ་གསོལ་ཞེས་པའོ། །འོ་ན་དེས་ཅི་བྱེད། ཡོན་ཏན་ཅི་ཞིག་ཡོད་ཅེ་ན། །ལས་དང་སྐྱེ་ལས་རྣམ་གྲོལ་བའི། །ཞེས་པ་ནི་ལས་ཀྱི་སྒྲིབ་པ་དང་སྐྱེ་བའི་སྒྲིབ་པ་ལས་གྲོལ་བའོ། །དེ་ཡང་ཡུན་རིང་མོ་ཞིག་ན་མ་ཡིན་ནམ་ཞེ་ན། ཚེ་འདིར་བྱང་ཆུབ་ཐོབ་ པ་ཞེས་པ་ནི་མཐོང་བའི་ཆོས་འདི་ལ་ཐོབ་པའོ། །དེ་ཡང་ཉན་ཐོས་ལ་སོགས་པའི་གནས་སུ་ཡང་རྙེད་པར་མི་འགྱུར་རམ་ཞེ་ན། ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ན་སྐྱབས་མ་མཆིས། །ཞེས་པ་ནི་ཉན་ཐོས་ལ་སོགས་པའི་གནས་ན་སུ་ཡང་བདག་གི་སྐྱབས་མི་བྱེད་ ཅེའོ། །དེ་བས་ན། འགྲོ་བའི་དཔའ་བོ་ཐུབ་ཆེན་པོ། །ཞེས་པ་ནི་སེམས་ཅན་གྱི་དོན་ལེགས་པར་སྤྱོད་པའོ། །དེ་བས་སློབ་དཔོན་གནང་བར་མཛོད། །ཅེས་པ་ནི་གཉིས་ཏེ། བདག་སྨིན་པར་འདོད་པ་དང་། གཞན་སྨིན་པར་འདོད་པའོ། །བདག་སྨིན་པར་འདོད་པའི་སྐབས་ སུ་ཁྱོད་ཀྱིས་བདག་གི་སློབ་དཔོན་གྱིས་ལ་བདག་སྨིན་པར་གྱིས་ཤིག་ཅེའོ། །གཞན་སྨིན་པར་འདོད་པའི་སྐབས་སུ་བདག་གཞན་གྱི་སློབ་དཔོན་དུ་རུང་བར་མཛད་དུ་གསོལ། དུས་དེང་ནས་བཟུང་ནས་བདག་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་ ཀྱི་སྤྱོད་པ་རྨད་དུ་བྱུང་བ་མི་གནས་པའི་མྱ་ངན་ལས་འདས་པ་མྱུར་དུ་ཐོབ་པར་བྱ་བའི་ཐབས་འདིས་ནི་བདག་གཞན་ཐམས་ཅད་ཀྱི་བྱ་བ་རྫོགས་པར་བྱེད་ཀྱི་བདག་གཅིག་པུའི་ནི་མ་ཡིན་ནོ། །འོ་ན་གཞན་ཁོ་ནས་འགྱུར་མོད་ཅེ་ན་ཡང་མ་ཡིན་ཏེ། དང་པོར་བདག་གི་ཆོས་ཡོངས་སུ་རྫོགས་ པར་མ་བྱས་པར་གཞན་གྱི་དོན་རྫོགས་པར་མི་འགྱུར་རོ། །དེ་ལྟར་གསོལ་བ་ནི་གསོལ་བ་བཏབ་པའོ། །དམ་པ་དེས་ནི་ཞེས་པ་ནི་གསོལ་བ་བཏབ་པ་དེ་གསན་པའོ། །བླ་མ་དཔལ་ལྡན་ཡོན་ཏན་མཚོ། །ཞེས་པ་ནི་སློབ་དཔོན་ཡོན་ཏན་མང་པོ་དང་ལྡན་པའོ། །སྙིང་རྗེ་སློབ་མ་ ལ་བསྐྱེད་དེ། །ཞེས་པ་ནི་སློབ་མ་སྙིང་རྗེས་ཉེ་བར་གཟུང་བའོ། །དེ་བཞིན་རབ་ཏུ་དང་བ་ནི་བཞིན་མཛེས་པའོ། །རང་གི་བརྩེ་བས་རང་དགའ་བ་ནི་རང་བུ་མོ་ལ་ལུགས་ཀྱི་བསྟན་བཅོས་ཀྱི་སྦྱོར་བ་རྩོམ་པའོ། །དམ་ཚིག་བཟང་པོ་བསྟན་པ་ནི་སྡོམ་པ་དབོག་པའོ། །ཡང་ན་ གཉིས་སུ་མེད་པའི་སྦྱོར་བར་བྱེད་པའོ། །མཉམ་པར་གཞག་པ་ཡང་དེའི་དུས་སུ་ཡེ་ཤེས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྙོམས་པར་འཇུག་པའི་སྒྲས་བསྐུལ་ནས། དེའི་བྱང་ཆུབ་ཀྱི་སེམས་ཀྱང་འབེབས་པར་བྱེད་དོ། །དེ་ནས་བྱང་ཆུབ་ཀྱི་སེམས་གནས་གང་དུ་ དབབ་ཅེ་ན། བུམ་པའམ་ཡང་ན་དུང་ཆོས་སུ། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །འདི་དག་རྒྱས་པ་འདིར་མི་བྲི་སྟེ། ཡོངས་སུ་རྫོགས་པ་གཞན་དུ་ཤེས་པར་བྱའོ། །དེའི་མན་ངག་བསྟན་པ། མངོན་པར་བྱང་ཆུབ་པ་ནི་གོང་དུ་བཤད་དོ། །འདི་ལ་གཉིས་ཡོད་པས་ ན་འདི་ནི་རྣམ་པ་གཉིས་སོ། །གང་ཞེ་ན་ཕྱི་དང་ནང་གི་སྟེ། གང་བསྟན་དུ་ཡོད་པ་དེ་ནི་ཕྱིའོ། །གང་བསྟན་དུ་མེད་པ་དེ་ནི་ནང་ངོ་། །དེ་ལ་དང་པོར་ཕྱི་བསྟན་པར་བྱ་སྟེ། རྟོགས་པར་སླ་བ་ཉིད་ཀྱི་ཕྱིར་རོ། །ཐོ་རངས་ཀྱི་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ནང་གི་མངོན་པར་ བྱང་ཆུབ་པ་ནི་གང་དང་གང་ཡིན་ཞེ་ན། སོ་སོ་རང་གི་རིག་པ་ནི་སེམས་ཉིད་འོད་གསལ་བའོ། །དེའི་རྟགས་བསྟན་པ། དང་པོ་སྨིག་རྒྱུ་ལྟ་བུ་ནི་སྨིག་རྒྱུ་བ་བཞིན་ཏེ་དེ་དང་འདྲ་བའོ། །དེ་དང་འདྲ་བ་མཐོང་བ་ཡང་དེའི་རྟགས་ཏེ་དེའི་རྣམ་པ་ཅན་གྱི་ཤེས་པའོ། །འདི་དག་གིས་ནི་སློབ་ པའི་དབང་དུ་བྱས་པའི་འོད་གསལ་བ་བསྟན་ཏོ། །སྐད་ཅིག་ལ་འོད་གསལ་བ་ནི་སྐད་ཅིག་གམ་ཐང་ཅིག་ལ་སོགས་པས་འོད་གསལ་བ་མངོན་དུ་འགྱུར་ཏེ། །དུས་ཅི་སྲིད་མཉམ་པར་གཞག་གི་བར་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་མངོན་སུམ་ དུ་འགྱུར་རོ་ཞེའོ། །དེ་ཡང་གང་གིས་མཐོང་ཞེ་ན། ཡེ་ཤེས་ཀྱི་མིག་གིས་མཐོང་ངོ་ཞེའོ། །དེ་ཉིད་ཐོབ་པའི་ཐབས་རྒྱས་པར་བཤད་པ། བསམ་གཏན་རྣམ་པ་གཉིས་ལ་དམིགས་པར་བྱེད་དོ་ཞེས་པ་ནི་འོག་ནས་སྟོན་ཏོ། །དེའི་དཔེ་བསྟན་པ། ཆུ་བོའམ་ལྡེང་ཀའི་ ཆུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དག་གི་དོན་ཡང་འདུས་ཏེ། རང་བཞིན་མེད་པར་བྱེད་པ་ཉིད་དོ། །དེའི་མིང་ཅི་ཞེ་ན། རིལ་པོར་འཛིན་པ་ཞེས་བྱ་བའོ། །མིང་གི་རྣམ་གྲངས་ནི་གཞུང་རྒྱས་པས་འཇིགས་པ་ཉིད་ཀྱི་ཕྱིར་མ་བཤད་དོ། །དེ་ཡང་རང་བཞིན་མེད་པ་གང་ ལས་ཤེས་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡང་དགོངས་པ་ཅན་ཡིན་ནོ། །སྙམ་པ་ལ་རྣལ་འབྱོར་ཆེན་པོའི་རྒྱུད་གཞན་དག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡན་ལག་ཀུན་ལས་རྣམས་འདས་ཤིང་། །ཞེས་པ་ནི་གང་གིས་ལུས་ཀྱི་ཡན་ ལག་དང་ཆོ་གའི་ཡན་ལག་ཐམས་ཅད་དང་བྲལ་བའོ། །རྟོག་པའི་ཚོགས་རྣམས་སྤངས་ནས་ཀྱང་། །ཞེས་པ་ནི་གཟུང་བ་དང་འཛིན་པའི་རྟོག་པ་སྤངས་པའོ། །གུག་སྐྱེད་ཐིག་ལེ་ལས་འདས་པ། །ཞེས་པ་ནི་དེ་དག་གི་རྣམ་པ་དང་བྲལ་བའོ། །འདི་ནི་དཀྱིལ་འཁོར་མཆོག་ ཡིན་ནོ། །ཞེས་པ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་ཡིན་ནོ་ཞེའོ། །གཟུགས་དང་གཟུགས་མེད་དྲི་མེད་ལ། །ཞེས་པ་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །ཨེ་མ་ཧོ་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་ཤིང་བསྟོད་པའོ། །དེས་གསོལ་ བ་བཏབ་པས་སློབ་དཔོན་གྱིས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་རོ། །གཞན་གོ་སླའོ། །འོད་གསལ་བ་འདི་ཡང་གང་གི་ངོ་བོ་ནི་རྟོག་པ་ཐམས་ཅད་དང་བྲལ་བའོ། །རང་བཞིན་གྱིས་འོད་གསལ་བའི་ཕྱིར་དང་། རྟོག་པའི་དྲི་མ་སེལ་བ་འདི་ནི་གཏན་ཚིགས་སོ། །སློབ་པ་དང་མི་སློབ་པ་ དང་། སེམས་ཉིད་དང་དངོས་པོའི་འོད་གསལ་བ་ནི་དབྱེ་བའོ། །རྣམ་གྲངས་ནི་འདིར་སྨོས་ཏེ། དེ་ལ་སོགས་པའི་རིམ་པ་འདིར་སྨོས་པ་རྣམས་ཀྱི་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པ་གང་ཡིན་པ་འདི་ནི་ཐེ་ཚོམ་ཡོངས་སུ་གཅོད་པའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ ལས་ལེའུ་བདུན་པའི་བཤད་པའོ།། །།དེ་ལྟར་ལེའུ་བདུན་པར་དོན་དམ་པའི་བདེན་པ་རྒྱས་པར་བསྟན་ནས། ད་ནི་ཟུང་དུ་འཇུག་པའི་རིམ་པ་བཤད་པར་བྱ་སྟེ། དེ་ཤེས་པར་འདོད་ནས་དྲིས་པ། དོན་དམ་པའི་བདེན་པ་རྟོགས་པ་ལ་ནི་སོམ་ཉི་མ་མཆིས་ན་ཞེས་པ་ནི་དེའི་དོན་ཁོང་ དུ་ཆུད་པའོ། །དོན་དམ་པའི་བདེན་པ་ལ་ཞུགས་ནས་ཞེས་པ་ནི་དོན་དམ་པའི་བདེན་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པའམ། དེ་ལ་སེམས་རྩེ་གཅིག་པའོ། །དེ་ལས་ལྡང་བར་བགྱིད་ཅེས་པ་ནི་གང་གི་སྟོབས་ཀྱིས་སྟོང་པ་ཉིད་ལས་ལྷའི་སྐུར་ལྡང་ཞེས་པའོ། །འདིར་མངོན་དུ་ཕྱོགས་ པ་ནི་གང་ཞིག་ལགས་ཞེས་པ་ལ་སོགས་པས་རང་གི་ཐེ་ཚོམ་དུ་གྱུར་པ་ཐམས་ཅད་དྲིས་པ་དང་། དེའི་ལན་དུ་འོད་གསལ་བ་ལས་ལྡང་བའི་རིམ་པ་ནི་ལྷའི་སྐུ་འབྱུང་བ་རྟོགས་པར་བྱའི་ཞེས་པའི་དོན་ཏོ། །གང་ལ་བརྟེན་ཞེ་ན། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་པའི་རིམ་པ་ནི་དང་པོ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྫོགས་པའི་རིམ་པ་ཡིན་པའི་ཕྱིར་རོ། །འོ་ན་དང་པོ་ཞེས་བྱ་བ་འདི་གང་ཞིག་ཡིན་ཞེ་ན། རྡོ་རྗེ་བཟླས་པ་སྟེ། རྟེན་དང་བསྐྱེད་པ་དང་བཅས་པའོ། །དེས་ས་གང་ཡང་ཐོབ་ཅེ་ན། ས་བརྒྱད་པ་སྟེ་བཟོད་པ་འབྲིང་པོའི་ སའོ། །རྡོ་རྗེ་དོན་ཞེས་བྱ་བ་ལས་ཀྱང་། རྡོ་རྗེ་བཟླས་པའི་སར་གནས་ནས། །བཟོད་པ་འབྲིང་པོ་ཐོབ་པར་བྱེད། །ཅེས་གསུངས་པ་ལྟ་བུའོ། །སྐུ་གསུང་ཐུགས་མངོན་པར་རྟོགས་པ་ནི་སྐུ་གསུང་ཐུགས་སེམས་ཉིད་ཀྱི་ངོ་བོར་ཤེས་པའོ། །དེས་ས་གང་ཐོབ་ཅེ་ན། ས་བཅུ་པ་སྟེ། སེམས་ ལ་དམིགས་པ་འདི་ནི་ཆོས་ཀྱི་མཆོག་ཆུང་ངུའམ་ཡང་ན་འབྲིང་པོ་ལ་རེག་པའོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཀྱི་མཆོག་ཆེན་པོ་ལ་གནས་པར་འགྱུར་ཏེ། གཞན་ལས་བཟོད་པ་ཆེན་པོ་ནས་ཆོས་མཆོག་པར་གང་དེ་སེམས་ལ་དམིགས་པ་དང་། སྒྱུ་མ་ལྟ་བུས་ ཐོབ་པར་འགྱུར། །འོག་གི་ས་ལ་རྨོངས་པ་ཡིས། །རབ་ཏུ་དགའ་སོགས་ས་ལ་འཛེག །འགྲུབ་པར་མི་འགྱུར་དུད་འགྲོ་བཞིན། །ཞེས་པ་ལྟ་བུའོ། །འོ་ན་འོད་གསལ་བས་ས་གང་ཐོབ་ཅེ་ན། རབ་ཏུ་དགའ་བ་སྟེ་ས་བཅུ་དང་པོའོ། །འོ་ན། འོད་གསལ་བ་ཡི་སྦྱོར་བ་ཡིས། །བཅུ་ གསུམ་ས་ལ་ཡང་དག་གནས། །ཞེས་འབྱུང་བ་དང་མི་འགལ་ལམ་ཞེ་ན་འགལ་བ་མ་ཡིན་ཏེ། དེ་ནི་དྲོད་ལ་སོགས་པའི་དབང་དུ་བྱས་པ་སྟེ། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་དབང་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་མོ། ། ཞེའོ། །ཟུང་དུ་འཇུག་པ་ཞེས་བྱ་བ་འདིས་སའི་ཁྱད་པར་དུ་ཐོབ་ཅེ་ན། །རབ་ཏུ་དགའ་ནས་ཆོས་ཀྱི་སྤྲིན། །གང་གི་རྗེས་ལ་ཐོབ་པ་རྣམས། །ཟུང་འཇུག་གི་ནི་སྦྱོར་བར་བྱེད། །གཞན་པའི་ཡུལ་དུ་འགྱུར་མ་ཡིན། །ཞེས་འབྱུང་བ་ལྟ་བུའོ། །དེ་ཡང་གང་ལས་གསུངས་ཤེ་ན། ལང་ཀར་གཤེགས་པའི་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ཐབས་མཁས་པ་ནི་བྱང་ཆུབ་ཀྱི་སེམས་སོ། །སེམས་ཀྱི་ཁམས་ཐམས་ཅད་སྒྱུ་མར་སྣང་བ་ལ་སོགས་པ་འདི་ནི་གོ་སླ་བ་ཉིད་ཀྱི་ ཕྱིར་མ་བཤད་དོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་དེ་ལ་གནས་པ་མཛད་པའོ། །དོན་དམ་པའི་བདེན་པ་ནི་འོད་གསལ་བའོ། །དེ་མ་ཐོབ་པ་ནི་མངོན་དུ་མ་གྱུར་པའོ། །དེས་ཅིར་འགྱུར་ཞེ་ན། ཕྱིན་ཅི་ལོག་ཡིན་ཏེ་ཡང་དག་པ་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན་ ཞེས་པ་ནི་དེ་ཉིད་ལ་ཐེ་ཚོམ་དུ་གྱུར་ནས་འདྲི་བའོ། །དེའི་ལེན་དུ་སྣང་བ་གསུམ་རྣམ་པར་དག་པར་མ་གྱུར་པ་ནི་དེའི་རྟོག་པ་མ་སྤངས་པའོ། །དེས་ཅིར་འགྱུར་ཞེ་ན། རྣམ་པར་ཤེས་པ་ཀུན་དུ་རྟོག་པའི་ཤེས་པ་འཁོར་བ་ལ་སོགས་པར་རྟོག་པའོ། །ཉོན་མོངས་པ་ཞེས་བྱ་བ་ལ་སོགས་ པ་ནི་གོ་སླའོ། །དོན་ནི་འདི་ཡིན་ཏེ། གང་དུ་དངོས་པོ་རྟོག་པ་དང་མ་བྲལ་བ་དེ་སྲིད་ཀྱི་བར་དུ་སྡུག་བསྔལ་གྱི་རྒྱུ་ལ་ཞུགས་ཤིང་དེའི་འབྲས་བུ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ཡང་གང་ལས་གསུངས་ཤེ་ན། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། འདོད་ཆགས་རྣམ་པར་དག་པ་ནི་འདོད་ཆགས་ས་བོན་དང་བཅས་པ་སྤངས་པའོ། །བྱང་ཆུབ་སེམས་དཔའི་གནས་སོ་ཞེས་པ་ནི་བྱང་ཆུབ་སེམས་དཔའི་སེམས་གཞུག་པར་བྱ་བ་སྟེ། གཙོ་བོ་གང་ན་འདུག་འགྱུར་བ། དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །ཅེས་པ་ལྟ་ བུའོ། །སློབ་དཔོན་གཞན་དག་འདི་མི་འདོད་དོ་སྙམ་པ་ལ། སློབ་དཔོན་ཀམྤ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནང་གི་བདག་ཉིད་ཀྱི་སྒྲུབ་ཐབས་ནི་ཞེས་པ་འདི་ནི་ནང་ལ་མཆོག་ཏུ་གཞོལ་བའི་གང་ཟག་གི་དབང་དུ་བྱས་པའོ། །སྒྲ་ཇི་བཞིན་ནི་སྦོམ་པོར་བཤད། །ཅེས་ པ་ནི་རགས་པའི་རྣམ་པར་བཤད་པའོ། །སེམས་ཀྱི་རང་བཞིན་ནི་ཕྲ་བ་སྟེ་ཞེས་པ་ནི་གཏིང་དཔག་དཀའ་བའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཀྱི་མཆོག་གི་གནས་སོ་ཞེས་པ་ནི་མཆོག་སྒྲུབ་པའི་རྒྱུའོ། །གཞན་གོ་སླའོ། །འདི་དག་ཀྱང་རྒྱས་པར་ནི་བསྡུས་པ་ལ་དགའ་ བའི་ཕྱིར་མ་སྤྲོས་སོ། །འོ་ན་གཉིས་སུ་མེད་པའི་དོན་དེ་ཉིད་ཀྱང་གང་ཡིན་ཞེ་ན། རྣམ་པར་ཤེས་པ་གསུམ་རྣམ་པར་དག་པ་ནི་འོད་གསལ་བའོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་ཉིད་དེ། འདིས་འཁོར་བའི་ཆུ་བོ་ལས་སྒྲོལ་བར་བྱེད་པའི་ཕྱིར་རོ། །དེ་ཡང་ མཚན་ཉིད་ཇི་ལྟ་བུ་ཞེ་ན། སེམས་དཔའ་མེད་པ་ནི་བསམ་པར་བྱ་བ་དང་བྱེད་པ་མེད་པའི་ཕྱིར་རོ། །མི་སྨྲ་བ་ནི་བརྗོད་པ་ལས་འདས་པའོ། །དེའི་མིང་ཅི་ཞེ་ན། མི་གནས་པའི་མྱ་ངན་ལས་འདས་པ་ཁམས་ཤེས་ཏེ། གང་ཤེས་པས་སྲིད་པ་ལ་མི་གནས་པ་དང་སྙིང་རྗེས་ ཞི་བ་ལ་མི་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གཟུགས་མེད་པ་ནི་གཟུགས་ཡོངས་སུ་དག་པའོ། །རིག་པར་དཀའ་བ་ནི་མཐོང་བར་དཀའ་བའོ། །ལས་དང་སྐྱེ་བ་ལས་གྲོལ་བ་ནི་སྒྲིབ་པ་གཉིས་སྤངས་པའོ། །དེ་དག་གིས་ནི་རྟོག་པ་ལ་མི་གནས་པའི་སྟོང་ པ་ཉིད་འོད་གསལ་བའི་རིམ་པ་བསྟན་ནས། ད་ནི་ལྡང་བའི་རིམ་པ་དཔེ་དང་བཅས་པ་བསྟན་པར་བྱས་ཏེ། ཉི་མ་དང་ཟླ་བའི་ཚུལ་ནི་སྣང་བ་མཆེད་པ་དང་སྣང་བའི་དཔེའོ། །དེ་ཤིན་ཏུ་སྣང་བ་ནི་རྟོག་པ་མེད་ལ་སྣང་བས་སྣང་བ་ཐོབ་པར་འབྱུང་སྟེ། གང་གིས་བདག་གིས་འོད་གསལ་བ་མངོན་དུ་བྱས་སོ་སྙམ་པའི་ཤེས་པ་རགས་པའི་རྟོག་པ་དང་བྲལ་བ་འབྱུང་ངོ་། །དེ་ལས་ཉི་མའི་འོད་ཀྱིས་གསལ་བ་ནི་དོན་དམ་པ་ཤེས་པ་དང་བྲལ་ནས་ཀུན་རྫོབ་ཀྱི་དམིགས་པའི་སྣང་བ་མཆེད་པ་འབྱུང་བར་འགྱུར་རོ། །དེ་ལས་ གསལ་བ་ནི་གོང་མ་བས་གསལ་བ་སྟེ་ཟླ་བའི་འོད་ཟེར་ལྟ་བུ་བསིལ་བ་ནི་ཟླ་བའི་འོད་དང་འདྲ་བར་གང་ཞིག་རགས་པའོ། །ཡང་ན་འདི་དག་ནི་དོན་དམ་པའི་ཤེས་པ་གསུམ་པོ་དག་རིམ་གྱིས་སྐྱེ་སྟེ། རོ་མྱོང་བའི་རྣམ་པ་དང་། གཞན་སྤོང་བ་དང་། དེ་རིག་པའི་ངོ་བོ་ཉིད་ དོ་ཞེས་ལ་ལ་དག་འདོད་དོ། །དེ་ཡང་གང་ལས་འབྱུང་ཞེ་ན། དཔལ་མཆོག་དང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནམ་མཁའ་ལས་ནི་ནམ་མཁའ་འབྱུང་། །ཞེས་པ་ནི་དོན་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བ་ལས་ཡེ་ཤེས་ནམ་མཁའ་དང་འདྲ་བ་འབྱུང་ཞེའོ། ། དེ་ཉིད་ཀྱིས་ཇི་ལྟར་རྟོགས་ཤེ་ན། ཐམས་ཅད་སྟོང་པ་ཉིད་འདུས་བྱས་དང་འདུས་མ་བྱས་ཐམས་ཅད་སྟོང་པ་ཉིད་དུ་རྟོག་པའོ། །གཞན་གོ་སླའོ། །འདི་དག་གི་དོན་ནི་འོད་གསལ་བའི་རྗེས་ལས་སྐྱེས་པའི་རྟོག་པ་ཐམས་ཅད་སློབ་པའི་དབང་དུ་བྱས་པའི་ཟུང་དུ་འཇུག་པས་བསླབས་ ཏེ། དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀུན་དུ་འོད་ཀྱི་ས་ལ་སངས་རྒྱས་ནས་ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་ཤུགས་ཀྱིས་སྐུ་སྣ་ཚོགས་པ་འབྱུང་བར་འགྱུར་རོ། །དེ་ལྟར་འབྱུང་ཡང་སྐུ་དེ་ལ་རྣམ་པར་རྟོག་པ་ནི་གང་ཡང་ཡོད་པ་མ་ཡིན་ནོ། །སྙམ་དུ་དགོངས་སོ། །དེ་ལྟ་བུའི་དོན་འདི་ ཉིད་གསལ་བར་བྱ་བའི་ཕྱིར་ཞེས་པ་ནི་དེ་ཁོང་དུ་ལེགས་པར་ཆུད་པར་བྱ་བའི་ཕྱིར་རོ་ཞེའོ། །དཔལ་གསང་བ་གྲུབ་པ་ནི་མཚན་བསྟན་པའོ། །རང་གིས་རིག་པ་རང་གི་ཡེ་ཤེས་སོ། །གཞན་གྱི་བརྗོད་ལས་མི་འབྱུང་སྟེ། །ཞེས་པ་ནི་གཞན་གྱི་ཚོགས་ལས་མི་འབྱུང་བའོ། །འོ་ན་གང་ ལས་འབྱུང་ཞེ་ན། མོས་དང་བསྒོམས་པས་རྟོགས་འགྱུར་ཏེ། །ཞེས་པ་ལ་མོས་པ་ནི་མཉན་པ་དང་བསམ་པའོ། །གང་ཏིང་ངེ་འཛིན་རྩེ་གཅིག་པ་འདི་ནི་བསྒོམ་པའོ། །དེས་རྟོགས་པར་འགྱུར་བ་ནི་དེས་ཤེས་པར་འགྱུར་བར་དགོངས་པའོ། །འདིས་མི་འདའ་བ་ཐོབ་པས་དམ་ ཚིག་གོ། །དེ་ཡང་འདི་ལས་མ་རྟོགས་པ་ཐབས་གཞན་ནི་མེད་དོ། །དེ་ཉིད་དེ་ཉིད་མིན་སྤངས་ཏེ། །ཞེས་པ་ནི་ཐ་མལ་པའི་སྤྱོད་པ་སྣ་ཚོགས་པ་སྤངས་པའོ། །མོས་པའི་བསམ་པས་ཉིན་མཚན་དུ། །ཞེས་པ་ནི་གང་གིས་གཅེས་སྤྲས་སུ་བྱེད་པའི་བསམ་པས་ཉིན་དང་མཚན་ དུ་དེ་ཁོ་ན་ཉིད་བསྒོམ་ཞེས་སོ། །དེས་ཅིར་འགྱུར་ཞེ་ན། ཞི་བའི་གོ་འཕང་བླ་ན་མེད། །ཅེས་པ་ནི་རྟོག་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུ་ཐོབ་པའོ། །མཆོག་ཏུ་མྱ་ངན་ལས་འདས་པ། །ཞེས་པ་ནི་ཁྱད་པར་དུ་འཁོར་བའི་སྡུག་བསྔལ་དང་བྲལ་བའོ། །དེ་ཡང་ལོངས་སྤྱོད་ རྫོགས་པ་དང་སྤྲུལ་པའི་སྐུ་འབྱུང་བ་ཡང་རྐྱེན་གང་གིས་བྱས་ཤེ་ན། དེ་དང་དེ་ལས་སྨོན་ལམ་མཐུས། །ཞེས་པ་ནི་ཆོས་ཀྱི་སྐུ་དེ་ལས་སྨོན་ལམ་དང་སྙིང་རྗེའི་སྟོབས་ཀྱིས་ལོངས་སྤྱོད་རྫོགས་པ་ལ་སོགས་པ་སྣ་ཚོགས་སུ་སྣང་ཞེའོ། །གཞན་གོ་སླའོ། །དུས་ཇི་ཙམ་གྱིས་འབྱུང་ ཞེ་ན། སྐད་ཅིག་ཐང་ཅིག་ཙམ་གྱིས་བྱུང་བ་སྟེ། །ཞེས་པ་ནི་སྐད་ཅིག་ཐང་ཅིག་གིས་འབྱུང་ངོ་། །བྱུང་ནས་ཅི་བྱེད་ཅེ་ན། སྤྲོ་དང་སྡུད་པར་བྱེད་པ་སྟེ། །ཞེས་པ་ནི་སྐུའི་འོད་ཟེར་ལ་སོགས་པའི་སྟོབས་ཀྱིས་སོ། །གང་ལ་སྣང་ཞེ་ན། ཁམས་གསུམ་འདི་དག་ཐམས་ཅད་ལ་སྣང་ ཞེའོ། །འདི་དག་ནི་བཤད་ཟིན་ཏོ། །གཞན་གོ་སླའོ། །དེ་ལྟ་བུའི་དེ་ཡང་གཞུང་འདི་པ་མ་ཡིན་ནམ་སྙམ་པ་ལ། གསང་བ་འདུས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་རྡོ་རྗེ་ནི་ཆོས་ཀྱི་སྐུའོ། །ཨེ་མའོ་རྡོ་རྗེ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །ཨེ་མའོ་རྡོ་རྗེ་ བསྟན་པ་ནི་སྤྲུལ་པའི་སྐུའོ། །གང་དུ་ལུས་ངག་སེམས་མེད་པ། །ཞེས་པ་ནི་གང་ལ་ཇི་ལྟར་སྣང་བ་དེ་ལ་ལུས་མི་དམིགས་ངག་མི་དམིགས་སེམས་མི་དམིགས་སོ་ཞེའོ། །སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་སྟོན་པའི་བཀའ་དེ་དགོངས་པ་ཅན་ཡིན་ནོ་ཞེ་ན། མ་ཡིན་པའི་ ཕྱིར་རྗེ་བཙུན་གྱི་ཞལ་སྔ་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོང་སྟོང་ཁྱོད་ཀྱི་ལུས་ལ་མེད། །ཅེས་བྱ་བ་ལ་སོགས་པའི་དོན་ནི་སྤྲུལ་པའི་སྐུ་ནི་ཆུའི་ཟླ་བ་དང་འདྲ་བར་དགོངས་པའོ། །དགའ་བའི་སེམས་ནི་བཟུང་གྱུར་ནས། །ཞེས་པ་ནི་སེམས་ཅན་ གྱི་དོན་ལ་དགའ་བའོ། །རྡོ་རྗེའི་ལུས་ནི་རྡོ་རྗེའི་སྐུའོ། །དེ་བསྒོམས་པ་ནི་རྩེ་གཅིག་པར་བྱེད་ཅེའོ། །དེས་ཅིར་འགྱུར་ཞེ་ན། བརྟན་ལུས་ཁོང་སྟོང་མ་ཡིན་པ། །ཞེས་པ་ནི་གཞན་གྱིས་མི་ཤིགས་པའི་སྐུ་ཐོབ་པའོ། །གཞན་ཡང་ནམ་མཁའ་འདྲ་ཞིང་ཞེས་བྱ་བ་ལ་ སོགས་པའི་དོན་ནི་གོང་དང་འདྲའོ། །གཞན་གོ་སླའོ། །དཔའ་བར་འགྲོ་བའི་མདོ་ནི་དཔའ་བར་འགྲོ་བའི་དོན་སྟོན་པའི་མདོ་སྟེ། དེ་ལས་ཀྱང་རྒྱས་པར་གསུངས་སོ། །གང་གིས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་འདི་ཐོབ་པ་ནི་སྐྱེས་བུ་གང་ཞིག་གིས་ཆོས་ཀྱི་སྐུ་ཐོབ་པ་ཉིད་ དོ། །དེའི་ཡོན་ཏན་གྱི་ཁྱད་པར་ཡང་ཇི་ལྟ་བུ་ཞིག་དང་ལྡན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་མཆིས་པ་ལགས་སོ་ཞེས་པ་ནི་མར་མེ་མཛད་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་དེ། དེའི་ཡུལ་ནི་ཆོས་ཀྱི་སྐུའོ། །ཅིའི་ཕྱིར་ཞེ་ན། གཤེགས་པར་བྱ་བ་ཡིན་པ་ ཉིད་ཀྱི་ཕྱིར་རོ། །རང་དབང་གི་ཡེ་ཤེས་ནི་མི་རྟོག་པའི་ཡེ་ཤེས་ཏེ། དེ་ལ་དབང་བགྱིད་པ་ནི་དེ་ལ་སྤྱོད་པའོ། །གཞན་གོ་སླའོ། །མི་གནས་པའི་མྱ་ངན་ལས་འདས་པ་ནི་བཤད་ཟིན་ཏོ། །ཐེ་ཚོམ་གཅོད་པ་ནི་ངོ་བོ་དང་དུས་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ཡོངས་སུ་གཅོད་པ་ གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །སྤྱོད་པ་བསྡུས་པའི་སྒྲོན་མ་ཞེས་བྱ་བའི་འགྲེལ་པ་ལས་ལེའུ་བརྒྱད་པའི་བཤད་པའོ།། །།དེ་ལྟར་གཉིས་སུ་མེད་པའི་རིམ་པ་ལ་སོགས་པ་རྒྱས་པར་བསྟན་ནས། དེ་ནས་སྤྱོད་པ་རྣམ་པ་གསུམ་ལ་སོགས་པ་ནི་གོ་སླ་བ་ཉིད་དང་། གཞུང་རྒྱས་པས་འཇིག་པ་དང་། སློབ་དཔོན་གཞན་གྱིས་ཀྱང་རྒྱས་པར་བཤད་པ་ཉིད་ཀྱི་ཕྱིར་བདག་གིས་ནི་མ་བཤད་དོ། །གང་དུ་ཉི་མའི་འོད་ཟེར་མུན་པའི་གཉེན་པོ་བཞིན། །ཤེས་རབ་ཀྱིས་ནི་གཏི་མུག་རབ་བསལ་ནས། །དགའ་བའི་སྟོབས་ཀྱིས་དཀའ་འགྲེལ་རིམ་པ་ བརྩམས། །འདི་ལ་ཉེས་གྱུར་ཅི་མཆིས་བཟོད་པར་གསོལ། །འདོད་རྒྱལ་ཞགས་པ་ཀུན་བཀྲོལ་གཞུང་འདི་ལས། །གང་གིས་དགེ་བའི་རྩ་བ་ཅི་ཐོབ་པ། །དེས་ནི་ཁམས་གསུམ་སེམས་ཅན་བདག་དང་བཅས། །རྡོ་རྗེ་འཆང་གི་ཞིང་དུ་སྐྱེ་བར་ཤོག །སྤྱོད་པ་བསྡུས་པའི་ སྒྲོན་མའི་བཤད་པ་ཤེས་རབ་མཆོག་དང་ལྡན་པའི་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སཏྭ་སཱ་དྷ་ནཾ་བྷཱ་ཁྱཱ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྲུབ་པའི་ཐབས་ཀྱི་བཤད་པ། བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་ལ་ཕྱག་འཚལ་ལོ། །མདུན་གནས་རྒྱལ་དང་རྒྱལ་སྲས་ཀླུ་སྒྲུབ་དག་ལ་ནི། །དང་ཞིང་གུས་པ་ཆེན་པོས་སྤྱི་བོས་ཕྱག་འཚལ་ནས། །དཔལ་ལྡན་ཟླ་བ་གྲགས་པས་མདོ་ནི་བསྡུས་མཛད་པའི། །རྟོགས་དཀའི་ཚིག་ནི་འབད་པས་རྣམ་པར་བཤད་པར་བྱ། །སངས་ རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་ཅན་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཐེག་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྟེ། དེའི་མངོན་པར་རྟོགས་པ་སྒྲུབ་པ་རིགས་ཀྱི་བསམ་པའི་བྱེ་བྲག་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གསུང་རབ་པ་ཞེས་བྱ་བ་ནི་གསུང་རབ་ནི་ ལུང་ངོ་། །དེས་སྤྱོད་པས་ནི་གསུང་རབ་པའོ། །རྟོག་པའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་ཞེས་བྱ་བ་ནི་འོད་གསལ་བ་བསྒོམ་པའི་རིམ་པ་དང་བྲལ་བས་བསྐྱེད་པའི་རིམ་པ་ལྷའི་རྣལ་འབྱོར་གྱི་མཚན་ཉིད་བསྒོམ་པ་ལ་མཁས་པའོ། །མཐའ་དྲུག་གི་ བཤད་པ་ལས་ཁ་ཕྱིར་བལྟས་པ་ཞེས་བྱ་བ་ནི་ངེས་པའི་དོན་དང་དྲང་བའི་དོན་ལ་སོགས་པའི་བཤད་པ་ལས་ཁ་ཕྱིར་བལྟས་པའོ། །སྒྲ་ཇི་བཞིན་པའི་དོན་གྱི་སྒོ་ནས་ཞེས་བྱ་བ་ནི་ཟབ་མོའི་དོན་ཡོངས་སུ་མི་ཤེས་པས་ཇི་ལྟར་རབ་ཏུ་གྲགས་པའི་སྒྲའི་སྒོ་ནས་ཞེས་བྱ་བར་དགོངས་སོ། ། ཟླ་བ་དང་རྡོ་རྗེ་དག་གིས་བསྐྱེད་པའི་སྒོ་ནས་སོ། །སྲིད་པ་སྐྱེ་བའི་རིམ་པས་ཞེས་བྱ་བ་ནི་མངལ་ནས་སྐྱེས་པའི་རིམ་པས་སོ། །མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ཞེས་བྱ་བ་ནི་ཟླ་བ་དང་ཉི་མ་དང་ས་བོན་སྤྲོ་བ་དང་སྡུད་པའི་རིམ་པས་སོ། །སྐད་ཅིག་བཞི་ཞེས་པ་ནི། ས་བོན་དང་ ཕྱག་འཚལ་ལ་མི་ལྟོས་པས་སོ། །བཅུ་གསུམ་དུ་འདོད་དོ་ཞེས་པ་ནི་སྙིང་པོའི་དཀྱིལ་འཁོར་དུ་སྤྱན་མ་ལ་སོགས་པའི་ལྷ་མོ་བཞི་དང་བཅས་པའི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སྟེ་དགུར་འགྱུར་ལ། ཕྱི་རོལ་གྱི་སྒོ་བཞིའི་གཤིན་རྗེ་ མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞི་དང་བཅུ་གསུམ་མོ། །བཅུ་དགུར་འདོད་དོ་ཞེས་བྱ་བ་ནི་དཔལ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བ་ལ་སོགས་པའི་རིམ་པས་སོ། །ལྷ་ཉི་ཤུ་རྩ་ལྔར་འདོད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་སྙིང་པོའི་དཀྱིལ་འཁོར་ལ་དགུ་དང་། གཟུགས་རྡོ་རྗེ་མ་ལ་ སོགས་པའི་ཕྱི་རོལ་དུ་རྣལ་འབྱོར་མ་དྲུག་དང་། དེའི་ཕྱི་རོལ་དུ་ཕྱོགས་མཚམས་སུ་ཁྲོ་བོ་གཤིན་རྗེ་མཐར་བྱེད་ལ་སོགས་པ་བཅུ་དང་ཉི་ཤུ་རྩ་ལྔ་ཡིན་ནོ་ཞེས་བྱའོ། །རིམ་པ་གཉིས་རྟོགས་ནས་ཞེས་བྱ་བ་ནི་ཐོས་པའི་སྒོ་ནས་རིམ་པ་གཉིས་ཀྱི་དོན་རབ་ཏུ་ཤེས་ནས་སོ། །སྔགས་ ཀྱི་དེས་པ་དང་པོ་སྟེ། ཞེས་བྱ་བ་ནི་ལྷག་པར་མོས་པའི་དཀྱིལ་འཁོར་དང་། ལུས་ཀྱི་དཀྱིལ་འཁོར་དང་། འོད་གསལ་བར་འཇུག་པ་དག་གིས་དེ་མ་ཐག་ཏུ་སྐྱེས་པའི་སྔགས་ཀྱི་ངོ་བོ་ཉིད་ཀྱི་རྡོ་རྗེ་སེམས་དཔའི་རང་བཞིན་དུ་ངེས་པའོ། །དགོང་པ་བསྟན་པ་ཞེས་བྱ་བ་ནི་རྡོ་རྗེ་ སེམས་དཔའི་སྐུ་ལ་ཨོཾ་ལ་སོགས་པའི་ས་བོན་མཉམ་པར་བཀོད་ལ་གསལ་བར་བྱེད་པའོ། །རྣམ་པར་གཞག་པ་ཞེས་བྱ་བ་ནི་འདིའི་འོག་ཏུ་འདི་བསྒོམ་པར་བྱའོ་ཞེས་རྣམ་པར་གཞག་པའི་དགོངས་པ་ངེས་པའོ། །དེ་ཉིད་བསྟན་པ་ཞེས་བྱ་བ་ནི་གནས་སྐབས་ཇི་ལྟར་འོད་ གསལ་ལ་འཇུག་པའོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ལ་ཞེས་བྱ་བ་ནི་དང་པོ་གདམས་ངག་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་ལ་མངོན་པར་མཆོད་ནས། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྡུག་བསྔལ་བའི་སེམས་ཅན་ ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དགོན་པ་ཆེན་པོའི་ས་ཕྱོགས་ཞེས་བྱ་བ་ནི་ཕྱོགས་རྣམས་ལས་དགོན་པ་ཆེན་པོའི་ཁྱད་པར་ཅན་ལའོ། །མེ་ཏོག་འབྲས་བུ་སོགས་ཀྱིས་བརྒྱན། །ཞེས་བྱ་བ་ནི་འབྲས་བུ་དང་མེ་ཏོག་དང་ཆུ་ལ་སོགས་པ་ ཁྱད་པར་འཕགས་པ་ཡིད་དུ་འོང་བའི་རིའི་ཕྱོགས་གཅིག་དབེན་པ་དང་། དབེན་པ་གཞན་ལ་ཡང་ངོ་། །དངོས་གྲུབ་ཐམས་ཅད་བསྡུས་པ་བསྒྲུབ། །ཅེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་དག་བསྡུས་པ་ནི་གང་ལ་ཡང་ དག་བསྡུས་པ་དེ་རྡོ་རྗེ་སེམས་དཔའི་སྐུའོ། །ཁ་དོག་དཀར་པོར་ལྷག་པར་མོས་པ་ཞེས་བྱ་བ་ནི་འདི་ལ་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་དབུས་སུ་གནས་ལ་ཞེས་བྱ་བ་ནི་ལྷག་མའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །ཞེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ ཁམས་ཀྱི་དབུས་གནས་ཞེས་བྱ་བ་ནི་སྐད་ཅིག་གི་འོད་གསལ་བ་ལས་ལངས་ནས་དེའི་དབུས་སུ་གནས་པའོ། །སངས་རྒྱས་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའོ། །འོད་ཟེར་སྤྲིན་གྱི་ཚོགས་ནི་འོད་ཀྱི་ཕུང་པོའོ། །སངས་རྒྱས་འབར་བའི་འོད་མཉམ་པ། །ཞེས་བྱ་བ་ནི་འཇའ་ ཚོན་ལྟ་བུའི་འོད་ལྔས་བརྒྱན་པའོ། །ལེའུ་དང་པོ་ལས་གསུངས་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡེ་ཤེས་སྒྲོན་མ་མི་བསྐྱོད་པ་དེ་ཉིད་དབྱེར་མི་ཕྱེད་པས་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་སེམས་ནི་རྩེ་གཅིག་པ་མངོན་དུ་བྱེད་པའི་དོན་ཏོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིག་པའི་སྐྱེས་བུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་པོ་ཉིད་རྡོ་རྗེ་འཆང་ཆེན་པོ་སྟེ། རིག་པའི་སྐྱེས་བུ་ནི་གཉིས་སུ་མེད་པའི་བདག་ཉིད་དོ། །མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོར་ སྦྱོར་བའི་གོ་འཕང་ཞེས་བྱ་བ་ནི་མི་བསྐྱོད་པའི་སྐུའི་རྣམ་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལའོ། །ཧཱུཾ་རིང་པོ་བརྗོད་པར་བྱ་ཞེས་བྱ་བ་ནི་རིགས་པའི་པདྨ་ལྷུང་པའི་བྱང་ཆུབ་ཀྱི་སེམས་གྱུར་པ་ལས་ ཧཱུཾ་བཅུར་དམིགས་ནས་སོ། །ཕྱོགས་བཅུར་རྣམ་པར་གནས་པ་ཞེས་བྱ་བ་ནི་ཕྱོགས་བཅུར་རྣམ་པར་གནས་པའི་རྩེ་མོ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། ཞེ་སྡང་གནས་ལས་སྐྱེས་ཞེས་བྱ་བ་ནི་ཞེ་སྡང་ནི་མི་བསྐྱོད་པ་དེའི་གནས་ནི་ བསྐྱེད་པའི་ས་བོན་ཡི་གེ་ཧཱུཾ་ངོ་། །དེ་ལས་སྐྱེས་པ་ནི་དེ་ནས་སྐྱེས་པའོ། །གསོད་དོན་གཉེར་བ་ཞེས་བྱ་བ་ནི་དེ་རྣམས་གསོད་པའི་ངོ་བོ་ཉིད་དགོས་པ་སྟེ། བསྒོམ་པའི་སྒོ་ནས་སོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཆེ། །ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའོ། །རྡོ་རྗེ་ཕུར་བུ་ཞེས་ བྱ་བ་ནི་ཕུར་བུ་བཅུའི་རྣམ་པར་རོ། །ཕྱོགས་བཅུའི་རྩེ་མོར་ཞེས་བྱ་བ་ནི་ཕྱོགས་བཅུ་ལའོ། །ཤིན་ཏུ་འབར་ཞིང་ལེགས་པའི་འོད། །ཅེས་བྱ་བ་ནི་འོད་འབར་བ་རྣམས་ཀྱིས་གསལ་བཞིན་པའོ། །དེ་ནས་འདོད་པའི་རྒྱལ་པོའི་སྔགས་ཀྱིས་ཞེས་བྱ་བ་ནི་ཕྱོགས་བཞིར་གནས་པའོ། ། བསམ་གཏན་གང་གིས་ཞེས་བྱ་བ་ལ་སོགས་པ་ནི་བསམ་གཏན་གང་གིས་གདུག་པ་ཅན་རྣམས་ཕུར་བུས་གདབ་པས་སོ། །ཡི་དམ་ནི་དུས་བཞིར་བྱིན་གྱིས་བརླབས་པའོ། །གནས་གང་དུ་ནི་མཉམ་སྤྱོད་པ། །ཞེས་བྱ་བ་ནི་གང་དེར་ཡང་དག་པ་བརྩམ་མོ། །བསམ་གཏན་ སྦྱོར་བ་འདི་ཡི་ནི། །ཞེས་བྱ་བ་ནི་བསྲུང་བའི་ཆོ་ག་འདིའི་བསྒོམ་པས་སོ། །གནས་ནས་སངས་རྒྱས་བྱིན་གྱིས་བརླབ། །ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གོམས་པས་སངས་རྒྱས་ཏེ། རང་གི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་ཏེ་མཉམ་པ་ཉིད་དུ་སྒྲུབ་པའོ། །དངོས་ པོ་མེད་པ་བསྒོམ་དུ་མེད། །ཅེས་བྱ་བ་ལ་སོགས་པ་འདི་ནི་མདོར་བྱས་པའི་དཀའ་འགྲེལ་ལེགས་པར་བྱས་སོ། །ནམ་མཁའི་རྡོ་རྗེ་དབུས་གནས་པ། །ཞེས་བྱ་བ་ནི་ནམ་མཁའི་རྡོ་རྗེ་ནི། །དེའི་དབུས་སུ་གནས་པ་ནི་དེའི་ནང་དུ་གཏོགས་པའོ། །དཀྱིལ་འཁོར་རྡོ་རྗེ་ཀུན་ལས་ སྐྱེས། །ཞེས་བྱ་བ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་གྱུར་པའོ། །དེར་ནི་བྷྲཱུཾ་ཡིག་བསྒོམ་པར་བྱ། །ཞེས་བྱ་བ་ནི་དེ་སའི་ཆའི་སྟེང་དུ་ཡི་གེ་བྷྲཱུཾ་གཞལ་ཡས་ཁང་བསྐྱེད་པའི་རྒྱུར་གྱུར་པའོ། །རྡོ་རྗེ་སྤྲིན་ནི་མཉམ་པ་ཞེས་བྱ་བ་ནི་ཕྱོགས་བཅུར་སྤྲོས་པའི་དེ་བཞིན་ གཤེགས་པ་སྐྱེད་པར་བྱེད་པའོ། །དཔག་ཚད་བརྒྱ་ཡི་ཁྱོན་ཚད་དུ། །ཞེས་བྱ་བ་ལ་སོགས་པ་ནི་དཔག་ཚད་བརྒྱའི་ཁྱོན་ཙམ་ནི་ཕྱོགས་རེ་རེ་ལ་དཔག་ཚད་ཉི་ཤུའི་ཚད་ཙམ་ཡིན་ནོ། །གྲུ་བཞི་ནི་མཚམས་བཞི་དང་ལྡན་པའི་ཕྱིར་རོ། །རབ་བརྒྱན་པ་ནི་ལྷ་དང་མི་ལ་སོགས་པ་ ལས་འཕགས་པའོ། །རིན་ཆེན་བཞིའི་རང་བཞིན་ནི་ཁ་དོག་བཞི་དང་ལྡན་པའི་ཕྱིར་རོ། །མཆོད་རྟེན་ནི་མཆོད་རྟེན་ལྟར་མཆོད་པར་བྱ་བ་ཡིན་པའི་ཕྱིར་རོ། །གསལ་བ་ནི་ཤེལ་ལྟ་བུའོ། །རང་བཞིན་དྲི་མ་མེད་པ་ནི་སྐྱོན་མ་ལུས་པ་དང་བྲལ་བའི་ཕྱིར་རོ། །གསལ་བ་དེ་ཡི་ ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། གསལ་བ་དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་གང་གསལ་བ་ནི་ཤེལ་ཏེ། དེའི་རང་གི་ངོ་བོ་གཞལ་ཡས་ཁང་ཡིན་ཏེ། ཕྱི་རོལ་ན་གནས་པ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་པའི་ལྷ་རྣམས་ཀྱི་གཟུགས་མཐོང་བའི་ཕྱིར་རོ། །ཀུན་ནས་སྣ་ཚོགས་ གཟུགས་ལྡན་ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་སོགས་པའི་ཁ་དོག་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་སྤྲིན་དང་ཡང་དག་ལྡན། །ཞེས་བྱ་བ་ནི་སྤྲོས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་མངོན་པར་ཁྱབ་པའོ། །འོད་ཟེར་འབར་ཞིང་འཁྲུགས་པ་ཞེས་བྱ་བ་ནི་ཕྱོགས་བཅུ་ནམ་མཁའི་ དཀྱིལ་འཁོར་དུ་ཁྲོ་བོའི་འོད་འབར་བའོ། །གསལ་བ་ལ་སོགས་པ་ཡི་དཀྱིལ་འཁོར་ལྡན། །ཞེས་བྱ་བ་ནི་ཟླ་བ་དང་ཉི་མའི་གདན་དང་ལྡན་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གནས་གཞལ་ཡས་ཁང་ཞེས་ བྱ་བའི་དོན་ཏོ། །ཁམས་ཀྱི་རང་བཞིན་རིག་པའི་ལྷ་མོ་རྣམས་དང་ཞེས་བྱ་བ་ནི་དེའི་རྗེས་སུ་ཡུལ་གཟུགས་ལ་སོགས་པའི་རང་བཞིན་གཟུགས་རྡོ་རྗེ་མ་ལ་སོགས་པ་ཞེས་བྱ་བར་རིག་པར་བྱའོ། །ལུགས་མ་ལ་སོགས་པ་ཞེས་བྱ་བ་ནི་ཤིང་ལ་སོགས་པས་སྤྲས་ཤིང་བྱས་ པའོ། །དམ་ཚིག་ལས་བྱུང་ཁུ་བ་ནི། །ཞེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ལས་བྱུང་ཁུ་བ་ནི། །ཞེས་བྱ་བ་ནི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པས་བསྐྱེད་པའི་རང་བཞིན་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྐད་ཅིག་གིས་གནས་ཇི་ལྟ་བར་དགོད་པར་བྱའོ། །འབྲས་ བུ་འདོད་པས་ཆོ་ག་བཞིན་དུ་བཏུང་ཞེས་བྱ་བ་ནི། གཟུགས་ཕུང་གཏོགས་ལ་མེ་ལོང་དང་། །ཞེས་བྱ་བ་ལ་སོགས་པའི་ཚོགས་སངས་རྒྱས་ཀྱི་འབྲས་བུ་དོན་གཉེར་བས་དེ་རྣམས་རང་གི་ལུས་ལ་གནས་ཇི་ལྟ་བར་ནང་དུ་གཞུག་པར་བྱའོ། །དེ་བཞིན་གཤེགས་པའི་ཚོགས་ བསད་ནས། །ཞེས་བྱ་བ་ནི་རང་གི་ལུས་ལ་དེ་བཞིན་གཤེགས་པས་ཡོངས་སུ་ཞུགས་པའི་ངོ་བོ་རིམ་གྱིས་སྟོང་པ་ཉིད་དུ་ཞུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པའི་བདེན་པ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ དང་། ཡི་གེ་ཨོཾ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དང་ཡི་གེ་ཨཿཡོངས་སུ་གྱུར་པ་ལས་པདྨ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ནི། ཡེ་ཤེས་ཙམ་ནི་སེམས་ཙམ་མོ། །སྙོམས་པར་འཇུག་པ་ནི་བརྟན་པ་ དང་གཡོ་བ་ནང་དུ་གཞུག་པར་བྱ་བའི་དོན་ཏོ། རྡོ་རྗེ་གསུམ་ཡིག་སྔགས་མཆོག་གི། ཞེས་བྱ་བ་ནི། སྔགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ཡི་གེ་གསུམ་གྱིས་སོ། །ཕྱག་རྒྱ་ཆེན་པོ་བསྒོམ་པ་ནི། །ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུ་བསྒོམ་ པའོ། །སྲིད་པ་ཐ་མ་པའི་སེམས་ཅན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ནི་སྲིད་པ་གང་གིས་དེ་མ་ཐག་ཏུ་བྱང་ཆུབ་ཐོབ་པར་འགྱུར་བས་ན་དེ་མཐར་གྱུར་པས་ན་ཐ་མ་ཞེས་བརྗོད་དོ། །དེ་ལ་གནས་པའི་ས་བཅུའི་དབང་ཕྱུག་རྣམས་ལ་ཉེ་བའི་གནས་སྐབས་བྱང་ཆུབ་སེམས་དཔའ་འམ། སོ་སོ་ སྐྱེ་བོ་གང་རུང་སྔགས་ཀྱི་ཚུལ་གྱི་བསྒོམས་པས་བདག་ཉིད་ཆེན་པོ་ཐོབ་པ་གང་ཡིན་པ་དེ་སྲིད་པ་ཐ་མ་སྟེ། དེ་རྣམས་ཀྱི་རྒྱུ་མཚན་ཞེས་བྱ་བའི་དོན་ཏོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྗེས་སུ་ཞུགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་ལུས་བསྒྱུར་ནས་འབྱུང་བར་འགྱུར་བའི་ ལུས་འཛིན་པའོ། །གཡོ་བ་ཉིད་རབ་ཏུ་བསམ་པར་བྱ་ཞེས་བྱ་བ་ནི་འདིའི་དེ་མ་ཐག་ཏུ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་ས་བོན་རྣམ་པ་བཞི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོའི་ངོ་བོ་ཉིད་རང་གི་ལུས་ལ་གནས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་སུ་འགོད་དོ་ཞེས་བྱ་བར་རྟོགས་ པར་བྱའོ། །རིག་པའི་སྐྱེས་བུ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། རིག་པའི་སྐྱེས་བུ་ཆེན་པོ་ནི་རྡོ་རྗེ་འཛིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་བདག་ཉིད་དེ་བཞིན་གཤེགས་པ་ལ་སོགས་པའི་ས་བོན་བཀོད་པར་བྱས་པ་དང་ལྡན་ པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་སྟེ། རིན་པོ་ཆེའི་རིགས་གང་ཞེས་བྱ་བའི་དོན་ཏོ། །དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དེ་བཞིན་གཤེགས་པ་རྣམས་ཀྱི་ སྐུ་དེའི་བདག་ཉིད་ཅན་དུ་འཛིན་པར་བྱེད་པ་ཞེས་བྱ་བ་ནི་སངས་རྒྱས་སྐུ་འཆང་བའོ། །དཔལ་ལྡན་ཞེས་བྱ་བ་ནི་སྤྱན་མ་དང་བཅས་པའོ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམ་པས། །ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་དབྱེར་མེད་པར་བསྒོམ་པའོ། །དེང་བདག་བྱིན་གྱིས་ བརླབས་ནས་སུ། །རྡོ་རྗེའི་སྐུར་ནི་མཛད་དུ་གསོལ། །ཞེས་བྱ་བ་ལ། དེང་བདག་ནི་བདག་ཉིད་ཀྱི་ལུས་སོ། །བྱིན་གྱིས་བརླབས་ནས་ནི་རབ་ཏུ་གནས་པའི་གནས་སུ་གྱིས་ཤིག་པའོ། །རྡོ་རྗེ་སྐུ་རྣམས་ཀྱི་ཞེས་བྱ་བ་ནི་རྡོ་རྗེ་སྐུ་ཡིས་ཞེས་གཅིག་གི་ཚིག་ཏུ་འཐོབ་པོ། །དེ་ལྟར་ བདག་པོ་ལ་གསོལ་བ་བཏབ་ནས་དེའི་འཁོར་ལ་གསོལ་པ་གདབ་པ་ནི་ཕྱོགས་བཅུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །སྐུ་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གང་ཡིན་ཞེས་བྱ་བ་ནི་ལུས་ངག་ཡིན་པའོ། །ཕུང་པོ་ལྔ་ནི་རབ་ཏུ་དག །ཅེས་བྱ་བ་ནི་ཕུང་པོ་ལྔའི་ བདག་ཉིད་དོ། །དེ་དང་འདྲ་བ་ཞེས་བྱ་བ་ནི་དེའི་ངོ་བོ་ཉིད་ཀྱི་སྐུར་གྱུར་ཅིག་པའོ། །ཆོས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་འོད་དཔག་ཏུ་མེད་པ་ལའོ། །གསུང་ལམ་ནི་ངག་གི་རང་བཞིན་ཉིད་ཡིན་པས་སོ། །དཔལ་ལྡན་ཞེས་བྱ་བ་ནི་གོས་དཀར་མོ་དང་ལྡན་པའོ། ། རྡོ་རྗེ་མི་ཕྱེད་གསུམ་ལ་སོགས་ལ་ནི་སྔ་མ་བཞིན་ནོ། །འདོད་ཆགས་ཆེན་པོའི་མེས་ཚོགས་གཉིས་ཞུ་བ་ལས་ཞེས་བྱ་བ་ནི་འདོད་ཆགས་ཆེན་པོའི་ཚུལ་དང་ལྡན་པའི་འོད་དཔག་མེད་དང་གོས་དཀར་མོའི་ཚོགས་གཉིས་སོ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ནི་གང་ དག་ཁོ་ནའོ། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །ཞེས་བྱ་བ་ནི་སྒྲ་མ་ལུས་པ་བརྗོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །ཆོས་འཛིན་པ་དང་འདྲ་བར་ཤོག །ཅེས་བྱ་བ་ནི་འོད་དཔག་མེད་དང་འདྲ་བར་གྱུར་ཅིག་ཅེས་དགོངས་པའོ། །དཔལ་ ལྡན་རྡོ་རྗེ་ཐུགས་འཆང་བ། །ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐུགས་འཆང་བ་ཞེས་བྱ་བ་ནི་རྡོ་རྗེའི་ངོ་བོ་ཉིད་ཀྱི་ཐུགས་འཛིན་པས་རྡོ་རྗེ་ཐུགས་འཆང་བའོ། །མཱ་མ་ཀཱི་དང་ལྡན་པས་དཔལ་དང་ལྡན་ནོ། །རྡོ་རྗེ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། ། ཀུན་དུ་བཟང་པོ་ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་བཟང་ཞིང་ཕན་པར་བྱེད་པའི་ཕྱིར་ཀུན་དུ་བཟང་པོ་སྟེ་མི་བསྐྱོད་པའོ། །གསང་བའི་དཔའ་བོ་ཞེས་བྱ་བ་ནི་གསང་བ་ནི་སྦས་པའོ། །སྟོན་པར་བྱེད་པས་གསང་བའོ། །རང་གི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡིན་ལ་དེ་དག་གི་དཔའ་བོ་ནི་ གཙོ་བོའོ། །དེའི་བློ་ལྡན་པ་ཞེས་བྱ་བ་ནི་མཱ་མ་ཀཱི་དང་བཅས་པའོ། །རྡོ་རྗེ་འཛིན་དང་འདྲ་བར་ཤོག །ཅེས་བྱ་བ་ལ། རྡོ་རྗེ་འཛིན་དང་འདྲ་བ་ནི་མི་བསྐྱོད་པ་འདྲ་བ་ཞེས་བྱ་བའི་དོན་ཏོ། །ལེའུ་དང་པོ་ལས་གསུངས་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཏིང་ངེ་འཛིན་གྱི་ཚུལ་ཞེས་བྱ་བ་ལ་ དམ་ཚིག་ནི་ཡི་གེ་གསུམ་མོ། །དེ་ལས་སྐྱེས་པའི་ཕྱིར་དམ་ཚིག་ལས་བྱུང་བ་ནི་རྡོ་རྗེ་འཆང་ཆེན་པོ་ཡིན་ཏེ། ཏིང་ངེ་འཛིན་གྱིས་དམིགས་པས་ཞེས་བྱ་བའི་དོན་ཏོ། །རང་གི་ཅོད་པན་ལ་བདག་པོ་དམ་པ་ཞེས་བྱ་བ་ནི་དབང་བསྐུར་ནས་སྤྱི་བོར་མི་བསྐྱོད་པ་བསམ་པར་བྱའོ། ། ཡེ་ཤེས་དམ་ཚིག་ནི་ཡེ་ཤེས་སེམས་དཔའོ། །ཡི་གེ་ཧཱུཾ་ཞེས་བྱ་བ་ནི་ཁ་དོག་ནག་པོའོ། །སངས་རྒྱས་དཀྱིལ་འཁོར་དབུས་གནས་པ། །ཞེས་བྱ་བ་ལ་སོགས་པ་ལ། །དེའི་དབུས་གནས་པ་ནི་དེའི་སྙིང་གར་གནས་པའོ། །མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའོ། །ཧཱུཾ་ཡིག་ཅེས་བྱ་བ་ནི་ ཏིང་ངེ་འཛིན་སེམས་དཔའོ་ཞེས་བརྗོད་པའོ། །ཐམས་ཅད་མཛད་ཅེས་བྱ་བ་ནི་དང་པོ་འོག་མིན་གྱི་གནས་སུ་ཆོས་ཀྱི་སྐུ་མངོན་དུ་མཛད་ནས་དེ་ལས་སྤྲུལ་བའི་སྐུ་བྱོན་ཏེ། དགའ་ལྡན་ན་གནས་པ་རྣམས་ཀྱི་དོན་དུ་བསམ་པ་ཇི་ལྟར་བཞིན་དུ་ཆོས་སྟོན་པར་མཛད་དོ། །དགའ་ལྡན་ གྱི་གནས་མཆོག་ནས་བྱོན་ཏེ། ཐམས་ཅད་མཛད་ནས་ཞེས་བྱ་བ་ནི་དེ་ལས་ཀྱང་བྱོན་ཏེ། སའི་དཀྱིལ་འཁོར་དུ་སྐྱེ་བ་དང་བྱང་ཆུབ་ལ་སོགས་པ་ཐབས་ལ་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་ལས་སྐྱེས་པའི་བྱང་ཆུབ་བསྟན་པའི་དོན་དུ་ཞེས་བྱ་བ་ནི་འདི་ཤེས་རབ་དང་ ཐབས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་སྤྲུལ་པའོ་ཞེས་བྱར་དགོངས་པའོ། །འདོད་ཆགས་ཆེན་པོའི་ཚུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ཞེས་བྱ་བ་ལ། འདོད་ཆགས་ཆེན་པོ་ནི་འདོད་ཆགས་ཆེ་བའི་སེམས་ཅན་རྣམས་སྨིན་ཅིང་གྲོལ་བའི་ཡུལ་ལ་ཆགས་པའོ། ། དེ་ཉིད་ཀྱི་ཚུལ་ནི་ལུགས་ཏེ་རྣམ་པར་གཞག་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་མངོན་དུ་བྱེད་པའོ། །དང་པོ་རྣལ་འབྱོར་བྱས་ནས་ཞེས་བྱ་བ་ནི་བདག་ཉིད་སེམས་དཔའ་གསུམ་གྱི་བདག་ཉིད་དུ་བསྐྱེད་པའོ། །གནས་པར་བྱ་ཞེས་པ་ནི་སྤྱོད་པ་བྱེད་པ་ལ་བསྟན་པ་ཡིན་ནོ། ། གང་ཡང་སྤྱོད་པ་བྱེད་པར་མ་གྱུར་པ་དེ་ལ་ཕྱོགས་གཞན་བསྟན་པ་ནི་ཡང་ཞེས་བྱ་བ་ལ་སོགས་པ་ལ་སྔགས་གཅིག་སྤྲུལ་པས་སེམས་ཅན་གྱི་དོན་བྱ་བའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་སམ་རང་གི་སྙིང་ག་ན་གནས་པའི་སྔགས་ལས་དཀྱིལ་འཁོར་སྤྲུལ་ནས་ སེམས་ཅན་གྱི་དོན་བྱ་ཞིང་གནས་ཇི་ལྟ་བར་དགོད་དོ་ཞེས་བྱ་བའི་དོན་ཏོ། །བྱིན་རླབས་གོ་འཕང་གསུམ་གྱིས་ནི། །ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པའི་རང་བཞིན་གསུམ་བྱིན་གྱིས་བརླབས་པའོ། །དེའི་གོ་འཕང་ཞེས་བྱ་བ་ནི་ ཡིད་དུ་འོང་བ་ལ་སོགས་པའི་ཡུལ་ཡིན་ལ་བྱིན་རླབས་གོ་འཕང་དེ་གསུམ་དང་ལུགས་གཞན་གྱིས་ཞེས་བྱ་བའི་དོན་ཏོ། །མིག་ལ་སོགས་པའི་སྐྱེ་མཆེད་ཀྱི་རང་བཞིན་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་དོ་ཞེས་བྱ་བའི་རྣལ་འབྱོར་མ་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞི་ དང་། སའི་སྙིང་པོ་ལ་སོགས་པ་ལ་བཞི་ཡིས་སྙོམས་པར་འཇུག་པ་བཀོད་ལ། གཞན་ཡང་བྱང་ཆུབ་སེམས་དཔའ་བཞི་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་ཞེས་བྱ་བའི་དོན་ཏོ། །ནུ་མ་གཉིས་ཀྱི་བར་ཞེས་བྱ་བ་ལ་སོགས་པ་ལ། ནུ་མ་གཉིས་ཀྱི་བར་ནི་ཐུགས་ཀ་སྟེ། དེ་ལ་ཡི་གེ་ཧཱུཾ། སྤྱི་བོའི་བར་ནི་ཞེས་བྱ་བ་དེ་ནི་སྤྱི་བོར་ཡི་གེ་ཨོཾ་མོ། །བར་དུ་ཞེས་བྱ་བ་ནི་མགྲིན་པའི་ཕྱོགས་དེ་ལ་ཨཿའོ། །རྐང་པ་ཐུག་པའི་བར་དུ་ཞེས་བྱ་བ་ནི་རྐང་པ་གཉིས་ལ་ཡི་གེ་ཧཱའོ། །རྐེད་པ་ལྟེ་བ་གསང་བར་ཞེས་བྱ་བ་ནི་ལྟེ་བ་དང་རྐེད་པ་དང་གསང་བའི་ཕྱོགས་སུ་ སྟེ། བརླ་གཉིས་ལ་ཡི་གེ་སྭཱའོ། །རྒྱལ་བའི་སྲས་པོ་ནི། རིགས་ལྔ་རྣམས་ནི་དགོད་པར་རབ་ཏུ་བྱ། །ཞེས་བྱ་བ་ནི་གཞན་དག་ཀྱང་རིགས་ལྔར་བསྡུས་པའི་བྱང་ཆུབ་སེམས་དཔའ་གནས་ཇི་ལྟ་བར་དགོས་པར་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཡི་གེ་ནི་ ཕཊ་རྣམས་བརྟགས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨ་གཉིས་ཀྱི་ཁར་ཡི་གེ་ཕཊ་བསྒོམ་པར་བྱའོ། །ཏིང་ངེ་འཛིན་དང་དབང་བསྐུར་བ། །ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་རབ་ཏུ་བཅུག་པའི་ཏིང་ངེ་འཛིན་གྱི་དེ་མ་ཐག་ཏུ་དབང་བསྐུར་བ་ནི་ཏིང་ངེ་འཛིན་དང་དབང་བསྐུར་བའོ། །མཆོད་ པའི་མཐར་ཐུག་པ་ཞེས་བྱ་བ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་བྱས་ནས་སོ། །སྙིང་པོའི་ལས་ཐམས་ཅད་ཅེས་བྱ་བ་ནི་དེ་ལ་མི་བསྐྱོད་པའི་ཏིང་ངེ་འཛིན་ལ་སོགས་པ་འོག་ནས་འཆད་པར་འགྱུར་བའི་རིམ་པས་སེམས་ཅན་རྣམས་ཀྱི་ཞེ་སྡང་རྣམ་པར་དག་པ་ལ་སོགས་ པའི་དགོས་པ་བྱས་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་བཟླས་པ་ཞེས་བྱ་བ་ནི་ངག་གི་བཟླས་པ་དང་རྡོ་རྗེའི་བཟླས་པའོ། །སྔར་བཞིན་དུ། རང་གི་ལུས་ཀྱི་དཀྱིལ་འཁོར་ལ་བཅུག་ནས། །ཞེས་བྱ་བ་ནི་མཉམ་པར་གཞག་པའི་རྣལ་འབྱོར་གྱི་དོན་ དུ་རིམ་པས་བདག་ཉིད་ལ་གནས་ཇི་ལྟ་བ་བཞིན་དུ་གཞུག་པར་བྱའོ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །བཀོད་པའི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་དབུས་སུ་གནས་པའི་བདག་ཉིད་ལྷའི་ཚོགས་དང་ལྡན་པར་བསྒོམ་པར་ བྱའོ། །དེ་བྱས་ནས་ནི་ཅི་ཞིག་བྱ་ཞེས་ཟེར་བ་ལ། ཧཱུཾ་ནི་དེའི་དབུས་སུ་གནས་པར། རང་གི་གཟུགས་བརྙན་དག་ཏུ་རྟག །ཅེས་བྱ་བ་ནི་ཡི་གེ་ཧཱུཾ་ནི་སྙིང་གར་གནས་པར་བལྟས་ནས་དེས་ཀྱང་བརྟན་པ་དང་གཡོ་བ་ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་བརྙན་གྱི་རྣམ་པར་ བལྟ་བར་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་ཅེས་བྱ་བ་ནི་ཕྱི་རོལ་གྱི་མེ་ལ་མར་ལ་སོགས་པ་དག་གིས་སྦྱིན་སྲེག་བྱེད་པའོ། །ནང་གི་བདག་ཉིད་ནི་ལྷ་རྣམས་ལ་བཟའ་བ་ལ་སོགས་པས་ཚིམ་པར་བྱས་ཏེ། ཞི་བ་ལ་སོགས་པ་ ལ་ལྟོས་ནས་བྱས་སོ། །ཡི་གེ་གསུམ་གྱི་ཞེས་པ་ནི་རྡོ་རྗེ་བཟླས་པའི་སྒོ་ནས་སོ། །ཕྲེང་བའི་སྔགས་སམ་ཞེས་བྱ་བ་ནི་རྒྱུད་ནས་གསུངས་པའི་ཁྲོ་བོ་ལ་སོགས་པའི་སྔགས་རྒྱས་པས་སོ། །སྔགས་དང་སྨན་གྱི་སྦྱོར་བས་ཀྱང་། །ཞེས་བྱ་བ་ནི་མངོན་པར་བསྔགས་པའི་སྨན་སྦྱིན་ པས་སོ། །རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པ་ལ་གནས་ཏེ་ཁ་སྦྱར་བ་ལ་གནས་པ་སྒྱུ་མའི་ལུས་མངོན་དུ་བྱའོ། །དྲན་པའི་དོན་དུ་འགྲེལ་བྱས་གང་། །བསོད་ནམས་ཡང་དག་གང་བསགས་པ། །དེ་ཡིས་མྱུར་དུ་སྐྱེ་འགྲོ་ཀུན། །ཡང་ དག་བྱང་ཆུབ་དོན་གཉེར་ཤོག །རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་བཤད་པ། །སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པ་རྫོགས་སོ།། །།ཐོ་ལྡིང་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་རཀྵི་ཏ་དང་། ཁམ་ པ་བ་རི་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པིཎྜི་ཀྲ་མ་པཉྫི་ཀཱ་ཏྲི་པ་དུ། བོད་སྐད་དུ། བསྡུས་པའི་རིམ་པའི་དཀའ་འགྲེལ། རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མཐའ་གཉིས་སོ་ལྡན་འགྲོ་ལ་ཕན་པའི་ཕྱིར། །གང་གིས་ རྟོགས་ནས་དབུ་མའི་ལུགས་བསྟན་པ། །རྒྱལ་སྲས་ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ནས། །མདོར་བྱས་དང་པོའི་རིམ་པ་གསལ་བར་བྱ། །འདི་ལ་འཕགས་པ་ཀླུ་སྒྲུབ་འདི་རྡོ་རྗེ་ཕྲེང་བ་ལ་སོགས་པ་བཤད་པའི་རྒྱུད་ཀྱི་རྗེས་སུ་འབྲངས་པས་རང་ཉིད་ཀྱིས་དཔལ་གསང་བ་འདུས་པའི་ མཐའ་དྲུག་གི་དོན་ཐུགས་སུ་ཆུད་ནས། ཐུགས་རྗེས་བསྡུས་པའི་རིམ་པ་མཛད་པར་བཞེད་པས། སྐུ་བཞིའི་རང་བཞིན་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་གསུངས་པ་ནི་ཁམས་གསུམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །བདེ་བ་ཆེན་པོ་སྟེ། རྒྱལ་བ་རྣམས་ཀྱི་སྐུ་ཟུང་འཇུག་གི་ སྒྲས་བརྗོད་པར་བྱ་བ་ལ་ཕྱག་བགྱིད་དོ་ཞེས་འགྲེལ་ཏོ། །ཇི་ལྟ་བུར་གྱུར་པ་ལ་ཞེན་། མི་མཉམ་པ་མཉམ་པ་ལ་སྟེ། ཤིན་ཏུ་ཐུན་མོང་མ་ཡིན་པ་ལའོ། །ཅིའི་ཕྱིར་ཞེ་ན། བརྗོད་པ་མི་རྟོག་ལུས་གཅིག་ཅེས་བྱ་བ་སྟེ། རྣམ་པར་རྟོག་པའི་དྲི་མས་མ་གོས་པའི་ལུས། །གཉིས་པ་མེད་ པས་གཅིག་པུར་གྱུར་པ། མཚན་སུམ་ཅུ་རྩ་གཉིས་ལ་སོགས་པས་བརྒྱན་པའི་སྐུ་གང་ལ་མངའ་བ་དེ་ལའོ། །རྣམ་པར་མི་རྟོག་པའི་རང་བཞིན་ཡིན་པ་དེ་ཉིད་ཀྱི་ཕྱིར། ཁམས་གསུམ་སྤྱོད་པ་ལས་སྒྲོལ་ཞེས་བྱ་བ་སྟེ། ཁམས་གསུམ་པ་ཉིད་ནི་ཁམས་གསུམ་པ་སྟེ། ལུས་དང་ངག་དང་ཡིད་ཅེས་བྱ་བའོ། །དེའི་སྤྱོད་པ་ནི་ཀུན་དུ་སྤྱོད་པ་སྟེ། དེ་ལས་གྲོལ་བའོ། །དེ་ལྟ་མ་ཡིན་ན་ནི། རྣམ་པར་རྟོག་པ་ཉིད་ཉམས་པར་འགྱུར་རོ། །མཁའ་མཉམ་རྟོག་པ་ནི་ནམ་མཁའ་དང་འདྲ་བ་ཤེས་པའི་ཕྱིར་རོ། །དངོས་པོ་ཀུན་གྱི་ངོ་བོ་ཉིད་ནི་དེའི་རང་བཞིན་ཡིན་ པའི་ཕྱིར་རོ། །བརྗོད་མ་ཐག་པའི་ཁྱད་པར་གཉིས་པོས་ནི་འདི་འོད་གསལ་བའི་རང་བཞིན་དུ་སྟོན་པར་བྱེད་དོ། །དག་པ་ནི་ཡོངས་སུ་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར། ཞི་བ་ནི་ཉོན་མོངས་པའི་སྒྲིབ་པ་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་སྒྲིབ་པ་མེད་པའི་ཕྱིར་ན་རྣམ་པ་དབེན་ནོ། །མཆོག་ ཞི་བའི་རང་བཞིན་ནི་བླ་ན་མེད་པའི་མྱ་ངན་ལས་འདས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣལ་འབྱོར་པ་རྣམས་ཁོ་ནས་རྟོགས་བྱ་བ་ནི་དེ་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །རྟོགས་དཀའ་བ་ནི་བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་ རོ། །རྣམ་པར་སྤྱད་དཀའ་བ་ནི་དེ་དག་གི་རྗེས་སུ་དཔག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རང་དང་གཞན་ལ་མཆོག་ཕན་ནི། དེ་ལས་བྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་བདག་ཉིད་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པའི་ཕྱིར་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ སོགས་པ་རྣམས་ཀྱིས་དོན་མཛད་པའི་ཕྱིར་རོ། །འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་བརྗོད་པ་ཡིན་ནོ། །ཁྱབ་པ་ནི་རྫོགས་པར་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་པའི་སྤྲུལ་པའི་སྐུ་མཐའ་ཡས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདིས་ནི་སྤྲུལ་པའི་སྐུའི་རང་བཞིན་ ཉིད་དུ་རྗོད་པར་བྱེད་དོ། །མཚན་མ་མེད་པ་ནི་འོད་གསལ་བ་ལ་ཞུགས་པ་ལས། བག་ཆགས་ཀྱི་མཚན་མ་ནུབ་པ་ན། སྔོན་བྱས་པའི་སྨོན་ལམ་གྱིས་ལྡང་བའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། པ་ནི་སྒྲུབ་ཐབས་ཀྱི་སྐབས་དབྱེ་བར་གསུངས་པ་ནི་དཔལ་ ལྡན་ཞེས་བྱ་བ་ལ་སོགས་པའོ། །དཔལ་ལྡན་འདུས་པའི་རྒྱུད་ཀྱི་སྒྲུབ་ཐབས་མདོར་བྱས་རིམ་པ་ཞེས་བྱ་བ་བདག་གིས་བརྗོད་ཅེས་འབྲེལ་ཏོ། །སེམས་ཅན་ཐམས་ཅད་ཀྱི་ཕན་པ་འདིར་སྐྱེ་བ་ཞེས་བྱས་པས་སོ། །སྒྲུབ་ཐབས་དུ་མ་ཡོད་པ་ཉིད་ཡིན་པ་དེས་ན། འདིས་ཅི་བྱ་སྙམ་ན། མཐའ་དྲུག་དོན་ནི་རྟོགས་པ་སྟེ། །ཞེས་གསུངས་པ་སྟེ། མཐའ་དྲུག་ནི་བཤད་པའི་ཁྱད་པར་ཏེ། ལྡེམ་པོར་དགོངས་ཏེ་བཤད་པ་དང་། ལྡེམ་པོར་དགོངས་པ་མ་ཡིན་པས་བཤད་པ་དང་། སྒྲ་ཅི་བཞིན་པ་དང་། སྒྲ་ཅི་བཞིན་མ་ཡིན་པ་དང་། ངེས་པ་དང་དྲང་བའི་དོན་གྱི་རང་ བཞིན་དོན་གང་ལ་ཡོད་པ་དེ་ནི་དེ་སྐད་ཅེས་བྱ་སྟེ། དེ་རྟོགས་པ་ལས་ཏེ་ཡོངས་སུ་ཤེས་པ་ལས་བདག་གིས་བརྗོད་དགོས་པ་ནི། ཁོ་བོ་ཅག་གི་མཐའ་དྲུག་བཤད་པས་རྒྱུ་བཤད་པར་བྱ་བ་ཡིན་པ་དེས་ན་རྒྱུད་ལ་འཇུག་པའི་དོན་དུ་སྒྲུབ་ཐབས་བྱེད་པ་ཡིན་ནོ། །སྒྲུབ་ཐབས་གཞན་ནི་རྒྱུད་ལ་འཇུག་ པའི་ཐབས་སུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །དགོས་པ་མེད་པ་རྟོགས་པ་དང་ལྡན་པ་འཇུག་པ་མེད་པ་མ་ཡིན་ནམ། དེས་ན་མདོར་བྱས་པའི་རིམ་པ་བསྒོམ་པ་ལ་དགོས་པ་ཅི་ཡོད་སྙམ་པའི་དོགས་པ་བསུ་ནས། དགོས་པ་སྟོན་པའི་ལྷུར་ལེན་པའི་ཚིགས་སུ་བཅད་ པ་གཉིས་གསུངས་པ་ནི་རྟོག་ཅེས་བྱ་བ་ལ་སོགས་པའོ། །མེད་པའི་དོན་དེ་རྣམ་པར་རྟོག་པར་བྱེད་ཅིང་རབ་ཏུ་འཇོག་པར་བྱེད་པས་རྣམ་པར་རྟོག་པ་སྟེ་མ་རིག་པའོ། །དེ་ཉིད་ནི་བག་ཆགས་ཡིན་ཏེ་སྐྱེད་བྱེད་ཡིན་པས་སོ། །དེ་ལས་བྱུང་བའི་ཉེས་པ་ནི་རྣམ་པར་རྟོག་པའི་བག་ ཆགས་ཉེས་པ་སྟེ་ཆགས་པ་ལ་སོགས་པའོ། །དེ་ཡང་འགྲོ་གསུམ་རྣམ་པར་རྨོངས་བྱེད་ཡིན་པས། དེ་སྐྱེས་པར་འགྱུར་བ་ལ་བལྟས་ནས་སོ། །རྣལ་འབྱོར་རྒྱུད་ནི་བསྡུས་པ་ལ་སོགས་པའོ། །དེས་བརྗོད་པའི་དོན་གྱིས་ཁྱད་པར་སྒྲུབ་ཐབས་བསྒོམ་པའི་མཚན་ཉིད་ཀྱང་ རྣལ་འབྱོར་རྒྱུད་ཀྱི་སྒྲས་བརྗོད་པར་བྱ་བ་ཡིན་པར་རྟོགས་པར་བྱ་སྟེ། ཐ་མི་དད་པས་ཉེ་བར་གནས་པས་སོ། །རྣལ་འབྱོར་རྒྱུད་དེས་སྦྱང་བར་བྱ། །ཞེས་འབྲེལ་ཏོ། །འདོད་པ་ནི་གཟུགས་ལ་སོགས་པ་སྟེ། དེ་དག་ཡོངས་སུ་སྤངས་ནས་གོས་ལྷྭམ་གསུམ་སྤོ་བ་ལ་སོགས་པ་ དཀའ་ཐུབ་རྣམས་ཀྱིས་བདག་ཉིད་གདུངས་པ་མ་ཡིན་པར་བྱ་སྟེ། དེ་བྱས་ན་སྡུག་བསྔལ་བར་གྱུར་ན་བྱང་ཆུབ་ནི་བདེ་བས་བསྒྲུབ་པར་བྱ་བ་ཡིན་ནོ། །གང་གིས་ཤེ་ན་རྣལ་འབྱོར་རྒྱུད་ཀྱི་རྗེས་འབྲངས་པ་སྟེ། འདིར་ཡང་རྣལ་འབྱོར་རྒྱུད་ཀྱི་སྒྲའི་དོན་ནི་སྔ་མ་བཞིན་ ཏེ་དེའི་རྗེས་འབྲངས་པ་སྟེ། རྗེས་སུ་བསྒྲུབས་པས་སོ། །འདི་སྐད་དུ་ལྷའི་རྣམ་པ་བསྒོམས་པས་འདི་ཐམས་ཅད་རྣམ་པར་སྦྱངས་ནས་སྤྱད་པར་བྱ་སྟེ། ཉེས་པ་ཡང་ལྷའི་རང་བཞིན་དེ་དང་དེར་རྟོགས་པས་བྱ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །མདོར་བྱས་ཀྱི་རིམ་པའི་དགོས་པ་འདི་ ནི་རྒྱུ་གང་གིས་ཡིན་པའི་རྒྱུ་དེས་ན། འདིར་ནི་སྡོམ་གནས་པ་ཞེས་བྱ་བ། ལྟུང་བ་སྤོམ་པོ་ལ་སོགས་པས་མ་གོས་པའོ། །དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཀྱི་ཚེ་དམ་ཚིག་ཉམས་པའི་ཉེས་པས་མི་ཕྱེད་པ་ཡིན་ནོ། །བརྟུལ་ཞུགས་རྟག་ལྡན་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་བརྟུལ་ཞུགས་དང་ལྡན་ པའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་ཏེ། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནི་བསྒོམ་པ་ཞེས་པ་སྟེ། འདིས་སྒྲུབ་པར་བྱེད་པས་སོ། །ནིའི་སྒྲ་ནི་ངེས་པར་གཟུང་བ་དང་རིམ་པ་གཞན་དུ་ཡིན་ཏེ། དགོས་པ་མཐོང་ནས་སྙམ་དུ་དགོངས་པའོ། །དེ་ལྟར་དགོས་པ་དང་ལྡན་ པས་འཇུག་པའི་ཡན་ལག་བསྟན་ནས། སྒྲུབ་པའི་གནས་གསུངས་པ་ནི། དགོན་པ་ཆེན་པོ་ལ་སོགས་པའོ། །དགོན་པ་ཆེན་པོའི་ཕྱོགས་ཆ་ནི་ཆུའི་གནས་ལ་སོགས་པ་རྣམས་ཀྱིས་ཡིད་འཕྲོག་པའི་ཕྱིར་མཆོག་ཏུ་གྱུར་པའོ། །མེ་ཏོག་དང་འབྲས་བུ་ལ་སོགས་པས་ བརྒྱན་པའི་རི་དང་། སྐྱེ་བོས་དབེན་པར་ཏེ། དབེན་པའི་གནས་གཞན་དག་ཏུ་ཡང་ངོ་། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་གང་དུ་ཡང་དག་པར་འདུ་ཞིང་འཛིན་པར་འགྱུར་བ་དེ་ནི་དངོས་གྲུབ་ཐམས་ཅད་བསྡུས་ཏེ་སངས་རྒྱས་ཉིད་དོ། །སྒྲུབ་ པ་ནི་བསྒྲུབ་པར་བྱ་བའོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། བརྗོད་པ་ནི་འཇམ་པའི་སྟན་ལ་ཞེས་བྱ་བ་ལ་སོགས་པའོ། །ཕྱེད་དང་པོ་འདི་ཡི་དོན་ནི་འདི་ཡིན་ཏེ། རྒྱུད་འདིར་བསྒོམ་པའི་དབང་དུ་བྱས་པའི་སྔགས་པ་ཐོ་རས་སྟན་ལས་ལངས་ནས་གདོང་བཀྲུ་བ་ལ་སོགས་པ་ བྱས་ནས་དྲི་ཞིམ་པོ་ལ་སོགས་པས་ཉེ་བར་བྱུགས་པའི་སའི་ཆར་ཡིད་དང་རྗེས་སུ་མཐུན་པར་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། མདུན་དུ་འཇུག་པའི་སའི་ཆ་ལ་བ་ལང་གི་ལྕི་བ་སོགས་པའི་དཀྱིལ་འཁོར་བྱས་པའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཆད་པར་འགྱུར་ བའི་མདོག་དང་ཕྱག་དང་མཚན་མ་ཅན་འཁོར་དང་བཅས་པ་བཞུགས་པར་མོད་ལ་དམིགས་ཏེ། དེ་ལ་འབྱོར་པ་ཅི་ལྟ་བ་བཞིན་མཆོད་པ་བྱས་ནས། དེའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོ་བསྒོམ་པ་ཡང་བྱའོ། །དེའི་རྗེས་ལ་ཞེ་སྡང་རྡོ་རྗེའི་ ཏིང་འཛིན་ལ། །གནས་པས་གནས་བསྲུང་རྣམ་པར་བསམ། །ཞེས་བྱ་བའོ། །འདི་ཡི་དོན་ནི་འདི་ཡིན་ཏེ། སྟོང་པ་ཉིད་དུ་ལྷག་པར་མོས་པས། །ཐ་མལ་པའི་ང་རྒྱལ་བསལ་ཏེ། ཡུད་ཙམ་ལ་བདག་ཉིད་ལ་འཆད་པར་འགྱུར་བའི་རིམ་པས། མདོག་དཀར་པོ་ལ་སོགས་ པའི་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའ་བསྲུང་བའི་འཁོར་ལོའི་དབུས་ན་རྣམ་གནས་པ་ཤེས་རབ་དང་བཅས་པ་རྣམ་པར་བསྒོམས་ནས། བསྐྱོད་པ་ལ་སོགས་པའི་བྱ་བས་ཤེས་རབ་ཀྱི་པདྨའི་ནང་དུ་ལྷུང་བའི་བྱང་ཆུབ་ཀྱི་སེམས་དཀྱིལ་འཁོར་གྱི་འཁོར་ལོའི་རང་བཞིན་དུ་བསྐྱེད་ལ། དེ་ལས་ནི་ བཛྲ་དྷྲཀ་ཅེས་པའི་སྔགས་བརྗོད་པས། མི་བསྐྱོད་པ་མདོག་ནག་པོ་ཞལ་གསུམ་པ་ཕྱག་དྲུག་པ་འཆད་པར་འགྱུར་བའི་མཚན་མ་ཅན་རང་གི་མདུན་ན་བཞུགས་པར་བལྟས་ཏེ་དེ་འོ་མ་ལ་ཆུའི་ཚུལ་དུ་རྗེས་སུ་ཞུགས་པས་བདག་ཉིད་ཨིནྡྲ་ནཱི་ལའི་མདོག་ཅན་གྱི་ཞེ་སྡང་རྡོ་རྗེའི་རང་བཞིན་དུ་ བསྒོམ་པར་བྱ། དེ་ནས་བྱང་ཆུབ་ཀྱི་སེམས་དེ་ལས་ཧཱུཾ་གི་ཡི་གེ་རིང་པོ་བཅུ་བརྗོད་དེ་ཕྱོགས་བཅུར་ཁྲོ་བོ་རྣམ་པར་སྤྲོ་བར་བྱའོ་ཞེས་སྟོན་པས་བརྗོད་པ་ནི། འབར་བའི་འོད་ལྡན་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཧཱུཾ་གི་ཡི་གེ་ལས་བྱུང་བ་ཡང་ཡིན་ལ། ཉི་མ་ལ་གནས་པ་ཡང་ ཡིན་པས་ཞེས་ཁྱད་པར་གྱི་བསྡུ་བའོ། །ཕྱོགས་བཅུ་པོ་རྣམས་ནི་དཀྱིལ་འཁོར་གྱི་མདུན་ནི་ཤར་ལ་སོགས་པའི་སྒོ་སྟེ། དེར་རིམ་བཞིན་ཏེ་གང་གི་སྒོ་གང་ཡིན་པ་དེ་ལས་མ་འདས་པར་རོ། །དེ་ལྟར་ཞེས་བྱ་བ་ནི་སྔར་བརྗོད་པའི་རིམ་པས་སོ། །བསམ་པར་བྱ་བ་ནི་བསྒོམ་ པར་བྱའོ། །འབར་བའི་འོད་ལྡན་འཇིགས་སུ་རུང་། །ཞེས་བྱ་བ་ལ་སོགས་པས་བགེགས་ཐམས་ཅད་བསལ་བར་བྱའོ་ཞེས་ཁོང་ནས་འབྱུང་ངོ་། །ད་ནི་ཕུར་བུས་གདབ་པ་གསུངས་པ་ནི་བགེགས་ཀུན་ཞེས་བྱ་བ་ལ་སོགས་པའོ། །དབང་པོ་ལ་སོགས་ པའི་བགེགས་རྣམས་གཞིག་པའི་དོན་ནི་མཐུ་ཉམས་པར་བྱ་བའི་ཕྱིར་རོ། །འོག་ཕྱོགས་ན་གནས་པའི་ཁྲོ་བོའི་རྒྱལ་པོ་གནོད་མཛེས་ཀྱིས་རང་གི་གནས་སུ་སྤྲུལ་པའི་གནོད་མཛེས་ཀྱི་རྒྱལ་པོ་གཉིས་པ་བཞག་ནས་རང་གི་མདུན་དུ་འོངས་ཏེ། མངག་གཞུག་གི་ཚུལ་དུ་བཀའ་ལུང་ ནོད་པར་བྱེད་པར་བསམས་ནས། ཨོཾ་སུཾ་བྷ་ཞེས་བྱ་བའི་སྔགས་ཀྱིས་ཕུར་བུས་གདབ་པའི་དོན་དུ་བཀའ་ལུང་བསྒོ་བར་བྱའོ། །དེ་ནས་གནོད་མཛེས་ཀྱི་རྒྱལ་པོ་བཀའ་ལུང་ཐོབ་ནས་ཕྱོགས་བཅུ་པོ་རྣམས་སུ་སོང་ནས་བགེགས་ཀྱི་བདག་པོ་རྣམས་ཀྱི་སྙིང་ག་ནས་ལྕགས་ཀྱུས་ཕུག་ཅིང་ མགྲིན་པ་ནས་ཞགས་པས་བཅིངས་ནས་ཁྲིད་དེ་འོངས་ཏེ་ཁྲོ་བོ་བཅུ་པོ་རྣམས་ལ་གཏོང་བར་བསམ་མོ། །དོན་འདི་ཉིད་བསྟན་པའི་ཕྱིར་གསུངས་པ་ནི། ཁྲོ་བོ་གཟུགས་ཅན་འདི་ཡིས་ནི། །ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་བརྗོད་མ་ཐག་པའི་ཚུལ་གྱིས་ སོ། །སྦྱོར་བ་ཡིས་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་སྔགས་བརྗོད་པས་སོ། །ཆོ་ག་བཞིན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ཕུར་བུ་འདེབས་པའི་ཆོ་གས་སོ། །དེ་ཉིད་སྟོན་པ་ནི་རྡོ་རྗེ་བདུད་རྩི་ཞེས་བྱ་བ་ལ་སོགས་པ་སྟེ། བདུད་རྩི་འཁྱིལ་པས་བྱང་གི་སྒོར་སྤྲུལ་པ་གཉིས་པ་ བཞག་ནས་བདག་ཉིད་ཕུར་བུ་བཅུའི་རྣམ་པར་འཕྲུལ་བར་བསམ་མོ། །ཕུར་བུའི་རྣམ་པར་གསུངས་པའི་ལྟེ་བའི་ཕྱོགས་ནས་ཞེས་བྱ་བ་ལ་སོགས་པ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། གཙོ་བོའི་ཞལ་ནི་མདོག་སྔོན་པོ། གཡས་དཀར་བ་གཡོན་དམར་བ་སོ་སོར་སྤྱན་ གསུམ་པའོ། །ཕྱག་དྲུག་ནི་ཕྱག་གཡས་ན་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་ཨུཏྤ་ལ་བསྣམས་པའོ། །གཡོན་རྣམས་ན་ནི་སྙིང་གའི་སྡིགས་མཛུབ་ཞགས་པ་དང་བཅས་པ་དང་། དྲིལ་བུ་དང་དགྲ་སྟ་ཡིན་པར་རིག་པར་བྱའོ། །ད་ནི་གང་གིས་ཇི་ལྟར་ཕུར་བུས་གདབ་པར་ བྱ་བ་དེ་དེ་བཞིན་དུ་སྟོན་པས་གསུངས་པ་ནི་འོག་ཏུ་ཞེས་བྱ་བ་ལ་སོགས་པའོ། །གནོད་མཛེས་རྒྱལ་པོ་ནི་ནག་པ་དང་དཀར་བ་དང་དམར་བའི་ཞལ་སྤྱན་གསུམ་པོ་ཆེ་འཇིགས་པར་བྱེད་པ་མི་བསྐྱོད་པ་དབུ་རྒྱན་ཅན་ཞལ་སོ་སོ་ལ་སྤྱན་གསུམ་ཡོད་པ། ཕྱག་གཡས་རྣམས་ན་རྡོ་རྗེ་ ཐོ་བ་དང་འཁོར་ལོ་དང་རིན་པོ་ཆེ། གཡོན་རྣམས་ནི་སྙིང་གར་སྡིགས་མཛུབ་ཞགས་པ་དང་བཅས་པ་དང་པདྨ་དང་ཁ་ཊྭཱཾ་ག་འཛིན་པ་སྟེ། བགེགས་ཀྱི་ཚོགས་ཕྱོགས་བཅུ་ན་གནས་པ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་ཕུར་པས་བཏབ་ནས། ཨོཾ་གྷ་གྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཟློ་ཞིང་རྡོ་ རྗེ་ཐོ་བས་བརྡུངས་ཏེ། རྐང་མཐིལ་གྱི་བར་དུ་ཕུར་བུས་གཟེར་བར་བྱའོ་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་དོན་ཏོ། །སྔགས་དེ་ཉིད་སྟོན་པར་བྱེད་པ་ནི་ཨོཾ་ཞེས་བྱ་བ་ལ་སོགས་པས་སོ། །བརྗོད་ཟིན་པའི་གནོད་མཛེས་རྒྱལ་པོའི་རང་བཞིན་གསུངས་པ་ནི་གནོད་མཛེས་རྒྱལ་པོའི་ཞེས་བྱ་ བ་ལ་སོགས་པས་སོ། །ད་ནི་ཁྲོ་བོ་རྣམས་ཀྱིས་བྱས་ཟིན་པའི་བྱ་བ་སྟོན་པས་བྱ་བ་གཞན་གསུངས་པ་ནི། རྡོ་རྗེ་མེ་ཡང་རྣམ་པར་བསམ་སྟེ་ཞེས་ཏེ་ཞེས་བྱ་བ་ལ་སོགས་པའོ། །སྤྲོས་ཟིན་པའི་ཁྲོ་བོ་བཅུ་པོས་བགེགས་རྣམས་ཕྱོགས་བཅུ་རྣམས་སུ་བྲོས་པ། ཁྲོ་བོ་བདག་ཉིད་ཀྱི་ལུས་ ལས་འཕྲོས་པའི་མེ་ལྕེ་འབར་བ་རྣམས་ཀྱིས་ཚིག་པར་ཡང་བལྟའོ། །དེའི་རྗེས་ཐོགས་སུ་སྔར་བརྗོད་པའི་གནོད་མཛེས་ཀྱིས་ཕྱོགས་བཅུར་ཕུར་བུས་གདབ་པར་བྱའོ། །ཕུར་བུས་བཏབ་ནས་ཀྱང་། སྟེང་འོག་དག་ཀྱང་བྱིན་གྱིས་བརླབ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། གནག་པ་དང་དཀར་ བ་དང་དམར་བ་དང་སྔོ་བ་ཡི། ཊཀྐི་ཧཱུཾ་ཛ་ཞེས་བྱ་བ་རྣམས་ཀྱིས་རིམ་པ་ཇི་ལྟ་བ་བཞིན། གནག་པ་དང་དཀར་བ་དང་དམར་བ་དང་སྔོ་བ། ལྕགས་དང་ཆུ་དང་མེ་དང་རླུང་གི་རང་བཞིན་གྱི་ར་བ་བཞི་ཕྱི་རོལ་དུ་རྣམ་པར་བསམས་ནས། བྲུཾ་དཀར་པོའི་སྟེང་དུ་རྡོ་རྗེའི་དྲ་བ་མཆོད་རྟེན་ལྟ་བུ་ལྕགས་ཀྱི་ར་ བའི་སྟེང་ན་རྣམ་པར་གནས་པ་ཡི་གེ་གསུམ་པོར་རབ་ཏུ་དྲག་པོའི་ཁ་དོག་ཅན་གྱི་གོ་ཆ་བྱས་པ་དང་། ཧཱུཾ་ནག་པོ་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱི་སའི་ཆ་རྣམ་པར་བསམ་པར་བྱའོ། །དེ་ལྟར་བྱིན་གྱིས་བརླབས་ནས་འོད་གསལ་བར་འཇུག་པར་བྱའོ་ཞེས་སྟོན་པ་ནི་སྲིད་པ་གསུམ་པོ་ཞེས་བྱ་ བ་ལ་སོགས་པའོ། །སྲིད་པ་གསུམ་པོ་ནི་ཁམས་གསུམ་པོ། དོན་དམ་དུ་སྟེ་འོད་གསལ་བའི་རང་བཞིན་གྱིས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ། བསྲུང་བའི་འཁོར་ལོ་ཡང་ངོ་བོ་ཉིད་མེད་པར་བལྟ་བ་སྟེ། ཐམས་ཅད་འོད་གསལ་བའི་རང་བཞིན་དུ་བསྒོམ་པར་བྱའོ་ ཞེས་བྱ་བའི་དོན་ཏོ། །འདི་ཡང་བསྲུང་བའི་འཁོར་ལོ་ཡིན་ནོ། །ད་ནི་དོན་གང་སེམས་ལ་བཞག་ནས་འོད་གསལ་བ་བསྒོམ་པའི་དོན་ཏེ། བསྟན་པའི་དོན་གསུངས་པ་ནི། མེད་ལ་ཞེས་བྱ་བ་ལ་སོགས་པའོ། །བརྟན་པ་དང་གཡོ་བའི་དོན་ཐམས་ཅད་མེད་པར་འགྱུར་བ་ལ་ནི་སྒོམ་པ་ ཡོད་པ་མ་ཡིན་ཏེ། བསྒོམ་པར་བྱ་བ་མེད་པའི་ཕྱིར་རོ། །ཡོད་པ་བསྒོམ་པ་གང་ཡིན་པ་དེ་ཡང་སྒོམ་པ་མེད་པ་ཉིད་ཡིན་ཏེ། སྒོམ་པ་མེད་ཀྱང་སྒོམ་པ་ཡོད་པའི་ཕྱིར་རོ། །དེ་ལྟར་དེ་ཚུལ་ལུགས་དེ་ལྟར་ན་ཡོད་པ་དང་མེད་པ་དང་ལྡན་པའི་དངོས་པོ་གང་ཡིན་པ་དེ་ནི་ངོ་བོ་མེད་པར་འགྱུར་རོ། ། དེའི་ཕྱིར་སྒོམ་པ་མི་དམིགས་སོ། །འདི་ནི་ཉེ་བར་མཚོན་པ་སྟེ། སྒོམ་པ་པོ་དང་བསྒོམ་པར་བྱ་བ་ཡང་མི་དམིགས་པར་རིག་པར་བྱའོ། །དོན་འདི་ཉིད་ཚིགས་སུ་བཅད་པས་བསྟན་པའི་དོན་གསུངས་པ་ནི་བརྟན་གཡོའི་བདག་ཉིད་ཅེས་བྱ་བ་ལ་སོགས་པའོ། །བརྟེན་པ་དང་གཡོ་ བ་ནི་བདག་ཉིད་སྣོད་དང་སེམས་ཅན་གྱི་རང་བཞིན་རྣམས་མེད་པ་ལ་ཞེས་བྱ་བ་ལ་སོགས་པའོ། །ཚིགས་སུ་བཅད་པ་འདིས་དངོས་པོ་སྟོང་པ་ཉིད་དུ་བསྒོམ་མོ། །དེ་བསྒོམས་ནས་རྡོ་རྗེའི་རང་བཞིན་གྱི་ས་གཞི་བསྒོམ་པར་བྱའོ་ཞེས་བསྟན་པ་དོན་དུ་གསུངས་པ་ནི། སྒྲུབ་པའི་རྣལ་འབྱོར་ འདི་ཡིས་སུ། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་མ་ཐག་ཏུ་འཆད་པར་འགྱུར་བའི་སྒྲུབ་པའི་རྣལ་འབྱོར་རོ། །བསྒྲུབ་པར་བྱ་བས་ན་སྒྲུབ་པ་སྟེ། རླུང་ལ་སོགས་པའི་དཀྱིལ་འཁོར་རོ། །དེ་དག་གི་རྣལ་འབྱོར་ནི་ཏིང་ངེ་འཛིན་དེ་བསྒོམ་པ་སྟེ་དེས་སོ། །ཡེ་ཤེས་ས་གཞི་ཞེས་བྱ་བ་ ལ་དཀྱིལ་འཁོར་བཞི་འདུས་པས་བསྐྱེད་པའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་ནི་ཡེ་ཤེས་ས་གཞི་ཡིན་ཏེ། བསྒོམ་པ་ནི་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །བྱིན་གྱིས་བརླབ་པ་ནི་བསྐྱེད་པའོ། །འདི་ཉིད་སྟོན་པར་བྱེད་པ་ནི་ཧཱུཾ་གཉིས་ཞེས་བྱ་བ་ནས་བཟུང་སྟེ། རྡོ་རྗེ་ས་གཞི་ དཀྱིལ་འཁོར་འཆར། །དཀྱིལ་འཁོར་གཞི་བོ་བསུས་ནས་སུ། །ཞེས་བྱ་བའི་མཐར་ཐུག་པས་སོ། །རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ཅན་མདོག་སྔོན་པོ། ནམ་མཁའི་ཁམས་ཀྱི་དབུས་གནས་པ། །ཞེས་བྱ་བ་ནམ་མཁའི་དབུས་སུ་བསྒོམ་པར་བྱའོ། །དེ་ཡང་ཧཱུཾ་ གཉིས་ཡཾ་གི་ས་བོན་ལས་སྐྱེས་པ་ཡིན་ཏེ། ངོས་གཉིས་ཧཱུཾ་ནག་པོ་གཉིས་ཀྱི་དབུས་ན་གནས་པའི་ཡཾ་ཡིག་སྔོན་པོ་ཡོངས་སུ་གྱུར་པ་ཡིན་ནོ། །རྡོ་རྗེ་གཉིས་ལྡན་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་གཉིས་པོ་ཉིད་ཀྱི་ངོས་གཉིས་སུ་བསྐྱེད་པའི་རྡོ་རྗེ་རྩེ་ལྔ་པ་ནག་པོ་གཉིས་ཀྱིས་མཚོན་པའོ། །དེའི་སྟེང་དུ་ ནི་མེའི་དཀྱིལ་འཁོར་གྲུ་གསུམ་ཁ་དོག་དམར་པོ་བསྒོམ་པར་བྱའོ། །ཧཱུཾ་གཉིས་རལ་གྲི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །ས་བོན་གྱི་ཡི་གེ་དམར་པོ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་ཡིན་ནོ། །མེའི་དཀྱིལ་འཁོར་དེའི་སྟེང་དུ་ནི་ཆུའི་དཀྱིལ་འཁོར་ཟླུམ་པོ་མདོག་དཀར་པོ་བསྒོམ་ མོ། །དེ་ལ་ཡང་ཧཱུཾ་གཉིས་བཾ་གྱི་ས་བོན་ལས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ལ། ས་བོན་གྱི་ཡི་གེ་ཁ་དོག་དཀར་པོ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །ཆུའི་དཀྱིལ་འཁོར་དེའི་སྟེང་དུ་ནི་སའི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་བསྒོམ་པར་བྱའོ། །ཧཱུཾ་གཉིས་ལམ་གྱི་ས་བོན་ ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །ས་བོན་གྱི་ཡི་གེ་མདོག་སེར་པོ་ཡིན་པར་ཤེས་པར་བྱའོ། །འདི་ཐམས་ཅད་རྣམ་པར་བསམས་ནས་དཀྱིལ་འཁོར་བཞི་པོ་བསྡུས་པས་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ཙམ་བསྒོམ་པར་བྱའོ། །སྒོམ་པ་དེ་ལ་ ཁང་པ་བརྩེགས་མ་བསྒོམ་པར་བྱའོ་ཞེས་སྟོན་པ་ནི། དེར་ནི་ཞེས་བྱ་བ་ནས་བཟུང་སྟེ་རྔ་ཡབ་སོགས་ཀྱིས་རྣམ་བརྒྱན་པའོ་ཞེས་བྱ་བའི་མཐར་ཐུག་པས་སོ། །རྡོ་རྗེའི་རང་བཞིན་གྱི་སའི་ཆ་དེར་ནི་ཡི་གེ་ཨ་ཡོངས་སུ་གྱུར་པའི་ཆོས་འབྱུང་དཀར་པོ་གྲུ་གསུམ་པ་རྣམ་པར་བསམས་ནས་དེའི་བུ་གའི་ དབུས་སུ་ཁ་དོག་སྣ་ཚོགས་པའི་བཾ་གྱི་ས་བོན་ལས་སྐྱེས་པའི་སྣ་ཚོགས་པདྨའི་ལྟེ་བར་ཡི་གེ་ཧཱུཾ་མདོག་སྣ་ཚོགས་པ་ཡོངས་སུ་གྱུར་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་བྲུཾ་ཡིག་དཀར་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་རྣམ་པར་བསམས་ནས་དེ་ཡོངས་སུ་གྱུར་པ་ལས་ཁང་པ་བརྩེགས་མ་བསྒོམ་ པར་བྱའོ་ཞེས་བྱ་བར་དགོངས་པའོ། །དེ་ལྟ་བུའི་ཁྱད་པར་ཅན་ལྷ་དང་མི་རྣམས་ལས་འདས་པའི་ཁང་བཟངས་མཆོག་སའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་བསམས་ཏེ། གནས་ཅི་ལྟ་བ་བཞིན་དུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་དང་ཉི་མ་ལ་སོགས་པའི་གདན་ཡང་ རྣམ་པར་བཞག་ནས་གཞི་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་ཅན་གྱི་རྡོ་རྗེ་གསུམ་བསྐྱེད་པ་བསྒོམ་པར་བྱའོ་ཞེས་གསུངས་པས་ན་རང་ཉིད་ཐ་མལ་པའི་ང་རྒྱལ་སྤངས་ནས་ཡུད་ཙམ་ལ་བདག་ཉིད་དཀྱིལ་འཁོར་བའི་ལྷས་བསྐོར་བའི་རྡོ་རྗེ་འཆང་གི་རང་བཞིན་དུ་བསྒོམ་པར་བྱའོ་ཞེས་སྟོན་ པ་ནི་བདག་ཉིད་ཕྱག་རྒྱ་དང་ལྡན་ཞིང་ཞེས་བྱ་བར་བཟུང་སྟེ། སྟེང་དུ་དེ་བཞིན་བསམ་པར་བྱ། །ཞེས་བྱ་བ་ནི་མཐར་ཐུག་པས་སོ། །འདི་ཐམས་ཅད་ནི་གོ་བར་སླ་བས་མ་བཤད་དོ། །འདི་དག་ནི་ཕྱག་དང་མདོག་དང་མཚན་མ་དང་གདན་བཞི་ནི་དཀྱིལ་འཁོར་སྤྲོ་བའི་དུས་སུ་ བརྗོད་པར་བྱ་བ་ཡིན་པས་འདིར་མ་བསྟན་ཏོ། །དེའི་རྗེས་ཐོགས་སུ། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །རྡོ་རྗེ་སྐྱེ་མཆེད་དག་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་མ་ཡིན་པར་བརྗོད། །ཆུ་ཁམས་ མཱ་མ་ཀཱིར་བརྗོད་དེ། །མེ་ནི་གོས་དཀར་ཞེས་བྱ་ཡིན། །རླུང་ནི་སྒྲོལ་མར་རབ་གྲགས་ཏེ། སྔགས་པས་གཟུགས་དང་སྒྲ་སོགས་ཀྱིས། །ལྷ་ནི་རབ་ཏུ་བསྒོམ་པར་བྱ། །ཞེས་བྱ་བ་རྒྱུད་ཀྱི་དོན་མངོན་དུ་བྱས་ནས་མོས་པས་ཡོངས་སུ་བསྒོམས་པ་ཐམས་ཅད་ལུས་ཀྱི་དཀྱིལ་ འཁོར་ལ་གཞུག་པར་བྱའོ་ཞེས་སྟོན་པས་གསུངས་པ་ནི་ཆོ་ག་ཅི་བཞིན་ཞེས་བྱ་བ་ལ་སོགས་པའོ། །ཆོ་ག་ཇི་ལྟ་བ་བཞིན་པ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གོ་རིམས་ལས་མ་འདས་པར་དགོད་པའོ། །དེ་དག་ཁ་སྦྱོར་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། དེ་དག་གཟུགས་ ཀྱི་ཕུང་པོ་ལ་སོགས་པ་རྣམས་སུ་བསྡུས་པ་ཉིད་ཁ་སྦྱོར་ཡིན་ལ། དེ་ནི་རྣལ་འབྱོར་གྱིས་ཏིང་ངེ་འཛིན་བསྒོམ་པ་སྟེ། དེས་དཀྱིལ་འཁོར་གྱི་བདག་པོའི་རང་བཞིན་དུ་གྱུར་པའི་རང་གི་ལུས་སུ་གཞུག་པར་བྱའོ། །དེའི་འོག་ཏུ་ཇི་ཞིག་བྱ། །ཞེ་ན་བརྗོད་པ་ལུས་འཁོར་ལ་བརྟེན་ ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟ་ཇི་ལྟ་བ་བཞིན་དུ་ལུས་ཀྱི་འཁོར་ལོ་ལ་བརྟེན་པའི་སངས་རྒྱས་དེ་རྣམས་དེ་ལྟར་འཆད་པར་འགྱུར་བའི་ཚུལ་དུ་ཇི་ལྟ་ཇི་ལྟ་བ་བཞིན་དུ་བསམས་ནས་ཏེ་བཀོད་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་གྱུར་པ་ན་དེ་ བཞིན་གཤེགས་པ་ཐམས་ཅད་རྡུལ་ཕྲ་རབ་ཀྱི་ཡོངས་སུ་བསྒྲུབས་པའི་རང་བཞིན་དོན་དམ་པའི་འཁོར་ལོ་དེ་བྱེད་པར་གྱུར་པས་དེ་བཞིན་དུ་སྟེ། འོད་གསལ་བར་གཞུག་པར་བྱ་སྟེ་ཞུགས་པར་བསྒོམ་པར་བྱའོ། །འདི་ཉིད་སྟོན་པ། དེ་བཞིན་གཤེགས་པའི་ཚོགས་ བསད་ན། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་ཚོགས་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་འཁོར་ལོ་སྟེ། གཟུགས་ཀྱི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་དོ། །བསད་ན་ཞེས་བྱ་བ་དེ་བཞིན་ཉིད་དུ་བཅུ་ནའོ། །དེ་ལྟར་ཡིན་ན་དངོས་གྲུབ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་ པ་སྟེ། ལྡང་བ་ཞེས་བྱ་བའི་དོན་ཏོ། །དེ་འཐོབ་ཅིང་རྙེད་པར་འགྱུར་རོ། །འདི་ནི་རྩ་བའི་རྒྱུ་ཡིན་ལ་འདི་ཡི་དོན་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གཞུག་པ་སྔོན་དུ་འགྲོ་བ་ཅན་གྱི་འོད་གསལ་བར་གཞུག་པའི་མཚན་ཉིད་ནི། བཤད་ པའི་རྒྱུད་རྡོ་རྗེ་ཕྲེང་བ་ཞེས་བྱ་བར་ཇི་ལྟར་གསལ་བར་འགྱུར་བའི་དེ་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ཁོ་ནས་ཕྱུང་སྟེ་རྣམ་པར་ཕྱེ་བ་ཡིན་ནོ། །ཇི་ལྟར་ཕྱེ་བ་ཡིན་ཞེ་ན། ཇི་བཞིན་ཞེས་བྱ་བའོ། །གཟུགས་ཕུང་ཞེས་བྱ་བ་ནི། གཟུགས་ཀྱི་ཕུང་པོའི་ངོ་བོ་ཉིད་རྣམ་པར་སྣང་མཛད་དེ། འདི་ནི་ གཟུགས་ཀྱི་ཕུང་པོའི་ནང་དུ་འདུ་བ་ཡིན་ནོ། །མེ་ལོང་རྟོགས་པ་ན་གཤིན་རྗེ་མཐར་བྱེད་དེ། ལག་པ་གཡོན་པར་འདུ་བའོ། །སའི་ཁམས་ནི་སྤྱན་མ་སྟེ་སར་འདུ་བ་ཡིན་ནོ། །མིག་གི་དབང་པོ་ནི་སའི་སྙིང་པོ་སྟེ་མིག་དག་ཏུའོ། །གཟུགས་ནི་གཟུགས་རྡོ་རྗེ་མ་སྟེ་གཟུགས་ཐམས་ཅད་ལའོ། །ཁྲོ་བོ་དང་ནི་བྱམས་པར་ལྡན། ། ཞེས་བྱ་བ་ལ། ཁྲོ་བོ་ནི་མི་གཡོ་བ་སྟེ། རྩིབ་ལོགས་གཡས་པར་རོ། །བྱམས་པ་ནི་མགོ་བོར་རོ། །འདིས་ནི་མཚམས་དང་བཅས་པའི་ཤར་ཕྱོགས་ན་གནས་པའི་ལྷ་རྣམས་ནང་དུ་འདུ་བ་བརྟེན་པ་ཡིན་ནོ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་བ་སྟེ། ཚོར་བའི་ཕུང་པོའི་ནང་དུ་