Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 27
Văn bản gốc(Tây Tạng)
Trang 4 / 20 (50.000 ký tự/trang)
་གཞག་པའོ། །དེ་ལྟར་ཇི་སྙེད་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་བར་དེ་སྙེད་ཉིན་རེ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་མངོན་པར་ཤེས་པ་བསྐྱེད་པར་བྱ་བའི་ཐབས་ཀྱིས་མངོན་པར་ཤེས་པ་བསྐྱེད་པར་བྱས་ནས་ཚོགས་ཀྱི་དཀྱིལ་འཁོར་བྱས་ཏེ། གཏམ་དང་ མཚན་མའི་ཕྱག་རྒྱའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འགྲུབ་པར་བྱའོ། །དེ་ལྟར་ཉེ་བའི་སྙིང་པོ་དེ་ཉིད་ཤེས་པའི་དེ་ཁོ་ན་ཉིད་བསྒྲུབ་པ་བསྟན་ནས། ཡང་སྙིང་པོ་དང་ཉེ་བའི་སྙིང་པོ་གཉིས་ཀྱི་ངོ་བོ་གསུངས་པ། དེ་ཉིད་གསང་བ་གསང་ཆེ་ན་ཡང་། །ཞེས་པ་ལ་སོགས་པ་སྟེ། དེ་ལ་དཀྱིལ་ འཁོར་ལ་སོགས་པའི་ངོ་བོ་ཉིད་རྣམ་པ་བཅུ་ནི་དེ་ཉིད་ཅེས་ཏེ། རང་གི་སྙིང་གར་དཀྱིལ་འཁོར་སྒོམ་པ་པོས་དཀྱིལ་འཁོར་གྱི་ཚུལ་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་བ་ཞེས་པའོ། །ཀུན་དུ་སྦྱོར་བ་གྲུབ་པ་དེས་གང་གཏན་ལ་ཕབ་པའི་ཡེ་ཤེས་ནི་གསང་ཆེན་ཞེས་པའོ། །དེ་ཉིད་ལ་སོགས་ པ་དེ་དག་གསུམ་ནི་སྙིང་པོར་གསུངས་སོ། །སྙིང་པོར་རྗེས་སུ་འགྲུབ་པ་ནི། །ཉེ་བའི་སྙིང་པོར་ཡོངས་གྲགས་སོ། །ཞེས་པ་ནི་ཇི་ལྟར་གསུངས་པའི་སྙིང་པོ་ཐོབ་པའི་དོན་དུ་དཀྱིལ་འཁོར་ལ་བཙུད་པ་དང་། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་ངེ་འཛིན་གྱི་མཚན་ཉིད་ཚོལ་བའི་ ལས་ནི། སྙིང་པོ་རྗེས་སུ་གྲུབ་པ་པོ་བསྐྱེད་པ་ནི། ཉེ་བའི་སྙིང་པོར་ཡོངས་གྲགས་སོ། །ཞེས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། གྲུབ་པ་ཇི་སྙེད་དེ་སྙེད་ཐམས་ཅད་ཉེ་བའི་སྙིང་པོའོ། །དེ་ཡིས་འབྲས་བུར་གྱུར་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་གཏན་ལ་ཕབ་པའི་ཡེ་ཤེས་ ནི་སྙིང་པོ་ཞེས་པའོ། །ད་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་དོན་ཡོད་ཀྱི་དམ་ཚིག་གི་སྒྲའི་དོན་གསུངས་པ། འདི་ལ་ཇི་ལྟར་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་དམ་ཚིག་གི་རྒྱུད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཀུན་ཡང་དེ་འགྲུབ་ཡང་དེ་ཉིད་པས། ཀུན་འགྲུབ་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་མངོན་དུ་བསྐྱེད་པའོ། །དེས་ནི་ཟད་མེད་བདེ་བ་ནི། །ཞེས་པ་ནི་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་མཚན་ཉིད་ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་རྟག་པར་གནས་པའོ། །དེ་གང་ཡིན་ཞེ་ན་གསུངས་པ། བདེ་བ་ཆེན་པོ་ཞེས་སུ་ གྲགས། །ཞེས་ཏེ། དེ་ཉིད་གཟུང་འཛིན་རྣམ་པར་རྟོག་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་དབྱེར་མེད་པའི་ཕྱིར། དེ་ཉིད་རྡོ་རྗེ་ཅན་དང་ནི། །དེ་ནི་རྡོ་རྗེ་འགྲུབ་པ་སྟེ། །ཞེས་པ་སྟེ་དོན་ཡོད་དམ་ཚིག་ཅེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་གཉིས་ཀྱི་ སྐད་ཅིག་མ་རེ་རེ་ཁོ་ན་ལ་སྐྱེ་བའི་རྒྱུ་བདེ་བ་ཆེན་པོ་རྡོ་རྗེ་ཅན་དེ་འགྲུབ་པ་ན་དོན་ཡོད་དམ་ཚིག་ཅེས་པའོ། །ཅིའི་ཕྱིར་བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པ་དེ་དོན་ཡོད་དམ་ཚིག་ཡིན་ཞེ་ན་གསུངས་པ། འདའ་ཀ་ཡིན་ཞེས་པ། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་བསྐྱེད་པར་བྱ་བ་དེ་ནི་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་ནོ། །ད་ནི་དཀྱིལ་འཁོར་གྱི་དོན་རྒྱུད་ལ་སོགས་པའི་ཞེས་པ་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དོན་ཡིན་ཞེ་ན་ཞེས་པ་སྟེ། དེ་ལ་ཇི་ལྟར་གནས་སུ་ཁཾ་འཁོར་ལོ་ཞེས་པ་ནས་བརྩམས་ནས། ཇི་སྙེད་ཇི་ལྟར་འདོད་པའི་བར། ། ཅི་བདེ་བར་ནི་བཤད་པར་བྱ། །ཞེས་པའི་བར་ནི་བཤད་ཟིན་ཏོ། །ནང་གི་དཀྱིལ་འཁོར་དང་ལྡན་པ། །རེའུ་མིག་བརྒྱད་ལ་འདོད་པ་སྟེ། །ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནང་གི་དཀྱིལ་འཁོར་མངོན་སུམ་དུ་བྱས་ནས་གསུངས་པའོ། །དེ་དག་ཐམས་ཅད་ཀྱི་ནི་དཀྱིལ་ འཁོར་གྱི་རེའུ་མིག་བརྒྱད་པ་དང་། ལྟེ་བའི་རེའུ་མིག་དང་དགུར་འདོད་པའོ། །ནང་གི་དཀྱིལ་འཁོར་ཞེས་པའི་སྒྲའི་དོན་གསུངས་པ། ཕྱི་ཡི་དཀྱིལ་འཁོར་དབུས་གནས་པས། །ནང་གི་དཀྱིལ་འཁོར་དུ་ནི་འདོད། །ཅེས་པའོ། །རེའུ་མིག་དགུ་པའི་གནས་ཀྱི་ཚད་གསུངས་པ། རེའུ་མིག་ བརྒྱད་ཀྱི་དབུས་གནས་པ། །གཙོ་བོའི་དཀྱིལ་འཁོར་འདོད་པ་ཡིན། །ཞེས་པའོ། །ཇི་ལྟར་བདེ་བར་དཀྱིལ་འཁོར་ཞེས་པ་ནས། ཇི་སྙེད་དཀྱིལ་འཁོར་རྟོགས་པར་བྱ། །ཞེས་པའི་བར་ནི་བཤད་ཟིན་ཏོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། །རང་སེམས་བྲི་བར་སྦྱོར་བ་ཡིན། །ཞེས་པ་ནི་ སྦྱོར་བ་དང་པོའི་ཏིང་ངེ་འཛིན་ནི། འདིར་སྐུ་བྲིས་པའི་སྦྱོར་བ་ཡིན། །ཞེས་བཤད་པའོ། །འདིར་སྐུ་བྲིས་པའི་སྦྱོར་བ་ཡིས། །སྦྱོར་བ་དང་པོའི་ཏིང་ངེ་འཛིན་གྱིས་རང་གི་སྙིང་ག་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཁོར་དང་བཅས་པ་ཡིད་ཀྱིས་སྤྲུལ་ཏེ། གནས་ཇི་ལྟ་བ་བཞིན་དུ་ བཞུགས་སུ་གསོལ་ལོ། །དེ་ནི་རང་གི་སེམས་ཀྱིས་བྲིས་པའི་དཀྱིལ་འཁོར་བསྒྱུར་བའོ། །ལྷག་ཆད་ཆོ་གར་གྱུར་ན་ཡང་། །བསྒྲུབས་ཏེ་སྐྱོན་དུ་མི་འགྱུར་རོ། །ཞེས་པ་ནི་བཤད་ཟིན་ཏོ། །དེ་ལ་ཇི་ལྟར་བཅོམ་ལྡན་འདས། །གསང་བ་ལྔ་ཡི་དེ་ཉིད་ཡིན། །ཞེ་ན། ཞེས་པ་ནས་བརྩམས་ནས། གོམས་པའི་གཙོ་བོ་ཞེས་པའི་བར་ཡང་བཤད་ཟིན་ཏོ། །སེམས་དཔའ་གདོད་མ་ཐ་མ་མེད་ཕྱིར་ཡང་། །མཆོག་གི་དང་པོ་ཞེས་འདོད་དོ། །ཞེས་པ་ནི་ད་ལྟའི་དུས་ཀྱི་རང་བཞིན་གྱིས་བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ་ཡང་རྟག་པར་གནས་པའི་ཕྱིར་གདོད་མ་དང་ཐ་མ་མེད་ཅེས་པའོ། ། ཡང་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །མཆོག་གི་ཞེས་པ་ནི་རབ་པོ། །དང་པོ་ཞེས་པ་ནི་གོང་དུ་གསུངས་པའི་རིམ་པ་ཡིས་སོ། །འཁོར་ལོ་ཀུན་གྱི་གཙོ་བོའི་ཕྱིར། །དམ་པ་དམ་པའི་དབང་ཕྱུག་ཡིན། །ཞེས་པ་ནི། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ནི་འཁོར་ལོ་ཀུན་ཞེས་པའོ། ། དེ་དག་གི་བདག་པོ་བསྐྱེད་པའི་རྒྱུ་ཉིད་དུ་གྱུར་པ་ནི་གཙོ་བོ་ཞེས་པའོ། །དམ་པ་ཞེས་པ་ནི་རབ་བོ། །དམ་པའི་དབང་ཕྱུག་ཅེས་པ་ནི་གོ་སླའོ། །ད་ནི་དེའི་རང་བཞིན་གསུངས་པ། དེ་ལ་ཇི་ལྟར་བཅོམ་ལྡན་འདས། །གང་ལགས་ཇི་ལྟར་ལགས་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་ཆེན་པོ་ཞེས་པ་ ནི་མི་བསྐྱོད་པའི་རང་བཞིན་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ལ་སོགས་པའི་ཚོགས་སོ། །འདོད་པ་ཆེན་པོ་ཡང་དེ་ཀུན་གྱི་མཆོག་ཀྱང་དེ་ཉིད་པས། འདོད་ཆེན་ཀུན་གྱི་མཆོག་ཅེས་པའོ། །དེ་སྔོན་དུ་རྟོགས་པའི་མཐུས་སྐྱེད་པར་བྱེད་པའི་དགའ་བ་ནི་ཡིད་དགའ་བ་ཞེས་པའོ། ། དེ་རྒྱུར་གྱུར་པས་ཀུན་དུ་ཁྱབ་པ་ཅུང་ཟད་འཛུམ་པ་དེ་དེ་ལྟར་རོ། །དུས་གཅིག་ཙམ་གྱི་བར་དུ་བཅོམ་ལྡན་འདས་ཡིད་བདེ་བ་དེས་འཛུམ་པ་ཡིན་ཞེ་ན། གསུངས་པ་རྟག་པར་འཛུམ་པ་ཞེས་པ་ལ་སོགས་ཏེ། སྐད་ཅིག་མ་རེ་རེ་ཁོ་ན་ལ་གཞན་དང་གཞན་གྱི་མཐར་ཐུག་པའི་བར་དུ་ཞེས་པའི་དོན་ཏོ། ། དེ་ནས་དེ་ཡི་ཟླ་བའི་མདོག །ཅེས་པ་ལ་སོགས་པ་ནི་གོ་སླའོ། །མེ་ལོང་ཁྲག་འཐུང་ཞེས་རྣམས་ཞེས་པ་ནི། དཔལ་ཁྲག་འཐུང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཟིན་མ་ཐག་ཏུ་འགྱུར་རོ་ཞེས་པའི་དོན་ཏོ། །མཉམ་པ་ཉིད་ལ་གར་དབང་མཆོག །ཅེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་གཟིགས་མ་ཐག་ ཏུ་དཔལ་པདྨ་གར་གྱི་དབང་ཕྱུག་ཏུ་འགྱུར་རོ། །མཆོག་ཅེས་པ་ནི་རབ་བོ། །སོ་སོར་རྟོག་པ་ཉི་མ་སྟེ། །ཞེས་པ་ནི་སེར་སྣའི་དྲི་མ་ཉེ་བར་འཇོམས་པའི་སེམས་ཅན་གྱི་ཁམས་ཉེ་བར་དྲན་པ་ནི་སོ་སོར་ཀུན་དུ་རྟོག་པའི་མཚན་ཉིད་དོ། །སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་དེ་ཟིན་མ་ཐག་ ཏུ་དཔལ་རྡོ་རྗེ་ཉི་མ་དེ་བསྐྱེད་པ་སྐྱེ་བའོ། །བྱ་བ་ལ་ནི་རྟ་མཆོག་ཀྱང་། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་བྱ་བ་ནན་ཏན་གྱི་ཡེ་ཤེས་བྱ་བ་དེ་ལ། དཔལ་རྟ་མཆོག་བསྐྱེད་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ལ་སངས་རྒྱས་ནི། །ཐུབ་ཆེན་རྣམ་པར་སྣང་མཛད་དོ། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་ དཔར་འགྱུར་བ་སྟེ། མེ་ལོང་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་ནན་ཏན་རྣམས་ཀྱི་དེ་བཞིན་ཉིད་དུ་འགྱུར་བ་ནི་ཆོས་ཀྱི་དབྱིངས་ཞེས་པའོ། །དེ་ཟིན་མ་ཐག་ཏུ་སངས་རྒྱས་ཐམས་ཅད་རོ་གཅིག་ཏུ་འདུས་པའི་ཡེ་ཤེས་ཀྱི་ངོ་བོ་དཔལ་རྣམ་པར་སྣང་མཛད་དུ་འགྱུར་རོ། །ཡེ་ཤེས་ལྔ་ ཡི་བདག་ཉིད་ནི། །འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཞེས་པའོ། །དཔལ་རྡོ་རྗེ་སེམས་དཔར་འགྱུར་བ་སྟེ། མེ་ལོང་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ཡན་ལག་གི་ངོ་བོས་ཡང་དག་པར་གསུངས་པ་བསྐྱེད་པ་ནི། ཡེ་ཤེས་ལྔ་ཡི་བདག་ཉིད་ནི། །ཞེས་པའོ། །གཟུགས་དང་། སྒྲ་དང་། ཞེས་པ་ནི། རྒྱ་ཆེར་དངོས་གྲུབ་སྟེར་བར་འགྱུར། །ཞེས་པ་དང་འབྲེལ་ཏོ། །དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཐམས་ཅད་ཀྱི་གཟུགས་སྟོན་པའི་མེ་ལོང་མཚན་མར་ འཛིན་པའི་བྱང་ཆུབ་སེམས་དཔའ་ནི། གཟུགས་དང་ཞེས་པའོ། །སྒྲ་རྣམ་པ་བརྒྱད་དུ་པི་ཝང་བརྡེབས་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་དང་ཞེས་པའོ། །དྲི་རྣམ་པ་གསུམ་དང་ལྡན་པའི་དུང་ཕྱག་ཏུ་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་དྲི་དང་ ཞེས་པའོ། །རོ་དྲུག་ལ་མོས་པའི་རོས་གང་བའི་སྣོད་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་རོ་དང་ཞེས་པའོ། །རེག་རྣམ་པ་བཅུ་གཅིག་གི་བདག་ཉིད་རྡོ་རྗེ་དང་གོས་ཕྱག་གིས་འཛིན་པའི་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རེག་ཅེས་པའོ། །རྡོ་རྗེ་སེམས་ དཔའ་འདྲ་བ་ནི། །ཞེས་པ་ནི་གཟུགས་ལ་སོགས་པ་དེ་དག་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ཀུན་དུ་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྣམས་ཡེ་ཤེས་སྤྱོད་ཡུལ་ཉིད་དུ་འགྱུར་བའི་ས་གཟུང་བའི་ཆའི་ངོ་བོ་ཉིད་ཀྱི་ཕྱིར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་ སོགས་པའི་རང་བཞིན་ཁོ་ནར་འགྱུར་བ་ཡིན་ནོ། །ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དང་། དཔལ་རྡོ་རྗེ་སེམས་དཔའི་བདག་ཉིད་དང་ནི་མཉམ་པའི་ཐ་ཚིག་སྟེ་འདྲ་བ་ཞེས་པའོ། །རང་རང་དེ་བཞིན་ཉིད་ཀྱིས་བརྟེན་པ་ནི་གཟུགས་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་ནི་རང་ཉིད་ཅེས་པའོ། །སྒྲ་ནི་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའོ། །དྲི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རེག་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །དངོས་གྲུབ་རབ་ཏུ་འགྱུར་ཞེས་པ་ནི་གོ་སླའོ། །རེག་ནི་ཡེ་ཤེས་རྣམ་པ་ལྔའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཁོ་ན་མ་ཡིན། གཟུགས་ལ་ སོགས་པའི་སྤྱོད་ཡུལ་ལྔའི་བདག་ཉིད་ཡང་དེ་ཁོ་ནའི་བདག་ཉིད་ཡིན་པར་སྟོན་ཏེ། གཟུང་བའི་ངོ་བོའི་སྤྱོད་ཡུལ་དང་། སྤྱོད་ཡུལ་ཅན་དབྱེར་མེད་པའི་ཕྱིར་རོ། །དཔལ་རྡོ་རྗེ་སེམས་དཔའ་ལས་ཐོས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པས། དཔལ་བདེ་མཆོག་མ་ ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷ་མོར་གྱུར་པ་དང་། སྦྱོར་བའི་སྒྲ་ཡིག་གསུམ་པ་དང་ལྡན་པའི་ཡི་གེ་ཙ་འོག་ན་འདོགས་པའི་ཁྲོས་ནས་བཟླས་པའོ། །དེ་ཡང་ཙྪིནྡ་ཙྪིནྡ་ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་པའོ། །དཔལ་ཁྲག་འཐུང་འདྲ་བ་སྨ་ཤཱ་ནི་དང་སྦྱོར་བ་ཡིས་ཀྱང་། ཨོཾ་སྤུཤྐ་མུ་པ་ཞེས་བུད་ མེད་གང་གིས་བཟླས་པ་ནི་རྡོ་རྗེ་མཁའ་འགྲོ་མར་གྱུར་ཏོ། །ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱས་ནས་རོལ་མོ་སྒྲུབ་པ་ལས་དང་པོའི་ཕྱག་རྒྱ་འདི་སྟོན་པ་ན། རྣལ་འབྱོར་པས་ཀྱང་ཕྱག་རྒྱའི་ལན་འདི་སྟོན་པར་བྱའོ། །དེས་མཁའ་འགྲོ་མ་རྣལ་འབྱོར་པའི་དབང་དུ་འགྱུར་རོ་ཞེས་སྟོན་པའི་དོན་དུ། འདི་ལ་ ཇི་ལྟར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་གསུངས་པའོ། །དེ་ཡང་རྣམ་པ་དྲུག་ཏུ་འགྱུར། །ཞེས་སྟོན་པའི་དོན་དུ། འཕྲོག་བྱེད་མ་དང་ཞེས་པ་ལ་སོགས་པ་གསུངས་པའོ། །སྙིང་འདྲེན་པ་ནི་འཕྲོག་བྱེད་མའི་ཕྱག་རྒྱའོ། །རྒྱས་གདབ་པ་ནི་མཆོག་རྒྱུ་མའིའོ། །ཕྱག་རྒྱ་ ཕྱེད་པར་བྱས་ཏེ། གཟུང་བ་དང་འཛིན་པ་ནི་གཟུངས་ཐར་མའིའོ། །ཤི་བའི་འཚོ་བྱེད་ཕྱག་རྒྱ་ཡང་བསྒྲུབ་བྱའི་སྲོག་སྐྱེད་པར་བྱེད་པའོ། །གང་དེ་ཤི་བ་འཚོ་བར་བྱེད་ནས་ནམ་མཁའ་ལ་འགྲོ་བར་བྱེད་པ་དེ་ནི་བསྒྲུབ་བྱ་གར་བྱེད་པར་བྱེད་པའོ། །གང་དེ་ནི་ལྷ་མོ་ཞེས་བྱ་སྟེ། ། དྲུག་པའོ། །ད་ནི་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཤེས་པ་སྟོན་ཏེ། གང་གིས་སྒྲ་ནི་བསྟན་འགྱུར་ན། །ཞེས་པ་ལ་སོགས་པའོ། །འདི་ལ་ཇི་ལྟར་མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ཡིན་ཞེ་ན་ཞེས་པ་ལ་སོགས་པ་ནི་གོ་སླའོ། །རྗེས་སུ་སྦྱོར་བའི་དུས་དང་། དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་དུས་ སུ་ཡེ་ཤེས་སེམས་དཔའ་དགུག་པའི་ཆོ་ག་དང་། མེ་ཏོག་ལ་སོགས་པའི་དགུག་པའི་ཆོ་ག་གསུངས་པ། དེ་ལ་ཇི་ལྟར་ཐམས་ཅད་དགུག་པའི་རྒྱུ་ཡིན་ཞེ་ན་ཞེས་པ་ལ་སོགས་པ་སྟོན་ཏེ། དེ་ལ་རྟོག་པ་ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། དྲིལ་བུ་དབྱིངས་སུ་དཀྲོལ་བ་དང་། །ཞེས་པ་དང་འབྲེལ་ ཏོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགུག་པའི་ལྕགས་ཀྱུའི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་ནི། དྲིལ་བུ་དང་ལྷན་ཅིག་པར་གཟུང་བར་བྱའོ། །དྲིལ་བུ་དང་བཅས་པ་དེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དགུག་ནས་དམ་ཚིག་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་དེ་དག་ གིས་རྒྱས་གདབ་སྟེ། བྱིན་བརླབ་དང་། དབང་བསྐུར་བ་དང་། མཆོད་པ་བྱས་ནས་དེ་ཉིད་ཆོས་དམ་ཚིག་གི་དྲིལ་བུའི་སྒྲས་དེ་དག་ལ་སྩལ་བར་བྱའོ། །དེ་ནི་རྗེས་སུ་སྦྱོར་བ་དང་། བྱིན་བརླབ་དང་། དབང་བསྐུར་བར་བྱས་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་མཆོད་པ་རྣམ་པ་བཞི་ནི་མཆོད་པ་ཆེན་ པོ་ཐམས་ཅད་ཅེས་པའོ། །དེའི་ཆོ་ག་ཞེས་པ་ནི་མཆོད་པའི་དབྱངས་ལེན་པ་དང་། ཇི་ལྟ་བ་བཞིན་དུ་གར་བྱས་ནས་མཆོད་པའོ། །མེ་ཏོག་ལ་སོགས་པའི་ཕྱག་རྒྱ་བཞི་དང་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་། སངས་རྒྱས་རྡོ་རྗེ་མཚོན་ཆ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞི་ དག་གོ། །དེ་ཁོ་ན་བཤད་པ། རྟོག་པ་ཐམས་ཅད་གསང་ཆེན་གྱི། །ཞེས་པ་ལ་སོགས་པ་སྟེ། རྟོག་པ་ཡང་དེ་ཐམས་ཅད་ཉིད་པས་རྟོག་པ་ཐམས་ཅད་ཅེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ནོ། །དེ་དག་གི་གསང་ཆེན་ཞེས་པ་ནི། མཆོད་པ་རྡོ་རྗེ་མཚོན་ཆ་ལ་སོགས་ པའི་ལས་ཀྱི་ཕྱག་རྒྱ་བཞིའི་རང་བཞིན་ཉིད་དུ་རྒྱུར་གྱུར་པའོ། །ཀྱི་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །ཡིད་ཀྱིས་མཆོད་པ་དང་ཞེས་པ་ནི་ཤེས་སླའོ། །གཞན་ཡང་། དབྱངས་དང་སིལ་སྙན་གར་གྱིས་ཡིན། །ཞེས་པ་ནི་ཇི་ལྟར་གསང་བའི་མཆོད་པ་བཞིས་མཆོད་ནས། དཀྱིལ་འཁོར་གྱི་སྦྱོར་བས་ བཅོམ་ལྡན་འདས་བཞུགས་སུ་གསོལ་ནས། དྲིལ་བུ་དཀྲོལ་བ་དང་བཅས་པའི་ཡི་གེ་ཧཱུཾ་གི་དབྱངས་དང་། གླིང་བུ་མ་ལ་སོགས་པའི་སིལ་སྙན་དང་། དེའི་འོད་སྣ་ཚོགས་སུ་འཁོར་བའི་གར་གྱིས་ཀྱང་ཇི་ལྟ་བ་བཞིན་དུ་མཆོད་པར་བྱའོ། །ཆོ་ག་དེས་ཀྱང་སྔོན་དུ་བཤད་པ་ཁོ་ནས་ཡང་མ་བཤད་ དེ། ད་ནི་རལ་གྲི་ལ་སོགས་པའི་དངོས་གྲུབ་ཀྱི་ཆོ་ག་གསུངས་པ། དེ་ལ་ཇི་ལྟར་རང་གི་རིག་པའི་ལྷ་ཞེས་པ་ལ་སོགས་པ་སྟེ། དེ་ལ་རང་གི་རིག་པའི་ལྷ་ཐམས་ཅད་ཅེས་པ་ནི། རང་གི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་རང་བཞིན་ བསྐྱེད་པའི་དོན་དུ་རྣལ་འབྱོར་པས་མངོན་དུ་བྱ་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་དག་གོ། །དེ་དག་ནི་སྒྲུབ་པ་ཆེན་པོ་ཞེས་པ་སྟེ། སྒྲུབ་པ་ལ་ཡང་དེ། ཆེན་པོ་ལ་ཡང་དེ་ཉིད་ལས། །སྒྲུབ་པ་ཆེན་པོ་ནི་རལ་གྲི་ལ་སོགས་པའི་གཟུགས་བསྒྲུབ་པ་དང་། ཡི་དམ་གྱི་ལྷའི་རང་བཞིན་བསྒོམ་པའོ། །དེ་རབ་ཏུ་འབྲེལ་པ་ནི་རྒྱུད་ཡིན་ཞེས་པ་སྟེ། དེ་སྟོན་པའི་སྒྲ་འདུས་པ་ཉེ་བར་སྤྱོད་པའི་ཕྱིར་རོ། །དེ་ཁོ་ནས་འབྲེལ་པ་རྟོག་པ་ཀུན་ལ་ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་དག་ནི་རྟོག་པ་ཀུན་ལ་ཞེས་པའོ། །དེ་བསྒྲུབ་བྱ་ གང་ཞེས་པ་ལ་སོགས་པ་ནི། རལ་གྲི་ལ་སོགས་པ་མིག་སྟོང་གཡོ་བའི་དངོས་གཞི་དེ་ཀུན་རང་གི་ལྷའི་གཟུགས་གཏན་ལ་ཕབ་པ་དེ་ལྟར་བྱས་ཏེ། རང་རང་གི་ལྷའི་སྦྱོར་བས་འགྲུབ་པར་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་རྗེས་སུ་སྒྲུབ་པ་གསུངས་པ། དེ་ནས་ཇི་ལྟར་ཐམས་ཅད་རྗེས་སུ་ བསྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ། རྡོ་རྗེ་དྲིལ་བུ་འཛིན་གྱུར་ན། །ཞེས་པ་ལ་སོགས་པ་ནི་མཚན་མ་ཐོབ་པའི་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་བསྐྱེད་ནས། རྐེད་པའི་ཕྱོགས་ལ་རང་གི་གཟུགས་དང་ལྡན་པའི་དྲིལ་བུ་གཉིས་བཅིངས་ནས་དཀྱིལ་འཁོར་བྲིས་ཏེ། ཇི་ལྟ་བ་བཞིན་ དུ་རྡོ་རྗེ་དྲིལ་བུ་འཛིན་པར་གྱུར་ནས། དྲིལ་བུའི་སྒྲ་གྲག་པ་དང་ལྷན་ཅིག་པར་ཡི་གེ་ཧཱུཾ་བཟླས་ནས་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་གསལ་བར་བྱའོ། །དེ་ལྟར་ན་དེའི་རྟོག་པ་ཐམས་ཅད་རྗེས་སུ་འགྲུབ་ཅེས་པའོ། །དེ་ལྟར་ལེགས་པའི་དེ་ཁོ་ན་བསམ་པ་དང་སྦྱོར་བས་ ཤིན་ཏུ་མཉམ་པར་གཞག་པའི་སྦྱོར་བ་བསྟན་ནས། ད་ནི་ལེ་ལོ་ཅན་གྱི་མཉམ་གཞག་མེད་པའི་སྦྱོར་བའི་སྒྲུབ་པ་གསུངས་པ། དེ་ལ་ཇི་ལྟར་རྗེས་སུ་སྦྱོར་བ་དང་ལྡན་པའི་སྒྲུབ་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་ དང་བཅས་པའོ། །ནུབ་ནས་དང་པོ་ཡང་ཡིན་ཏེ། །ཞེས་པ་ནི་ཡི་གེ་ཊའོ། །ཤར་ནས་དང་པོ་བཟུང་ནས་སུ། །ཞེས་པ་ལ་སོགས་པ་ནི་ཡི་གེ་ཀ་གཉིས་བརྩེགས་པ་ལ་སྒྲ་ཡིག་གསུམ་པ་དང་ལྡན་པའོ། །རླུང་མཚམས་ཕྱི་རོལ་ཞེས་སོགས་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་ དང་ལྡན་པའོ། །ལྷོ་ནས་དབུ་མ་ཞེས་སོགས་ནི་ཡི་གེ་ཛཿཚེག་དྲག་དང་བཅས་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཨོཾ་ཊཀྐི་ཧཱུཾ་ཛཿ། ཞེས་སོ། །ཉིན་རེ་ལན་ཅིག་རང་གི་ལྷའི་སྦྱོར་བ་བྱས་ནས། རང་བྱིན་བརླབ་པ་ལ་སོགས་པ་ཡང་བྱས་ཏེ། རྟག་པ་ཁོ་ནར་མཉམ་གཞག་མེད་པའི་སྦྱོར་ བས་དེ་ཁོ་ན་བཟླས་ན། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་གྲུབ་པར་གྱུར་ཏོ། །དེ་ལྟར་མཉམ་གཞག་མེད་པའི་སྦྱོར་བས་ཀྱང་དངོས་གྲུབ་ཆེན་པོ་འགྲུབ་པར་གསུངས་ནས། ད་ནི་རྡོ་རྗེ་མཁའ་འགྲོ་མའི་དངོས་གྲུབ་སྒྲུབ་པ་ཡང་གསུངས་པ། ལྷོ་ལས་དང་པོ་བཟུང་ནས་སུ། །ཞེས་ པ་ལ་སོགས་པ་སྟེ། ཡི་གེ་ཙ་སྒྲ་ཡིག་གསུམ་པ་དང་ལྡན་པ་ལ་འོག་ཏུ་ཚ་འདོགས་པའོ། །དེས་འདི་གསུང་བར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བའམ། དཔལ་རྡོ་རྗེ་མཆོག་མ་ལ་སོགས་པའི་སྦྱོར་བ་བྱས་ནས། ཡི་གེ་ཙྪིཾ་ཙྪིཾ་བཟླ་བར་བྱའོ། །དེ་ཁོ་ནས་རྡོ་རྗེ་མཁའ་འགྲོ་ མའི་གཟུགས་བདག་ལ་བསྒོམ་པས། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱིས་སྐད་ཅིག་མ་འདི་ཁོ་ནས། བསྒྲུབ་བྱའི་སྙིང་གི་པདྨ་ལ་སོགས་པ་གཅོད་པར་འགྱུར་རོ། །མིང་རབ་ཏུ་བཅུག་ནས་སམ་སྦྱོར་བའི་ཐལ་མོ་སྦྱར་བར་བྱའོ། །དེ་ཉིད་ཐིག་ལེ་དང་ལྡན་པར། །ཞེས་པ་ནི་གོང་དུ་གསུངས་པའི་ཡི་གེ་ཙྪིཾ་ཐིག་ལེ་དང་བཅས་ པའོ། །དེ་ལྟར་ཏེ་ཙྪིཾ། བྱང་ནས་དབུ་མ་ཡང་ཡིན་ཞེས་པ་ནས་ཡི་གེ་ད་དེ་ཉིད་ལན་གཉིས་བརྗོད་པར་བྱ་ཞེས་པ་ནི་གོ་སླའོ། །རླུང་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་ཡི་གེ་ཧ་ཐིག་ལེ་དང་བཅས་པའི་སྒྲ་ཡིག་ལྔ་པ་དང་ལྡན་པའོ། །དྲུག་པ་ཡོངས་སུ་ཞེས་སོགས་ནི་ཡི་གེ་ཕའོ། །ནུབ་ལས་དང་པོ་ ཞེས་པ་ལ་སོགས་པ་ནི་ཡི་གེ་ཊ་སྒྲ་ཡིག་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཇི་ལྟར་གསུངས་པའི་རྡོ་རྗེ་མཁའ་འགྲོ་མའི་སྦྱོར་བ་ཡིས། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱི་ཡི་གེ་ཙྪིཾ་གིས་བསྒྲུབ་བྱའི་སྙིང་གི་པདྨ་བཅད་ནས། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ། ཅེས་བཟླས་པས། བསྒྲུབ་བྱའི་ཐུན་ མོང་གི་སྦྱོར་བས་ཀྱང་མ་ཤི་བར་འགུགས་པར་བྱེད་དོ། །ད་ནི་ཁྲག་འཐུང་སྨ་ཤཱ་ནའི་སྦྱོར་བས་རྡོ་རྗེ་མཁའ་འགྲོ་མའི་སྒྲུབ་པ་གསུངས་པ། ཨོ་ཡིག་ཐིག་ལེ་དང་ལྡན་པར། །ཞེས་སོགས་ནི་སྒྲ་ཡིག་བཅུ་གསུམ་པ་ཐིག་ལེ་དང་བཅས་པའོ། །ཡི་གེ་ཨུ་ཡིག་མཉམ་ལྡན་ཞེས་སོགས་ནི་སྒྲ་ཡིག་ ལྔ་པ་དང་ལྡན་པའི་ཡི་གེ་སའོ། །མེ་མཚམས་ཕྱི་རོལ་ཞེས་པ་ལ་སོགས་པ་ནི་སྒྲ་ཡིག་བཅུ་གཅིག་པ་དང་ལྡན་པའི་ཡི་གེ་ཤ་འོག་ཏུ་ན་འདོགས་པའོ། །ཚེག་དྲག་ཨུ་ཡིག་ལྡན་པ་ཡི། །ཞེས་སོགས་ནི་སྒྲ་ཡིག་ལྔ་པ་དང་ལྡན་པའི་ཡི་གེ་མ་ཚེག་དྲག་ཅན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། དཔལ་ཁྲག་འཐུང་དང་འདྲ་བའི་སྨ་ཤཱ་ནའི་སྦྱོར་བས། ཨོཾ་སུ་ཤྣེམུཿ། ཐ་ཞེས་བཟླས་པས་གོང་དུ་གསུངས་པའི་མཁའ་འགྲོའི་ལས་རྣམས་འགྲུབ་པར་བྱའོ། །དེ་ནས་དེའི་ཐབས་སུ་འགྱུར་བ་ནི་འདི་ལྟ་སྟེ། ཁ་ཊྭཱཾ་གའི་མགོར་གནས་པའི་འབར་བའི་རྡོ་རྗེས་ཡིད་ཀྱིས་བསྒྲུབ་བྱའི་སྙིང་དྲལ་ཏེ། འཛིན་པའི་སྦྱོར་བའི་ཁ་ནས་ཤི་བར་འགུགས་པ་ཁོ་ནར་བྱེད་དོ། །དེ་ལྟར་སྟོན་པའི་གནས་ཀྱི་གཞུང་གིས་མཉམ་གཞག་མེད་པའི་སྦྱོར་བ་འགྲུབ་པ་གསུངས་ནས་ངེས་པར་སྟོན་པ་གསུངས་པ། དེ་ལྟར་དང་པོ་བསྒྲུབ་བྱ་འགྲུབ། །ཅེས་པ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་ སོགས་པའི་གཟུགས་སམ། རྡོ་རྗེ་མཁའ་འགྲོ་མའི་གཟུགས་ལེགས་པར་མཉམ་གཞག་སྦྱོར་བ་ཡིས་བདག་བསྒྲུབ་བྱ་བསྒྲུབ་པར་བྱ་སྟེ། ཇི་ལྟར་འདོད་པ་ཇི་ལྟར་མོས་པ་བསྒྲུབ་པའོ། །དེ་གསུངས་པ། དེ་ནས་ཕྱི་ནས་ཅི་འདོད་པར། །ཞེས་པ་སྟེ། ཕྱིའི་དུས་ན་ཇི་ལྟར་འདོད་པའི་ལས། ཚ་ཚའི་ལས་དང་གསུང་རབ་འདོན་པ་ལ་སོགས་པ་དགེ་བཅུའི་སྤྱོད་པ་ནི། ཅི་འདོད་འདོད་པའི་བྱ་བ་ལས། །ཞེས་པ་སྟེ། ཇི་ལྟར་འདོད་པ་ཡང་། དེའི་བྱ་བའི་ལས་ཀྱང་དེ་བས་ཅི་འདོད་པ་བྱ་བའི་ལས་ཞེས་པའོ། །གང་ཡིན་ཞེ་ན་བྱ་བའི་རྒྱུད་ལས་འགོག་པའི་སྦྱོར་བས་རྒྱུད་དང་ རྗེས་སུ་མཐུན་པ་ལ་སོགས་པའི་ཟ་བ་ནི་ཀུན་ཟས་ཤེས་པའོ། །གར་གྱི་སྦྱོར་བའི་རྗེས་སུ་སྒྲུབ་པའི་བྱེད་པ་ནི་ཀུན་བྱེད་ཅེས་པའོ། །ལངས་པའམ་ནི་འདུག་པའམ། །འགྲོ་བ་ཡིས་སམ་འགྲེང་བ་ཡིས། །ཞེས་པ་དེས་ནི་འདུག་པའི་དམ་བཅས་པ་མེད་པ་གསུངས་པའོ། །གང་དང་གང་དུ་ དེ་ཅིའི་བཞིན། །ཞེས་པ་ནི་གནས་ཀྱི་ཚད་མ་མེད་པ་གསུངས་པའོ། །གང་གང་དབང་པོ་ཞེས་སོགས་ནི་གང་གང་དངོས་པོའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱི་རང་བཞིན་མིག་གི་དབང་པོ་ལ་སོགས་པའི་སྤྱོད་ཡུལ་དུ་སློབ་པར་འགྱུར་ན། དབང་པོའི་ལམ་ཉིད་དུ་ འགྲོ་བ། །དངོས་པོ་དེ་དང་དེ་ནི་དེའི་རང་བཞིན་གཟུགས་ཀྱི་རང་བཞིན་དང་ལྷན་ཅིག་པར་བྱའོ། །དེ་ལྟར་སྒྲ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒྲ་དང་དྲི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དྲི་དང་། རོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རོ་དང་། རེག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རེག་དང་། ཆོས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཆོས་ལྷན་ཅིག་པར་བྱའོ། །དེ་ལྟར་ན་དེའི་དངོས་པོའི་རང་བཞིན་དང་གཅིག་པར་བྱའོ་ཞེས་པའོ། །སྦྱོར་བ་གཞན་མེད་པའི་སྦྱོར་བའི་བསྒོམ་པའི་རང་བཞིན་དེས། དེ་ཉིད་སྦྱོར་བས་འགྲུབ་པས་བསྐྱེད་པར་བྱས་ནས་རིགས་ཀྱི་ལྷ་ཐམས་ཅད་ཀྱི་རང་བཞིན་ ཐམས་ཅད་ཁོ་ན་འགྲུབ་པོ་ཞེས་འབྲེལ་ཏོ། །དེ་གང་ལས་ཡིན་ཞེ་ན་གསུངས་པ། སངས་རྒྱས་ཀུན་དངོས་ཐམས་ཅད་དོ། །ཞེས་པ་སྟེ། ལྷ་ཐམས་ཅད་ཀྱི་རང་བཞིན་གཟུགས་ལ་སོགས་པ་ཐམས་ཅད་རྟག་པར་རྒྱུན་མི་འཆད་པར་མངོན་དུ་བསྒོམས་ན་རབ་ཏུ་འགྲུབ་ཅེས་པའོ། །ཅི་འདྲ་བར་ རབ་ཏུ་འགྲུབ་ཅེ་ན་གསུངས་པ། སངས་རྒྱས་ཐམས་ཅད་ཅེས་སོགས་ཏེ། དབང་ཕྱུག་འགྱུར་ཞེས་པ་དང་འབྲེལ་ཏོ། །དེ་ལ། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་པ་ནི་བཤད་ཟིན་ཏོ། །མཁས་པ་གང་གིས་དད་པས་ཀློག །ཅེས་པ་ནི། ཨོཾ་ཊཀྐི་ནི་ཧཱུཾ་ཛཿཞེས་པའི་སྔགས་གང་ གིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྒོམ་པ་ཉིད་ཀྱིས་མཉམ་གཞག་མེད་པའི་སྦྱོར་བ་དང་། སྦྱོར་ནས་བཟླས་ན། མཁས་པ་དེ་ནི་བགེགས་ཀུན་ལས་གྲོལ་ཏེ་ཞེས་སྒྲིབ་པ་ཐམས་ཅད་མེད་ནས། དངོས་གྲུབ་ཐམས་ཅད་དབང་ཕྱུག་འགྱུར། །ཞེས་སོ། ། དེ་ལྟར་སྣ་ཚོགས་རྗེས་སུ་ཆགས་པ་ལ་སོགས་པ་ནི་བཤད་ཟིན་ཏོ། །བདག་ནི་འདི་ན་ཞེས་པ་ནི་གཏན་ལ་ཕབ་པའི་ཡེ་ཤེས་སོ། །སྙིང་པོ་ཞེས་པ་ནི་སངས་རྒྱས་ཐམས་ཅད་མཉམ་སྦྱོར་བའི་རྒྱུད་ཀྱི་རྣམ་པའོ། །ཆེན་པོ་ཡང་དེ་མཆོག་ཀྱང་དེ་ཉིད་པས་ཆེན་པོའི་མཆོག་ཅེས་པའོ། །བདེ་བ་ཆེན་ པོའི་མཆོག་གི་མཆོག་འགྱུར་མཐུ་ཆེན་པོ་ཞེས་པ་ནི་མཐུ་ཆེན་པོར་འགྱུར་བའོ། །ཀུན་མཆོག་སེམས་ཅན་འབྱུང་བ་ཡི། །ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་ཀུན་མཆོག་ཅེས་པ་སྟེ། རྒྱུད་འདི་ལས་བསྐྱེད་པ་ནི་འབྱུང་བ་ཞེས་པའོ། །དེས་ན་དེ་དག་གི་རྒྱུད་འདི་ནི་དེ་ལྟར་རོ། ། ཅིའི་ཕྱིར་ཡིན་ཞེ་ན་གསུངས་པ་རྟག་པར་ཅིའི་ཕྱིར་ཞེས་པ་སྟེ། ཅིའི་ཕྱིར་གྱི་སྒྲ་ནི་དམ་ཚིག་མགོ་འདྲེན་པའོ། །ཅིའི་ཕྱིར་རྒྱུད་འདི་ཐམས་ཅད་ལ་རྟག་པར་གནས་པ། སེམས་ཀྱི་ཁམས་ཐམས་ཅད་ལ་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་སྦྱིན་པའོ་ཞེས་པ་སྟེ། །ཀུན་མཆོག་ཀྱང་དེ་ས་ཡང་དེ་ ཉིད་པས། ཀུན་ས་ནི་རིགས་ལ་ཕུན་སུམ་ཚོགས་པའོ། །དེ་ཡིས་དབང་ཕྱུག་ཅེས་པ་ནི་དབང་ཕྱུག་ནི་ཀུན་མཆོག་སའི་དབང་ཕྱུག་ཅེས་པ་སྟེ་རྡོ་རྗེ་འཛིན་ནོ། །དེའི་ངོ་བོ་ཉིད་ནི་ཀུན་མཆོག་སའི་དབང་ཕྱུག་ཉིད་ནི་ཞེས་པ་སྟེ། སྒྲུབ་པ་པོ་རྣམས་ལ་སྦྱིན་པའི་རྒྱུད་འདི་ནི། ཡོན་ཏན་འདི་དག་ གིས་ཁྱད་པར་དུ་གྱུར་པ་འབའ་ཞིག་ཁོ་ན་མ་ཡིན་ཏེ། གང་གིས་ཀྱང་འདི་ཡོངས་སུ་རྫོགས་པར་བྱ་བར་ནུས་པ་མ་ཡིན་ཏེ་ཞེ་ན། གསུངས་པ། མཐའ་ཡས་ཞེས་པ་ལ་སོགས་པ་སྟེ། འདི་ནི་མཐའ་ཡས་མེད་པ་ན་མཐའ་ཞེས་པའོ། །མཐའ་ཡས་ཉིད་ཀྱི་ཕྱིར་ཁོ་ནས། གང་གིས་འདིའི་ མཐའ་ཐོག་མ་མེད་ཅེས་པའོ། །དེ་བས་ན་ཐོག་མ་མེད་པའི་ཕྱིར་ཐུབ་མེད་ཅེས་པའོ། །ཡོངས་སུ་རྫོགས་པ་མེད་པའོ། །ཕྱིར་ཞེས་པའི་སྒྲ་ནི་ངེས་པའི་དོན་ཏོ། །ཐུབ་པ་མེད་པ་ཁོ་ན་ཞེས་པའོ། །ཚུལ་ཡང་། དེ་ཆེན་པོ་ཡང་དེ་ཉིད་པས། །ཚུལ་ཞེས་པ་སྟེ། འབྲས་བུ་དང་བཅས་པའི་བྱང་ཆུབ་ སེམས་དཔའི་ལམ་གྱི་རང་བཞིན་གྱི་ཆོས་ཀྱི་དབྱིངས་ཞེས་པའི་དོན་ཏོ། །འདི་གང་དག་ཡིན་ཞེ་ན་གསུངས་པ། ཆེན་པོའི་ཆེན་པོ་ཐམས་ཅད་ཀྱི། །ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས། རིགས་ཀྱི་ལྷ་ཐམས་ཅད་ནི་ཆེན་པོའི་ཆེན་པོ་ཐམས་ཅད་ ཅེས་པའོ། །དེ་དག་གི་རྒྱུད་འདི་འདིའི་ནམ་མཁའ་བཞིན་དུ་ཁྱབ་པས་ནམ་མཁའ་དང་མཉམ་ཞེས་པའོ། །ལས་ཅི་བྱེད་པས་ཡིན་ཞེ་ན། གསུངས་པ། མཆོག་གི་དངོས་གྲུབ་འཕེལ་པར་སྦྱིན། །ཞེས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་དངོས་གྲུབ་ཅེས་པའོ། །དེའི་འཕེལ་ བ་ཞེས་པ་ནི་སྐད་ཅིག་མ་རེ་རེ་ཁོ་ན་ལ་ཕྱི་ཕྱིར་རྒྱུན་མི་འཆད་པར་བསྐྱེད་པའོ། །དེ་སྦྱིན་པས་ན་མཆོག་གི་དངོས་གྲུབ་འཕེལ་བར་སྦྱིན་ཞེས་པའོ། །དེ་བས་ན་རྒྱུད་འདི་ཡོངས་སུ་རྫོགས་པར་བྱེད་པས་ནི་གང་གིས་ནུས་ཞེས་པ་དང་འབྲེལ་ཏོ་ཞེས་ཚིག་འདྲེན་པར་བྱེད་དོ། །གདོད་མ་དང་ཐ་མ་མེད་ཅེས་ པ་ནི་གདོད་མ་ནི་དངོས་པོ་མེད་པའོ། །ཐ་མ་ནི་ཡོངས་སུ་རྫོགས་ནས་འབྲེལ་པ་མེད་པར་འཇིག་པའོ། །དེ་གཉིས་མེད་པ་དང་ལྡན་པ་དེ་ནི། གདོད་མ་དང་ཐ་མ་མེད་ཅེས་པ་སྟེ། དང་པོ་དང་གཞུག་མེད་པའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཇི་ལྟར་གདོད་མ་ཐ་མ་མེད་པ་གསུངས་པས། ད་ལྟའི་དུས་ཀྱི་རང་བཞིན་ཉིད་ཀྱིས་ནམ་མཁའི་ཁམས་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེས་ཀུན་དུ་རྟོག་པའོ། །དེ་བས་ན། གང་གིས་རྫོགས་བྱེད་ནུས་པ་མིན། །ཞེས་པ་སྟེ། གང་གིས་ཀྱང་རྫོགས་བྱེད་མི་ནུས་པ་དེ་ཇི་ལྟར་ཡོངས་སུ་རྫོགས་པ་ཡིན་ཞེ་ན་གསུངས་པ། སེམས་ཅན་ལེ་ལོ་ ཅན་ཞེས་པ་ལ་སོགས་པ་སྟེ། ཅིའི་ཕྱིར་ན། སེམས་ཅན་ལེ་ལོ་ཅན་རྒྱུད་རྒྱས་པ་ལ་འཇིགས་པའོ། །ཉུང་བར་འདོད་པའི་རྣམ་པའི་དབྱིངས་རྟག་པར་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དེ་ཀུན་དུ་ཁྱབ་པ་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་མངོན་པར་མི་ལྡན་པའོ། །དེ་བཞིན་གཤེགས་ པའི་ཆེ་བའི་ཡོན་ཏན་ལ་མི་དད་པ་སྟེ། བསྒྲུབ་བྱ་དང་མི་སྦྱོར་བའི་ཕྱིར་ལྐོག་སྨྲ་བ་ཞེས་པ་ནི་གཞན་སྨྲ་ཞིང་གཞན་དུ་བྱེད་པའོ་ཞེས་པའི་དོན་ཏོ། །ཅིའི་ཕྱིར་ལྐོག་སྨྲ་བ་ཡིན་ཞེ་ན། གསུངས་པ་མ་དག་པ་ཞེས་པ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པས་མ་བྱིན་པ་ནི་མ་དག་ པ་ཞེས་སོ། །རྟག་ཏུ་ཞེས་པ་ནི་དུས་ཐམས་ཅད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ནི་རྗེས་སུ་ཆགས་པའོ། །སྡོམ་པའི་ཚུལ་ཁྲིམས་ཀྱི་སྔགས་ལ་ཆགས་པ་ནི་ཆགས་བྲལ་དགའ་བ་ཡང་ཞེས་པའོ། །དེ་འདྲ་བའི་ཡོངས་སུ་མ་དག་པའི་སེམས་ཅན་དེ་དག་ལ་ཕན་གདགས་པར་ བྱ་བའི་དོན་དུ་རྫོགས་པ་ཡིན་པ་དང་འབྲེལ་ཏོ། །བྱམས་པའི་སེམས་ཅན་གྱིས་མཐའ་ཡས་པར་སྟོན་པ་ཐོས་ནས། སྤང་བར་བྱས་ནས་མནར་མེད་པའི་དམྱལ་བ་ཆེན་པོ་ལ་ལྟུང་བར་འགྱུར་རོ། །དེ་བས་ན་རྫོགས་པ་ཞེས་པ་ནི་རྒྱུད་ཀྱི་རྒྱལ་པོ་འདི་མདོར་བསྡུས་ནས་ཡོངས་སུ་རྫོགས་པར་ བྱས་སོ། །གང་གིས་ཁྱིམ་དུ་བཟུང་བ་ཞེས་པ་ནི་གླེགས་བམ་དུ་བྲིས་པ་དང་། བཟུང་བ་དང་དོན་བཟུང་བའོ། །གང་གིས་འགྲུབ་པ་དང་། བདག་གིས་ཇི་ལྟར་སྟོན་པར་འགྲུབ་པར་བྱེད་ཅེས་པ་ནི་སྦྱོར་བ་དང་། རྗེས་སུ་སྦྱོར་བར་བསྒྲུབས་པ་ཡིས། ཇི་ལྟར་གསུངས་པའི་རྒྱུད་འདི་འགྲུབ་པར་བྱེད་པ་ གང་བསྒོམས་པའི་སྟོབས་ཀྱིས་འགྲུབ་པར་འགྱུར་ཏེ། སྒྲུབ་པ་མྱོང་བའོ། །ཐམས་ཅད་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཆོག་བཀོད་པའི་རྒྱུན་ནོ། །མི་འགྲུབ་པ་ཞེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་མི་བསྐྱོད་པའི་རྣལ་འབྱོར་པའོ། །ཅི་འདྲ་བ་ཡིན་ཞེ་ ན། གསུངས་པ། གང་གིས་བསྒྲུབ་པ་རྡོ་རྗེ་འཛིན་པ་ལ་སོགས་པ་དང་ཞེས་པ་སྟེ། བྲི་བར་བྱས་ཞེས་པ་དང་འབྲེལ་ཏོ། །དཔལ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་སོ། །སོགས་པའི་སྒྲས་ནི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ཕྱག་མཚན་གྱི་མྱུ་གུ་གཟུགས་ བརྙན་ལ་སོགས་པ་ནི་མདུན་དུ་བཞག་པ་ལ་གཟུང་བར་བྱའོ། །དེ་དག་གང་དུ་བསྒྲུབ་པར་བྱ་བ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་ཐམས་ཅད་འདི་ལས་ཞེས་པ་སྟེ། ལུགས་མ་བརྡུངས་མ་བྱས་པ་བྲིས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཕྱག་ མཚན་གྱི་མྱུ་གུ་གཟུགས་བརྙན་ལ་སོགས་པ་མདུན་དུ་གཞག་པ་ལའོ། །འདི་དག་ཐམས་ཅད་ནི་གོང་དུ་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་གཟུགས་ཀྱི་ངོ་བོ་ཡིན་ནོ། །ཡང་ཇི་ལྟར་གསུངས་པའི་གང་གིས་ནུས་པའི་ངོ་བོས་སྦྱོར་བ་དང་། རྗེས་སུ་སྦྱོར་བ་ལ་ སོགས་པ་བསྒོམ་པའི་ངོ་བོ་བཞི་ནི། ཇི་ལྟར་མོས་པ་བཞིན་ཞེས་པ་དང་གང་ལྡན་པ་དེ་དེ་ལྟར་རོ། །གང་བྱས་པ་ཡིན་ཞེ་ན། གསུངས་པ། ཡི་གེ་ཧཱུཾ་ཡང་ཇི་ལྟར་རབ་ཏུ་འདོད་པར་བྲིས་བྱས་ན། །ཞེས་པ་སྟེ། ཡང་ཞེས་པའི་སྒྲ་ནི་ལྷག་པའི་དོན་ཏོ། །དཔལ་རྡོ་རྗེ་སེམས་ དཔའ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཆེན་པོ་དང་། མཚན་མའི་ཕྱག་རྒྱ་འབའ་ཞིག་བྲི་བ་ནི་མ་ཡིན་ཏེ། ཡི་གེ་ཧཱུཾ་ཡང་བྲི་བར་བྱའོ་ཞེས་ལྷག་པའི་དོན་གསུངས་པའོ། །དེས་ནི་རང་འདོད་དངོས་གྲུབ་ཆོ་ག་བཞིན་དུ་འཐོབ་ཅེས་པའོ། །དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་སྒྲུབ་པ་ པོས་ཡིད་ཀྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ནི་རང་འདོད་དངོས་གྲུབ་ཅེས་པའོ། །རང་འདོད་དངོས་གྲུབ་དེ་དཀྱིལ་འཁོར་ལ་སོགས་པའི་ཆོ་ག་བཞིན་དུ་འགྲུབ་པར་བྱ་བ་གང་ཡིན་པ་དེས་ནི་ཐོབ་ཅེས་ཏེ། གཞན་དུ་ནི་མ་ཡིན་ནོ། །སེམས་ཅན་དོན་དུ་ཞེས་པ་ལ་སོགས་པ་ནི་ཇི་ལྟར་བྱ་བའི་ རྒྱུད་ལ་སོགས་པའི། སྒྲུབ་པ་པོས་སྡིག་པ་ཟད་པར་བྱ་བའི་ཟ་བ་སྤངས་པ་ལ་སོགས་པ་བཏགས་པ་བྱས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པས་གསུངས་ཏེ། བསྒོམ་པའི་སྟོབས་ཁོ་ནས་སྡིག་པ་ཟད་པའི་ཕྱིར་རོ། །རྒྱུ་དེ་ཁོ་ནའི་ཕྱིར་ཕྱིའི་བགེགས་ནི་མེད་པའོ། །དེའི་ཕྱིར་ གསུངས་པ། འདི་ལ་བགེགས་མེད་ཅེས་པ་སྟེ། བདུད་ཀྱང་མེད་པའོ། །རྟོག་པ་ཡིས་ཞེས་པ་ནི་སོ་སོར་ཀུན་དུ་རྟོག་པའི་བསྒོམ་པའི་སྟོབས་ཀྱིས་བདུད་བཞི་མི་དམིགས་པར་རྟོག་པ་འདིའོ། །རྟོག་པ་འདི་ལ་ཡིན་པ་ཅིའི་ཕྱིར། དེ་བས་ན་དངོས་གྲུབ་ཐམས་ཅད་འཕེལ་བ་ཁོ་ན་ བྱིན་གྱིས་རློབ་ཅེས་པ་སྟེ། རྟོག་པ་འདི་ལ་ཇི་ལྟར་བྱ་བའི་རྒྱུད་ལ་ཞུགས་པ་རྣམས་ཀྱིས་ནི་བདག་བདུད་ཀྱི་གཟུགས་ཀྱིས་དམིགས་པའི་སྟོབས་ཀྱི་ཕྱིར། བདུད་ཉིད་ཀྱི་ནི་འགྲོ་བ་དེ་ལྟར་འདིར་མ་ཡིན་ནོ། །མི་བརྟན་པ་ཉིད་ཀྱང་མིན་ཞེས་པ་སྟེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པ་ལ་གནས་ པ་རྣམས་ཀྱིས་དྲན་པ་ཉམས་པར་འགྱུར་བ་ལ་སོགས་པའི་ངོ་བོས་མི་བརྟན་པར་འགྱུར་བ་བདག་དེ་ལྟར་འདིར་མ་ཡིན་ནོ། །བརྟན་པའི་རྒྱུའི་ཕྱིར་བདག་གིས་སྟོན་པར་མི་བྱེད་དེ་ཞེས་པ་ནི་ཇི་ལྟར་བྱ་བའི་རྒྱུད་ཁོ་ན་ལ་ཟ་བ་སྤངས་པ་ལ་སོགས་པའི་ངོ་བོར་སྒྲུབ་པ་པོ་ལ་བདག་གིས་བརྟན་པ་ འདིར་བདག་མ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམས་པའི་སྟོབས་ཁོ་ནས་བདག་བརྟན་པར་འགྱུར་བ་དང་། མྱུར་བར་མཆོག་གི་མཆོག་ཉིད་འགྲུབ་པའི་ཕྱིར། བརྟན་འགྱུར་བྱེད་ཅེས་པའི་ཕྱིར་རོ། །གང་གི་ཡིན་ཞེ་ན། གསུངས་པ། གང་དག་གིས་ནི་རྟོག་པ་ འདིའི་མཆོག་ཆེན་པོ་སྒྲུབ་བྱེད་པའོ་ཞེས་པའོ། །ཁྱད་པར་ཅི་འདྲ་བ་ཕྱིན་འགྱུར་བ་ཡིན་ཞེ་ན། གསུངས་པ། མཆོག་ཆེན་དངོས་གྲུབ་ཅེས་པ་ལ་སོགས་པ་སྟེ། རྟག་པར་བདག་གིས་ཐུབ་པར་བྱེད། །ཅེས་པ་དང་འབྲེལ་ཏོ། །དེ་ལ་མཆོག་ཆེན་ཞེས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེ་ལ་གནས་ནས་དངོས་གྲུབ་ཅེས་པའོ། །དག་པར་ཞེས་པ་ནི་ད་ལྟར་གྱི་དུས་ཀྱི་རང་བཞིན་ཉིད་དུ་རྟག་པར་གནས་པའོ། །བདེ་ཆེན་དང་ཞེས་པ་ནི་ཐར་པ་ཆེན་པོའོ། །ཆགས་དང་ཞེས་པ་ནི་སེམས་ཅན་སྨིན་པར་བྱ་བ་དང་གྲོལ་བར་བྱ་བ་ལ་ཆགས་པའོ། །ཤིན་ཏུ་དགའ་དང་ཞེས་པ་ ལ་སོགས་པ་ནི་གོ་སླའོ། །ཡིག་ཆེན་ཞེས་པ་ནི་གདོད་མ་དང་ཐ་མ་མེད་པའོ། །རྟག་པར་ཞེས་པ་ནི་དུས་ཐམས་ཅད་དོ། །ཁྱད་པར་ཅི་འདྲ་བ་ཡིན། གང་གིས་གྲུབ་པ་ཡིན་ཞེ་ན། གསུངས་པ། གང་གི་སྙིང་པོས་བདག་ལ་རྟག་ཏུ་འགྲུབ་བྱེད་པའི་ཞེས་པ་སྟེ། ཡི་གེ་ཧཱུཾ་ལ་སོགས་ པའི་སྙིང་པོས་རྟག་པར་སྒོམ་པས་བསྒོམས་ན། གང་གིས་བདག་འགྲུབ་པར་བྱེད་པ་དེས་བདག་བརྟན་པར་བྱེད་ཅེས་པ་དང་འབྲེལ་ཏོ། །དེ་ནས་དེ་མ་ཐག་པའི་སྒྲས་ཏེ་རྟོག་པ་བརྟན་པ་དེ་མ་ཐག་ཏུ་ཁོ་ན་ཞེས་སོ། །མཆོག་སྐྱེས་ཞེས་པ་ནི་སེམས་རྟོགས་པའི་མཚན་ཉིད་དེ་ཉིད་ རྣམ་པ་ལྔ་ནི་མཆོག་ཅེས་པའོ། །དེ་ལ་སྐྱེ་བ་ནི་མཆོག་སྐྱེས་ཞེས་པའོ། །རྒྱལ་བ་ཐམས་ཅད་ཅེས་པ་ནི་དཔལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་གཟུགས་རྣམས་འཇིག་རྟེན་གྱི་ཁམས་ ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་སོ། །དགའ་གནས་སུ་ཞེས་པ་ནི་ལེགས་པར་ཤིན་ཏུ་བདེ་བ་བསྐྱེད་པའོ། །འཛུམ་པ་ཆེན་པོ་ཞེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་བདག་གི་དངོས་པོས་ཀུན་དུ་ཁྱབ་ པར་ཅུང་ཟད་འཛུམ་པ་ཆེན་པོ་ཞེས་པའོ། །དེ་ཁོ་ནའི་འགྲེལ་པ་ཐམས་ཅད་ཁྱབ་པ་ཞེས་པ་སྟེ། ཀུན་དུ་ཁྱབ་པ་སྟེ་འཛུམ་པ་ཆེན་པོ་མཚར་པོར་བྱེད་པ་དང་ལྡན་པ་ནི་རྣམ་པར་བྱེད་ཅེས་པའོ། །ཀུན་ནས་དེ་ལ་ལེགས་པའི་སྒྲ་ནི་འབུལ་བར་བྱེད་ཅེས་པ་ནི། ཤིན་ཏུ་དགའ་ བའི་རྒྱུད་དེའི་ཕྱིར། འོག་ན་སྟོན་པའི་ལེགས་པའི་སྒྲ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་དབུལ་བར་བྱེད་ཅེས་པའོ། །རྒྱུ་གང་ཡིན་ཞེ་ན། གསུངས་པ། བདག་གི་དབྱིངས་ཀུན་ཞེས་པ་ལ་སོགས་པ་སྟེ། བདག་གི་དབྱིངས་ཀུན་གྱི་ཞེས་པ་ནི་དེ་བཞིན་ཉིད་དང་ནམ་མཁའི་ དབྱིངས་སོ། །དེ་རྡུལ་ཕྲ་རབ་ནི་རྡུལ་ཕྲན་ཞེས་སོ། །དེ་ལ་རྟོག་པ་གནས་པ་ཀུན་དུ་ཆེར་ཁྱབ་པ་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རྡུལ་ཕྲན་ནི་བདག་གི་དབྱིངས་ནམ་མཁའི་རྡུལ་ཕྲན་ཞེས་པའོ། །ཆེ་མཆོག་གཟུགས་ཀྱི་ཞེས་པ་ནི། དེ་ལ་རྟོག་པ་ཀུན་དུ་གནས་པ་ཆེར་ཁྱབ་པ་སྐུ་གསང་ བའི་གཟུགས་རྣམས་སོ། །དེ་དག་གིས་ཇི་ལྟར་གསུངས་པའི་ལེགས་པའི་སྒྲ་འབྱིན་ཏོ་ཞེས་པའི་ཐ་ཚིག་གོ། །སྦྱིན་པ་དེ་ཇི་ལྟར་འདྲ་བ་ཡིན་ཞེ་ན། གསུངས་པ། ཕ་མཆོག་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་སེམས་དཔའ་ནི་ཕ་ཞེས་པའོ། །དེ་ཉིད་དེ་ བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པ་ལ་ཁྱབ་པར་ངོ་བོར་འགྱུར་བས་མཆོག་གྱུར་པ་ཞེས་པའོ། །དེ་ཁོ་ན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་བའི་དུས་སུ། རང་གི་སྙིང་ག་ནས་སྤྲུལ་པའི་ཕྱིར་ན་ཕ་མཆོག་གྱུར་པ་སངས་རྒྱས་ཞེས་པའོ། །དེ་འདྲ་བ་ལ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱིས་བོད་པའི་ཚིག་ཁོ་ན་གསུངས་པ། ཀྱེ་ལེགས་སོ་ལེགས་སོ་ཞེས་པ་སྟེ། ཁྱོད་ཀྱིས་གང་དཔལ་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་སྟོན་པ། དེ་ཀུན་ལེགས་སོ་མཛེས་སོ་སྐྱོན་ཐམས་ཅད་མེད་དོ་ཞེས་པའོ། ། མཆོག་གི་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་རིན་ཆེན་གྱི་མཆོག་ཅེས་པའོ། །རྡོ་རྗེ་ལས་བྱུང་ཞེས་པ་ནི་དཔལ་ཁྲག་འཐུང་དང་། རྡོ་རྗེ་ཉི་མ་འཁོར་དང་བཅས་པ་གསུངས་སོ། །ལེགས་སོ་ལེགས་ཞེས་པ་ནི་གོང་མ་བཞིན་ནོ། །དེས་ནི་འདི་གསུང་བར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་དཔལ་ཁྲག་ འཐུང་དང་། རྡོ་རྗེ་ཉི་མའི་དེ་ཁོ་ན་ཉིད་གསུངས་པ། དེ་ཀུན་ནི་ལེགས་སོ་ཞེས་པའོ། །དམ་པའི་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས་སོ་ཞེས་པ་ནི་རྣམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་ཞེས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སེམས་དང་སེམས་ལས་བྱུང་བའི་ཚོགས་དང་ པདྨའི་རིགས་སོ། །ཆོས་ཀྱི་བདག་ཉིད་ཅེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། པདྨོའི་རིགས་ནི་ཆོས་ཞེས་པ་སྟེ། དེའི་རང་བཞིན་ནི་ཆོས་ཀྱི་བདག་ཉིད་པདྨ་གར་གྱི་དབང་ཕྱུག་གོ། །ལེགས་སོ་ལེགས་སོ་ཞེས་པ་ནི་བཤད་ཟིན་ཏོ། །དེས་ཀྱང་འདི་གསུང་བར་འགྱུར་ཏེ། ཁྱོད་ཀྱིས་འདིར་གང་པདྨའི་རིགས་ཀྱི་དེ་ཁོ་ན་ཉིད་གསུངས་པ། དེ་ཀུན་ཡང་མཛེས་སོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན་པའི་ཐ་ཚིག་གོ། །དམ་པའི་ལས་ཅན་མཆོད་པའི་བདག་ཉིད་ལེགས་སོ་ལེགས་སོ་ཞེས་པ་ནི། དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལས་ནི་ དམ་པའི་ལས་ཞེས་པ་སྟེ། སེམས་ཅན་གྱི་དོན་བྱེད་པ་དང་། འཕགས་པ་ལ་མཆོད་པའི་ལས་བྱེད་པའི་མཚན་ཉིད་དོ། །དེའི་བརྩོན་པ་ནི་མཆོད་པ་སྟེ། དེའི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའོ། །དེས་ནི་འདི་གསུང་བར་འགྱུར་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ དཔལ་རྟ་མཆོག་གང་ཁྱོད་ཀྱིས་སྤྲུལ་པ་དེ་ཡང་ལེགས་སོ་ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བདེ་བའི་ཚིག་གསུངས་པའོ། །རྟོག་པ་བྱིན་བརླབ་ཅེས་པ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བའི་རྒྱུད་ཀྱི་རང་བཞིན་ སློབ་དཔོན་རིམ་པས། ཇི་ལྟར་མ་འོངས་པའི་དུས་སུ་རྒྱུན་མི་འཆད་པར་གནས་པར་འགྱུར་བ་དེ་ལྟར་བརྟན་པར་བྱེད་པའོ། །མཉམ་པར་བྱིན་གྱིས་བརླབས་ཞེས་པ་ནི་ཕྱོགས་བཅུ་ན་གནས་པའི་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་རྟོག་པ་འདི་བྱིན་ཆགས་པའི་དོན་དུ་བྱིན་གྱིས་ བརླབས་པའོ། །དོན་ཡོད་གྲུབ་ཅེས་པ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཚད་མར་གྱུར་པ་དང་གང་ལྡན་པར་རྟོག་པ་དེ་ནི་དོན་ཡོད་དངོས་གྲུབ་ཅེས་པའོ། །དོན་ཡོད་དངོས་གྲུབ་དེ་ལ་རྟག་ཏུ་ཞེས་རྒྱུན་མི་འཆད་པར་སྐད་ཅིག་རེ་རེ་ལ་ཡིག་འབྲུ་ཆེན་པོ་ཞེས་ད་ལྟའི་དུས་ཀྱི་རང་བཞིན་ གྱིས་རྟག་པར་གནས་པའོ། །གྲུབ་པས་ཕྱི་ན་མི་འདུལ་བའི་དུས་ནི་ཞེས་པ་ནི་དུས་ཀྱི་སྙིགས་མ་ལ་འཐབ་མོའི་དུས་ཞེས་སོ། །དེ་དག་གི་ཡང་ཇི་ལྟར་ཞེས་པ་ནི་ཇི་ལྟར་གསུངས་པའི་ལེ་ལོ་ཅན་གྱི་སེམས་ཅན་ཉུང་བ་ཙམ་འདོད་པ་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་ པ་ལ་སོགས་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བ་དམ་པའི་བདེ་བར་གྱུར་པའི་ཕྱིར་ཞེས་པ་ནི། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ལ་གསོལ་བ་གདབ་པའོ། །དེ་ལྟར་ངག་ཆེན་ཞུས་ནས་སུ། །ཞེས་པ་ནི་གོང་དུ་གསུངས་པའི་ལེགས་སོ་ལ་སོགས་པའི་སྦྱིན་པའི་ ངག་གོ། །སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི། །ཞེས་པ་ནི་ཇི་ལྟར་གསུངས་པའི་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་དང་། བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་བཅས་པ་ནི་སྲས་བཅས་ཞེས་པའོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། ། གསུངས་པ་ལ་ནི་མངོན་པར་བསྟོད། །ཅེས་པ་ནི་ཀུན་ལ་ཁྱབ་པ་ཀུན་གྱི་བདག་ཉིད་རྡོ་རྗེ་སེམས་དཔས་གང་དག་འདིར་གསུངས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་དེ་དག་ལ་དེ་བཞིན་གཤེགས་པ་དེ་དག་གིས་མངོན་པར་བསྟོད་པར་ གྱུར་ཏོ་ཞེས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་ལ། །སངས་རྒྱས་ཉི་མ་ཟླ་བ་ནི། །དམ་པའི་ཡིག་འབྲུ་དར་བར་ཤོག །སྔོན་གྱི་སྨོན་ལམ་འབྱུང་བ་ཡིས། །སྐུ་ཡི་སྤྲིན་ནི་མཐའ་ཡས་པས། །ཡོན་ཏན་མཐའ་ཡས་གྲགས་པ་ ཡི། །རྡོ་རྗེ་སེམས་དཔའ་གསུངས་པ་ལ། །རྡོ་རྗེ་སེམས་དཔའ་འབྱུང་བ་འདིར། །དངོས་གྲུབ་བདག་ཉིད་ལྷན་ཅིག་པའི། །བྱང་ཆུབ་སེམས་སོགས་ལ་ཆགས་པའི། །འགྲོ་བ་དཀར་པོར་འགྱུར་བར་ཤོག །ཐབས་དང་ཤེས་རབ་དངོས་བསྟན་པ། །ཐར་པ་ཐམས་ཅད་རྣམ་དག་པ། ། གཏན་དུ་སྲིད་པ་འགྲུབ་པའོ། །དཔལ་ལྡན་ཁྲག་འཐུང་ཞེས་བྱ་བ། །དྲག་པོ་སྡང་བ་འཇོམས་བྱེད་པ། །དྲག་སོགས་སྡང་བ་མེད་དོན་དུ། །སྙིང་རྗེ་ཐབས་ཀྱིས་སྲེད་གནས་པ། །སངས་རྒྱས་ཀུན་གཞི་དར་བར་ཤོག །པདྨ་འདྲ་བར་འབྱུང་དག་པ། །ཤེས་རབ་མར་མེ་འབར་བ་ཆེ། །ཡེ་ཤེས་ མུན་པ་མེད་བྱེད་ཕྱིར། །འཇིག་རྟེན་ཀུན་གྱི་དབང་ཕྱུག་གཙོ། །པདྨའི་ཟླ་བ་དར་བར་ཤོག །ཡིད་བཞིན་ནོར་བུ་ཉམས་དགའ་བ། །སེར་སྣའི་ཉེས་པ་མེད་བྱེད་ཕྱིར། །ཀུན་གྱི་བདག་པོར་སྦྱིན་བྱེད་པ། །སྙིང་རྗེའི་ཉི་མ་དར་བར་ཤོག །དཔལ་ལྡན་རྟ་མཆོག་རྒྱལ་པོ་ཡང་། །རྒྱལ་པོ་ཐམས་ ཅད་འཇོམས་བྱེད་པ། །ལེ་ལོའི་དྲི་མ་མེད་དོན་དུ། །བརྩོན་འགྲུས་ལས་ཀྱི་དངོས་པོ་དགེ། །དགེ་བའི་ལས་ལ་བརྩོན་འགྲུས་དངོས། །ལྟ་བ་ངན་པ་མེད་དོན་དུ། །དགེ་བའི་ཤེས་རབ་སྣང་བྱེད་ཤོག །ཅེས་སོ། །རྒྱུད་འདི་རྣམ་པར་བཤད་བྱས་པས། །བདག་གིས་ཐོབ་པའི་དགེ་བ་ གང་། །བྱང་ཆུབ་སེམས་ཀྱི་དགེ་དགའ་བ། །སྙིང་པོ་བསམ་མེད་རྫུ་འཕྲུལ་ཆེ། །དེས་ནི་འཇིག་རྟེན་མ་ལུས་པ། །རྒྱལ་བ་རྡོ་རྗེ་འཛིན་ཆེན་ཤོག །དཔལ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་བའི་མཆོག་གི་རྒྱུད་ཇི་སྙེད་པའི་རྣམ་པར་བཤད་པ་ཤེས་རབ་ སྣང་བར་བྱེད་པ་ཞེས་བྱ་བའོ། །རྣམ་པར་བཤད་པ་འདིའི་རྣམ་གྲངས་ཀྱི་ཚད་ནི་ཚིགས་སུ་བཅད་པ་དྲུག་སྟོང་ལྔ་བརྒྱ་བདུན་ཅུའོ། །སངས་རྒྱས་མཉམ་སྦྱོར་གྱི་རྣམ་པར་བཤད་པ་འདིའི་མཛད་མཁན་ནི་ཤྲཱི་ན་ལེནྡྲ་ན་བཞུགས་པ་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙིང་པོའི་ཞབས་ཀྱིས་མཛད་པ་རྫོགས་ སོ།། །།བོད་ཀྱི་དགེ་བཤེས་ལ་ཕན་ཕྱིར། །སྨྲྀ་ཏི་ཛྙཱ་ན་ཀཱིརྟི་ཡིས། །ཊཱི་ཀ་བསྒྱུར་བའི་དགེ་འདི་ཡིས། །སེམས་ཅན་བྱང་ཆུབ་ཐོབ་པར་ཤོག། ༄༅། །རྒྱ་གར་སྐད་དུ། སརྦ་བུདྡྷ་ས་མཱཉྫ་པཉྩི་ཀཱ། བོད་སྐད་དུ། སངས་རྒྱས་ཐམས་ཅད་དང་མཉམ་ པར་སྦྱོར་བའི་དཀའ་འགྲེལ། རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །སེམས་ཅན་ཀུན་གྱི་བདེ་བསྐྱེད་པ། །དངོས་ཀུན་བདག་ཉིད་ཕྱག་འཚལ་ལོ། །མ་རྨོངས་ བློས་ཀྱང་རྟོགས་དཀའ་བའི། །རྒྱུད་ཀྱི་མཆོག་ཅེས་བྱ་བ་སྟེ། །ཚུལ་བཞིན་གཞན་གྱིས་གསོལ་བསྐུལ་བས། །ཇི་བཞིན་གསལ་བར་རྣམ་པར་བྱེད། །འདིར་ཁ་ཅིག་ན་རེ་ཅིའི་ཕྱིར་རྒྱུད་འདིར་མགོ་ལ་སྡུད་པར་བྱེད་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གླེང་གཞི་མ་ བསྟན་ཞེས་རྒོལ་བར་བྱེད་པ་ལ། ལ་ལ་དག་གིས་བཤད་པ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་ན། རིགས་ཀྱི་བུ་དག་ང་ཡོངས་སུ་མྱ་ངན་ལས་འདས་ནས། ཁྱེད་རྣམས་ཀྱིས་དམ་པའི་ཆོས་རྣམས་བསྡུ་བར་བྱ་སྟེ། །ཐམས་ཅད་ཀྱི་དང་པོར་འདི་ སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་བྱོས་ཤིག་ཅེས་གསུངས་ལ། བཅོམ་ལྡན་འདས་ནི་མི་གནས་པའི་མྱ་ངན་ལས་འདས་པའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་ཏེ། དེ་བས་ན་རྟག་ཏུ་བཞུགས་ཞེས་བྱ་བའི་རིམ་པ་འདི་ཉིད་ཀྱིས་མངོན་ནོ། །གཞན་དག་ན་རེ་འཁོར་ལོས་ སྒྱུར་བ་ཆེན་པོ་མངོན་སུམ་དུ་སྟོན་པར་གྱུར་པས་རྒྱུད་ཤློ་ཀ་ཁྲི་ཉིས་སྟོང་སུམ་བརྒྱ་པ་གསུངས་པ་ལས་སྟོང་ཉིས་བརྒྱ་པ་འདི་ནི་རྒྱུད་ཕྱི་མ་ཡིན་ཏེ། དེ་བས་ན་དེར་དང་པོ་རྩོམ་པ་ན་གླེང་གཞི་གྲགས་ཟིན་པས་འདིར་ཡང་མ་སྨྲས་སོ་ཞེས་འདོད་དོ། །དེ་ལ་ཆོས་ཀྱི་རྗེས་སུ་འབྲང་བའི་གང་ཟག་ནི་བརྗོད་ པར་བྱ་བ་དང་། འབྲེལ་པ་དང་དགོས་པ་དང་། དགོས་པའི་ཡང་དགོས་པ་དག་ཡོད་ན། འཇུག་པར་འགྱུར་བས་འདིར་དེ་དག་བསྟན་པར་བྱ་སྟེ། འདི་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་མཁའ་འགྲོ་མའི་སྒྱུ་མའི་བདེ་བའི་མཆོག་ དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པའི་ཚིག་རྒྱུད་འདི་ནི་བརྗོད་པའོ། །དེ་བས་ན་བརྗོད་པར་བྱ་བ་དང་། རྗོད་པའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་པའོ། །དེར་ཡང་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་འགྲོ་བ་རྣམས་དགའ་བར་བྱ་བ་ནི་དགོས་པའོ། ། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བ་མ་ཚང་བ་མེད་པའི་རིམ་པས་མཐར་ཕྱིན་པར་ནུས་ཤིང་། རང་གི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་དགོས་པའི་ཡང་དགོས་པ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་རྒྱུད་འདིའི་རྟོག་པ་བཅུའི་བདག་ཉིད་ལས་ དང་པོ་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པ་ཡེ་ཤེས་ཀྱི་ཕྱག་རྒྱ་བརྟག་པའི་ངོ་བོ་ཉིད་སྡུད་པར་བྱེད་པ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དང་པོར་གནས་ཕུན་སུམ་ཚོགས་པ་བསྟན་པ་ལ་འཇུག་པའི་ཕྱིར། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་དཔའ་ སངས་རྒྱས་ཀུན་གྱི་དངོས། །ཞེས་བྱ་བ་ལ་སོགས་པ་སེམས་ཅན་རྣམས་ཀྱི་དོན་ལ་ཤིན་ཏུ་ཆགས་པས་ན་སེམས་དཔའོ། །ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། སངས་རྒྱས་ཀུན་གྱི་དངོས་པོ་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་པས་ན་རྡོ་རྗེ་སེམས་དཔའོ། །མཆོག་ཏུ་ཡང་བདེ་བ་ དང་ཡིད་བདེ་བའི་ངོ་བོ་ཉིད་པས་བདེ་བའི་མཆོག་གོ། །བདེ་བའི་མཆོག་ལ་སོགས་པ་དང་། ནང་དུ་ཡང་དག་འདུས་པ་མཛད་པར་གྱུར་པའམ། ཉན་ཐོས་ལ་སོགས་པ་ལ་སྦ་བར་བྱ་བ་ཡིན་པས་ན་གསང་བ་པའོ། །ཐམས་ཅད་ཀྱི་རབ་ཏུ་གྱུར་པས་ན་མཆོག་གོ། །ཉེས་པ་མ་ལུས་དང་བྲལ་ བའམ། རྡོ་རྗེ་ལྷ་མོ་དང་མཉམ་པར་སྦྱོར་བའི་དགྱེས་པའི་གནས་སྐབས་ཉིད་ཀྱིས་ན་དགྱེས་པ་ནའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པའམ། ནམ་མཁའི་ཁམས་སུ་གཏོགས་པ་ཐམས་ཅད་མཉམ་པས་ན། ཐམས་ཅད་བདག་ཉིད་དེ་དཔལ་རྡོ་རྗེ་སེམས་དཔའི་གཞལ་ ཡས་ཁང་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །བཞི་པོ་དེ་དག་ཀྱང་རིམ་པ་བཞིན་དུ་བསྟན་པའི་ཕྱིར། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ། །བདག་ཉིད་རྫོགས་པའི་སངས་རྒྱས་ལ་སོགས་པར་ བསྒོམས་པ་ལས་བྱུང་བས་ན་རང་བྱུང་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཀྱི་རང་བཞིན་ནོ། །བླ་ན་མེད་པའི་དབང་ཕྱུག་དང་ལྡན་པས་བཅོམ་ལྡན་འདས་ཏེ། དེ་ཉིད་ཀྱིས་ན་སེམས་དཔའོ། །གཉིས་པ་མེད་པས་ན་གཅིག་པུའོ། །དེ་ཉིད་ཀྱིས་ན་རྡོ་རྗེ་སེམས་དཔའ་ནི་ཆེ་བའི་ལྷ་སྟེ་གཙོ་བོར་གྱུར་ པའོ། །མི་བསྐྱོད་པ་ལ་སོགས་པ་ནི་སངས་རྒྱས་ཐམས་ཅད་དེ་བདེ་བའི་མཆོག་ལ་སོགས་པ་རྡོ་རྗེ་ལྷ་མོར་ཡོངས་སུ་གྱུར་ནས་དེ་རྣམས་ཀྱིས་ཡང་དག་པར་རམ། ཀུན་ནས་སྦྱོར་བ་དང་། རྗེས་སུ་སྦྱོར་བ་དང་། ཤིན་ཏུ་སྦྱོར་བས་སེམས་སྙོམས་པར་ཞུགས་ཤིང་གཉིས་སུ་མེད་པར་བསྒོམས་ པས་ཕན་ཚུན་དགྱེས་ཤིང་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཀྱི་མཚན་ཉིད་དུ་སྦྱོར་བས་ན། དེའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བར་སྟོན་ཏོ། །ནམ་མཁའ་ལ་སྤྱོད་པའི་དངོས་གྲུབ་ཐམས་ཅད་ནི་མཁའ་འགྲོའོ། །དེ་ཉིད་ནི་སྒྱུ་མའི་གཟུགས་ཅན་པས་སྒྱུ་མ་སྟེ། དེས་བླ་ན་མེད་ པའི་བདེ་བ་དང་ཡིད་བདེ་བ་ཐོབ་པ་དེའི་ངོ་བོ་ཉིད་ནི་བཅོམ་ལྡན་འདས་སོ། །དེ་བས་ན། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཅེས་བྱ་སྟེ་དེ་ཉིད་བདེ་བའི་མཆོག་ཏུ་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ལྷ་མོའི་ཚོགས་ཀྱི་ནང་ དུ་ཞུགས་ན་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་རོ་སྙམ་པ་ལ་ཆགས་པ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་མེད་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བ་ནི་ཉན་ཐོས་ཀྱི་བྱང་ཆུབ་ལ་སོགས་པའོ། །དབུ་མར་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་དག་ ཐམས་ཅད་ཀྱང་མི་དམིགས་ཏེ། དོན་དམ་པར་རང་བཞིན་མེད་པའི་ཕྱིར་རོ། །ལྷ་མོ་རྣམས་ཀྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ལན་བསྟན་པའི་ཕྱིར། བུད་མེད་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུད་མེད་ཐམས་ཅད་ཀྱི་སྒྱུ་མ་ནི་རྗེས་སུ་ཞུགས་པ་ཡང་ཡིན་པས་ན་འདི་ནི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་འདི་ནི་གཉིས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ནི་གཟུང་བ་དང་འཛིན་པ་སྟེ། དེ་མེད་པས་ན་གཉིས་སུ་མེད་པའོ། །འདི་གཉིས་ཀྱིས་འགྲོ་ཞིང་ཕྱིན་པས་ན་ཐེག་པ་སྟེ། བྱང་ཆུབ་ སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་སའི་འབྲས་བུ་དང་བཅས་པའོ། །ཉན་ཐོས་ལ་སོགས་པའི་ཐེག་པ་ལས་ཕུལ་དུ་བྱུང་བས་ན་མཆོག་གོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་མོ་དང་བཅས་པའི་ཡང་ཡོད་དམ་མེད་ཅེས་བྱ་བ་ལ་སོགས་པ་རང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དོན་ ཡོད་པ་ཡིན་པར་ཤེས་པར་བྱའོ། །ཡང་ན་བུད་མེད་ཐམས་ཅད་ཀྱི་སྒྱུ་མའི་ཕྱག་རྒྱ་ནི་བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡིན་པ་ལས་རིགས་ཀྱི་ཚོགས་གཅིག་པར་བྱས་སོ། །གཉིས་སུ་མེད་པ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པས་འདིའི་ངོ་བོ་ཉིད་སྟོན་པ་ སྟེ། འདིས་ནི་བཅོམ་ལྡན་འདས་དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ། །ཀུན་རྫོབ་ཏུ་ནི་གདུལ་བྱའི་དབང་དུ་འདི་ནི་སྒྱུ་མའི་ཕྱག་རྒྱར་སྤྲུལ་ཏེ། རྣམ་པ་འདི་གཉིས་ཀྱང་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་ཡང་དག་པར་བསྟན་པ་ཡིན་ ནོ། །གང་ཞིག་འདི་སྟོན་ན་ཅི་ཐབས་གཞན་དག་གིས་སེམས་ཅན་གྱི་དོན་བྱ་བ་མེད་དམ་ཞེ་ན། དེའི་ཕྱིར་སྒྱུ་མ་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་དག་ནི་ཐམས་ཅད་པས། །ཞེས་བྱ་བ་ལས་སྤྲུལ་པ་ཐམས་ཅད་ཀྱི་ནང་ན་བུད་མེད་ཀྱི་སྒྱུ་མ་སྟེ། བདེ་བའི་མཆོག་ལ་སོགས་པའི་ ཕྱག་རྒྱ་ནི་རབ་ཏུ་ཁྱད་པར་ཆེ་སྟེ། དེས་གདུལ་བར་བྱ་བ་རྣམས་ལ་རིམ་གྱིས་གོང་མའི་འབྲས་བུ་སྟེར་ཅིང་། བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བའི་ངོ་བོ་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ་པར་བྱེད་པས་ཤིན་ཏུ་ཁྱད་པར་དུ་འཕགས་པར་གྱུར་ཏེ། དེ་བས་ན་དེ་ཉིད་ཉེ་བར་བསྟན་ཏེ། བཅོམ་ལྡན་ འདས་རྡོ་རྗེ་སེམས་དཔའ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བྱ་བ་ཐམས་ཅད་དང་བྲལ་བ་ལ་རྒྱུ་གང་གིས་ན། འདི་ལྟར་ཁྱད་པར་དུ་གྱུར་ཅེ་ན་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་ཅིང་གྲུབ་ཟིན་པའོ། །རྒྱུ་གང་གིས་ཤེ་ན། མཐུ་དག་གིས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཆེ་བའི་བདག་ཉིད་རང་ཉིད་ཀྱིས་བསམ་ཞིང་འདོད་པ་སྟེ། དེས་བདག་ཉིད་ཀྱི་སྨོན་ལམ་ལ་བརྟེན་པའི་བར་གྱིས་སོ། །དེ་ལྟར་འདིའི་རྒྱུའི་ཆེ་བའི་བདག་ཉིད་བསྟན་ནས་འབྲས་བུ་ཆེ་བའི་བདག་ཉིད་ཉེ་བར་བསྟན་པའི་ཕྱིར། འཇིག་ རྟེན་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་ནི་ས་འོག་ས་སྟེང་ས་བླའི་མཚན་ཉིད་ཅན་ནོ། །བུད་མེད་འདིས་ཞེས་བྱ་བ་ནི་བདེ་བའི་མཆོག་ལ་སོགས་པ་སྒྲུབ་པར་བརྩོན་པའི་བུད་མེད་དོ། །འདིས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པའམ་སྒྱུ་མའི་ཕྱག་རྒྱའོ། །གུས་པར་བྱེད་པ་ཞེས་བྱ་བ་ནི་ཆེ་བའི་བདག་ཉིད་ཅན་དུ་བྱེད་པའོ། །ཅི་དཀའ་བ་སྤྱོད་པ་རྣམས་འགྲུབ་པར་འགྱུར་རམ་མི་འགྱུར་ཞེ་ན། རྙེད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་ལ་སོགས་པ་ལ་མངོན་པར་སྤྱོད་བཞིན་དུ་ཡང་འགྲུབ་པར་འགྱུར་ ན་རྙེད་པ་ལ་སོགས་པ་ཡོངས་སུ་སྤོང་བ་ལ་ལྟ་ཅི་སྨོས་ཏེ། གང་གི་ཕྱིར་ངན་པར་སྤྱད་པ་སྟེ། སྒྲུབ་པའི་སྤྱོད་པ་མ་ཚང་བ་རྣམས་ཀྱང་འགྲུབ་པར་འགྱུར་ཏེ། དེས་ན་དངོས་གྲུབ་མངོན་དུ་བྱེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །མཁའ་འགྲོ་མའི་དོན་བསྟན་པར་བྱ་བའི་ཕྱིར་རང་གི་ངོ་བོ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ངོ་བོ་ཡོངས་སུ་བསྒྱུར་ན་ཞེས་པ་ནི་རང་གི་གནས་ཡོངས་སུ་གྱུར་པའི་སྔོན་དུ་བྱ་བ་སྟེ། བདེ་བའི་མཆོག་ལ་སོགས་པ་ནི་དངོས་པོའི་གནས་སྐབས་སུ་གྲུབ་པ་ཡོངས་སུ་རྫོགས་པའོ། །བུད་མེད་ཀུན་གྱི་སྒྱུ་མ་ནི་བུད་མེད་ ཐམས་ཅད་ཀྱི་སྦྱོར་བ་བསྒོམས་པས་སོ། །གྲུབ་པ་ནི་རྫོགས་པར་གྱུར་པ་འདི་ནི། ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱི་ངོ་མཚར་སྣ་ཚོགས་པ་སྟེ། བདེ་བའི་མཆོག་ལ་སོགས་པའི་ཕྱག་རྒྱ་ནི་མཁའ་འགྲོ་མ་ཞེས་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སྐད་ གང་གིས་ཤེ་ན། བརྡར་བསྟན་ཏོ་ཞེས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བརྡའི་ཚིག་ཏུའོ། །སྒྲའི་ངེས་པའི་ཚིག་ཉིད་བསྟན་པར་བྱ་བའི་ཕྱིར། ཌཱ་ནི་ནམ་མཁར་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཌཱ་ཞེས་བྱ་བའི་ཡི་གེའི་ཁམས་ལས་ནི་མཁའ་འགྲོ་མ་ཞེས་བྱའོ། །དེ་བས་ ན། ནམ་མཁའ་ཀུན་དུ་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་སྟེ། རབ་ཏུ་གྲགས་པར་ཉེ་བར་འགྲོ་བའོ། །ཐམས་ཅད་དུ་མ་ལུས་པའི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཡིན་ལ་དེ་ཡང་ཐམས་ཅད་དུ་མ་ལུས་པའི་བདེ་བའི་མཆོག་ཡིན་ཏེ། ནམ་མཁའ་ཀུན་དུ་འགྲོ་ བས་ན་མཉམ་པར་སྦྱོར་བས་ཐམས་ཅད་ནི། མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་སོ། །དེ་ཡང་འདི་སྐད་སྟོན་པར་འགྱུར་ཏེ། གང་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཐམས་ཅད་དུ་འགྲོ་བ་གྲུབ་པའི་ཕྱག་རྒྱ་ཆེན་པོ་ནི་ནམ་མཁའ་ཀུན་དུ་འགྲོ་བ་ཞེས་བྱ་བ་ཉིད་ཡིན་ནོ། །སངས་རྒྱས་ ཁམས་ཞེས་པ་ནི་སངས་རྒྱས་ལ་སོགས་པའི་ཁམས་ནི་སངས་རྒྱས་ཀྱི་ཁམས་ཏེ། དེ་ནི་མཁའ་འགྲོ་མ་ཞེས་བྱ་བའི་དོན་ནི། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པའི་ཡང་ཁམས་ཀྱི་སྒྲ་འདི་ཉིད་ཀྱིས་བསྟན་ཏོ། །དེ་བས་ན་དེ་རྣམས་ཀྱིས་ཀུན་དུ་འགྲོ་བར་གྲུབ་ པ་དེ་ནི། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་བྱ་བར་སྦྱར་རོ། །འདིར་ཡང་སྒོམ་པ་བརྟན་པའི་བློས་དང་པོ་སྙིང་པོ་དང་སྤེལ་བའི་ཡི་གེ་དེ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ནམ་མཁའ་ལྡིང་གིས་རྣམ་པར་བསྐྱོད་ བཞིན་པའི་རང་གི་ལྷའི་བདག་ཉིད་ཇི་ལྟ་བ་བཞིན་དུ་བསྒོམས་ན། ནམ་མཁར་འགྱུར་རོ་ཞེས་མན་ངག་ལས་བཤད་དོ། །བཤད་ཅེས་བྱ་བ་ནི་རབ་ཏུ་གྲགས་སོ། །སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ལས་ཐོབ་པ་སྟེ། བདེ་བ་ཆེན་པོ་ཞེས་བཤད་པ་ཡང་དེ་ ཉིད་ཡིན་ནོ། །སྒྱུ་མ་ཐམས་ཅད་རབ་སྦྱོར་བ། །ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་པར་སྤྲུལ་པ་ལ་རབ་ཏུ་འཇུག་པ་ལས་གང་ཞིག་སྐྱེས་པའི་བདེ་བ་དམ་པ་དེ་ནི་བདེ་བའི་མཆོག་ཅེས་བཤད་པ་སྟེ། དེ་བས་ན་དེའི་ངོ་བོ་ཉིད་དུ་གྱུར་པས་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་ འགྲོ་སྒྱུ་མ་བདེ་བའི་མཆོག་ཅེས་བྱ་བར་གྲགས་སོ། །ད་ནི་སྒྱུ་མ་ཐམས་ཅད་ཀྱི་རབ་ཏུ་སྦྱོར་བ་མ་ལུས་པར་བསྟན་པའི་ཕྱིར། ཀུན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུལ་ཀུན་དུ་དང་དངོས་པོ་ཀུན་ནས་དང་། དངོས་པོ་ཐམས་ཅད་ཀུན་དུ་སྟེ་དུས་ཀུན་དུ་དང་རྣམ་པ་ཀུན་ཏེ། རྣམ་པ་ཐམས་ཅད་དུ་བདག་ཉིད་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་འདིས་ནི་བཅོམ་ལྡན་འདས་དེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་བསྟན་ཅིང་། མཉམ་པར་གཞག་པའི་སྒོམ་པའི་སྦྱོར་བ་ སྟོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་རྒྱས་པར་བསྟན་པའི་ཕྱིར། སངས་རྒྱས་བརྟན་གཡོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སེམས་ནི་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གནས་སུ་གྱུར་པས་ན། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ། །དེ་ཉིད་ སྟོང་པ་ཉིད་བརྟན་པར་བསྒོམས་པས་གཟུང་བ་དང་འཛིན་པ་ལས་རྣམ་པར་དབེན་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ནི་སེམས་དཔའ་ཞེས་བརྗོད་དོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་དམིགས་པ་ལ་སེམས་རྩེ་གཅིག་ཏུ་སྦྱོར་བ་ནི་ཏིང་ངེ་འཛིན་ཏོ། །ཟླ་བའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པར་བསྒོམས་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ། དེ་ཉིད་བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པས་བྱང་ཆུབ་སྤྱོད་པའོ། །དེའི་སྟེང་དུ་རྡོ་རྗེ་བསྒོམ་པའི་ང་རྒྱལ་བསྐྱེད་ལ། དེ་བཞིན་གཤེགས་པ་རྗེས་སུ་ཞུགས་པ་ལས་རང་གི་ལྷའི་ངོ་བོར་བསྒོམ་པ་ནས། ཇི་ སྲིད་མཆོད་པའི་མཐར་ཐུག་པའི་བར་གྱི་ལྷའི་སྦྱོར་བ་བཤད་པ་ནི། གདུལ་བྱའི་སྦྱོར་བས་རྣམ་པ་ཐ་དད་པར་གྱུར་པ་ནི་སྣ་ཚོགས་ཉིད་དོ། །གཞན་དག་ན་རེ་བྱང་ཆུབ་ཀྱི་སྤྱོད་པ་ནི་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པའི་གཟུགས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ ལ། དེ་ཁོ་ན་ཉིད་ནི་རྣམ་པ་ཐ་དད་པས་སྣ་ཚོགས་པ་ཉིད་དེ། སྙིང་སྟོབས་རྡུལ་དང་མུན་གྱིས་ཀྱང་། གང་ཕྱིར་སེམས་ཅན་དོན་འགྱུར་བས། །དེས་ན་བདག་ནི་ཀུན་བཟང་སྟེ། །བྱང་ཆུབ་སྤྱོད་པས་ཇི་བཞིན་འགྲོ། །ཞེས་གསུངས་པས་སོ་ཞེས་ཟེར་རོ། །འདི་ལྟར་རྣམ་པ་སྣ་ཚོགས་པ་དེ་ཉིད་ བསྟན་པའི་ཕྱིར། དེ་བཞིན་བདུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ལོག་པར་འཇུག་པའི་སེམས་ཅན་སེམས་གསོད་པས་ཉེན་པས་ན། བདུད་དེ་རྡོ་རྗེ་སེམས་དཔའོ། །དེ་ཉིད་བདུད་བཞི་ལས་རྒྱལ་བར་གྱུར་པས་ན་བདུད་ལས་རྒྱལ་བའོ། །རང་གི་སེམས་སོ་སོར་རྟོགས་ པ་ནི་བྱང་ཆུབ་ཡིན་ལ་དེ་ཉིད་སངས་རྒྱས་ཏེ། རྣམ་པར་སྣང་མཛད་དོ། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་རྩེ་ལྔ་པའི་ཁྲོ་བོའི་རྡོ་རྗེ་ནི་རྡོ་རྗེའོ། །རྡོ་རྗེ་འཛིན་པར་མཛད་པས་རྡོ་རྗེ་འཛིན་ཉིད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ངོ་བོ་ནི་ པདྨའོ། །པདྨོ་འཛིན་པར་མཛད་པས་ན་པདྨོ་འཆང་སྟེ། པདྨོ་གར་གྱི་དབང་ཕྱུག་གོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་རིན་པོ་ཆེ་ཟུར་བརྒྱད་པ་ནི་ནོར་བུའོ། །དེ་འཛིན་པར་མཛད་པས་ན་རྡོ་རྗེ་ཉི་མའོ། །རྟ་མཆོག་ནི་དྲག་པོའི་ཚུལ་ཀུན་གྱི་ངོ་བོ་ཉིད་ལ་གནས་པ་ཡིན་པས་ན་བཤད་ དོ། །དེ་དག་གི་ཡང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བདུད་ལ་སོགས་པར་བསྟན་པའི་རིགས་ནི་འཁོར་ཡིན་ནོ། །ཐུགས་རྗེའི་བདག་ཉིད་ཅན་དུ་གྱུར་པས་ན་འདོད་ཆགས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐར་པའི་བདག་ཉིད་ཅན་དུ་གྱུར་པས་འདོད་ཆགས་ དང་བྲལ་བས་ན་འདོད་ཆགས་དང་བྲལ་བའོ། །དངོས་གྲུབ་ཐམས་ཅད་ལ་རྗེས་སུ་དགྱེས་པས་ན་འདོད་པའོ། །དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བ་ཅན་ཡིན་པས་ན་གྲོལ་བ་སྟེ། དེ་ཡང་བཅོམ་ལྡན་འདས་འདོད་པ་དང་ཐར་པ་ཅི་ལྟ་བུ་ལགས། འདོད་ཆགས་ཆེན་པོ་བཅོམ་ལྡན་ འདས། །དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས། །དངོས་གྲུབ་ཐམས་ཅད་མི་འགྱུར་བ། །བདེ་བ་ཆེན་པོ་ཤེས་པར་བྱ། །ཞེས་གསུངས་པས་སོ། །འདས་པ་ལ་སོགས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དུས་གསུམ་མོ། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་ངོ་བོ་ཉིད་པས་ན་ སྲིད་གསུམ་མོ། །ཐེག་པ་གསུམ་གྱི་བདག་ཉིད་ཅན་པས་ན་མཆོག་གསུམ་མོ། །རྒྱལ་བར་བྱེད་པ་ལ་སོགས་པ་སྤུན་གསུམ་གྱི་ངོ་བོ་ཉིད་པས་ན་འཇིག་རྟེན་གསུམ་མོ། །འདོད་པ་ལ་སོགས་པའི་ཁམས་ཅན་པས་ན་ཁམས་གསུམ་མོ། །རྣམ་པ་ཐ་དད་པས་རྣམ་པ་སྣ་ཚོགས་པས་ སོ། །རི་ལ་སོགས་པ་ནི་གནས་པའོ། །མི་ལ་སོགས་པ་ནི་འགྲོ་བའོ། །ཀུན་དུ་ཁྱབ་པས་ན་ཐམས་ཅད་དུའོ། །མཐའ་ཡས་མཆོག་ནི་ཐོག་མ་དང་མཐའ་ཐུག་པ་མེད་པའོ། །ཆོས་ཀྱི་དབྱིངས་དང་མཉམ་པར་སྟོན་པ་ཉིད་དང་མཚུངས་པའོ། །ནམ་མཁའི་དབྱིངས་དང་འདྲ་བ་ནི་མུར་ ཐུག་པ་མེད་པ་སྟེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་དབྱིངས་ངེས་པའི་ཚིག་གཉིས་སྨོས་པ་ནི་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་ལ་གྲགས་པ་ཡིན་པར་བལྟ་བར་བྱའོ། །དངོས་པོ་ཐམས་ཅད་ནི་ཆོས་ཐམས་ཅད་དེ། དེ་དག་གིས་ནི་རང་བྱུང་ཉིད་དུ་གྱུར་པར་སྟོན་ཏོ། །ནམ་ མཁའ་ཀུན་གྱི་སྐབས་ན་དཔལ། །ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་དུ་གོ་སྐབས་ཡོད་པའི་དཔལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམ་མཁའ་ཐམས་ཅད་ཀྱི་སྐབས་ཅན་གྱི་དཔལ་གང་ལ་ཡོད་པ་ཞེས་སྦྱར་རོ། །འདིས་ནི་བཅོམ་ལྡན་འདས་ཞེས་བྱ་བ་སྟོན་ཏོ། །རྡོ་རྗེ་སེམས་ དཔའ་དེ་བཞིན་གཤེགས། །ཞེས་བྱ་བ་འདིས་ནི་གཅིག་པུ་རབ་ཏུ་ཆེ་བའི་ལྷ་ཞེས་བྱ་བ་སྟོན་ཏོ། ད་ནི་ཐོབ་པར་བྱེད་པའི་ཐབས་ཀྱི་སྦྱོར་བའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་བསྐལ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་ སོགས་པའོ། །སངས་རྒྱས་ཀུན་བདག་གིས་ནི་བདེ་བའི་མཆོག་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཏེ། བདེ་བའི་མཆོག་ནི་བདེ་བའི་དམ་པ་རྒྱུ་དང་འབྲས་བུར་བཅས་པའོ། །བདག་ཉིད་བསྒྲུབས་པ་ནི་ལྷའི་གཟུགས་སུ་རང་ཡོངས་སུ་གྱུར་པའོ། །ཤིན་ཏུ་ནི་ཕུལ་དུ་བྱུང་ བར་རོ། །སངས་རྒྱས་ཀུན་བདག་བདེ་མཆོག་གོ། །ཞེས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་ཀྱིས་བླ་ན་མེད་པའི་བདེ་བ་དང་། ཡིད་བདེ་བ་ཉམས་སུ་མྱོང་བའོ། །བདག་ཉིད་བསྒོམས་པའི་མཚན་ཉིད་ཅན་གྱི་བསམ་པ་དང་། དགོས་པ་ཅན་ནི་ཡང་ དག་པའི་སེམས་དང་ལྡན་པ་སྟེ། ཡང་དག་པའི་སེམས་ཀྱིས་དེ་ཁོ་ན་ཉིད་ལ་དམིགས་པའི་སེམས་དང་སྦྱོར་བར་གྱུར་པ་ནི་ཡང་དག་པའི་སེམས་ལ་སྦྱོར་བའོ། །གཞན་དག་གི་རྣལ་འབྱོར་ཡང་དག་པ་མ་ཡིན་པའི་སེམས་དེ་དང་མི་ལྡན་པ་དེས་ནི་དེའི་གཟུགས་བརྙན་གྱི་རང་བཞིན་ཏེ། གཟུགས་བརྙན་ གྱི་ངོ་བོ་ལ་དམིགས་པ་ལས་སྐྱེས་པ་ནི་ཡང་དག་པ་ནི་མ་ཡིན་ནོ། །དེ་ལས་བཟློག་པ་ཇི་ལྟ་བུ་ཞེ་ན། ཡང་དག་མཆོག་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རང་གི་ལྷའི་བདག་ཉིད་དུ་བསྒོམས་པའི་བདག་ཉིད་ནི་རང་གི་མཆོག་གོ། །རང་གི་སེམས་ཀྱི་མཚན་ཉིད་དུ་སྦྱོར་བ་ནི་བདག་སྦྱོར་བ་ སྟེ། སེམས་ཅན་རྣམས་ཀྱི་སེམས་གང་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །མི་འགྱུར་བ་ནི་རྣམ་པར་མི་གཡོ་བའོ། །གཟུགས་བརྙན་ནི་གཟུགས་སུ་བྱས་པའོ། །ལུགས་མ་ནི་སྐུ་གདུང་གིས་ཡོངས་སུ་བཀང་སྟེ་བྱས་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་རི་མོར་བྲིས་པ་ལ་ སོགས་པའོ། །གང་གི་ཕྱིར་འདི་ལྟར་བྱང་ཆུབ་སེམས་ལ་རབ་ཏུ་བརྩོན་པ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམས་པའི་རིམ་གྱིས་རྣལ་འབྱོར་པ་སྟེ། སྔགས་པ་རྒྱུ་དེས་ན་བདག་ཉིད་ལྷར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །བྱང་ཆུབ་ཀྱི་སེམས་ནི་སྟོང་པ་ཉིད་དུ་བསྒོམས་པའི་རིམ་གྱིས་ཟླ་བའི་དཀྱིལ་ འཁོར་ཡོངས་སུ་རྫོགས་པར་གྱུར་པའི་བདག་ཉིད་འདི་ཅི་སྐད་དུ་སྔར་བཤད་པ་ཡིན་ནོ། །རྡོ་རྗེ་ནི་དེར་རང་གི་མཚན་མར་བསྟན་པའི་བདག་ཉིད་དོ། །སངས་རྒྱས་ཀུན་གྱི་ནི་ཇི་ལྟར་བདག་ཉིད་ཀྱི་ལྷའི་གཟུགས་སུ་གྱུར་པའི་བདག་རང་གི་ཡིན་གྱིས་ཕྱི་རོལ་གྱི་ལུགས་མ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ ལྟ་བས་ན་ཚུལ་འདི་ལྟར་རང་གི་དམ་ཚིག་ལ་སྦྱོར་བ་ནི་ཐམས་ཅད་དུ་བདག་སྦྱོར་བ་སྟེ། ཡེ་ཤེས་སེམས་དཔའ་དང་གཉིས་སུ་མེད་པའི་ངོ་བོས་སངས་རྒྱས་ཐམས་ཅད་ཐོབ་སྟེ་བསྒོམས་པའི་སྟོབས་ཀྱིས་ཇི་ལྟར་རྣལ་འབྱོར་པ་རང་ཉིད་ལྷའི་གོ་འཕང་མངོན་སུམ་དུ་བྱེད་པའོ། །བདག་ཅེས་བྱ་བ་ནི་རང་ གི་སེམས་སོ། །ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ། །སངས་རྒྱས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དཔའ་བོ་ཐམས་ཅད་ནི་མདོ་སྡེའི་ཚུལ་ལས་ངེས་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཉིད་དོ། །རྡོ་རྗེ་འཛིན་པ་ཐམས་ཅད་ནི་སྔགས་ཀྱི་ཚུལ་ལས་མངོན་པར་གྲུབ་པའི་ བྱང་ཆུབ་སེམས་དཔའ་ཉིད་དུ་གྱུར་པ་སྟེ། བསྒོམས་པའི་སྟོབས་ཀྱིས་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པའི་རང་བཟོ་ཡོངས་སུ་དགག་པའོ། །དེ་ཁོ་ན་ཉིད་དམ་པ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ལྔ་སྟེ་ དེ་ཉིད་སྣང་བའོ། །དེ་ཁོ་ན་ཉིད་ནི་ཡུལ་ཏེ་དེ་ལ་འཇུག་པ་ནི་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་ཅན་གྱི་རང་གི་ལྷའི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱའོ། །དེ་གཞུང་གང་གིས་བརྟག་པ་དེ་ལ་ནི་དེ་སྐད་ཅེས་བྱའོ། །བརྟག་པ་དང་པོའི་ འགྲེལ་པའོ།། །།དེ་ལྟར་མངོན་པར་བྱང་ཆུབ་པ་ལྔའི་སྒོ་ནས་རྡོ་རྗེ་སེམས་དཔའ་སྦྱོར་བའི་རང་གི་ངོ་བོར་བཤད་པ་ཡིན་ཏེ། ཡེ་ཤེས་ཙམ་གྱིས་སྙོམས་པར་འཇུག །སྦྱོར་བ་ཞེས་བྱར་ཤེས་པར་བྱ། །ཞེས་གསུངས་པས་སོ། །དེར་རྣལ་འབྱོར་པ་ངེས་པ་དང་ལྡན་པ་རྗེས་སུ་ གཟུང་བའི་ཕྱིར། ཡེ་ཤེས་སེམས་དཔའ་ནང་དུ་བསྟིམ་པ་སྔོན་དུ་སོང་བས། བཅོམ་ལྡན་འདས་རྗེས་སུ་སྦྱོར་བའི་ངོ་བོ་ཉིད་ཀྱིས་བཞུགས་པར་བསྟན་པར་བྱ་བའི་ཕྱིར། འདི་ནི་རྣལ་འབྱོར་བཅོམ་ལྡན་འདས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་པ་ནི་འདས་མ་ཐག་པའི་ རྣལ་འབྱོར་གྱི་བདག་ཉིད་ཅན་ཏེ། རྡོ་རྗེ་སེམས་དཔར་བདག་སྦྱོར་བས། །རབ་ཏུ་འགྲུབ་པོ་ཞེས་བྱ་བར་རོ། །རྡོ་རྗེ་སེམས་དཔར་བདག་སྦྱོར་བ། །ཞེས་བྱ་བ་ནི་མདུན་ན་བཞུགས་པ་དེ་དང་གཉིས་སུ་མེད་པར་གྱུར་ནས་བདག་ཉིད་ཐམས་ཅད་དུ་ལྷའི་སྐུ་དང་། གསུང་དང་། ཐུགས་སུ་སྣང་བས་ ཐམས་ཅད་འབེབས་པའོ། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ། །རྣལ་འབྱོར་ནི་དེ་ལ་བསྒོམ་པ་གོམས་པར་བྱེད་པའོ། །དེའི་དབང་ཕྱུག་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ལ་དབང་ཐོབ་པ་སྟེ། ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དབང་ཕྱུག་ཆེན་པོའི་ བར་དུའོ། །དེ་ལས་གང་བླ་ན་མེད་པའི་བདེ་བ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་དང་མཉམ་པར་སྦྱོར་བ་རྣལ་འབྱོར་གྱི་དབང་ཕྱུག་གི་བདེ་བ་ཆེན་པོ་ཡིན་ལ་དེ་ཡང་རབ་ཏུ་འགྲུབ་པར་འགྱུར་རོ་ཞེས་རྒྱུ་དང་འབྲས་བུ་ཉེ་བར་གཞག་པའོ། །དེ་ཉིད་རྒྱུར་བསྟན་པར་བྱ་བའི་ཕྱིར། དེ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བས་ཞེས་པ་ནི་རྗེས་སུ་སྦྱོར་བའོ། །སངས་རྒྱས་བདེ་བ་ཀུན་ཞེས་པ་ནི་ལྷ་ཐམས་ཅད་ཀྱི་རང་བཞིན་ཏེ། བདེ་བ་དེ་ནི་བདེ་བ་ཉིད་ཀྱིས་འཐོབ་པར་འགྱུར་བའོ། །བདེ་བ་དེ་ཉིད་རྗེས་སུ་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ ལ་སོགས་པ་གསུངས་སོ། །བདེ་བ་ཉིད་ཀྱིས་ཞེས་གང་གསུངས་པ་དེ་བསྟན་པར་བྱ་བའི་ཕྱིར། འདི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་རྗེས་སུ་སྦྱོར་བ་ལའོ། །ཁྲུས་ནི་གཙང་སྦྲ་ལ་སོགས་པའོ། །དེ་མི་དགོས་པས་ཅི་ལྟར་འདོད་པ་བཞིན་སྤྱོད་པའོ། །བསྡམ་པ་ནི་ལན་ ཚྭ་ལ་སོགས་པ་ཡོངས་སུ་སྤོང་བ་སྟེ། དེ་མི་དགོས་པས་ཐམས་ཅད་བཟའ་བའོ། །དཀའ་ཐུབ་ནི་ཡུལ་ཐམས་ཅད་ལས་ལྡོག་པ་སྟེ། དེ་མི་དགོས་པས་ན་ཐམས་ཅད་སྤྱོད་པའོ། །དཀའ་བ་སྤྱོད་པ་ནི་རིག་པའི་བརྟུལ་ཞུགས་ཏེ། དེ་མི་དགོས་པས་འདོད་པའི་དགའ་བ་ལ་ཅི་དགར་སྤྱོད་ པའོ། །སྤྱོད་པ་ཅི་དགར་འདོད་པ་བྱེད། །ཅེས་པ་ནི་ཅི་དགར་འདུག་ཅིང་ཉལ་བའོ། །དེ་ལྟར་རྗེས་སུ་སྦྱོར་བའི་ཆེ་བའི་བདག་ཉིད་བསྟན་ནས་རྗེས་སུ་སྦྱོར་བ་དེ་བསྟན་པར་བྱ་བའི་ཕྱིར། བསྐལ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་དམ་པ་ཐམས་ཅད་ནི་རང་གི་ངོ་བོ་ཇི་བཞིན་ པའོ། །ཕྱག་རྒྱའི་ཆོ་ག་ཞེས་པ་ནི་ལྷའི་སྐུར་མདུན་དུ་གཞག་པས་སོ། །བསྒྲུབས་ནས་ཞེས་པ་ནི་འདིར་ནང་དུ་བསྟིམ་པའོ། །བདག་ཉིད་ཅེས་བྱ་བ་ནི་སྔར་བཤད་པའི་སྦྱོར་བའི་བདག་ཉིད་ཅན་གྱི་ཕྱག་རྒྱ་ཆེན་པོའི་གཟུགས་སུའོ། །སྒྲུབ་པ་ནི་རྗེས་སུ་སྦྱོར་བའི་བར་དུ་བྱིན་གྱིས་བརླབ་པའོ། ། བརྟག་པར་བྱ་ཞེས་པ་ནི་སྔར་བཤད་པར་བྱ་ཞེས་པའོ། །བྱིན་གྱིས་བརླབས་པ་དེ་ཉིད་གསལ་བར་བྱ་བའི་ཕྱིར། སངས་རྒྱས་ཐམས་ཅད་བྱིན་གྱིས་རློབ། །ཅེས་བྱ་བ་གསུངས་ཏེ། དེ་ནས་ཡང་གཅིག་ནས་གཅིག་ཏུ་བརྒྱུད་པས་སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ་པའོ། །ལྡན་པ་ཞེས་པ་ནི་དེ་ཉིད་ དེ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་གྱུར་པའོ། །སངས་རྒྱས་ཐམས་ཅད་ནི་ཞེས་བྱ་བ་ནི་རང་གི་ལྷའི་སྦྱོར་བ་ཇི་བཞིན་པའོ། །བདེན་པ་དག་ཀྱང་མཐོང་ཞེས་པ་ནི་དམ་ཚིག་ཐོབ་པའོ། །རྣལ་འབྱོར་ཐམས་ཅད་མཉམ་པར་སྦྱོར་བས་ཞེས་བྱ་བ་ནི་འཁོར་གྱི་གཟུགས་ཀྱིས་གནས་པའོ། །འདི་དང་ སངས་རྒྱས་ཐམས་ཅད་ལ་ནི་རྗེས་སུ་སྦྱོར་བ་བྱས་པའི་སྔགས་འདིའོ། །བུད་མེད་དག་ཀྱང་ཞེས་པ་ལ་ཀྱང་གི་སྒྲ་ནི་སྐྱེས་པའང་གྲོལ་བར་འགྱུར་བྱ་སྟེ། སྐྱེས་པའི་གཟུགས་སྤོངས་ནས་ལྷ་མོའི་ངོ་བོར་ཡོངས་སུ་གྱུར་པའོ། །དེ་ཡིས་ཞེས་པ་ནི་ཇི་སྐད་དུ་བཤད་པའི་རྗེས་སུ་སྦྱོར་བ་བྱས་པའོ། །འདི་ ནི་ཞེས་པ་ནི་སྔགས་པའོ། །བདག་ཉིད་ཀུན་གནས་པས་ནི་ཞེས་པ་ནི་ཕྱོགས་ཐམས་ཅད་ན་གནས་པའོ། །མཆོད་པ་ཐམས་ཅད་ནི་ཕྱི་རོལ་གྱི་དཀྱིལ་འཁོར་བའི་སྣ་ཚོགས་ཀྱི་ཡོ་བྱད་ཀྱི་ངོ་བོ་སྟེ། དེ་ཉིད་ཀྱི་སྤྲིན་ཆེན་པོ་ལ་སོགས་པ་གྲངས་མང་པོས་ཁྱབ་པ་སྟེ་དེས་མཆོད་པའོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པ་ནི། བདག་ཉིད་ཐམས་ཅད་ཀྱིས་མཆོད་པར་འོས་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་དམ། བདག་ཉིད་ཐམས་ཅད་ཀྱི་ལྷ་ཉིད་ཇི་ལྟ་བ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་བདག་ཉིད་ཅེས་པ་ནི་ཐམས་ཅད་ཀྱིས་ ཡོངས་སུ་བསྐོར་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཡོངས་སུ་བསྒོམ་པ་ཡིན་ལ། དེའི་བདག་ཉིད་ཡིན་པས་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རྣལ་འབྱོར་ཐམས་ཅད་དོ། །དེའི་ཉེ་བར་སྦྱོར་བ་ནི་དེའི་ང་རྒྱལ་གྱིས་ཉེ་བར་སྦྱར་བ