Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 13
Văn bản gốc(Tây Tạng)
Trang 6 / 20 (50.000 ký tự/trang)
སྤྲུལ་པའི་སྐུ་ནི་ཉིན་བྱེད་སྐུ་སྟེ་པདྨ་འདབ་མའི་སྤྱན། །རྣམ་པར་ཐར་དང་སྲིད་མེད་སྲིད་གྱུར་སྐུ་གསུང་ཐུགས་དང་ཆགས་པས་རྣལ་འབྱོར་དག་པའོ། །གཉིས་མིན་ཤེས་རབ་ཐབས་གང་ལྷ་མི་ལྷ་མིན་གྱིས་བསྟོད་དང་པོའི་སངས་རྒྱས་དེ་ ལ་འདུད། །ཅེས་བྱ་བ་ལ་ཀུན་ཞེས་བྱ་བ་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྟེ། མཆོག་ཏུ་མི་འགྱུར་བའི་བདེ་བའི་ངོ་བོས་མཁྱེན་པས་ན་ཀུན་མཁྱེན་ཞེས་བྱ་བ་ཡིན་ལ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱའོ། །ཡེ་ ཤེས་ཀྱི་སྐུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པ་གཟུང་བའི་སེམས་ཏེ། དེ་ཡང་ཆོས་ཀྱི་སྐུ་ཞེས་བྱ་བའོ། །དེ་བཞིན་དུ་འཕོ་བའི་ལོངས་སྤྱོད་ལས་འདས་པར་གྱུར་པ་དང་། མཆོག་ཏུ་མི་འགྱུར་བའི་བདེ་བས་སྐྱེས་པར་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་སྟེ། དེ་ཡང་ ཇི་ལྟ་བུ་ཡིན་ཞེ་ན། ཉིན་ཕྱེད་སྐུ་ཞེས་བྱ་བ་ནི་མཚན་མོའི་མུན་པ་ནི་ཉི་མའི་འོད་ཟེར་རྣམས་ཀྱིས་འཇོམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ཐོག་མ་མེད་པའི་འཁོར་བ་ན་གནས་པར་གྱུར་པའི་སེམས་ཅན་རྣམས་ལ། མ་རིག་པའི་མུན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བཅོམ་པར་ མཛད་པས་ན་ཉིན་བྱེད་དང་འདྲ་བར་གྱུར་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་སྣ་ཚོགས་པ་སྤྲུལ་པར་མཛད་པས་ན་སྤྲུལ་པའི་སྐུ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ལྡན་པར་གྱུར་པའི་པདྨ་ རྒྱས་པའི་འདབ་འདྲ་བར་གྱུར་པའི་སྤྱན་དང་ལྡན་པའོ། །དེ་ལ་དོན་ཅི་ཡིན་ཞེ་ན། འདམ་ལས་སྐྱེས་པར་གྱུར་པའི་པདྨ་འདམ་གྱི་སྐྱོན་གྱིས་གོས་པར་མི་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ། རྣམ་པ་ཐམས་ཅད་དང་ལྡན་པར་གྱུར་པའི་འཁོར་བའི་ནང་དུ་ཞུགས་པར་གྱུར་ན་ཡང་། འཁོར་བའི་ བག་ཆགས་ཀྱིས་གོས་པར་མི་འགྱུར་ཞེས་བྱ་བའི་དཔེ་བསྟན་ཏོ། །ཅིའི་ཕྱིར་འཁོར་བའི་བག་ཆགས་ཀྱིས་གོས་པར་མི་འགྱུར་ཞེ་ན། རྣམ་པར་ཐར་པ་ཞེས་བྱ་བ་འཁོར་བའི་རྒྱ་མཚོ་ལས་རྣམ་པ་ཐམས་ཅད་དུ་ཐར་པར་གྱུར་ཅིང་། ཕ་རོལ་ཏུ་ཕྱིན་པས་ན་རྣམ་པར་ཐར་པ་ཡིན་ལ་སྟོང་ པ་ཉིད་ལ་སོགས་པ་བཞི་སྟེ། དེ་རྣམས་ཀྱིས་དག་པར་འགྱུར་གྱི་ཕྱིར་གོས་པར་མི་འགྱུར་རོ། །གཞན་ཡང་སྲིད་མེད་སྲིད་གྱུར་སྐུ་གསུང་ཐུགས་དང་ཆགས་པས་ཞེས་བྱ་བ་ལ། སྲིད་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་དེ་གང་ལས་བྱུང་བ་དེ་སྲིད་པ་ཡིན་ལ། སྲིད་ མེད་ཅེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་གནས་སྐབས་དེ་རྣམས་གང་དུ་མི་འབྱུང་བ་དེ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེའི་རང་བཞིན་དུ་གྱུར་པའི་སྐུ་དང་གསུང་དང་ཐུགས་དང་ཆགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཡིན་ལ། དེ་རྣམས་ཀྱིས་དག་པར་གྱུར་པས་ན་འཁོར་བའི་བག་ ཆགས་ཀྱིས་གོས་པར་མི་འགྱུར་རོ། །དེ་གང་ཡིན་ཞེ་ན། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་དུ་གྱུར་པ་རྣལ་འབྱོར་རོ། །གཉི་ག་གང་དུ་སྦྱར་བར་གྱུར་པ་དང་། རོ་མཉམ་པ་ཉིད་དུ་གྱུར་པས་ན་རྣལ་འབྱོར་ཞེས་བྱ་བ་ཡིན་གྱིས། སྟོང་པ་ཉིད་དམ་སྙིང་རྗེ་འབའ་ཞིག་པ་ནི་མ་ཡིན་ ནོ། །དེ་ཉིད་ཚིག་གིས་གསལ་པོར་མཛད་དེ། ཤེས་རབ་ཐབས་གང་གཉིས་མིན་ཞེས་བྱ་བར་གསུངས་སོ། །ལྷ་མི་ལྷ་མིན་གྱིས་མཆོད་ཅེས་བྱ་བ་ལ། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས་མཆོད་པར་འོས་པ་དང་། བསྟོད་པར་འོས་པ་དང་། བླ་མར་གྱུར་པས་ན། ལྷ་མི་ལྷ་མིན་ གྱིས་བསྟོད་ཅེས་བྱ་བའོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གཙོ་བོར་གྱུར་པས་ན་ལྷ་མི་ལྷ་མིན་གྱིས་བསྟོད་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་མཆོག་གི་དང་པོའི་སངས་རྒྱས་ལ་ཕྱག་འཚལ་བར་མཛད་ནས། རྣམ་པར་ཐར་པ་གང་གིས་དག་པར་གྱུར་པ་དང་། དག་པར་ གྱུར་པ་དེ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན་བརྗོད་པར་མཛད་དེ། སྟོང་ཉིད་ཡེ་ཤེས་ཀྱིས་དག་པའི། །རྣམ་དག་ཡེ་ཤེས་མི་འགྱུར་བའོ། །ཞེས་བྱ་བ་ལ། སྟོང་ཉིད་ཅེས་བྱ་བ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་དེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཤེས་པར་མཛད་པས་ན་དེ་ཉིད་ཡེ་ ཤེས་ཞེས་བྱ་བར་བརྗོད་དོ། །སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དེས་འཁོར་བ་པའི་ཤེས་པ་རྣམ་པར་དག་པར་གྱུར་ན་མི་རྟོག་པའི་རང་བཞིན་གང་ཡིན་པ་དེ་འཕོ་བ་མེད་པ་དང་། ཉམས་པ་མེད་པ་དང་། དུས་ཐམས་ཅད་དུ་རང་རིག་པའི་ངོ་བོས་གནས་པས་ན་མི་འགྱུར་བ་ཞེས་བྱ་བ་སྟེ། ལྷན་ཅིག་སྐྱེས་པའི་སྐུ་ཞེས་བྱ་བའི་དོན་ཏོ། །སེམས་གང་གིས་དག་པར་གྱུར་ཞེ་ན། མཚན་མེད་ཡེ་ཤེས་ཀྱིས་དག་པ། །ཆོས་བདག་སེམས་ནི་གཉིས་མིན་པའོ། །ཞེས་བྱ་བ་ལ་མཚན་མ་ཞེས་བྱ་བ་ནི། བུམ་པ་དང་ཀ་བ་དང་ཐིག་ལེ་དང་། ནཱ་ད་ལ་སོགས་པ་ཡིན་ཏེ། དེ་ལས་འདས་པར་གྱུར་པ་ན་མཚན་ མ་མེད་པ་ཡིན་ལ། ཆོས་ཉིད་ཤེས་པར་བྱེད་པའི་ཕྱིར་ཡེ་ཤེས་ཞེས་བྱའོ། །དེས་རྣམ་པར་རྟོག་པའི་རང་བཞིན་དུ་གྱུར་པའི་སེམས་དག་པར་གྱུར་ན་ཆོས་ཀྱི་བདག་ཉིད་དུ་འགྱུར་རོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། གཉིས་མིན་པའོ་ཞེས་བྱ་བ་ལ། གཉིས་ཞེས་བྱ་བ་ནི་གཟུང་བ་དང་ འཛིན་པ་དང་ཐབས་དང་ཤེས་རབ་དང་། འཁོར་བ་དང་མྱ་ངན་ལས་འདས་པར་བརྗོད་པ་ཡིན་ལ། གཉི་ག་གང་དུ་མེད་པར་གྱུར་པ་དེ་གཉིས་མིན་པའོ་ཞེས་བྱའོ། །ངག་གང་གིས་དག་ཅེ་ན། སྨོན་མེད་ཡེ་ཤེས་ཀྱིས་དག་པ། །ངག་རྣམས་མི་ཟད་པ་ཡི་སྒྲ། །ཞེས་བྱ་བ་ལ་འཁོར་བ་པ་རྣམས་ལ་ སད་པའི་གནས་སྐབས་སུ་གཟུང་བ་དང་འཛིན་པ་ལ་སོགས་པའི་དབང་གིས་སེམས་ཀྱིས་ཀུན་དུ་སྤྱོད་པར་བྱེད་དེ། བག་ཆགས་དེའི་དབང་གིས་རྨི་ལམ་གྱི་གནས་སྐབས་སུ་ཡང་བྱ་བ་དེ་དང་འདྲ་བར་བྱེད་པར་འགྱུར་རོ། །ཆོས་དེ་ཉིད་མི་མཐུན་པས་བསམ་པ་ལས་འདས་པར་གྱུར་པས་ན་སྨོན་ པ་མེད་པ་སྟེ། དེ་ཉིད་ཡུལ་དང་ཡུལ་ཅན་ལས་མ་གཏོགས་པར་དོན་ཐམས་ཅད་གསལ་པོར་མཛད་པས་ན་ཡེ་ཤེས་ཞེས་བྱ་བའོ། །དེས་ཨཱ་ལི་དང་ཀཱ་ལི་དང་རྨི་ལམ་གྱི་གནས་སྐབས་སྐྱེད་པར་བྱེད་པའི་ངག་དག་པར་གྱུར་ན་ཟད་པ་མེད་པའི་གསུང་ནི་སྔགས་ཀྱི་རང་བཞིན་དུ་གྱུར་ཏེ། ལོངས་སྤྱོད་ རྫོགས་པའི་སྐུའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །ལུས་གང་གིས་དག་པར་འགྱུར་ཞེ་ན། དེ་བཞིན་མངོན་པར་འདུས་མ་བྱས། །ཡེ་ཤེས་ཀྱིས་དག་རྙོག་མེད་པའི། །ཤེས་རབ་ཐབས་བདག་རྣལ་འབྱོར་ཏེ། །དབྱིབས་སྐུའི་རྫུ་འཕྲུལ་སྟེར་མཛད་པའོ། །ཞེས་བྱ་བ་ལ། མངོན་པར་འདུས་ མ་བྱས་ཞེས་བྱ་བ་ནི། འཁོར་བ་པ་རྣམས་ཀྱི་ལུས་པོ་ཀུན་གཞི་རྣམ་པར་ཤེས་པ་དང་། ཁྲག་དང་ཁུ་བ་ལ་སོགས་པས་འདུས་པར་བྱས་པ་སྐྱེས་པར་བྱས་པ་ཇི་ལྟ་བ་དེ་བཞིན་དུ་རྒྱུ་དང་བྱེད་པ་པོ་གང་གིས་ཀྱང་མངོན་པར་འདུས་མ་བྱས་ཞེས་བྱ་བ་སྟེ། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། ནམ་ མཁའ་ལས་བྱུང་རང་བྱུང་བ། །ཞེས་བྱ་བར་གསུངས་པའི་ཕྱིར་རོ། །དེ་ཉིད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་དང་ལྡན་པར་གྱུར་པའི་སྐུ་གསལ་བོར་མཛད་པས་ན་ཡེ་ཤེས་ཞེས་བྱ་བའོ། །དེས་ལུས་པོ་ཕལ་པ་དག་པར་གྱུར་པས་ན་རྙོག་པ་མེད་པའི་རང་བཞིན་དུ་འགྱུར་ ཏེ། འགྱུར་བ་མེད་པ་དང་ཉམས་པ་མེད་པའི་ཞེས་བྱ་བའི་དོན་ཏོ། །དེ་གང་ཡིན་ཞེ་ན། ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་གྱུར་པ་རྣལ་འབྱོར་ཞེས་བྱ་བར་གསུངས་སོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། དབྱིབས་ཞེས་པ་ནི། ཞལ་དང་ཕྱག་ལ་སོགས་པ་དང་ལྡན་པའོ། །དོན་ཅི་མཛད་ཅེ་ན། སྐུའི་རྫུ་ འཕྲུལ་སྟེར་མཛད་པའོ། །ཞེས་བྱ་བ་ནི། གདུལ་བྱའི་སེམས་ཅན་རྣམས་ལ་ནམ་མཁའ་ལས་བྱོན་པ་དང་། ནམ་མཁར་གཤེགས་པ་དང་། སྐུ་ལས་མེ་འབར་བ་དང་། ཆར་འབབ་པ་ལ་སོགས་པ་བསྟན་པར་མཛད་ཅེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་སྟོང་པ་ཉིད་ཀྱིས་བཞི་པའི་ གནས་སྐབས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་དག་པ་དང་། མཚན་མེད་པས་ཤིན་ཏུ་གཉིད་ལོག་པའི་རང་བཞིན་དུ་གྱུར་པའི་སེམས་དག་པ་དང་། སྨོན་པ་མེད་པས་རྨི་ལམ་གྱི་རང་བཞིན་དུ་གྱུར་པའི་ངག་དག་པ་དང་། མངོན་པར་འདུས་མ་བྱས་པས་སད་པའི་རང་བཞིན་དུ་གྱུར་པའི་ལུས་ དག་པར་གྱུར་ན། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་སྐུ་དང་། ཆོས་ཀྱི་རང་བཞིན་དུ་གྱུར་པའི་ཆོས་ཀྱི་སྐུ་དང་། སྔགས་ཀྱི་བདག་ཉིད་དུ་གྱུར་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དབྱིབས་ཀྱི་རང་བཞིན་དུ་གྱུར་པའི་སྤྲུལ་པའི་སྐུ་རྣལ་འབྱོར་པས་ཐོབ་ པར་འགྱུར་གྱི་གཞན་དུ་རྣམ་པར་རྟོག་པའི་སྒོམ་པས་ནི་མ་ཡིན་ནོ། །དེ་ལྟར་རྡོ་རྗེ་བཞི་དང་། སྐུ་བཞིའི་རྣལ་འབྱོར་བཤད་ནས། དེ་རྣམས་བརྡའི་སྐད་ཀྱིས་བཤད་པར་མཛད་དེ། །རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །དེ་བཞིན་གཤེགས་པས་བྱང་ཆུབ་སེམས། །དམ་ཚིག་སེམས་ དཔར་གང་གསུངས་པ། །དངོས་དང་དངོས་མིན་ཟད་པའི་གཙོ། །ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྐུའོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཚིག་སྒྱུར་བར་མཛད་པ་དེའི་ཚིག་བཤད་མི་བདེ་བའི་ཕྱིར་རོ། །དམ་ཚིག་སེམས་དཔའ་ནི་སྤྲུལ་པའི་སྐུའོ། །དེ་གང་ལ་ཡོད་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། དངོས་དང་དངོས་མིན་ཟད་པའི་གཙོ། །ཞེས་བྱ་བའོ། །དངོས་པོ་ཞེས་བྱ་བ་ནི་དཀར་པོ་དང་སེར་པོ་དང་། བུམ་པ་དང་ཀ་བ་ལ་སོགས་པ་ཡིན་ལ། དངོས་ པོ་མ་ཡིན་ཞེས་བྱ་བ་ནི་ནམ་མཁའི་མེ་ཏོག་ལ་སོགས་པ་སྟེ། ཡོད་པ་དང་མེད་པ་འདི་དག་གང་ལ་ཉམས་པར་འགྱུར་བ་དེ་ནི་དངོས་དང་དངོས་མིན་ཟད་པའོ། །གཞན་ཡང་དངོས་པོ་ཞེས་བྱ་བ་ནི་ཆགས་པ་ཡིན་ལ། དངོས་པོ་མིན་པ་ཞེས་བྱ་བ་ནི་ཆགས་པ་དང་བྲལ་བ་སྟེ། གང་དུ་མེད་ པར་གྱུར་པས་ན་དངོས་དང་དངོས་མིན་ཟད་པའི་གཙོ་གཉིས་ཀ་ལས་ཁྱད་པར་དུ་གྱུར་པ་ནི་གཙོ་བོའོ། །དོན་འདི་ཉིད་འབུམ་ཕྲག་ལྔ་པ་དགྱེས་པའི་རྡོ་རྗེ་ལས། འདི་ལྟ་སྟེ། ལྟེ་བ་ཟབ་པའི་སྤྱོད་ཡུལ་གྱི། །ལྟེ་བའི་དཀྱིལ་དུ་དཔའ་བོ་གནས། །རང་འོད་ཤེས་རབ་དང་ལྡན་པ། །རྡོ་རྗེ་སེམས་དཔའ་རབ་ ཏུ་བརྗོད། །ཕྱག་གཉིས་ཧེ་རུ་ཀར་བཤད་དེ། །དེ་ཉིད་འཇིག་རྟེན་གསུམ་འཁྲུག་བྱེད། །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །དེ་ཉིད་ངོ་བོ་ཉིད་དུ་བརྗོད། །དེ་ནི་ཡེ་ཤེས་རྡོ་རྗེ་ཡིན། །དེ་ནི་ལྷན་ཅིག་སྐྱེས་དགའོ། །རྒྱུ་མཐུན་པ་ཡང་དེ་ཉིད་བརྗོད། །རྩེ་གཅིག་རྡོ་རྗེ་བཤད་པའོ། །དེ་ཡང་བཞི་པ་ཟད་པ་ ཡིན། །མཆོག་ཏུ་མི་འགྱུར་རྣམ་དག་པའོ། །གང་ཞིག་བྱང་ཆུབ་ལ་གནས་པ། །སྙིང་གའི་པདྨར་ཡང་དག་གནས། །སེམས་དཔའ་ཧཱུཾ་ཡིག་ཉིད་བརྗོད་དེ། །མི་བསྐྱོད་པ་ནི་དེ་ཉིད་དོ། །དེ་ཉིད་ཐུགས་ཀྱི་རྡོ་རྗེར་བཤད། །ཕྱག་བཞི་པ་ནི་ཁྱབ་འཇུག་ཉིད། །འབར་དང་འབར་བ་དེ་ཉིད་བརྗོད། ། དེ་ཉིད་ཆོས་ཀྱི་སྐུ་ཡིན་ནོ། །སྣ་ཚོགས་དགའ་བའི་སྐུ་འཆང་བ། །ཆོས་ཀྱི་འཁོར་ལོར་དཔའ་བོ་གནས། །ཤིན་ཏུ་གཉིད་ལོག་ཟད་བྱེད་པ། །རྣམ་པར་སྨིན་པ་དེ་ཉིད་བརྗོད། །ཡེ་ཤེས་ཆེན་པོའི་རོས་གང་བའི། །དེ་ནི་སེམས་དཔའ་ཆེན་པོར་བརྗོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །སྣང་བ་མཐའ་ཡས་ ཞེས་བརྗོད་དེ། །ཕྱག་ན་པདྨ་དེ་བཞིན་གཤེགས། །གསུང་གི་རྡོ་རྗེ་དེ་ཉིད་བཤད། །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་རབ་ཏུ་བཤད། །ཀུན་རྫོབ་དང་ནི་དོན་དམ་པར། །རྨི་ལམ་ཟད་པ་དེ་ཉིད་དོ། །སངས་རྒྱས་རྣམས་ཀྱི་ལོངས་རྫོགས་སྐུ། །ད་ཉིད་ཆོས་ནི་སྟོན་པར་བྱེད། །ཞལ་ གསུམ་པ་དང་ཕྱག་དྲུག་པ། །བདེ་བྱེད་དེ་ཉིད་རབ་ཏུ་བརྗོད། །ཀེ་ནི་རྡོ་རྗེ་དེ་ཉིད་ནི། །གསུམ་པ་ཧེ་རུ་ཀར་འགྱུར་རོ། །རྟག་ཏུ་དམ་ཚིག་ལ་གནས་ཕྱིར། །གང་གནས་དེ་ནི་བརྗོད་པར་འགྱུར། །དམ་ཚིག་རི་བོང་འཛིན་ཤུ་ཀྲ། །དཔྲལ་བར་གནས་པའི་བདེ་ཆེན་པོ། །ཡི་གེ་ཨོཾ་དུ་ཡོངས་སུ་བརྗོད། །རྣམ་ པར་སྣང་མཛད་དེ་ཉིད་དེ། །དེ་ནི་སྐུ་ཡི་རྡོ་རྗེའོ། །སྐུ་རྡོར་འཛིན་པ་ཚངས་པ་ནི། །དེ་ནི་ཡོངས་སུ་བརྗོད་པའོ། །ཚངས་པའི་ངོ་བོ་དགའ་བ་སྟེ། །དེ་ནི་སྐུ་ཡི་རྡོ་རྗེར་བརྗོད། །ཕྱག་ན་འཁོར་ལོ་དེ་ཉིད་བཤད། །སྤྲུལ་པའི་སྐུ་ཡི་མཚན་ཉིད་དོ། །དྲི་མེད་དེ་ནི་དོན་དམ་པར། །སངས་པར་ཟད་པ་དེ་ཉིད་དོ། །ཞབས་བཞི་ པ་དང་དཔའ་བོ་སྟེ། །ཕྱག་བཅུ་དྲུག་གིས་མཛེས་པར་འགྱུར། །དེ་ཝ་པི་ཙུ་རྡོ་རྗེ་ཡིན། །ཞལ་བརྒྱད་ཧེ་རུ་ཀར་བརྗོད་དོ། །དེ་ལྟར་སྐུ་ཡི་རབ་དབྱེ་བས། །བཞི་པ་ཧེ་རུ་ཀར་བཤད་དོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་དེ་ཉིད་བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་མདོར་ བསྡུས་པ་ཚིགས་བཅད་འདི་རྣམས་ཀྱིས་གསུངས་སོ། །དེ་དག་ལ་སོགས་པ་ནི་རྒྱུ་གང་ལས་བྱུང་ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །བྱང་ཆུབ་ཀྱི་སེམས་དེ་ལ་འདུད། །ཅེས་བྱ་བ་ལ་དེ་ལས་གཞན་སྔོན་དུ་གྱུར་པ་མེད་པས་ན། ཐོག་མ་མེད་པ་ཞེས་བྱའོ། །མཐར་ཐུག་པ་མེད་པས་ན་ཐ་མ་མེད་པ་སྟེ། །དེ་ཅིའི་ ཕྱིར་ཞེ་ན། གལ་ཏེ་རྟག་པའི་ངོ་བོས་དྲི་མ་དང་བྲལ་བ་ཡིན་པས་དེ་ལྟ་ན་ནི་འཁོར་བ་པར་མི་འགྱུར་ཏེ། དེ་བས་དུས་ཐམས་ཅད་དུ་མ་དག་པའི་རང་བཞིན་དུ་གྱུར་པ་དེ་ལྟ་ན་ནི། མྱ་ངན་ལས་འདས་པ་མི་སྲིད་དོ། །དེ་བས་ན་ཐོག་མ་མེད་པ་དང་ཐ་མ་མེད་པ་ཞེས་བྱའོ། །འོ་ན་ཇི་ལྟ་བུ་ཡིན་ཞེ་ན། ཞི་བ་ ཞེས་བྱ་བ་ནི་འཁོར་བའི་བག་ཆགས་ལས་འདས་པ་དང་། གློ་བུར་གྱི་དྲི་མས་མ་གོས་པས་ན་ཞི་བ་ཞེས་བྱ་བ་སྟེ། སྔ་མ་དང་འདྲ་ཞེས་བྱ་བའི་དོན་ཏོ། །གང་ཡིན་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ། བླ་ན་མེད་པའི་བྱང་ཆུབ་ཏུ་གྱུར་པའི་སེམས་ནི་མི་འཕོ་བའི་རང་བཞིན་དུ་གྱུར་པའི་སེམས་ ཡིན་གྱི། འཕོ་བའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བས་ན་གང་གི་དྲིན་གྱིས་སྐུ་བཞི་དང་འབྲས་བུ་བཞི་ལ་སོགས་པ་ཐོབ་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ལ་འདུད་ཅེས་བྱ་བ་ནི། དུས་ཐམས་ཅད་དུ་དེ་ཉིད་ལ་འདུད་ཅེས་བྱ་བའི་ཕྱག་འཚལ་བའི་འབྲེལ་པའོ། །དེ་བས་ན་རྒྱུ་དེའི་ ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་ནི་ཐིག་ལེ་ཡིན་གྱི། དྲི་ཆེན་དང་དྲི་ཆུ་ལ་སོགས་པ་ནི་མ་ཡིན་ནོ། །དེ་བས་ན་དུས་ཐམས་ཅད་དུ། སྦྱོར་བའི་ཡན་ལག་དྲུག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འདོད་པའི་རྣལ་འབྱོར་པས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ བཅོམ་ལྡན་འདས་ཀྱིས་ངེས་པའོ།། །།དེ་ལྟར་སྐུ་བཞི་བཤད་པར་མཛད་ནས། དེ་ཉིད་དབྱེ་བ་བཅུ་དྲུག་གིས་རང་བཞིན་དུ་གྱུར་པའི་བྱང་ཆུབ་ཀྱི་སེམས་ཡིན་གྱི། སྤྲུལ་པའི་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ལ། ལུས་ཀྱི་ དགའ་བ་དང་ངག་གི་དགའ་བ་དང་སེམས་ཀྱི་དགའ་བ་དང་། ཡེ་ཤེས་ཀྱི་དགའ་བ་འགགས་ནས། སྤྲུལ་པའི་སྐུ་དང་། སྤྲུལ་པའི་གསུང་དང་། སྤྲུལ་པའི་ཐུགས་དང་། སྤྲུལ་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་འགྱུར་བས་ན། རྣལ་འབྱོར་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་སྐྱེས་པར་གྱུར་པས་ན་སྡོམ་པ་གཅིག་པ་ཡིན་ཏེ། སྤྲུལ་པ་གཅིག་པུའི་དབྱེ་བ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་། ལོངས་སྤྱོད་སྐུ་དང་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་མཆོག་དགའ་དང་། ངག་གི་ མཆོག་དགའ་དང་། སེམས་ཀྱི་མཆོག་དགའ་དང་། ཡེ་ཤེས་ཀྱི་མཆོག་དགའ་འགགས་ན། ལོངས་སྤྱོད་རྫོགས་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་གསུང་དང་། ལོངས་སྤྱོད་རྫོགས་པའི་ཐུགས་དང་། ལོངས་སྤྱོད་རྫོགས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །ཡེ་ཤེས་རྣལ་འབྱོར་ སྡོམ་པ་གཅིག །ཅེས་བྱ་བ་ནི། སྔོན་བཞིན་ཤེས་པར་བྱའོ། །དཔལ་ལྡན་ཆོས་སྐུ་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་དགའ་བྲལ་དང་། ངག་གི་དགའ་བྲལ་དང་། སེམས་ཀྱི་དགའ་བྲལ་དང་། ཡེ་ཤེས་ཀྱི་དགའ་བྲལ་གྱི་ཐིག་ལེ་འགགས་ ན། ཆོས་ཀྱི་སྐུ་དང་། ཆོས་ཀྱི་གསུང་དང་། ཆོས་ཀྱི་ཐུགས་དང་། ཆོས་ཀྱི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེ་བཞིན་དུ། ལྷན་ཅིག་སྐྱེས་སྐུ་གསུང་དང་ཐུགས། །ཡེ་ཤེས་རྣལ་འབྱོར་སྡོམ་པ་གཅིག །ཅེས་བྱ་བ་ནི་ལུས་ཀྱི་ལྷན་ཅིག་སྐྱེས་དགའ་དང་། ངག་གི་ལྷན་ཅིག་སྐྱེས་དགའ་ དང་། སེམས་ཀྱི་ལྷན་ཅིག་སྐྱེས་དགའ་དང་། ཡེ་ཤེས་ཀྱི་ལྷན་ཅིག་སྐྱེས་དགའི་ཐིག་ལེ་འགགས་ན། ལྷན་ཅིག་སྐྱེས་པའི་སྐུ་དང་། ལྷན་ཅིག་སྐྱེས་པའི་གསུང་དང་། ལྷན་ཅིག་སྐྱེས་པའི་ཐུགས་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ། །དེ་ལྟར་འཕོ་བར་གྱུར་པའི་དགའ་བ་ བཅུ་དྲུག་འགགས་ན། རྣམ་པ་བཅུ་དྲུག་གི་རང་བཞིན་དུ་གྱུར་པའི་དེ་ཁོ་ན་ཉིད་རྣལ་འབྱོར་པས་ཐོབ་པར་འགྱུར་གྱི། འཕོ་བར་མི་འགྱུར་བའི་བར་དུ་ནི་མ་ཡིན་ནོ། །འདི་རྣམས་ཀྱི་གཙོ་བོ་ལྷན་ཅིག་སྐྱེས་པ་ཡིན་ལ། དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། རྨི་ལམ་ཤིན་ཏུ་གཉིད་ལོག་སད། །དབང་པོ་ གཉིས་སྐྱེས་དེ་བཞིན་མིན། །ཞེས་བྱ་བ་ལ་གཟུང་བ་དང་འཛིན་པའི་རང་བཞིན་དུ་གྱུར་པ་སད་པའི་གནས་སྐབས་དང་། ཡོད་པ་དང་མེད་པའི་དངོས་པོ་ལས་མ་གཏོགས་པར། སེམས་ཀྱི་བག་ཆགས་ཀྱི་རང་བཞིན་དུ་གྱུར་པའི་རྨི་ལམ་གྱི་གནས་སྐབས་དང་། གཟུང་བ་དང་འཛིན་པའི་ གནས་སྐབས་ལས་འདས་པར་གྱུར་པ་དང་། བརྒྱལ་བ་ཉིད་དུ་གྱུར་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་དང་། ཕོ་རྟགས་དང་མོ་རྟགས་ཀྱི་སྦྱོར་བ་ལས་ཐིག་ལེ་འཕོ་བའི་རང་བཞིན་དུ་གྱུར་པའི་བཞི་པའི་གནས་སྐབས་ནི་ལྷན་ཅིག་སྐྱེས་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་དག་ ལ་སོགས་པ་ནི་འགྱུར་བའི་རང་བཞིན་དུ་གྱུར་པ་དང་། འཁོར་བའི་བག་ཆགས་ཀྱི་རང་བཞིན་དུ་གྱུར་པ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་འཁོར་བའི་བག་ཆགས་ལས་འདས་པ་དང་། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའོ། །དེ་བས་ན་གནས་སྐབས་བཞི་ལས་འདས་པར་གྱུར་པ་གང་ ཡིན་པ་དེ་དོན་དམ་པར་ལྷན་ཅིག་སྐྱེས་པ་བླ་ན་མེད་པ་བྱང་ཆུབ་ཀྱི་རྒྱུར་གྱུར་པ་ཞེས་བྱ་བར་བརྗོད་དེ། རྟེན་ཅིང་འབྲེལ་པ་ལས་སྐྱེས་པར་གྱུར་པ་གང་ཡིན་པ་དེ་གདོན་མི་ཟ་བར་འཁོར་བར་འཁྱམ་པའི་རང་བཞིན་དུ་གྱུར་པ་ཞེས་བྱ་བའོ། །དེ་ལྟར་རྒྱུ་དང་བྲལ་བ་ཉིད་བཤད་པར་མཛད་ནས། གནས་ དང་བྲལ་བ་བཤད་པར་མཛད་དེ། ཡེ་ཤེས་སེམས་དང་ངག་དང་ལུས། །གནས་བཞིར་ཡང་དག་མི་གནས་སོ། །ཞེས་བྱ་བ་ལ་འཕོ་བའི་རང་བཞིན་དུ་གྱུར་པའི་བདེ་བ་ཤེས་པར་བྱེད་པས་ན་ཡེ་ཤེས་ཞེས་བྱའོ། །བླང་བྱ་དང་དོར་བྱའི་ངོ་བོར་གྱུར་པ་དང་། འཁོར་བའི་བག་ཆགས་ལ་སོགས་པར་ བྱེད་པས་ན་སེམས་ཞེས་བྱའོ། །བུམ་པ་དང་ཀ་བ་རྗོད་པར་བྱེད་པས་ན་ངག་ཅེས་བྱའོ། །ལུས་ཞེས་བྱ་བ་ནི་ཤ་དང་རུས་པ་དང་། པགས་པ་དང་སྤུ་ལ་སོགས་པ་བསགས་པས་ན་ལུས་སོ། །འདི་དག་ལ་སོགས་པ་རྣམས་ལ་དོན་དམ་པའི་རང་རིག་པའི་ཡེ་ཤེས་མི་གནས་པའི་ཡེ་ཤེས་ཞེས་བྱ་བའོ། ། དེ་ལ་དོན་འདི་ཡིན་ཏེ། འཁོར་བ་པ་རྣམས་ཀྱིས་ལུས་དང་ངག་དང་སེམས་དང་ཡེ་ཤེས་ལ་རྟེན་དང་བརྟེན་པའི་ཚུལ་གྱིས་གནས་པར་བྱེད་པ་ཡིན་གྱི། བསྐྱེད་བྱ་སྐྱེད་བྱེད་ཀྱི་ཚུལ་གྱིས་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལུས་མི་རྟག་པར་གྱུར་ན་ཡང་རང་རིག་པའི་ཡེ་ཤེས་མི་རྟག་ པར་མི་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ། དཔལ་དགྱེས་པའི་རྡོ་རྗེའི་རྒྱུད་ལས། ཡེ་ཤེས་ཆེན་པོ་ལུས་ལ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་པའོ། །དེ་ལྟར་ མི་རྟག་པའི་གནས་དགག་པར་མཛད་ནས། ལྷན་ཅིག་སྐྱེས་པའི་བདེ་བ་སྐྱེ་བའི་གནས་བརྗོད་པར་མཛད་དེ། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །གཞན་དང་འགྲོགས་མིན་ལྷན་ཅིག་སྐྱེས། །ཞེས་བྱ་བ་ནི་དག་པའི་ལས་ དང་མི་དགེ་བའི་ལས་ལ་གང་གིས་རྒྱས་བཏབ་སྟེ། སྐྲ་དང་ནུ་མ་འཛིན་པ་ལ་སོགས་པ་དང་ལྡན་པར་གྱུར་པ། ལས་ཀྱི་ཕྱག་རྒྱ་ཞེས་སུ་བརྗོད་དོ། །རང་གི་སེམས་ཀྱིས་ཡོངས་སུ་བརྟགས་པར་གྱུར་པ་དང་། ཟག་པའི་བདེ་བ་ཤེས་པར་བྱེད་པས་ན། ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་ལ་ཡི་དམ་གྱི་ལྷ་ ལ་སོགས་པའི་སྐུ་གཟུགས་ཞེས་བྱ་བའི་དོན་ཏོ། །དེ་ལས་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ལྷན་ཅིག་སྐྱེས་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རྟེན་ཅིང་འབྲེལ་བ་ལས་སྐྱེས་པ་དང་། མི་རྟག་པར་གྱུར་པ་དང་། འཁོར་བའི་བག་ཆགས་ལས་འདས་པར་མ་གྱུར་པ་དང་། བླ་ན་མེད་པའི་བྱང་ཆུབ་མི་སྟེར་ བའི་ཕྱིར་རོ། །འོ་ན་དེ་གང་ལས་སྐྱེ་ཞེ་ན། ཕྱག་རྒྱ་ཆེ་ལས་ཡང་དག་སྐྱེས། །ཞེས་བྱ་བ་ལ། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེས་པར་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་ པའམ། མི་འཕོ་བའི་བདེ་བ་ལ་རྒྱས་བཏབ་པས་ན་ཕྱག་རྒྱ་སྟེ། ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་ཁྱད་པར་དུ་གྱུར་པ་དང་། འཁོར་བའི་བག་ཆགས་དང་བྲལ་བར་གྱུར་པས་ན། ཆེན་མོ་ཞེས་བྱ་བའོ། །དེ་གང་ལས་སྐྱེས་པ་དེ་དོན་དམ་པར་ལྷན་ཅིག་སྐྱེས་པའི་བདེ་བ་ཡིན་གྱི། རྟོག་པ་ ལས་གང་སྐྱེས་པ་དེ་ལྷན་ཅིག་སྐྱེས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཚིག་གིས་བཤད་པར་མཛད་དེ། རྣམ་རྟོག་བསྒོམ་པ་དག་ལས་འདས། །ཕྱག་རྒྱ་ཆེན་པོའི་མི་འགྱུར་བདེ། །ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བདེ་བར་འགྱུར་བའི་རང་བཞིན་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་བདེ་བའི་རང་བཞིན་ནི། འཛག་པའི་རང་ བཞིན་དུ་འགྱུར་བ་སྟེ། ཕྱག་རྒྱ་ཆེན་པོའི་བདེ་བ་ནི་མི་འགྱུར་བའི་རང་བཞིན་དུ་གྱུར་པ་སྟེ། ཅིའི་ཕྱིར་ཞེ་ན། རྟོག་པ་ལས་མ་སྐྱེས་པའི་ཕྱིར་རོ། །དེ་བས་ན་རྣམ་པར་མི་རྟོག་པ་བསྒོམ་པའི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་གྱི་རྣམ་པར་རྟོག་པའི་རང་བཞིན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ། གང་དུ་སྒོམ་པ་པོ་མེད་དང་། །བསྒོམ་པ་གང་ཞིག་ཀྱང་མེད་དེ། །བསྒོམ་པར་བྱ་བ་མེད་པ་ནི། །དེ་ཉིད་བསྒོམ་པར་དེ་བརྗོད་དོ། །ཞེས་བྱ་བ་གསུངས་སོ། །དོན་དམ་པར་ལྷན་ཅིག་སྐྱེས་པའི་སྐུའི་བདེ་བ་དེ་ཇི་ལྟ་བུ་ཡིན་ཞེ་ན། བརྗོད་པར་མཛད་དེ། གཟུང་དང་འཛིན་པའི་དབྱིབས་དག་དང་། ། རྟོགས་དང་བརྗོད་དང་རྣམ་སྤངས་ཉིད། །ཅེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས། ཡུལ་གཟུགས་འཛིན་པ་ཇི་ལྟ་བ་དེ་བཞིན་དུ། གཟུང་བ་དང་འཛིན་པའི་ཚུལ་གྱིས་མི་འཛིན་ཏེ་ཡུལ་དང་ཡུལ་ཅན་གྱི་འབྲེལ་བ་ལས་འདས་པའི་ཕྱིར་རོ། །དེ་བཞིན་དུ་གྲུ་བཞི་དང་གྲུ་གསུམ་ལ་སོགས་པ་དང་། ཡོད་པ་དང་མེད་པའི་རྟོག་པ་དང་། ཨཱ་ལི་དང་ཀཱ་ལི་ལ་སོགས་པ་ལས་འདས་པར་འགྱུར་བའོ། །དེ་ལྟར་རང་རིག་པའི་ཡེ་ཤེས་ལ་མི་རྟོག་པའི་རང་བཞིན་ཉིད་བསྟན་པར་མཛད་ནས། དཔེ་བསྟན་པར་མཛད་དེ། དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཏི་སེ་ནའི་རང་བཞིན་པ། །ཞེས་བྱ་བ་ནི། དྲི་ཟའི་ གྲོང་ཁྱེར་དངོས་པོ་མེད་པའི་རང་བཞིན་དུ་གྱུར་ན་ཡང་། དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ཇི་ལྟ་བ་བཞིན་དུ་རང་རིག་པའི་ཡེ་ཤེས་སེམས་ཀྱིས་ཉམས་སུ་མྱོང་བར་འགྱུར་ན་ཡང་དངོས་པོ་ཐམས་ཅད་ལས་འདས་པར་འགྱུར་བའོ། །གཞན་ཡང་མེ་ལོང་ལ་སོགས་པའི་ནང་དུ་གཞོན་ནུ་མས་ཡུལ་ལས་ མ་གཏོགས་པར་མ་མཐོང་བའི་དངོས་པོ་མཐོང་བ་ཇི་ལྟ་བ་དེ་བཞིན་དུ། ལྷན་ཅིག་སྐྱེས་པའི་བདེ་བའི་རྟེན་དུ་གྱུར་པ་སྣ་ཚོགས་གཟུགས་ནི་རྣལ་འབྱོར་པས་མ་བརྟགས་ཀྱང་མཐོང་བར་གྱུར་པའོ། །དེ་ལྟར་དཔེ་བསྟན་ནས། གཉིས་སུ་མེད་པའི་རང་བཞིན་བསྟན་པར་མཛད་དེ། རྣལ་འབྱོར་ཐབས་ དང་ཤེས་རབ་བདག །ཅེས་བྱ་བ་ནི། ཉོན་མོངས་པ་ལས་མ་གཏོགས་པར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པས་ན་ཐབས་ཞེས་བྱའོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཤེས་པར་བྱེད་པས་ན་ཤེས་རབ་ཅེས་བྱའོ། །གཞན་ཡང་ཐབས་ཞེས་བྱ་བ་ནི་གཞན་གྱི་དོན་ཕུན་ སུམ་ཚོགས་པ་སྟེ། ཤེས་རབ་ཅེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པའོ། །གཞན་ཡང་ཐབས་ཞེས་བྱ་བ་ནི་ཆགས་པ་ཡིན་ལ། ཤེས་རབ་ཅེས་བྱ་བ་ནི་ཆགས་པ་དང་བྲལ་བའོ། །དེ་དག་གང་དུ་སྦྱར་བར་གྱུར་པ་དེ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་རྣལ་འབྱོར་ཏེ། མི་འཕོ་བའི་རང་ བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་བདེ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཉིས་སུ་མེད་པའི་རང་བཞིན་བཤད་པར་མཛད་ནས། སྒྲའི་ཚུལ་གྱིས་དེའི་དབྱིབས་བཤད་པར་མཛད་དེ། ཨེ་ཝཾ་ཡི་གེ་ཞེས་བྱ་བ་ལ། ཡི་གེ་ཨེ་ཞེས་བྱ་བ་ནི། ངེས་པའི་དོན་གྱིས་རྣམ་པ་ཐམས་ཅད་དང་ལྡན་ པའི་སྟོང་པ་ཉིད་ཡིན་ཏེ། ཝཾ་ཞེས་བྱ་བ་ནི་རང་གི་རིག་པའི་བདེ་བ་དམིགས་པ་མེད་པའི་སྙིང་རྗེའོ། །དེ་དག་གི་རང་བཞིན་དུ་གྱུར་པ་གང་ཡིན་པ་དེ་ལ་འདུད་ཅེས་བྱའོ། །གཞན་ཡང་རྒྱུད་ཀྱི་རྒྱལ་པོ་འདིའི་བཤད་པ་ཇི་ལྟ་བུ་ཡིན་ཞེ་ན། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཇི་ལྟར་ནང་དུ་དེ་བཞིན་ གཞན། །ཞེས་བྱ་བར་གསུངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་དང་། ལུས་པོ་དང་དཀྱིལ་འཁོར་ལ་མཐུན་པར་གྱུར་པའི་བཤད་པ་གསུངས་སོ། །དེ་བས་ན་ཡི་གེ་ཝཾ་ཞེས་བྱ་བ་ནི་ཨ་དང་ཚེག་དྲག་དང་གཞན་ཨ་དང་ཐིག་ལེ་ཡིན་ལ། ནམ་མཁའ་དང་ཉི་མ་དང་སྒྲ་གཅན་ཟླ་བ་སྟེ། ཕྱི་ རོལ་དུ་བསྟན་ཏོ། །དེའི་ནང་དུ་པདྨ་དང་རྡུལ་དང་རྣམ་པར་ཤེས་པ་དང་ས་བོན་དུ་བརྗོད་དོ། །དཀྱིལ་འཁོར་གྱི་གནས་སྐབས་སུ་སྣ་ཚོགས་པདྨ་དང་། ཨཱ་ལི་དང་ཀཱ་ལི་དང་ཡི་གེ་ཧཱུཾ་ཞེས་གསུངས་སོ། །དེ་ལྟར་ལུས་དང་ངག་དང་སེམས་དང་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་ པའི་བདེ་བ་ནི། ཕྱི་དང་ནང་དང་དཀྱིལ་འཁོར་དུ་རྣལ་འབྱོར་པས་ཤེས་པར་བྱའོ། །དེའི་རྟེན་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་དུ་གྱུར་པའི་ཡི་གེ་ཨ་ཡིན་ལ། ཡི་གེ་ཨི་དང་ལྷན་ཅིག་ཏུ་སྦྱར་ན། ཡི་གེ་ཨེ་ཞེས་བྱ་བར་བརྗོད་དོ། །དེ་ལ་དོན་ཅི་ཡིན་ཞེ་ན། ཡི་གེ་ཨེ་ནི་སྟོང་པ་ཉིད་ཀྱི་གཟུགས་ ཀྱི་རྟེན་ཡིན་ལ། ཡི་གེ་ཝཾ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་རྟེན་པའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། ཡི་གེ་ཨེ་དབུས་ཡི་གེ་ཝཾ། །སངས་རྒྱས་ཀུན་གྱི་བདེ་བའི་གནས། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་འདི། །ནམ་མཁའི་ཁམས་སུ་རྡོ་རྗེ་སེམས། །ཟླ་བ་ས་བོན་ཐིག་ལེ་ལུས། །ཉི་མ་རྡུལ་དང་ ཚེག་དྲག་དང་། །སེམས་ཀྱི་རྣམ་པ་མུན་ཅན་བརྗོད། །ཨེ་ཡིན་ནམ་མཁའི་ཁམས་ལ་གནས། །སྐུ་གསུང་ཐུགས་དང་སྦྱོར་བ་ཡིས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རོ། །ལུས་ངག་སེམས་དང་ཆགས་པ་ཡིས། །སྲིད་གསུམ་བདག་ཉིད་ལ་གནས་པ། །ཞེས་བྱ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་རྟེན་ དང་བརྟེན་པའི་རང་བཞིན་དུ་གྱུར་པའི་ཡི་གེ་ཨེ་ཝཾ་ལ་ཕྱག་འཚལ་བར་མཛད་ནས། དེ་དག་གི་རྟེན་དུ་གྱུར་པའི་ཕྱག་རྒྱ་ཆེན་མོ་ལ་ཕྱག་འཚལ་བར་མཛད་དེ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཏི་སེ་ནའི་རང་བཞིན་པ། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། ། ཅེས་བྱ་བ་ལ། རྡུལ་ཕྲ་རབ་ཅེས་བྱ་བ་ནི། སྲ་བ་དང་གཤེར་བ་དང་དྲོ་བ་དང་། གཡོ་བའི་རང་བཞིན་དུ་གྱུར་པའི་ས་དང་ཆུ་དང་མེ་དང་རླུང་གི་རྡུལ་ཕྲ་རབ་སྟེ། དེ་རྣམས་ཀྱི་མཚན་ཉིད་དང་བྲལ་བས་ན་རྡུལ་ཕྲ་རབ་ཀྱི་ཆོས་ཉིད་ལས་འདས་པ་ཞེས་བྱའོ། །རྡུལ་ཕྲ་རབ་ལས་འདས་པར་གྱུར་ པ་གང་ཡིན་པ་དེ། ནམ་མཁའི་མེ་ཏོག་དང་འདྲ་བར་གཏན་མེད་པ་མ་ཡིན་ནམ་ཞེ་ན། པྲ་ཏི་སེ་ནའི་རང་བཞིན་མ། །ཞེས་བྱ་བ་ནི། ཡོད་པ་དང་མེད་པའི་རང་བཞིན་ལས་འདས་པར་གྱུར་པའི་པྲ་ཏི་སེ་ནའམ་གཟུགས་བརྙན་སྣང་བར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། ས་ཆུ་མེ་རླུང་ལ་སོགས་ པའི་རང་བཞིན་དང་བྲལ་བར་གྱུར་ན་ཡང་རྣལ་འབྱོར་པ་རྣམས་ལ་སྤྱོད་ཡུལ་དུ་གྱུར་པའོ། །དེ་འཁོར་བའི་རང་བཞིན་དུ་གྱུར་པ་མ་ཡིན་ནམ་ཞེ་ན། རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཞེས་བྱ་བ་ལ་རྣམ་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་སྟེ། མིག་ལ་སོགས་པ་ལས་ཁྱད་པར་དུ་གྱུར་ པས་ན་མཆོག་ཅེས་བྱའོ། །ལྷའི་མིག་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། མི་འཇིགས་པ་ལ་སོགས་པའི་ཁྱད་པར་དུ་གྱུར་པའི་ཡོན་ཏན་ཐམས་ཅད་གང་ལ་ཡོད་པ་ དེ། རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཞེས་བྱ་བའོ། །དེ་བཞིན་དུ། ཀུན་ནས་ལག་དང་རྐང་ལ་སོགས། །ཀུན་ནས་སྤྱི་བོ་མིག་དང་གདོང་། །འཇིག་རྟེན་ཀུན་ནས་ཐོས་པ་ཅན། །ཀུན་ནས་ཁྱབ་པར་བཞུགས་པའོ། །ཞེས་བྱ་བར་གསུངས་སོ། །ཡོན་ཏན་དེ་དང་ལྡན་པ་གང་ཡིན་ཞེ་ན། ཕྱག་རྒྱ་ ཆེན་པོ་དེ་ལ་འདུད། །ཅེས་བྱ་བར་གསུངས་སོ། །དེ་ལྟར་དབྱིབས་དང་ཁ་དོག་ལ་སོགས་པ་དང་བྲལ་བ་དང་། སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་བར་མཛད་ནས། སྤྱིའི་དོན་གྱིས་སྣ་ཚོགས་ཡུམ་ལ་ཕྱག་འཚལ་བར་མཛད་དེ། སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། ། སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཀུན་དུ་བཟང་པོའི་སྤྱོད་པ་སྟེ། །སྣ་ཚོགས་ཡུམ་ནི་དེ་ལ་འདུད། །ཅེས་བྱ་བ་ལ། སངས་རྒྱས་ཀུན་ཞེས་བྱ་བ་ནི། །མི་བསྐྱོད་པ་ལ་སོགས་པའོ། །ངེས་པའི་དོན་དུ་ནི་སྒྲིབ་པ་དང་བྲལ་བར་གྱུར་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟེ། དེ་རྣམས་གང་གིས་སྐྱེད་པར་མཛད་ པ་དེ། སངས་རྒྱས་ཀུན་གྱི་སྐྱེད་མཛད་མ། །ཞེས་བྱ་བའོ། །དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཅེས་བྱ་བ་ནི་འཁོར་བ་པ་རྣམས་ལ་སྐྱེ་བ་དང་འཇིག་པ་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་གང་ལ་མེད་པས་ན། དེ༑ སྐྱེ་དང་འཇིག་པ་རྣམ་སྤངས་ཉིད། །ཅེས་བྱ་བ་སྟེ། ནམ་མཁའ་དང་ མཉམ་པ་ཉིད་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་སུས་འཁྱུད་ཅེ་ན། ཀུན་དུ་བཟང་པོའི་སྤྱོད་པ་སྟེ། ཞེས་བྱ་བ་ལ། ཀུན་དུ་བཟང་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། བག་ཆགས་དང་ལྡན་པའི་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །དེས་ཉམས་སུ་མྱོང་བས་ ན་ཀུན་དུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །དེ་གང་ཡིན་ཞེ་ན། སྣ་ཚོགས་ཡུམ་ཞེས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་གསལ་བར་མཛད་པས་ན། སྣ་ཚོགས་ཡུམ་ཞེས་བྱ་བ་ཡིན་ལ་དེ་ལ་ཕྱག་འཚལ་ལོ། །དེ་ལྟར་བཅོམ་ལྡན་འདས་མ་སྣ་ཚོགས་ཡུམ་ལ་ ཕྱག་འཚལ་བར་མཛད་ནས། དེའི་གཙོ་བོར་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ། རྫོགས་པའི་རིམ་པའི་སྒོ་ནས་ཕྱག་འཚལ་བར་མཛད་དེ། ཨཱ་ལི་ཀཱ་ལི་སྙོམས་འཇུག་དང་། །ཧཱུཾ་ཕཊ་ཡི་གེ་སོགས་སྤངས་ཉིད། །མི་འགྱུར་བ་ལས་སྐྱེས་པའི་སྐུ། །དུས་ཀྱི་འཁོར་ལོ་དེ་ལ་ འདུད། །ཅེས་བྱ་བ་ལ། ཨཱ་ལི་ཞེས་བྱ་བ་ནི་ཡི་གེ་ཨ་ལ་སོགས་པའི་དབྱངས་ཀྱི་ཚོགས་སོ། །ཀཱ་ལི་ཞེས་བྱ་བ་ནི་ཀ་ལ་སོགས་པའི་གསལ་བྱེད་རྣམས་ཏེ། འདི་དག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་ཏེ། དེ་དག་གི་དབུས་སུ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དབྱིབས་དང་ཁ་དོག་ལ་སོགས་པ་དང་ལྡན་པར་གྱུར་པ། འཇིག་རྟེན་གྱི་དངོས་གྲུབ་བསྒྲུབ་པའི་དོན་དུ་རྣམ་པར་རྟོག་པའི་སྒོམ་པ་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་སྒོམ་པར་བྱེད་པ་ཇི་ལྟ་བ་བཞིན་དུ། ཕྱག་རྒྱ་ཆེན་པོའི་དངོས་ གྲུབ་བསྒྲུབ་པའི་ཕྱིར། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་དེ་དག་ལ་སོགས་པ་སྐྱེད་པར་བྱེད་པའི་རྒྱུ་མི་དགོས་ཏེ། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པའི་དྲ་བར་གྱུར་པའི་ཕྱིར་དང་། མངོན་པར་ཞེན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་རོ། ། དེ་གང་ལ་མི་དགོས་ཤེ་ན། མི་འགྱུར་བ་ལས་སྐྱེས་པའི་སྐུ། །ཞེས་བྱ་བ་ནི། གང་ལ་འགྱུར་བ་མེད་པ་དང་། ཉམས་པ་མེད་པ་དེ་མི་འགྱུར་བ་ཡིན་ལ་ནམ་མཁའ་དང་འདྲ་བར་གྱུར་པའི་སྟོང་པ་ཉིད་ཅེས་བྱའོ། །དེ་ལས་གང་གི་སྐུ་ཞེས་བྱ་བ་ནི་རང་རིག་པའི་དངོས་པོའི་མཚན་ཉིད་དུ་གྱུར་ པའི་འཁྲུངས་པ་དེ་མི་འགྱུར་བ་ལས་སྐྱེས་པའི་སྐུ་ཞེས་བྱ་བའོ། །དེ་བས་ན། ནམ་མཁའ་ལས་བྱུང་རང་བྱུང་བ། །ཞེས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་ཅེས་བྱ་བའོ། །དེ་ལྟར་བརྗོད་པའི་རིམ་པས་མཆོག་གི་དང་པོའི་སངས་རྒྱས་བཅོམ་ལྡན་འདས་དུས་ཀྱི་ འཁོར་ལོ་གང་ཡིན་པ་དེ་ཉིད་རྩ་བའི་རྒྱུད་ཀྱི་རང་བཞིན་བསྟན་པར་མཛད་དེ། ཀུན་མཁྱེན་ཡེ་ཤེས་སྐུ་ཞེས་པ། །གཙོ་བོ་བདུད་ལས་རྒྱལ་བའི་སྐུ། །པདྨ་འདབ་མ་རྒྱས་སྤྱན་ཏེ། །བཅུ་དྲུག་དབྱེ་བས་དེ་ཉིད་དོ། །སངས་རྒྱས་སྐུ་བཞིའི་བདག་ཉིད་དེ། །རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས། །ལྷ་དང་ ལྷ་མིན་གྱིས་བསྟོད་སྔོན། །ཟླ་བཟང་གིས་བཏུད་གསོལ་བ་བཏབ། །ཅེས་བྱ་བ་ནི་སྔོན་དུ་བཤད་ཟིན་ཏོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་ཚིགས་སུ་བཅད་པའི་དོན་དང་མཐུན་པར་མཛད་ནས། སྐུ་བཞི་དང་རྡོ་རྗེ་བཞིའི་རྣལ་འབྱོར་བཤད་པར་མཛད་དེ། དག་པ་ཡེ་ཤེས་གཅིག་པའི་རྣལ་འབྱོར་རྒྱལ་ བ་མཆོག་གི་དམ་ཚིག་ཐུགས་ཆོས་རྣལ་འབྱོར་གཅིག །གསུང་དང་ལོངས་སྤྱོད་རྣལ་འབྱོར་གཅིག་ཡིན་སྲིད་གསུམ་གྱིས་མཆོད་སྐུ་སྤྲུལ་རྣལ་འབྱོར་རོ། །ཤེས་དང་ཤེས་བྱ་གཉིས་མེད་འདི་ནི་སྲིད་མེད་སྲིད་གཤེགས་རྡོར་སེམས་རྣམ་བཞི་དང་། །ཐབས་དང་ཤེས་རབ་བདག་ ཉིད་ལྷ་མི་ལྷ་མིན་གྱིས་བསྟོད་རྡོ་རྗེ་རྣལ་འབྱོར་དེ་ལ་འདུད། །ཅེས་བྱ་བ་ལ། དག་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་སྐུའོ། །ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་རྡོ་རྗེ་ཡིན་ལ། དེ་དང་རོ་མཉམ་པ་ཉིད་ཀྱི་རང་བཞིན་དུ་གྱུར་པས་ན་རྣལ་འབྱོར་ཏེ། གཉི་གའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་རང་བཞིན་ དུ་གྱུར་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན། རྒྱལ་བ་མཆོག་གི་དམ་ཚིག་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་མཆོག་ཏུ་མི་འགྱུར་བའི་བདེ་བས་འདུས་པར་བྱེད་པའི་གཅིག་པ་ཉིད་དུ་བྱེད་པས་ན་དམ་ཚིག་གོ། །དེ་བས་ན་ལྷན་ཅིག་སྐྱེས་པའི་སྐུ་དང་། ཡེ་ཤེས་རྡོ་རྗེའི་རྣལ་འབྱོར་ནི་རྡོ་རྗེ་སེམས་དཔའ་ ལ་ཡིན་གྱི། སེམས་ཅན་རྣམས་ལ་ནི་མ་ཡིན་ནོ། །དེ་རྒྱུ་གང་གི་ཕྱིར་ཞེ་ན། སེམས་ཅན་རྣམས་ལ་བཞི་པའི་གནས་སྐབས་དང་ལུས་པོ་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དེ་བཞིན་དུ་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ལས། ཇི་ལྟར་མེ་ཏོག་གནས་པའི་དྲི། །མེ་ཏོག་མེད་པས་ཐོབ་མི་འགྱུར། །དེ་ བཞིན་ལུས་གནས་ཡེ་ཤེས་ནི། །ལུས་པོ་མེད་པས་མི་ཐོབ་བོ། །ཞེས་བྱ་བ་ནི། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བཞིན་དུ་ཐུགས་ཀྱི་རྡོ་རྗེ་དང་ཆོས་ཀྱི་སྐུ་གཅིག་ཡིན་ཏེ། རྟོག་པ་ལས་འདས་པར་གྱུར་པའི་ཕྱིར་དང་། ཆོས་ཉིད་ཀྱི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གསུང་གི་རྡོ་རྗེ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་ཡིན་ ཏེ། ཆོས་སྟོན་པར་མཛད་པའི་ཕྱིར་རོ། །རྫུ་འཕྲུལ་བསྟན་པར་མཛད་པའི་ཕྱིར་རོ། །སྐུའི་རྡོ་རྗེ་དང་སྤྲུལ་པའི་སྐུའི་རྣལ་འབྱོར་པ་གཅིག་ཅེས་བྱ་བའོ། །དེ་ལ་དོན་འདི་ཡིན་ཏེ་ལྷན་ཅིག་སྐྱེས་པའི་སྐུའི་གནས་སྐབས་སུ་གཙོ་བོ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་གནས་པ་སྟེ། བཏགས་པའི་ངོ་བོས་ཐུགས་ཀྱི་རྡོ་རྗེ་ལ་ སོགས་པ་གནས་པའོ། །དེ་བཞིན་དུ་ཆོས་ཀྱི་སྐུ་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་གནས་སྐབས་སུ་ཐུགས་དང་། གསུང་དང་སྐུའི་རྡོ་རྗེ་གཙོ་བོ་ཡིན་ལ། ཡེ་ཤེས་ལ་སོགས་པ་ནི་བཏགས་པའི་ངོ་བོར་གྱུར་པའོ། །དེ་ལྟར་བརྗོད་པའི་རིམ་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གཅིག་ ཡིན་ན་ཡང་། སྐུ་བཞི་དང་རྡོ་རྗེ་བཞི་དབྱེ་བས་རྣམ་པ་བཞིར་འགྱུར་རོ། །རྣམ་པ་བཞིའི་རང་བཞིན་དུ་གྱུར་པའི་རྡོ་རྗེ་རྣལ་འབྱོར་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །དེ་ལྟར་བསྒྲུབ་བྱ་ལ་ཕྱག་འཚལ་བར་མཛད་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་གྱུར་པའི་ཡང་དག་པའི་ཡེ་ཤེས་ལ་ཕྱག་ འཚལ་བར་མཛད་དེ། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང་། །གཙུག་ཏོར་ཁུ་བའི་རི་བོང་དག་ལ་གཉིས་པའོ། །རྟག་ཏུ་མི་ཆོད་དབྱེར་མེད་འདོད་པ་དགོད་པ་སྟེ། །སྲིད་གསུམ་གྱིས་མཆོད་གཙོ་བོ་ལ་ནི་སྤྱི་བོས་འདུད། །ཅེས་བྱ་བ་ནི་ཕུང་པོ་དང་ཁམས་ལ་སོགས་པ་འཛིན་པར་མཛད་པ་དང་། འཚོ་བར་མཛད་པས་ན་གཙོ་བོ་ཞེས་བྱའོ། །དེ་ལྟ་བུ་ཡིན་ཞེ་ན། ཞབས་གཅིག་རྡོ་རྗེ་ནོར་བུ་རྡུལ་དང་ཉི་མ་དང་། །ཞེས་བྱ་བ་ནི། གང་གི་ཞབས་གཅིག་ནི་ཕྱི་རོལ་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དགོད་པ་དང་། ནང་དུ་རྡོ་རྗེ་ནོར་བུའི་རྡུལ་གྱི་སྟེང་དུའོ། །གཞན་ཡང་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་དང་། ནང་དུ་གཙུག་ཏོར་གྱི་ཁུ་བ་ལ་གཉིས་པའོ། །ཇི་ལྟར་དགོད་ཅེ་ན། རྟག་ཏུ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་མི་རྟག་པའི་ངོ་བོས་གནས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་མ་ཡིན་ནོ། །རྒྱུན་མི་འཆད་པའི་ངོ་བོས་གནས་པ་ནི་མི་ཆོད་པ་ཞེས་བྱ་བའོ། །རྟོག་པ་རྣམས་ཀྱིས་འཇོམས་མི་ནུས་པས་ན་དབྱེར་ མེད་པ་ཞེས་བྱ་བའོ། །བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པས་ན་འདོད་པ་ཞེས་བྱ་བའོ། །དེ་ལྟར་དོན་དམ་པའི་བདེན་པས་རང་རིག་པའི་ཡེ་ཤེས་ལ་ཕྱག་འཚལ་བར་མཛད་ནས། བསྐྱེད་པའི་རིམ་པའི་སྒོ་ནས་དབྱིབས་དང་། ཁ་དོག་ལ་སོགས་པ་དང་ལྡན་པར་གྱུར་པའི་བཅོམ་ ལྡན་འདས་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་བར་མཛད་དེ། རླུང་མེ་ཆུ་དང་ས་ཡི་དཀྱིལ་འཁོར་ལྷུན་པོ་པདྨ་དང་། །ཟླ་བ་ཉི་མའི་གཟི་བརྗིད་སྟེང་དུ་བདུད་དབང་སྟེ། །སྲིད་པའི་ཡུམ་གྱི་ཞབས་དང་བཅས་པ་ཞབས་དགོད་པ། །གཙོ་བོ་ལྷ་དབང་གིས་བཏུད་སྤྱི་བོས་ཕྱག་འཚལ་ལོ། ། ཞེས་བྱ་བ་ནི་གོ་སླའོ། །དེ་ལྟར་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའི་སྒོ་ནས་འཇིག་རྟེན་གྱི་དངོས་གྲུབ་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྟེར་བར་མཛད་པའི་ཐུགས་དམ་གྱི་ལྷ་ལ། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོས་ཕྱག་འཚལ་བར་མཛད་ནས། ང་རྒྱལ་ སྤོང་བ་བཤད་པར་མཛད་དེ། དེ་ལྟར་རྡོ་རྗེ་རྣལ་འབྱོར་གང་ལ་བདེ་གཤེགས་དཔག་ཏུ་མེད་པས་བརྟེན་ཅིང་བསྟན་པ་དང་། །བྱང་ཆུབ་སེམས་དཔའ་རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་མ་ལུས་པ་ཡིས་སྡུད། །མཆོག་ཏུ་མི་འགྱུར་བདེ་བའི་རྣལ་འབྱོར་དུས་འཁོར་དེ་ ནི་བདག་རྨོངས་བརྗོད་པར་འདོད། །མཁའ་ལ་མྱུར་འགྲོ་མཁའ་འགྲོའི་བདག་པོ་འགྲོ་བྱ་གཞན་མི་འགྲོ་བའམ། །ཞེས་བྱ་བ་ནི། དེ་ལྟར་བརྗོད་པའི་རིམ་པས་སྐུ་བཞི་ལ་སོགས་པའི་རང་བཞིན་དུ་གྱུར་པ་རྡོ་རྗེ་རྣལ་འབྱོར་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་སུམ་དུ་མཛད་པ་དང་། སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་བསྟན་པར་མཛད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྡུད་པ་པོ་ཉིད་ཀྱིས་བསྡུས་པར་མཛད་དེ། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་མཆོག་འཛིན་གསང་སྔགས་རིག་པ་མ་ལུས་ པ། །ཞེས་བྱ་བ་ལ། རྡོ་རྗེ་མཆོག་ཅེས་བྱ་བ་ནི། ཡེ་ཤེས་རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཡིན་ལ། དེ་གང་རྣམས་ཀྱིས་འཛིན་པ་འཕོ་བར་མཛད་པ་སྟེ། རྡོ་རྗེ་མཆོག་འཛིན་པ་ཞེས་བྱ་བའོ། །ཡིད་སྐྱོབ་པར་བྱེད་པའི་ཕྱིར་སྔགས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཏེ། དེ་རྣམས་ཀྱིས་རིག་པ་ ཉམས་སུ་མྱོང་བ་དེ་སྔགས་ནི་རིག་པ་ཡིན་ལ། དེ་ལྟ་བུར་གྱུར་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རྡོ་རྗེ་རྣལ་འབྱོར་དེ་སྡུད་པར་མཛད་དེ། གཅིག་དང་གཉིས་ཀྱིས་ནི་མ་ཡིན་ནོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་བདེ་བའི་རྣལ་འབྱོར་ཞེས་བྱ་བ་ནི། གོམས་པར་བྱེད་པས་ན་རྣལ་ འབྱོར་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་སྐུའོ། །རྒྱུད་གང་ལས་གསུངས་ཤེ་ན། དུས་ཀྱི་འཁོར་ལོ་ལས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོ་ལས་ཏེ་དེ་བཞིན་གཤེགས་པས་བཀའ་སྩལ་པ་ཡིན་གྱི། རྒྱུད་ གཞན་རྣམས་ལས་མ་ཡིན་ནོ། །དེ་ལ་དཔལ་དུས་ཀྱི་འཁོར་ལོ་ལས་གསུངས་པའི་རྡོ་རྗེ་རྣལ་འབྱོར་གང་ཡིན་པ་དེ། བདག་རྨོངས་པས་བརྗོད་པར་འདོད་དོ། །འོན་ཀྱང་དེ་ལ་སྐྱོན་མེད་དེ། དཔེར་ན་ནམ་མཁའ་ལ་མཁའ་ལྡིང་མྱུར་བར་འགྲོ་བ་དེ་བཞིན་དུ། བྱ་གཞན་མི་འགྲོ་བ་ཡིན་གྱི་རྣམ་པ་ཐམས་ཅད་ དུ་མི་འགྲོ་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་བཀའ་སྩལ་པ་ཇི་ལྟ་བ་དེ་བཞིན་དུ། བདག་གིས་བརྗོད་པར་མི་ནུས་ཏེ། འོན་ཀྱང་རང་གི་བློ་དང་མཐུན་པར་བཤད་པར་བྱ། །ཞེས་བྱ་བ་ནི་སྐྱོན་མེད་དོ། །རྒྱུད་ཀྱི་རྒྱལ་པོ་ལ་ཟབ་པ་དང་རྒྱ་ཆེ་བ་བཤད་པར་མཛད་དེ། མ་ལུས་སྲིད་པ་བདག་ལུས་གང་དུ་ གསལ་བར་ནི། །ཞེས་བྱ་བ་ལ། གང་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟེ། མ་ལུས་སྲིད་པ་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཕྱི་རོལ་དུ་ཇི་ལྟ་བར་བཀའ་སྩལ་པ་དེ་བཞིན་དུ། རང་གི་ལུས་པོ་ལ་བརྗོད་དོ། །གང་གིས་བརྗོད་ཅེ་ན། ཨཱ་ལི་ཐིག་ ལེ་འཛིན་པའི་རྒྱལ་བའི་དབང་པོས་ཞེས་བྱ་བ་ལ། ཨཱ་ལི་ཐིག་ལེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་ཐིག་ལེ་རྣམས་ཏེ། དེ་གང་གིས་འཛིན་པ་དེ་ཨཱུ་ལིའི་ཐིག་ལེ་འཛིན་པ་རྒྱལ་བའི་དབང་པོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ཡིན་ལ་དེས་བཀའ་སྩལ་ཏོ། །དེ་བས་ན་རྒྱུད་ཀྱི་རྒྱལ་པོ་འདི་ཆུ་གཏེར་ ཞེས་བྱ་བ་ནི། རྒྱ་མཚོ་ཟབ་པ་དང་རྒྱས་པར་གྱུར་པ་དང་རིན་པོ་ཆེ་ལ་སོགས་པ་དང་། གདུག་པའི་སྲོག་ཆགས་རྣམས་ཀྱི་གནས་སུ་གྱུར་པ་ཇི་ལྟ་བ་དེ་བཞིན་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་དོན་དང་གཞུང་གིས་ཟབ་པ་དང་རྒྱ་ཆེ་བ་དང་། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་རྣམས་དམ་ ཚིག་ཉམས་པའི་སེམས་ཅན་རྣམས་ལ་སྡུག་བསྔལ་གྱི་གནས་སུ་གྱུར་པས་ན་རྒྱ་མཚོ་དང་འདྲ་བའོ། །དེ་བས་ན་རྒྱ་མཚོ་དེ་ལས་བདག་གིས་སྒྲོལ་བར་འདོད་དེ། དེ་ལ་གལ་ཏེ་ཕ་རོལ་ཏུ་ཕྱིན་པར་གྱུར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་མཐུ་ཡིན་གྱི། བདག་གི་ཡོན་ ཏན་གྱི་སྟོབས་ཀྱིས་ནི་མ་ཡིན་ནོ། །དེ་ལྟར་རྒྱུད་ཀྱི་ཡོན་ཏན་བསྟན་པར་མཛད་ནས། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་ཀྱི་ཡོན་ཏན་བསྟན་པར་མཛད་དེ། གསང་བདག་ལ་ནི་དང་པོའི་མཆོག་གི་སངས་རྒྱས་བཤད། །སྟོབས་བཅུ་པ་ཡིས་སྔོན་དུ་ལུང་བསྟན་བསྡུས་རྒྱུད་གང་། །ཞེས་བྱ་བ་ལ། གསང་བ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱིས་གནོད་སྦྱིན་རྣམས་ཏེ། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ན་གསང་བའི་བདག་པོ་ཞེས་བྱའོ། །ངེས་པའི་དོན་དུ་གསང་བ་ཞེས་བྱ་བ་ནི། སེམས་ཀྱི་ནང་དུ་མཐོང་བའི་ངོ་བོས་གནས་པར་གྱུར་པ་ཉོན་མོངས་པ་ལ་སོགས་པ་རྣམས་ཏེ། དེ་རྣམས་གང་གིས་ ཟད་པར་མཛད་པ་དེ་ནི་གསང་བ་པའི་བདག་པོ་ཞེས་བྱ་བའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྟོབས་བཅུ་དང་ལྡན་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔོན་དུ་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་དང་། རྒྱུད་དེ་ཉིད་ལ་ཊཱི་ཀ་མཛད་པའི་ཕྱིར་ལུང་ བསྟན་ཅིང་། བསྡུས་པའི་རྒྱུད་མཛད་པའི་ཕྱིར་འཇམ་དཔལ་ལ་ལུང་བསྟན་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གྱིས་ཀྱང་ཡུལ་ཤཾ་བྷ་ལའི་ཀ་ལཱ་པའི་གྲོང་ཁྱེར་དུ་བསྡུས་པའི་རྒྱུད་ནི་དེ་བཞིན་གཤེགས་པས་ལུང་བསྟན་པའི་སྟོབས་ཀྱིས་གསུངས་སོ། །གང་ལ་གསུངས་ཤེ་ན། ཐུབ་པ་རྣམས་ ལ་ཞེས་བྱ་བ་ལ། ཚངས་པའི་དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པ་བྲམ་ཟེ་བྱེ་བ་ཕྲག་ཕྱེད་དང་བཞི་ལ་བཀའ་སྩལ་ཏོ། །ད་ནི་རྩ་བའི་རྒྱུད་ཀྱི་འགྲེལ་པའི་ཡོན་ཏན་དང་། གཞུང་གི་ཚད་བཤད་པར་མཛད་དེ། ཐེག་པ་ཐམས་ཅད་དོན་བསྡུས་པ། །འགྲེལ་བཤད་ཟླ་བ་བཟང་པོས་བྲིས། །གང་ ཞིག་སྟོང་ཕྲག་དྲུག་ཅུར་འགྱུར། །ཞེས་བྱ་བ་ནི། འདིས་སྒྲོལ་བར་བྱེད་པས་ན་ཐེག་པ་སྟེ། ཉན་ཐོས་ལ་སོགས་པའི་ཐེག་པའོ། །དེ་རྣམས་ཀྱི་དོན་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། དེ་གང་གིས་སྡུད་པར་བྱེད་པ་གསལ་བར་བྱེད་པ་ཐེག་པ་ཐམས་ཅད་དོན་བསྡུས་པ་ཞེས་བྱ་བ་ནི་ འགྲེལ་པའི་ཡོན་ཏན་བརྗོད་དོ། །དེ་གང་གིས་མཛད་ཅེ་ན། ཟླ་བ་བཟང་པོས་བྲིས་ཞེས་བྱ་བ་ནི། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་ཟླ་བ་བཟང་པོས་མཛད་ཅེས་བྱ་བའོ། །གཞུང་གི་ཚད་ནི་ཅི་ཙམ་ཡིན་ཞེ་ན། གང་གིས་སྟོང་ཕྲག་དྲུག་ཅུར་འགྱུར། །ཞེས་བྱ་བ་ནི། ཡི་གེ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་དུ་གྱུར་ པའི་རྗེས་སུ་བསྔགས་པའི་ཚིགས་སུ་བཅད་པ་སྟོང་ཕྲག་དྲུག་ཅུ་པའོ། །དེ་ལྟར་རྩ་བའི་རྒྱུད་ཀྱི་འགྲེལ་པའི་མཚན་ཉིད་བསྟན་ནས། བསྡུས་པའི་རྒྱུད་ཀྱི་འགྲེལ་བཤད་ཀྱི་མཚན་ཉིད་སྟོན་པར་མཛད་དེ། དེ་ནི་པད་དཀར་བདག་གིས་སུ། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་པའི། །བསྡུས་པའི་རྒྱུད་ལ་ བྲི་བར་བྱ། །གཞུང་ནི་སྟོང་ཕྲག་བཅུ་གཉིས་ཏེ། །རྡོ་རྗེ་དང་བཅས་ཚིག་འབྱེད་པའོ། །ཞེས་བྱ་བ་ནི་རྩ་བའི་རྒྱུད་ལ་ཕྱག་ན་རྡོ་རྗེས་འགྲེལ་པ་མཛད་པ་ཇི་ལྟ་བ་དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དོན་དང་མཐུན་པར་གྱུར་པ་གཞུང་གི་ཚད་སྟོང་ཕྲག་བཅུ་གཉིས་པ་རྡོ་རྗེའི་ཚིག་གསལ་བར་བྱེད་པ། བདག་འཇིག་ རྟེན་མགོན་པོའི་སྤྲུལ་པར་གྱུར་པ། པདྨ་དཀར་པོས་བྲི་བར་བྱ་ཞེས་པའོ། །དེ་ལྟ་བུར་གྱུར་པའི་འགྲེལ་པ་གང་ཡིན་པ་དེ་ལ་གང་ཉན་དུ་རུང་ཞེ་ན། རྒྱུད་འདི་ཐོས་སམ་རྒྱལ་བས་གསུངས་པའི་ཆོ་གས་བླ་མེད་དབང་གིས་བླངས་ནས་སུ། །ཞེས་བྱ་བ་ལ། རྒྱུད་འདི་ཞེས་བྱ་བ་ནི་རྩ་བའི་རྒྱུད་དེ། སྔོན་དུ་ཐོས་པ འམ་ཡང་ན་བསྡུས་པའི་རྒྱུད་ཐོས་ནས་དབང་གི་ལེའུ་ལས། དེ་བཞིན་གཤེགས་པས་གསུངས་པའི་ཆོ་ག་དབང་བཞི་པ་མན་ཆད་གང་གིས་ཐོས་པའོ། །ཕྱི་ནས་རྟོག་པ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་ལམ་དོར་ནས། ཡང་དག་ཡེ་ཤེས་ལམ་ལ་གནས། །ཞེས་བྱ་བ་ལ་ཡང་དག་པའི་ཡེ་ ཤེས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཏེ། དེའི་ལམ་ཞེས་བྱ་བ་ནི་དུ་བ་ལ་སོགས་པའི་རྟགས་དང་ལྡན་པར་འགྱུར་བའི་ལམ་མོ། །དེ་ལ་གང་གནས་པ་རྣལ་འབྱོར་པ་དེས་འགྲེལ་བཤད་འདི་ཉན་པ་ཡིན་གྱི་གཞན་རྣམས་ཀྱིས་ནི་མ་ཡིན་ནོ། །དེ་ཇི་ལྟར་ཉན་ཞེ་ན། ང་ རྒྱལ་ལོངས་སྤྱོད་ཕུན་ཚོགས་དུ་མ་བཏང་ནས་ཞེས་བྱ་བ་ལ། ང་རྒྱལ་ཞེས་བྱ་བ་ནི་རིགས་ཀྱི་ང་རྒྱལ་ལ་སོགས་པའོ། །ལོངས་སྤྱོད་ཅེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའོ། །ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། ནོར་དང་འབྲས་སོ་བ་དང་འཁོར་ལ་སོགས་པ་སྟེ། དེ་རྣམས་ཀྱི་རེ་བ་དོར་ ནས་འགྲེལ་བཤད་འདི་ཉན་པར་བྱའི། དེ་རྣམས་ཀྱི་རེ་བ་མ་དོར་བས་ནི་མ་ཡིན་ནོ། །གཞན་ཡང་སེམས་ནི་བླ་མར་ཕུལ་བར་བྱ་བ་ནི། གཡོ་སྒྱུ་ལ་སོགས་པ་དང་བྲལ་བའི་སེམས་བླ་མ་ལ་དབུལ་བར་བྱ་སྟེ། བླ་མས་བཀའ་སྩལ་པ་ཇི་ལྟ་བ་དེ་བཞིན་དུ་ཉན་པར་བྱ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ ཉན་ཞེ་ན། སངས་རྒྱས་ཉིད་ཕྱིར་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཕྱིར་ཞེས་བྱའོ། །འགྲེལ་བཤད་ཇི་ལྟ་བུ་ཡིན་ཞེ་ན། གཞན་ལ་ཕན་འདོགས་སྤྱོད་ཡུལ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པ་ཕན་འདོགས་པར་གྱུར་པས་ན། གཞན་ལ་ཕན་འདོགས་སྤྱོད་པར་འགྱུར། །ཞེས་བྱ་བའོ། །གང་ཡིན་ཞེ་ན། མཆོག་ཏུ་མི་འགྱུར་བའི་རང་བཞིན་དུ་གྱུར་པའི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་འགྲེལ་བཤད་ཉན་པར་གྱིས་ཞེས་བྱ་བའོ། །དེ་ལྟར་ཉན་དུ་རུང་བའི་གང་ཟག་བསྟན་ནས། བདེན་པ་མ་མཐོང་བའི་སྒྲ་ལ་སོགས་ པའི་བསྟན་བཅོས་ཀྱིས་མཁས་པ་རྣམས་ཀྱི་སྐྱོན་བརྗོད་པར་མཛད་དེ། མཁས་པའི་ང་རྒྱལ་དང་ལྡན་ཞེས་བྱ་བ་ནི། གང་གིས་མངོན་པར་ཤེས་པ་མ་ཐོབ་པར་བསྟན་བཅོས་ལ་སོགས་པའི་རྣམ་པར་རྟོག་པའི་ཆོས་དང་ལྡན་པར་གྱུར་པའི་སེམས་དང་། སྒྲ་ལ་སོགས་པ་མཁས་ པའི་ང་རྒྱལ་གྱི་དབང་གིས་རྒྱ་ཆེར་འགྲེལ་པ་བྱེད་པ་དེ་གླང་པོ་ཆེ་སྨྱོན་ལོང་དང་འདྲའོ། །དཔེར་ན་གླང་པོ་ཆེ་སྨྱོན་པ་དང་ལོང་བས། རང་གི་སྡེ་ཉམས་པར་བྱེད་པ་དང་། དགྲའི་སྡེ་རྒྱལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། མངོན་པར་ཤེས་པ་མ་ཐོབ་པར་གང་གིས་འགྲེལ་ཆེན་བྱེད་པ་དེ་རང་གི་རྒྱུད་ ཉམས་པར་བྱེད་པ་དང་། བདུད་ལ་སོགས་པའི་བསམ་པ་གྲུབ་པར་བྱེད་དེ། དེ་བས་ན་དུས་ཐམས་ཅད་དུ་དེ་བདུད་ཐམས་ཅད་ཀྱི་གྲོགས་པོ་ཡིན་གྱི། སངས་རྒྱས་པ་ནི་མ་ཡིན་ནོ། །གཞན་ཡང་བདེན་པ་མ་མཐོང་བའི་བར་དུ། བཀའ་གསང་སྔགས་ཀྱི་ཐེག་པ་ལ་གང་གིས་འགྲེལ་པ་བྱེད་པ་དེ་ལ། རང་གི་དོན་དང་གཞན་གྱི་དོན་ཉམས་པར་གྱུར་པར་བཤད་པར་མཛད་དེ། མཁས་པ་མངོན་པའི་ང་རྒྱལ་ཅན་དེ་རྒྱལ་བའི་བདག་པོའི་གསུང་ཚུལ་མ་ཤེས་རྟག་ཏུ་ལོང་། །ཐེག་མཆོག་འགྲེལ་བཤད་བྱས་ཏེ་ལོང་བ་གཞན་རྣམས་བཀུར་ནས་དམྱལ་བར་འཇུག །ཅེས་བྱ་བའོ། །དེ་ཅིའི་ཕྱིར་དམྱལ་བར་ འཇུག་ཅེ་ན། འགྱོད་དང་སྲོག་གཅོད་ལ་སོགས་མི་དགེ་བ་ཡི་ལམ་ལ་བུད་མེད་བདེ་བས་སེམས་དྲངས་པས། །དཔལ་ལྡན་ཤེས་རབ་བདེ་བ་ཉམས་ཤིང་ཞེས་བྱ་བ་ལ། དཔལ་ལྡན་ཤེས་རབ་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་མོ་སྟེ། དེའི་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཡིན་ལ། དེ་གང་ལ་ ཉམས་པར་གྱུར་པ་དང་། མེད་པར་གྱུར་པ་དེ། དཔལ་ལྡན་ཤེས་རབ་བདེ་བ་ཉམས་པའོ། །གཞན་ཡང་རྡོ་རྗེའི་ཚིག་ཉམས་ཞེས་བྱ་བ་ལ། རྡོ་རྗེའི་ཚིག་ཅེས་བྱ་བ་ནི། བཞི་པ་སླར་ཡང་དེ་བཞིན་ཏེ། །ཞེས་བྱ་བའོ། །དེ་གང་གིས་མ་ཤེས་པ་རྡོ་རྗེའི་ཚིག་ཉམས་པའོ། །ཡང་ན་རྡོ་རྗེའི་ཚིག་ཅེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བའི་གནས་ཡིན་ཏེ། དེ་གང་གིས་མ་ཐོབ་པ་དེ་རྡོ་རྗེའི་ཚིག་ཉམས་པ་ཞེས་བྱ་བའོ། །དེ་ཇི་ལྟ་བུ་ཡིན་ཞེ་ན། ཕྱི་ཡི་ལོངས་སྤྱོད་མངོན་གྱུར་པ། །ཞེས་བྱ་བ་ལ། ཕྱི་ཡི་ལོངས་སྤྱོད་ཅེས་བྱ་བ་ནི། བཟའ་བ་དང་བཏུང་བ་མང་པོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དབང་དུ་བྱས་པས་ ན། ཕྱིའི་ལོངས་སྤྱོད་རྣམས་ཀྱི་མངོན་པར་གྱུར་པ་ཞེས་བྱ་བའོ། །འོ་ན་མཁས་པ་རྣམས་ཀྱིས་འགྲེལ་པ་མི་བགྱིད་ན་གང་གིས་བྱེད་ཅེ་ན། སྟོན་པ་ཉིད་ཀྱིས་རྒྱལ་བའི་བདག་པོའི་བདེ་སྟེར་རྡོ་རྗེ་ཐེག་པར་མ་ལུས་གང་ལ་ལུང་བསྟན་པ། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེར་བའི་ཐེག་པ་ ཆེན་པོ་བཀའ་གསང་སྔགས་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་གང་རྣམས་ལ་ལུང་བསྟན་པ་དེ་རྣམས་ཀྱིས་ཞེས་བྱ་བའོ། །དེ་རྣམས་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་མཆོག་འཛིན་བདག་འདྲ་ཡིས། །བྱང་ཆུབ་སེམས་དཔའ་འགྲེལ་བཤད་སྡུད་བྱེད་པ། །ཞེས་བྱ་བ་ལ། རྡོ་རྗེ་མཆོག་ཅེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་ ཏེ། དེ་གང་ལ་ཡོད་པ་དེ་རྡོ་རྗེ་མཆོག་འཛིན་པ་ཡིན་ལ། བདག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་འཇིག་རྟེན་མགོན་པོ་རང་འདྲ་བར་གྱུར་པ། བྱང་ཆུབ་སེམས་དཔའ་རྣམས་འགྲེལ་པ་བྱེད་པ་པོ་དང་། སྡུད་པ་པོ་ཡིན་གྱི། ཕལ་པ་གཞན་རྣམས་ནི་མ་ཡིན་ནོ། །དེ་གང་གི་ཕྱིར་ཞེ་ན། ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་སོགས་པ་རྣམས་ལ་ སངས་རྒྱས་རྣམས་ཀྱིས་ཐུགས་ཀྱི་དགོངས་པ་བསྟན་པར་ནུས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་བཤད་པར་མཛད་དེ། དེ་རྣམས་ཀྱིས་འདིར་ལྷ་ཀླུ་མི་རྣམས་སྨིན་བྱའི་དོན་དུ་སངས་རྒྱས་ཀྱི་ཐུགས་བཤད་པར་བྱེད། །ཅེས་བྱ་བའོ། །གཞན་ཡང་མ་འོངས་པའི་དུས་སུ་ཐེག་པ་ཆེན་པོ་ལ་གནས་ པའི་སེམས་ཅན་རྣམས་ཀྱིས་སྐྱོན་བརྗོད་པར་མཛད་དེ། གང་ཞིག་མངོན་ཤེས་ལྔ་མེད་བདག་ཅག་རྒྱལ་བའི་དབང་པོའི་ཡིན་ཞེས་མི་བདེན་དེ་རྣམས་སྨྲ། །ཞེས་བྱ་བ་ནི། གང་རྣམས་ཀྱིས་མངོན་པར་ཤེས་པ་ལྔ་མ་ཐོབ་པ་དང་། ངེས་པའི་དོན་མ་ཤེས་པར་བཅོམ་ལྡན་འདས་རྡོ་རྗེ་ སེམས་དཔའ་བདག་ཡིན་ཞེས་དེ་རྣམས་བརྫུན་དུ་སྨྲ་བར་བྱེད་དོ། །གཞན་ཡང་མ་འོངས་པའི་དུས་སུ་རྟག་པར་དུ་མའི་བློ་ནི་རྟོག་གེ་ལ་སོགས་བསྟན་བཅོས་ལ་གཏད་པ། །ཞེས་བྱ་བ་ནི། ཐེག་པ་ཆེན་པོ་བཀའ་གསང་སྔགས་ཀྱི་ཚུལ་མ་ཤེས་པར་རྟོག་གེ་དང་བསྟན་བཅོས་ལ་སོགས་པ་ ལ་སེམས་གཏད་ནས། བླ་ན་མེད་པའི་བྱང་ཆུབ་ལ་རེ་བ་བྱེད་དེ། དེ་བཞིན་དུ་སངས་རྒྱས་པ་རྣམས། རྟོག་གེ་གཞན་དང་ཕྲད་པའི་དབང་གིས་བརྫུན་དག་འབྱུང་བར་འགྱུར། །ཞེས་བྱ་བ་ནི། རྟོག་གེ་ལ་སོགས་པའི་བློ་དང་ལྡན་པར་གྱུར་པའི་སངས་རྒྱས་རྣམས་མུ་སྟེགས་པ་རྣམས་ཀྱི་ལྟ་ བ་དང་ཕྲད་པར་གྱུར་ན་རང་གི་དམ་བཅའ་བ་གང་ཡིན་པ་དེ་བརྫུན་དུ་འགྱུར་ཏེ། རང་གི་ཁྱིམ་དུ་བྱིས་པ་དང་། བུད་མེད་ལ་སོགས་པ་རྣམས་ལ་སྨྲ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་མཁས་པ་གཞན་རྣམས་ཀྱི་མདུན་དུ་སྨྲ་བར་མི་ནུས་ཞེས་བྱ་བའི་དོན་ཏོ། །དེ་རྣམས་ཀྱིས་གཞན་ ཅི་བྱེད་ཅེ་ན། རྟོག་གེ་ལ་གཏད་དེ་ཡིས་གང་ཞིག་འདོད་པའི་ཡུལ་གྱི་ལམ་ནི་སྟོན་པར་བྱེད། །ཅེས་བྱ་བ་ལ། འདོད་པའི་ཡུལ་ཞེས་བྱ་བ་ནི། བླ་ན་མེད་པའི་བྱང་ཆུབ་སྟེ། དེའི་ལམ་ནི་རྟོག་གེ་ལ་སོགས་པའི་སྒོས་གང་རྣམས་ཀྱིས་སྟོན་པར་བྱེད་པ། དེ་རྣམས་ཁོ་ནའི་བློ་ངན་གྱི་སྐྱོན་འཇོམས་བྱེད་འགྲེལ་ བཤད་བདག་གིས་བྲི་བར་བྱ། །ཞེས་སོ། །འགྲེལ་པ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཆགས་བྲལ་མེད་པ་འདོད་ཆགས་མཐའ་ཡས་ཆུ་ནི་ཞེ་སྡང་སྦྲུལ་དང་ཆུ་སྲིན་ཚོགས། །གཏི་མུག་རླབས་ཚོགས་ཡིན་ལ་འདས་དང་མ་འོངས་པ་ཡི་ནོར་དཔལ་ཞེས་ནི་དུས་ཀྱི་དོང་། །འགྱོད་སོགས་གསོད་ལ་སོགས་པའི་ལས་ ནི་རྒོད་པ་ཆུ་འཁོར་དྲག་པའི་སྒྲ། །སྲིད་པའི་ཆུ་ཡི་གཏེར་ཡིན་དཔལ་ལྡན་རྡོ་རྗེ་ཐེག་པའི་འགྲེལ་བཤད་རྟག་ཏུ་མཉན་པའོ། །ཞེས་བྱ་བ་ལ། རྡོ་རྗེ་ཐེག་པ་གྲུ་ཡིན་ལ། འགྲེལ་བཤད་ནི་མཉན་པའོ། །གང་ལ་ཡིན་ཞེ་ན། སྲིད་པ་ཆུ་ཡི་གཏེར་ཞེས་བྱ་བ་ནི། འཁོར་བའི་རྒྱ་མཚོ་ལའོ། །འཁོར་ བ་དང་རྒྱ་མཚོ་ལ་ཆོས་མཐུན་པ་ཇི་ལྟ་བུ་ཡིན་ཞེ་ན། ཆགས་བྲལ་མེད་པའི་འདོད་ཆགས་མཐའ་ཡས་ཆུ་ཡིན་ཞེས་བྱ་བ་ནི། རིག་པ་དང་རིག་པ་མ་ཡིན་པའི་རྣམ་པར་དཔྱད་པ་དང་བྲལ་བའི་མཐའ་ཡས་པའི་འདོད་ཆགས་གང་ཡིན་པ་དེ་ཉིད་ཆུ་ཞེས་བྱ་བའོ། །གཞན་ཡང་རྒྱ་མཚོ་ལ་སྦྲུལ་དང་ཆུ་སྲིན་ལ་ སོགས་པའི་ཚོགས་ཡོད་དེ། འཁོར་བའི་རྒྱ་མཚོ་ལ་དེ་གང་ཡིན་ཞེ་ན། ཞེ་སྡང་ཞེས་བྱ་བའོ། །གཞན་ཡང་རྒྱ་མཚོ་ལ་རླབས་ཡོད་དེ་འཁོར་བའི་རྒྱ་མཚོ་དེ་ལ་གཏི་མུག་ཅེས་བྱ་བའོ། །དེ་བཞིན་དུ་རྒྱ་མཚོ་ནི་དཀར་པོའི་ཕྱོགས་སུ་འཕེལ་བར་འགྱུར་བ་དང་། ནག་པོའི་ཕྱོགས་སུ་འགྲིབ་པར་བྱེད་པའི་དུས་ ཀྱི་དོན་དང་ལྡན་པར་གྱུར་པ་སྟེ། འཁོར་བའི་རྒྱ་མཚོ་ལ་དེ་འདས་པ་དང་མ་འོངས་པའི་ནོར་ཞེས་བྱ་བའོ། །དེ་བཞིན་དུ་རྒྱ་མཚོ་ལ་ཆུ་འཁོར་དྲག་པོ་དང་ལྡན་པར་གྱུར་པའི་རྒོད་མའི་ཁ་ཡོད་ལ། གང་དུ་རྒྱ་མཚོའི་ཆུ་ཐམས་ཅད་མེད་པར་གྱུར་པ་སྟེ། དེ་ནི་འཁོར་བའི་རྒྱ་མཚོ་ལ་འགྱོད་པ་ལ་སོགས་པ་དང་། སྲོག་གཅོད་པ་ལ་སོགས་པའི་ལས་ཡིན་ལ་གང་དུ་དགེ་བའི་རྩ་བ་མེད་པར་གྱུར་པའོ། །དེ་ལྟར་རྒྱ་མཚོ་དང་འདྲ་བར་གྱུར་པའི་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའི་འགྲེལ་བཤད་བྱ་བའི་དོན་ཏོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། དམ་པའི་བདེ་བས་མྱུར་དུ་རྒལ་བའི་ཕྱིར། །ཆེན་པོ་ རྣམས་ཀྱི་ལམ་གྱི་བཙུན་མོ་དེ། །ཞེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བས་སྐྱེས་པ་འདི་ཉིད་དུ་འཁོར་བའི་རྒྱ་མཚོ་རྒལ་བར་འདོད་པའི་རྣལ་འབྱོར་པ་རྣམས་ཀྱི་ལམ་གྱི་བཙུན་མོ་ནི་འགྲེལ་བཤད་དེ་ཞེས་བྱ་བའོ། །འགྲོན་པོ་རྣམས་ཀྱི་ལམ་གྱི་སྡུག་བསྔལ་ཐམས་ཅད་བུད་མེད་ཀྱིས་འཕྲོག་ པར་བྱེད་པ་དང་བདེ་བ་སྟེར་བར་བྱེད་པ་ཇི་ལྟ་བ་བཞིན་དུ་འགྲེལ་བཤད་འདི་མཛད་ཅེས་བྱ་བའི་དོན་ཏོ། །གང་ལ་མཛད་ཅེ་ན། མྱུར་འགྲོ་ཤེས་རབ་རླུང་གི་དར་གྱིས་མྱ་ངན་ལས་འདས་པ་ཡི་ཕ་རོལ་འདོད་པ་རྣམས་ལའོ། །ཞེས་བྱ་བ་ནི། རླུང་གི་དར་གྱིས་རྒྱ་མཚོའི་ཕ་རོལ་དུ་འགྲོ་བ་ཇི་ལྟ་བ་དེ་ བཞིན་དུ་ཐོས་པ་དང་། བསམས་པ་དང་བསྒོམས་པའི་ཤེས་རབ་ཀྱིས་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་ཕ་རོལ་དུ་རྒལ་བར་འདོད་པ་རྣམས་ལ་ཡིན་གྱི། འཁོར་བའི་རྒྱ་མཚོའི་ནང་དུ་འཁྱམ་པར་འདོད་པ་རྣམས་ལ་ནི་མ་ཡིན་ནོ། །གཞན་ཡང་ཇི་ལྟ་བུ་ཡིན་ཞེ་ན། ཉོན་མོངས་བདུད་ ཚོགས་འཇོམས་པ་མཁས་པའི་ཡང་དག་ཡེ་ཤེས་ཡིད་བཞིན་ནོར་བུ་སྟེ། །ཞེས་བྱ་བ་ནི། ཡིད་བཞིན་ནོར་བུ་རིན་པོ་ཆེས། ལྟོགས་པ་དང་སྐོམ་པ་འཇོམས་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། ཉོན་མོངས་པ་དང་བདུད་ཀྱི་ཚོགས་འཇོམས་པར་བྱེད་པའི་སྐྱེས་བུ་རྣམས་ལ་ཡང་དག་པའི་ཡེ་ཤེས་ཀྱི་རང་ བཞིན་དུ་གྱུར་པ་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ། །ཐ་མལ་པ་བཞིན་དུ་མཛད་དམ་ཞེ་ན། འཇིག་རྟེན་གསུམ་གྱི་བདག་ཉིད་སྟེར་བའི་དོན་དུ་འདི་ནི་ཐམས་ཅད་སྟོན་པར་བྱེད། །ཅེས་བྱ་བ་ལ། འཇིག་རྟེན་གསུམ་གྱི་བདག་ཉིད་ཅེས་བྱ་བ་ནི། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེ། དེ་སྟེར་བའི་དོན་ དུ་འགྲེལ་བཤད་འདིས་འཇིག་རྟེན་གྱི་དོན་དང་། འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་སྟོན་པར་མཛད་ཅེས་བྱ་བའོ། །དེ་ལྟར་འགྲེལ་བཤད་ཀྱི་ཡོན་ཏན་བཤད་པར་མཛད་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལས་མ་གཏོགས་པར་ལམ་གཞན་ མ་ཡིན་པར་བཤད་པར་མཛད་དེ། རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཀུན་མཁྱེན་བདེ་བ་རབ་སྟེར་དེ་ཉིད་ཆེན་མོ་གཅིག །ཅེས་བྱ་བ་ལ་དེ་ཉིད་ཆེན་མོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་མོ་སྟེ། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་གཅིག་པོ་ཡིན་གྱི་གཞན་རྣམས་ཀྱི་ནི་མ་ཡིན་ནོ། ། དེ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་མཁྱེན་བདེ་བ་རབ་སྟེར་བ། །ཞེས་བྱ་བ་ལ། ཀུན་མཁྱེན་བདེ་བ་ཞེས་བྱ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། དེ་རྒྱུན་མི་འཆད་པ་ཉིད་ཀྱིས་འཁོར་བ་མ་ཟད་པ་ཉིད་ཀྱི་བར་དུ་སྟེར་བར་མཛད་པས་ན། ཀུན་མཁྱེན་བདེ་བ་རབ་སྟེར་བ། །ཞེས་བྱ་བ་ཡིན་ལ། གཞན་ རྣམས་ཀྱིས་འགྱུར་བ་དང་འཛག་པའི་བདེ་བ་སྟེར་བར་ཇི་ལྟ་བ་དེ་བཞིན་དུ་ནི་མ་ཡིན་ནོ། །དོན་དེ་ལྟ་བུར་མཛད་ན་ཡང་། དེ་ཉིད་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཕུང་པོ་ལ་སོགས་སྒྲིབ་པ་རབ་བྲལ་ཡུལ། །ཞེས་བྱ་བ་ནི། རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དུ་གྱུར་པའི་ ཕུང་པོ་ལ་སོགས་པ་གང་གིས་བཀབ་པར་བྱས་པ་དང་། འཁོར་བའི་བག་ཆགས་ཀྱིས་ཁྱབ་པར་བྱས་པ་དེ་ཕུང་པོ་ལ་སོགས་པ་སྒྲིབ་པ་ཞེས་བྱ་བ་སྟེ། འཇིག་རྟེན་གྱི་ཕུང་པོ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །འཁོར་བའི་རྒྱུར་གྱུར་པ་ཕུང་པོ་རྣམས་གང་གིས་དོར་བར་མཛད་པ་སྟེ། ཕུང་པོ་ལ་ སོགས་སྒྲིབ་པ་རབ་བྲལ་ཡུལ། །ཞེས་བྱ་བའོ། །ཕུང་པོ་ལ་སོགས་པ་དང་བྲལ་བར་འགྱུར་བ་གང་ཡིན་པ་དེ་མེད་པའི་རང་བཞིན་མ་ཡིན་ནམ་ཞེ་ན། གང་ཞིག་པྲ་ནི་རྣམ་བརྒྱད་ཚུལ། །ཞེས་བྱ་བ་ལ་རྣམ་པ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་པྲ་ཏི་སེ་ན་ཞེས་བྱ་བ་ནི། མེ་ལོང་གི་ནང་གཟུགས་ བརྙན་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་ལ་སོགས་པ་རྣམ་པ་བརྒྱད་དེ། དེ་དང་འདྲ་བར་གྱུར་པས་ན། པྲ་ཏི་སེ་ནའི་རྣམ་པ་བརྒྱད་ཀྱི་རང་བཞིན་དུ་གྱུར་པ་ཞེས་བྱ་བ་སྟེ། ཡོད་པ་དང་མེད་པ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཕྱག་རྒྱ་ཆེན་མོའི་རང་བཞིན་དུ་གྱུར་པའི་ ལམ་བསྟན་པར་མཛད་ནས། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་གཞན་མ་ཡིན་པར་བསྟན་པར་མཛད་དེ། དེ་བོར་ནས་ནི་ནོར་ལ་བརྐམ་པའི་འཁྱོག་སེམས་བརྟགས་པ་གང་ཞིག་སྟེན་བྱེད་པ། །སངས་རྒྱས་ཉིད་ཕྱིར་ཞེས་བྱ་བ་ལ། དེ་ལྟར་བརྗོད་པར་གྱུར་པའི་ཕྱག་རྒྱ་ཆེན་མོ་བོར་ནས། ནོར་ལ་ བརྐམ་པར་གྱུར་པ་དང་། སེམས་མ་དག་པར་གྱུར་པའི་ལས་ཀྱི་ཕྱག་རྒྱའམ། བརྟགས་པའི་རང་བཞིན་དུ་གྱུར་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བླ་ན་མེད་པའི་བྱང་ཆུབ་ཉིད་ཐོབ་པར་བྱ་བའི་ཕྱིར། གང་གིས་སྟེན་པར་བྱེད་པ་ལམ་དེ་ལ་སྐྱོན་ཅི་ཡོད་ཅེ་ན། དེ་ཡང་རྣམ་རྟོག་བློ་ཡིས་དེ་ནི་འཕོ་བ་ཁྲིད་པར་ བྱེད། །ཅེས་བྱ་བ་ལ། དེ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཡང་ན་རྣམ་པར་རྟོག་པའི་སེམས་ཀྱི་རང་བཞིན་དུ་གྱུར་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་འཁོར་བའི་ནང་དུ་འཁྱམ་པའི་རང་བཞིན་དུ་གྱུར་པའི་འཕོ་བ་སྟེར་བ་ཡིན་གྱི། བླ་ན་མེད་པའི་བྱང་ཆུབ་སྟེར་བ་ནི་མ་ཡིན་ནོ། །འཕོ་བ་ལ་སྐྱོན་ཅི་ཡོད་ཅེ་ ན། འདོད་ཆགས་བྲལ་ལས་སྡིག་སྟེ་ཤིན་ཏུ་སྡུག་མ་ལ་ནི་ཞེ་སྡང་གང་ཕྱིར་སྐྱེས། །ཞེས་བྱ་བ་ནི། གང་ལ་རང་རིག་པའི་བདེ་བ་འཕོ་བར་གྱུར་པ་དེ་ལ་སྡིག་པར་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཡིད་དུ་འོང་བའི་ཕྱག་རྒྱ་མོ་ལ་ཞེ་སྡང་སྐྱེས་པའི་ཕྱིར་རོ། །ཞེ་སྡང་ལ་སྐྱོན་ཅི་ཡོད་ཅེ་ན། ཞེ་སྡང་འདི་ ལས་གཏི་མུག་སྐྱེས། །ཞེས་བྱ་བ་ལ་གཏི་མུག་གི་རྩ་བ་ནི་ཞེ་སྡང་ཡིན་ཞེས་བྱ་བའོ། །གང་གཏི་མུག་དང་ལྡན་པ་དེ་ལ། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་མེད་དེ་གང་ལ་གཉིས་སུ་མེད་པའི་ཡེ་ཤེས་མེད་པ་དེ་ལ། མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་དུ་གྱུར་པའི་རང་གི་རྡོ་རྗེ་ལྷུང་བར་འགྱུར་ ཏེ། རྡོ་རྗེ་ལྷུང་བར་གྱུར་པས་ན་སེམས་བརྒྱལ་བ་ཉིད་དུ་འགྱུར་ཏེ། དྲན་པ་དང་བྲལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །བརྒྱལ་བ་ལ་སྐྱོན་ཅི་ཡོད་ཅེ་ན། དམ་མིན་བཟའ་དང་བཏུང་སོགས་ཡུལ་གཞན་དག་ལ་མ་ལུས་རབ་ཏུ་འཇུག་པའོ། །ཞེས་བྱ་བ་ལ། དམ་པ་མིན་པའི་བཟའ་བ་དང་བཏུང་བ་ ལ་སོགས་པ་ཞེས་བྱ་བ་ནི། འཇིག་རྟེན་པའི་ཁ་ན་མ་ཐོ་བ་དང་བཅས་པ་དང་། སྦྱང་བ་དང་། སྤེལ་བ་དང་འབར་བ་དང་། བདུད་རྩིར་མ་བྱས་པའི་རྫས་རྣམས་ཏེ། ཡུལ་དེ་དག་ལ་སོགས་པ་ལ། ངལ་བར་གྱུར་པའི་སེམས་འཇུག་པར་འགྱུར་བའོ། །ཅོ་འདྲི་དག་དང་བདེ་ཉམས་སེམས་ནི་སྐྱེ་བ་དྲུག་ ཏུ་འཁོར་བར་འགྱུར་བ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་དུ་དབང་མདོར་བསྟན་པ་ལས། ཆགས་བྲལ་ལས་ནི་སྡིག་གཞན་མེད། །བདེ་ལས་བསོད་ནམས་མཆོག་མེད་དོ། །དེ་བས་མི་འགྱུར་བདེ་སེམས་ནི། །རྟག་ཏུ་བསྒོམ་བྱ་རྒྱལ་པོ་ཀྱེ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། གཞན་ཡང་སྒྲ་ལ་སོགས་པ་དང་བསྟན་བཅོས་ཀྱི་སྒོ་ཡིས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་མི་འགྱུར་བར་བཤད་པར་མཛད་དེ། ཀུན་མཁྱེན་པ་ཡི་ལམ་འདོད་རྣམས་ལ་སྒྲ་དང་སྒྲ་མིན་རྣམ་དཔྱད་ཆེན་པོ་མེད། །ཅེས་བྱ་བ་ལ་ཀུན་མཁྱེན་པའི་ལམ་ཞེས་བྱ་བ་ནི། གཉིས་སུ་མེད་ པའི་ཡེ་ཤེས་ཏེ་དེ་གང་རྣམས་ཀྱིས་འདོད་པ་དེ་རྣམས་ལ། སྒྲ་དང་སྒྲ་མ་ཡིན་པའི་རྣམ་པར་དཔྱད་པས་དགོས་པ་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དུ་མ་ཡུལ་གྱི་སྐད་ངན་གྱིས་ཀྱང་ཆེན་པོ་རྣམས་ནི་ལམ་ལ་རྟག་ཏུ་འཇུག །ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྒྲུབ་པར་འདོད་པའི་རྣལ་འབྱོར་པ་ རྣམས་ལ་ཡུལ་སྣ་ཚོགས་པའི་ཀླ་ཀློ་ལ་སོགས་པའི་སྐད་ཀྱིས་གཉིས་སུ་མེད་པའི་ལམ་ལ་རྟེན་པར་བྱེད་དོ། །སྒྲ་ལ་སོགས་པའི་རྩོད་པར་འདོད་པ་དང་། འཁོར་བའི་ནང་དུ་གནས་པར་འདོད་པ་རྣམས་ལ། ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཉི་ཚེ་བར་གྱུར་པའི་ལེགས་པར་སྦྱར་བའི་སྐད་བྱས་ པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་སྐད་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་གནས་པར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐད་དང་། རང་རང་གི་བསམ་པའི་དབང་གིས་དེ་བཞིན་གཤེགས་པའི་གསུང་དུ་གྱུར་པའི་ཕྱིར་རོ། །དེ་ཉིད་ཚིགས་སུ་ བཅད་པ་ཕྱེད་ཀྱིས་བཤད་པར་མཛད་དེ། སེམས་ཅན་རྣམས་ཀྱི་མོས་པས་སེམས་ཀྱི་དབང་གིས་ཐམས་ཅད་མཁྱེན་པའི་གསུང་ནི་གཞན། །ལྷ་ཀླུ་རྣམས་ཀྱིས་སྒྲ་སྦྱར་ལས་ནི་སྒྲ་སོགས་རྩོད་འདོད་རྣམས་ལ་གཞན་བྱས་པའོ། །ཞེས་བྱ་བའོ། །དེ་བས་ན་དོན་ལ་རྟོན་པར་བྱའི། ཚིག་ལ་རྟོན་པར་མི་བྱའོ་ ཞེས་བཅོམ་ལྡན་འདས་ཀྱིས་གང་ལ་གསུངས་པའི་དོན་དེ་ཉིད་ཚིགས་སུ་བཅད་པས་གསལ་པོར་མཛད་དེ། ཟུར་ཆག་སྒྲ་ལས་དོན་ཡང་ནི། །རྣལ་འབྱོར་ཡུལ་གྱི་སྐད་ཀྱིས་ལེན། །ཞེས་བྱ་བ་ནི། ལེགས་པར་སྦྱར་བའི་སྐད་དང་བྲལ་བ་གང་ཡིན་པ་དེ་ཟུར་ཆག་པ་ཞེས་བྱ་བའོ། །ཟུར་ཆག་ གི་སྒྲ་དེ་ལས་རྣལ་འབྱོར་པ་ཡུལ་གྱི་སྐད་ཀྱིས་དོན་འཛིན་པར་བྱེད་དོ། །དཔེར་ན། ཆུ་ལ་འོ་མ་འདྲེས་པ་ནི། །དེ་ནི་ངང་པས་བཏོན་ཏེ་འཐུང་། །ཞེས་བྱ་བ་ནི། ངང་པའི་རྒྱལ་པོས་ཆུ་དང་འོ་མ་འདྲེས་པ་ལས། ཆུ་དོར་ནས་འོ་མ་འཛིན་པར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཐ་སྙད་ཀྱི་རང་ བཞིན་དུ་གྱུར་པའི་སྒྲ་དང་སྒྲ་མ་ཡིན་པའི་རྣམ་པར་སྦྱར་བ་དོར་ནས། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་གང་གིས་འདོད་པའི་རྣལ་འབྱོར་པ་དེས་དོན་འཛིན་པ་ཡིན་གྱི། གཞན་མ་རྣམས་ཀྱིས་ནི་མ་ཡིན་ནོ། །འོ་ན་དེ་ལྟར་ཡིན་ན། སྒྲ་ལ་སོགས་པའི་བསྟན་བཅོས་དོན་མེད་པར་མི་འགྱུར་ རམ་ཞེ་ན། བཤད་པར་མཛད་དེ། དོན་དམ་པ་ཡི་དེ་ཉིད་ཡུལ་ལ་ནི། །ཚིག་ལ་རྟོན་པ་ཆ་རྣམས་རྟག་ཏུ་མིན། །ཞེས་བྱ་བ་ལ། དོན་དམ་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་སྟེ། དེ་གོམས་པའི་དུས་སུ་སྐྱེས་བུ་ཆེན་པོ་རྣམས་ལ་ཚིག་ལ་རྟོན་པར་དགོས་པ་མེད་དོ། ། འཇིག་རྟེན་གྱི་ཐ་སྙད་བསྒྲུབ་པའི་དོན་དུ་ལེགས་པར་སྦྱར་བའི་སྐད་ལ་དགོས་པ་ཇི་ལྟ་བ་དེ་བཞིན་དུ་དོན་དམ་པའི་དེ་ཁོ་ན་ཉིད་ལ་མ་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ཡུལ་གྱི་མི་རྣམས་ཀྱིས་ནི་དོན་རྣམས་ལ། །ཤེས་ནས་སྒྲ་ཡི་བསྟན་བཅོས་ཀྱིས་ནི་ཅི་ཞིག་བྱ། །ཞེས་བྱ་བའོ། །གཞན་ཡང་། གང་ལ་སྒྲ་དང་ཟུར་ཆག་སྒྲ་འབྱུང་འགྱུར། །དེ་ཉིད་ཡེ་ཤེས་སུ་ནི་མི་འགྱུར་ཏེ། །ཞེས་བྱ་བ་ནི། གང་དུ་སྒྲ་དང་སྒྲ་མ་ཡིན་པ་དང་། རྒྱུ་དང་གཏན་ཚིགས་ལ་སོགས་པ་བཤད་པར་གྱུར་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་སུ་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ལས་འདས་ པར་གྱུར་པའི་ཕྱིར་དང་། ཉམས་སུ་མྱོང་བའི་རང་བཞིན་དུ་གྱུར་པའི་ཕྱིར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་ཐུན་མོང་གི་རང་བཞིན་དུ་མ་གྱུར་པ་དང་། ཉི་ཚེ་བའི་སྐད་དེ་བཞིན་གཤེགས་པ་ལ་མངའ་བ་དེ་ལྟ་ན་ནི། སེམས་ཅན་དང་ཐམས་ཅད་མཁྱེན་པ་ལ་ཁྱད་མེད་དེ། དེ་བས་ན། གང་ཞིག་སྐྱེ་འགྲོ་ལ་ནི་ཉི་ཚེ་བ། །དེ་ནི་ཐམས་ཅད་མཁྱེན་པའི་གསུང་མ་ཡིན། །ཞེས་བྱ་བའོ། །དེ་ལྟར་དོན་དམ་པའི་དེ་ཁོ་ན་ཉིད་ལ་སྒྲ་ལ་སོགས་པ་དགོས་པ་མེད་པར་བསྟན་ནས་དོན་དམ་པའི་དེ་ཁོ་ན་ཉིད་དེ་རང་བཤད་པར་མཛད་དེ། དོན་དམ་པ་ཡི་མི་འགྱུར་བཞི་པ་ནི། །ཞེས་བྱ་བ་ལ། དོན་ དམ་པའི་མི་འགྱུར་བ་ཞེས་བྱ་བ་ནི། མི་འཕོ་བའི་རང་བཞིན་དུ་གྱུར་པའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཞེས་བྱ་བའོ། དེའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །ཞེས་བྱ་བའོ། །ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་ནམ། ཡང་ན་ཤེས་རབ་ ལས་སྐྱེས་པའི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་ཞེ་ན། བརྗོད་པར་བྱ་སྟེ། དེ་གཉི་གར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཤེས་རབ་ཀྱི་ཡེ་ཤེས་ཤེས་རབ་ཡེ་ཤེས་ཡིན་པ་དེ་ལྟ་ན་ནི། ཐབས་ཀྱི་ཡེ་ཤེས་ནི་ཐབས་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་བྱེད་དེ། གལ་ཏེ་དེ་བཞིན་དུ་ཡིན་ པ་དེ་ལྟ་ན་ནི། ཡེ་ཤེས་གཉིས་སུ་འགྱུར་ཏེ། ཡེ་ཤེས་གཉིས་སུ་འགྱུར་བའི་ཕྱིར། སངས་རྒྱས་ཉིད་མེད་པར་འགྱུར་རོ། །ཡང་ན་ཕན་ཚུན་དུ་ལྟོས་པ་ནི་ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ནི་ཐབས་ལ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་གྱུར་པ་དེ་ལྟ་ན་ནི། ཐབས་ཀྱི་རྒྱུ་ལས་སྐྱེས་པའི་ཡེ་ཤེས་ནི། ཤེས་རབ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། གལ་ཏེ་གྱུར་པ་དེ་ལྟ་ན་ནི། སྔོན་བཞིན་དུ་སྐྱོན་དུ་འགྱུར་རོ། །དེ་བས་ན་ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཡིན་གྱི། ཤེས་རབ་ཀྱི་ཡེ་ཤེས་དང་། ཤེས་རབ་ལས་སྐྱེས་པའི་ཡེ་ཤེས་ནི་མ་ཡིན་ནོ། །ཤེས་རབ་གང་ཡིན་པ་དང་། ཡེ་ ཤེས་དེ་གང་ཡིན་ཞེ་ན། བརྗོད་པར་བྱ་སྟེ། གྲངས་ཇི་ལྟ་བར་འཛིན་པའི་སེམས་དང་། གཟུང་བའི་སེམས་སོ། །དེ་ལ་འཛིན་པའི་སེམས་ནི་གང་གིས་དུ་བ་ལ་སོགས་པའི་རྟགས་འཛིན་པ་སྟེ། གཟུང་བའི་སེམས་ནི་གང་དུ་བ་ལ་སོགས་པའི་སོ་སོར་སྣང་བའོ། །དཔེར་ན་མེ་ལོང་གི་ནང་དུ་རང་གི་ མིག་གིས་མིག་གི་གཟུགས་བརྙན་མཐོང་བ་ཇི་ལྟ་བ་བཞིན་དུ་རང་གི་སེམས་ཀྱིས་རང་གི་སེམས་ཀྱི་སྣང་བ་མཐོང་བ་གང་ཡིན་པ་དེ་ནི་དོན་དམ་པར་ཤེས་རབ་ཡེ་ཤེས་ཡིན་གྱི། བྷ་ག་དང་ལིང་ག་ཡང་དག་པར་སྦྱར་བ་ནི་མ་ཡིན་ནོ། །དེ་ལྟ་བུ་ཤེས་རབ་ཡེ་ཤེས་གང་ཡིན་པ་དེ། སངས་རྒྱས་རྣམས་ཀྱི་ ཡིན་གྱི། ལས་ཀྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་པར་གྱུར་པའི་གཞན་རྣམས་ཀྱི་མ་ཡིན་ནོ། །གལ་ཏེ་ཤེས་རབ་ཡེ་ཤེས་དེ་ལྟ་བུ་ཡིན་པ་དེ་ལྟ་ན་ནི། སླར་ཡང་དེ་བཞིན་ཏེ་ཞེས་བྱ་བ་གང་ཡིན་ཞེ་ན། གང་ཞིག་སླར་ཡང་དེ་བཞིན་ཏེ། འདི་ནི་རྒྱལ་བ་ཉིད་ཀྱིས་ཕྱག་རྒྱ་ཆེན་མོར་གསུངས། ། ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ལས་སྐྱེས་པའི་བདེ་བ་ཇི་ལྟ་བ་དེ་བཞིན་དུ་གང་ལས་སྐྱེས་པ་དེ་སླར་ཡང་དེ་བཞིན་ནོ་ཞེས་བྱ་བ་སྟེ། དེ་དང་འདྲ་བ་ཡིན་གྱི། དེ་ཉིད་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལས་ཀྱི་ཕྱག་རྒྱའི་བདེ་བ་གང་ཡིན་པ་དེ་འགྱུར་བའི་རང་བཞིན་ཡིན་ལ་གང་ཕྱག་རྒྱ་ཆེན་མོ་ལས་སྐྱེས་པའི་བདེ་བ་དེ་མི་ འགྱུར་བའི་རང་བཞིན་ཞེས་བྱའོ། །དེ་བས་ན་གསུམ་པ་ཤེས་རབ་ཡེ་ཤེས་གང་ཡིན་པ་དེ་འཇིག་རྟེན་པ་ཡིན་ལ། འཇིག་རྟེན་ལས་འདས་པའི་བདེ་བ་ལ་དཔེ་དེ་ཙམ་དུ་ཡིན་གྱི་བསྒྲུབ་བྱ་དང་། སྒྲུབ་བྱེད་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་བསྒྲུབ་བྱ་བཤད་པར་མཛད་ནས། །དེ་ སྒྲུབ་པར་བྱེད་པའི་ལམ་བཤད་པར་མཛད་དེ། ཤེས་རབ་སྦྱོར་བས་གང་གིས་དཀར་པོ་འཛག །དེ་ལ་གང་གིས་བདེ་བ་འཕེལ་བར་འགྱུར། །ཞེས་བྱ་བ་ལ། ཤེས་རབ་ཅེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་སྟེ། དེའི་དབང་པོའི་སྦྱོར་བས་གང་ལ་བྱང་ཆུབ་ཀྱི་སེམས་འཕོ་བར་གྱུར་པ་དེ་ལ། གཞན་མ་གང་གིས་བདེ་ བ་འཕེལ་བར་བྱེད་དེ། འཕེལ་བ་ལྟ་རེ་ཞིག་ཕར་ཞོག་གི། སྔ་མ་གང་ཡིན་པ་དེ་ཉིད་ཟད་པར་འགྱུར་ཞེས་བྱ་བའོ། །དཔེར་ན། དཔྱིད་ཀྱི་སྦྱོར་བས་མེ་ཏོག་ཟུམ་ལྷུང་ན། །ཙུ་ཏ་ལས་ནི་འབྲས་བུ་གང་གིས་སོ། །ཞེས་བྱ་བ་ནི། ཤིང་ཙུ་ཏའི་ཁ་མ་ཕྱེ་བའི་མེ་ཏོག་དཔྱིད་ཀྱི་དུས་སུ་གལ་ཏེ་ལྷུང་བར་གྱུར་པ་དེ་ལྟ་ན་ནི། ཙུ་ཏའི་འབྲས་བུ་གཞན་མ་གང་གིས་སྐྱེད་པར་བྱེད་དེ། འོན་ཀྱང་གང་གིས་ཀྱང་སྐྱེད་པར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དེ་བས་ན་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ལས་མ་གཏོགས་པར་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུ་གཞན་མ་གང་ཡང་མེད་ཅེས་བྱ་བར་བསྟན་ཏོ། །དེ་ཡང་དབང་མདོར་བསྟན་པ་ལས། ས་བོན་མི་འགྱུར་རང་བཞིན་གྱིས། །མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ། །རྟེན་ནི་འཕོ་བར་འགྱུར་བས་ན། །བརྟེན་པ་འཕོ་བ་ཉིད་དུ་འགྱུར། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟར་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུ་བསྟན་ནས། སེམས་ཅན་རྣམས་ཀྱ