Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 11

Văn bản gốc(Tây Tạng)

Trang 6 / 18 (50.000 ký tự/trang)
་དང་དངོས་མེད་ཀྱིས་ཕྱེ་སེམས་ཀྱི་རྡོ་རྗེ་རྣལ་འབྱོར་པ་རྣམས་དག་ལ་བདེ་མཉམ་སྟེར་བ་མིན། །གང་ཞིག་མཁའ་ཡི་ཤེས་རབ་ལ་འཁྱུད་ལྷན་སྐྱེས་བདེ་བར་གནས་པའི་རང་སེམས་དེ་ནི་ཐར་པ་སྟེར། ༢༢༨ །ཨོཾ་ཨཱཿཧུྃ་ཧོ་རིམ་
པར་གནས་པས་དང་པོར་འདིར་ནི་རྟག་ཏུ་ཆང་ནི་སྦྱངས་ནས་རྟོགས་པར་བྱ། །རབ་ཏུ་འབར་བར་བྱས་ཏེ་རི་བོང་ཅན་ནི་ཞུ་བ་བཞིན་དུ་རིམ་པས་བསྒོམ་པར་བྱས་ནས་ནི། །སྣོད་དེ་ནས་ནི་ཐིག་ལེ་དག་གིས་ལག་པད་རི་བོང་ཅན་གྱི་མིང་མེད་རྩེ་མོས་ས་དག་ལ། །ཕྱི་རོལ་ཏུ་ནི་ཟུར་གསུམ་བྱས་
ནས་དེ་ཡི་དབུས་སུ་ཉིན་མོར་བྱེད་པ་དང་མཚུངས་ཟླུམ་པོའོ། ༢༢༩ །དེ་ཡི་དབུས་སུ་འདི་ཡི་ཡེ་ཤེས་འཁོར་ལོ་སྲིད་གསུམ་གནས་པ་དག་ཀྱང་སྔགས་པས་བསྒོམས་བྱས་ནས། །མཐེ་བོ་དང་ནི་མིང་མེད་དག་གིས་ཉིན་ཞག་སོ་སོའི་དུས་སུ་ཚིམ་པར་བྱེད་པ་ལ་སོགས་བྱ། །ཡུལ་དང་གྲོང་གི་
བདག་པོ་རྣམས་ལ་ཐོག་མར་འདིར་ནི་གཏོར་མ་དང་པོ་དབུས་མཐའི་མིང་གིས་ཏེ། །འཕྲོག་མ་ལ་ནི་ཆང་བུ་གཉིས་དང་སླར་ཡང་སྔགས་པས་ཁྲོ་བོའི་རྒྱལ་པོ་ལ་ནི་གཏོར་མའོ། ༢༣༠ །ཕོ་ཉ་མོ་རྣམས་དག་ལ་ཟས་ཀྱི་ཕུང་ནི་ས་སྟེང་རྣམས་སུ་བདག་པོ་རྡོ་རྗེ་རྣམས་ཀྱིས་སྦྱིན། །འབྱུང་པོ་རྣམས་ལ་
ཟོས་པའི་ལྷག་མ་སླར་ཡང་དགེ་བའི་དོན་དུ་སྦྱིན་པའི་ཚིགས་བཅད་འདི་བཀླག་གོ། །མགོ་དང་མགྲིན་པ་སྙིང་ག་ལྟེ་གསང་གཙུག་ཏོར་དུ་ནི་རང་གི་རྡོ་རྗེ་རྣམས་ཀྱིས་ཡན་ལག་དགོད། །གཉི་གའི་རིགས་ལ་གནས་པའི་ཡན་ལག་སྒོ་རྣམས་ཀྱིས་ནི་གཉིད་ཀྱི་དུས་དང་མཆོད་དང་འཁྲིག་པ་ལ། ༢༣༡ །
ལྷ་ཡི་དམིགས་པ་གང་ཡིན་མངོན་སུམ་དང་ནི་རྗེས་སུ་དཔག་པ་རྣམ་པ་གཉིས་སུ་འགྱུར་བ་སྟེ། །མངོན་སུམ་དག་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །མངོན་སུམ་མིན་ན་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མིན་པ་ཡིས་ནི་བརྟགས་པ་གང་། །
དེ་ནི་རི་མོ་སོགས་ལ་བལྟ་བྱ་ཡོངས་སུ་མ་སྨིན་བློ་ཅན་རྣལ་འབྱོར་རྣམས་ཀྱི་བསྒོམ་པའི་དོན། ༢༣༢ །གཟུགས་སམ་ཡང་ན་དཀྱིལ་འཁོར་དག་ཀྱང་དང་པོར་བྲིས་སྐུ་ལ་ནི་དེ་ཉིད་མིན་པས་བསྒོམ་པར་བྱ། །ནམ་མཁའ་ལ་ནི་དེ་ཉིད་སྦྱོར་བ་དག་གིས་རང་སེམས་མ་ཚང་མེད་པ་མཐའ་དག་མཐོང་གྱུར་

པ། །ལོ་ཡི་ཕྱེད་དང་ལོ་གཅིག་བླ་མའི་ངེས་པའི་དབང་གིས་ཇི་སྲིད་ཉིད་དུ་བརྟན་པར་འགྱུར་གྱི་བར། །དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་དག་གིས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། ༢༣༣ །རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྣལ་འབྱོར་པ་རྣམས་
དག་ལ་གསུངས། །བྱིས་པ་རྣམས་ནི་སྨིན་པར་བྱེད་པའི་དོན་དུ་མཆོག་གི་སྙིང་རྗེ་དག་གིས་སྣ་ཚོགས་གཙོ་བོས་སྦས། །དེ་ཕྱིར་དེ་ནི་དབྱེ་བ་བྱས་ནས་ཉིན་ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱག་རྒྱའི་དངོས་གྲུབ་དོན་སླད་རྒྱལ་བ་མཆོག་གི་སྐྱེད་མཛད་གཞོམ་དུ་
མེད་པ་དུས་ཀྱི་འཁོར་ལོའོ། ༢༣༤ །དཔལ་དང་པོའི་སངས་རྒྱས་ཆེན་པོ་ལས་ཕྱུང་བ་དཔལ་དུས་ཀྱི་འཁོར་ལོ་ལས། སྒྲུབ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། །།གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དག་ནི་ཅུང་ཟད་ཤེས། །སླར་
ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་དབྱེ་བ་རྣམས་ཀྱི་དཀྱིལ་འཁོར་དང་། །སངས་རྒྱས་རྣམས་དང་རྣལ་འབྱོར་མ་རྣམས་དག་གི་རིགས་དྲུག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཉིད། །ཟླ་བ་བཟང་པོའི་ཚིག་དག་གསན་ནས་རྒྱལ་བའི་བདག་པོས་ཁམས་ཀྱི་དབྱེ་བས་
དཀྱིལ་འཁོར་ལ་སོགས་གསུངས། ༡ །ཀ་བ་རྣམས་དང་རྡོ་རྗེ་ཕྲེང་བ་ས་ཡི་དཀྱིལ་འཁོར་རྩིག་པ་ཉིད་ནི་རུས་པ་རྣམས་ཀྱིས་མཛོད། །ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ལྷ་དང་གཤིན་རྗེ་ནོར་སྦྱིན་གཞན་དུ་རྡུལ་ཚོན་གདབ་པ་སྟེ། །མཁྲིས་པ་བད་ཀན་གྱིས་ནི་ཉི་མ་རི་བོང་ཅན་ཡང་དེ་བཞིན་ཆུ་
རྒྱུས་རྣམས་ཀྱིས་ཆུ་སྐྱེས་རྣམས། །ར་བ་ལྔ་ཡི་རེ་ཁཱ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་རྣམས་ཀྱིས་སོ། ༢ །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་གཡོ་བ་མེ་ཡི་དཀྱིལ་འཁོར་ལ་སོགས་པགས་པ་ལ་སོགས་ཀྱིས། །ཉི་མའི་སྒོ་རྣམས་བུག་པ་རྣམས་ཀྱིས་ནོར་བུའི་རང་
བཞིན་བཀོད་པ་སོ་ཡི་ཕྲེང་བས་དེ་བཞིན་ཉིད། །དུར་ཁྲོད་བརྒྱད་དུ་འཁོར་ལོ་གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས། །བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ལ་གནས། ༣ །དེ་ལྟར་ངེས་པར་སྐུ་ཡི་རྡོ་

རྗེ་མཆོག་གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས། །གསུང་གི་རྡོ་རྗེ་ཨ་སོགས་ཀ་སོགས་ལྷ་ཡི་རྣམ་པ་ཉིད་ནི་མཐའ་དག་རྒྱལ་བའི་རིགས་རྣམས་ཀྱིས། །སྟོང་པ་དྲུག་གི་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་གྱི་སྲིད་པ་ལ་གནས་གཙོ་བོའི་རྣམ་པ་ཉིད། །དེ་
བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་སྲིད་པའི་འཇིགས་པ་འཇོམས་པ་སྣ་ཚོགས་ཡུམ་གྱི་རང་བཞིན་ནོ། ༤ །སྡེ་པ་ཀ་ལ་སོགས་པ་དྲུག་པོ་རིམ་པས་ཡོངས་སུ་བཀོད་པ་རྣམས་ཀྱི་རིགས་ནི་རིམ་པ་ཡིས། །རྡོ་རྗེ་རལ་གྲི་རིན་ཆེན་འཁོར་ལོ་ཆུ་སྐྱེས་དེ་བཞིན་གྲི་གུག་ཉིད་ནི་རྒྱལ་བ་རྣམས་ཀྱི་སྟེ། །སླར་
ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་དག་གིས་དབྱེ། །སོ་སོར་ཡི་གེའི་དབྱེ་བ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའི་དངོས་པོ་དག་ལས་སོ། ༥ །དང་པོར་སྟོང་པའི་རབ་ཏུ་དབྱེ་བ་དག་ཀྱང་ང་ཉ་ཎ་མ་ན་དང་ྈྐ་དང་དང་པོའི་དབྱངས། །རླུང་གི་དབྱེ་བ་ཨི་ཡིག་གྷ་
ཛྷ་ཌྷ་བྷ་དྷ་ཤ་རྣམས་ཏེ་མེ་ཡི་དབྱེ་བ་རྀ་ལ་སོགས། །ཆུ་ཡི་དབྱེ་བས་ཨུ་ཡིག་ཝ་ཁ་ཚ་ཋ་ཕ་ཐ་ཝ་སྟེ་ས་ཡི་དབྱེ་བ་ལྀ་ལ་སོགས། །དེ་ལྟར་མཆོག་གི་རྒྱལ་བའི་རིགས་ནི་རྣམ་པ་ལྔ་ཡི་ཀ་ལ་སོགས་པའི་སྡེ་རྣམས་རྣམ་པར་ཕྱེ། ༦ །གཙུག་ཏོར་སྟོང་པ་ལྔ་སྟེ་རིགས་གསུམ་དག་ཀྱང་དེ་བཞིན་སྐུ་དང་
གསུང་དང་ཐུགས་ཀྱི་རྡོ་རྗེའོ། །ཨ་སོགས་ཕྱག་རྒྱའི་རིགས་ཏེ་ཧ་ཡ་ར་ཝ་ལ་དང་ལྡན་པའི་ཀ་སོགས་སྡེ་པ་མཐའ་དག་རྣམས། །འཇིག་རྟེན་སྣང་བྱེད་དབྱངས་དང་བཅས་པའི་ཧ་ཡ་ར་ཝ་ལར་ལྡན་འཇིག་རྟེན་འཇིག་རྟེན་འདས་པའོ། །རིག་སྔགས་འཆང་གི་དབང་པོ་མཐའ་དག་ཏུ་འགྱུར་ཀ་སོགས་
སྡེ་པ་བརྩེགས་པ་ལ་གནས་བརྒྱད་རྣམས་སོ། ༧ །ཀ་སོགས་ཡི་གེ་སུམ་ཅུ་ཧ་ཡ་ར་ཝ་ལར་ལྡན་ཀྵ་དང་བཅས་པ་སུམ་ཅུ་རྩ་དྲུག་ཉིད། །དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་རོ་ཡིས་བསྒྱུར་བའི་རོ་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར། །སྐུ་ནི་གཅིག་པ་ངེས་པར་གཅིག་གི་འཁོར་དང་
བཅས་པ་གཉིས་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར། །ལྔ་ཡི་བདག་ཉིད་ལྔ་ཡིས་འགྱུར་ཏེ་འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད། ༨ །དབྱངས་ཀྱི་གྲངས་ཀྱི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་སུམ་ཅུ་རྩ་དྲུག་བདག་ཉིད་དེ། །ཡ་ལ་སོགས་

པ་རྣམས་ཀྱིས་སྒོ་སྐྱོང་མཐའ་དག་ཚོགས་ཀྱི་རིགས་ནི་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་རང་རིགས་ཕྱོགས་སུ་གནས་རྣམས་རླུང་གི་དབྱངས་སོགས་དབྱེ་བ་ཡིས། །སོ་སོར་ཡི་གེའི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་
རྒྱུད། ༩ །དེ་བཞིན་ཡི་གེ་སོ་སོ་རོ་ཡིས་བསྒྱུར་བའི་རོ་ཡི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་དབང་པོ་སྟེ། །ཕུང་པོ་འབྱུང་བ་དབང་པོ་ལ་སོགས་དབྱངས་ཀྱི་དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བར་བྱ། །སྟོང་པ་གཞོམ་མེད་ལ་སོགས་མཐའ་དག་རྒྱལ་བའི་རིགས་རྣམས་ཀྱིས་ནི་ལྷ་
རྣམས་བརྒྱ་ཡིས་གདབ་པ་སྟེ། །གཙུག་ཏོར་ནས་ནི་ཆུ་སྐྱེས་མཐའ་རུ་མི་མཉམ་མཉམ་པའི་རིགས་ལ་འཁོར་ལོའི་དབུས་ཀྱི་གདན་ལའོ། ༡༠ །རྡོ་རྗེ་རྣམས་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ་རྒྱལ་བའི་བདག་པོའི་ཕྱག་རྣམས་དབྱངས་ཀྱི་དབྱེ་བ་ཡིས། །དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་
རབ་ཏུ་དབྱེ་བ་གཞན་ཡང་དེ་བཞིན་སྐུ་ཡི་རྡོ་རྗེ་ལ་སོགས་ཀྱིས། །སུམ་ཅུ་རྩ་དྲུག་རྣལ་འབྱོར་རྒྱུད་ནི་དཔག་མེད་ཡོན་ཏན་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན། །ཡི་གེ་སོ་སོའི་མིང་ཅན་མཉམ་དང་མི་མཉམ་རིགས་ལ་ལྷ་མོ་དང་ནི་ལྷ་རྣམས་དག་གིའོ། ༡༡ །ས་བོན་གཅིག་པུ་དཔའ་བོ་གཅིག་པ་
རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་དག་གིས་འཁྱུད་པར་འགྱུར། །ཕུང་པོ་རྣམས་ཀྱིས་ལྔ་ཡི་བདག་ཉིད་ས་ཡི་ཁམས་སོགས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དགུ་པ་ཡང་། །བཤང་ལམ་ལ་སོགས་དང་ནི་མིག་ལ་སོགས་པས་ཡོངས་བསྐོར་འདི་ནི་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱང་། །དེ་
བཞིན་སོ་ནི་རབ་ཏུ་སྐྱེས་པ་སླར་ཡང་སོ་རྣམས་དག་གིས་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན། ༡༢ །དག་པར་ཡང་དག་དག་པའི་ཆུ་ལས་རི་བོང་འཛིན་པ་ལྟར་དཀར་པདྨའི་མཚན་མ་འོད་དཔག་མེད། །ང་རྒྱལ་འཇིག་རྟེན་དབང་ཕྱུག་རྟ་ཡི་ཤིང་རྟས་འགྲོ་མ་མཱ་མ་ཀཱི་དང་གཟུགས་ཀྱི་རྡོ་རྗེ་
མ། །དྲག་མོ་ཆུ་གཏེར་ཚོགས་ཀྱི་དབང་པོ་གཉིས་སྐྱེས་གདེངས་ཅན་དང་ནི་སྟག་གདོང་མ་དང་འུག་པར་བཅས། །འདི་དག་དཔལ་ལྡན་གཡོན་གྱི་ཞལ་ནས་མཆོག་གི་སྙིང་རྗེ་ཡིས་ནི་རྡོ་རྗེ་ཅན་གྱིས་སྤྲོས་པའོ། ༡༣ །ཆོས་ལ་ཡང་དག་དག་པའི་རླུང་ལས་ཕྱག་གི་པདྨ་རལ་གྲི་དོན་ཡོད་གྲུབ་པ་སྒྲོལ་

མ་དང་། །མཁའ་ཡི་སྙིང་པོ་རེག་བྱ་རྡོ་རྗེ་མ་དང་ཤིན་ཏུ་སྟོབས་བཅས་ཙཪྩི་ཀཱ་དང་ལྕགས་སྒྲོག་མ། །བདེན་བྲལ་དང་ནི་རླུང་ཞེས་བྱ་དང་དམངས་རིགས་ཀླུ་དང་དེ་བཞིན་ཁྱི་གདོང་མ་དང་བྱ་རོག་བཅས། །དེ་དག་ངེས་པར་བྱམས་པའི་ཐུགས་ཀྱིས་སྲིད་པ་གསུམ་གྱི་
བདག་པོས་ཤར་གྱི་ཞལ་ནས་སྤྲོས་པའོ། ༡༤ །ལོངས་སྤྱོད་རྫོགས་པར་དག་པའི་མེ་ལས་ཉི་མ་འཆར་ཀ་དང་མཚུངས་རིན་ཆེན་འཛིན་དང་གོས་དཀར་མོ། །ས་ཡི་སྙིང་པོ་རྨུགས་བྱེད་དང་ནི་རོ་མཆོག་རྡོ་རྗེ་མ་དང་ཕག་མོ་གདོང་དྲུག་མེ་ཡི་ལྷ། །གདེངས་ཅན་དབང་པོ་རྒྱལ་རིགས་གཉིས་
དང་རབ་གསལ་ཁྲོ་གཉེར་ཅན་དང་ཕག་གདོང་མ་དང་བྱ་རྒོད་བཅས། །འདི་དག་དཔལ་ལྡན་གཡས་ཀྱི་ཞལ་ནས་མཆོག་གི་དགའ་བ་ཡིས་ནི་སྣ་ཚོགས་གཙོ་བོས་སྤྲོས་པའོ། ༡༥ །ལྟེ་བར་ཡང་དག་དག་པའི་ས་ལས་མཆོག་གི་གསེར་དང་མཚུངས་པའི་ཐུབ་པ་ཕྱག་ན་འཁོར་ལོ་དང་། །སྤྱན་མ་
དང་ནི་རྣམ་པར་སེལ་བ་རབ་མཆོག་མི་ཡི་བདག་པོ་རེངས་བྱེད་དྲི་ཡི་རྡོ་རྗེ་མ། །འོད་ཟེར་ཅན་དང་དབང་མོ་བརྒྱ་བྱིན་དུས་ཀྱི་གདོང་པ་དང་བཅས་རྗེ་རིགས་ཀླུ་ལ་སོགས་པ་ཀུན། །གཙོ་བོ་ཡིས་ནི་བཏང་སྙོམས་དག་གིས་ནུབ་ཀྱི་ཞལ་ནས་སྐྱེ་བོ་ཀུན་ལ་ཕན་རྣམས་སྤྲོས་པའོ། ༡༦ །གཙུག་ཏོར་དག་པའི་
སྟོང་པ་ལས་ནི་ཕྱག་ན་མཆོག་གི་རྡོ་རྗེ་མི་བསྐྱོད་དབྱིངས་ཀྱི་དབང་ཕྱུག་མ། །གཙུག་ཏོར་དང་ནི་ཆོས་ཀྱི་དབྱིངས་ཏེ་ནམ་མཁའི་ཡོན་ཏན་དབང་གིས་ཕྱག་ན་རྡོ་རྗེ་ལ་སོགས་གཞན། །གསང་བར་དག་པ་ལས་ནི་མཐའ་དག་བདེ་མཉམ་སྟེར་རྣམས་སྒྲ་ཡི་རྡོ་རྗེ་མ་ལ་སོགས་པ་ཡང་། །སྟེང་
དང་འོག་ཏུ་ཡོན་ཏན་མང་པོའི་གནས་རྣམས་སྲོག་ཆགས་རྣམས་ཀྱི་ཐར་པའི་རྒྱུ་རུ་སྤྲོས་པའོ། ༡༧ །ཕྱོགས་ཀྱི་འདབ་མར་སྤྱན་མ་ལ་སོགས་ཕྱོགས་བྲལ་འདབ་མ་ལ་གནས་ཁྲག་གིས་གང་བའི་ཐོད་པ་སྟེ། །ཉི་མའི་སྟེང་དུ་གཡོན་བརྐྱང་ཨུ་མ་དང་བཅས་དབང་ཕྱུག་མནན་ཞིང་འཇིག་པའི་དུས་
ཀྱི་སྤྲིན་དང་མཚུངས། །ཐོད་པ་རྣམས་ཀྱིས་ཕྲེང་བ་བཅིངས་ཤིང་ཆུ་ཡི་གཏེར་གྱི་ཞལ་དང་ཉི་མའི་ཕྱག་ལྡན་ཧེ་རུ་ཀ །ཕྱག་རྒྱ་སྦྲུལ་དང་སྟག་གི་པགས་པ་མི་བཟད་གླང་པོའི་བདག་པོའི་པགས་པ་རློན་པ་བཤུས་པ་འཛིན། ༡༨ །གནག་དང་དམར་དང་དྲི་མེད་རི་བོང་ཅན་ལུས་ལྷ་མོ་རྣམས་ཀྱི་ཕྱི་

རོལ་དུ་ནི་འཁོར་ལོ་གསུམ། །རྡོ་རྗེ་དྲུག་ནི་ཁྲོ་བོ་ལས་སྐྱེས་ཕྱག་གཉིས་ཟླ་ཞལ་རྣམས་དང་དེ་བཞིན་འབྱུང་པོ་སྐྱེས་རྣམས་ཀྱིས། །སྒོར་ནི་གཏུམ་མོ་རོ་ལ་གནས་ཤིང་ཕྱག་ན་གྲི་གུག་ཐོད་པ་ཕྱོགས་བྲལ་དུ་ཡང་ངེས་པར་རོ། །དཔའ་བོ་རྣམས་ཀྱིས་རིག་བྱེད་ཕྱག་ན་རྡོ་རྗེ་ཌ་མ་རུ་དང་
དྲིལ་བུ་རྡོ་རྗེ་ཁ་ཊྭཱྃ་ག ༡༩ །དཔལ་ལྡན་ལྷུན་པོའི་ཕྱོགས་བརྒྱད་དུ་ནི་ས་ཆུའི་དཀྱིལ་འཁོར་དག་ལ་གནས་དང་ཉེ་བའི་གནས་ཀུན་ཏེ། །ཞིང་དང་ཚནྡོ་ཧ་དང་འདུས་པ་ཅན་དང་དུར་ཁྲོད་ས་ནི་མེ་དང་རླུང་གི་དབུས་སུ་ཡང་། །དེ་བཞིན་ཡུལ་དང་གྲོང་ཁྱེར་ལ་ནི་ཕྱོགས་དང་ཕྱོགས་བྲལ་
དུ་གནས་ལྷ་རྣམས་རིག་པར་བྱ་བ་སྟེ། །ཤེས་རབ་རྒྱུད་ཀྱི་མངོན་པར་བརྗོད་པ་སྲིད་པ་གསུམ་གྱི་བླ་མས་ཤར་གྱི་ཞལ་ནས་སྤྲོས་པའོ། ༢༠ །སྙིང་པོར་འཁོར་ལོ་ཆ་དགུ་པ་སྟེ་དཀྱིལ་འཁོར་ལས་ནི་ཕྱེད་ཀྱི་ཆ་ཤས་ཟླ་ཉི་པདྨ་ལ། །རྡོ་རྗེ་ཀ་བའི་ཕྲེང་བ་དག་གིས་སྤྲས་པ་ཡང་ནི་ཕུང་
པོ་ཁམས་ཀྱི་ལྷག་པའི་ལྷ་ཆེན་པོ། །ཕྱི་རོལ་དུ་ནི་ར་བའི་རྩིག་པ་དག་ལ་ཡུལ་དང་ཡུལ་ཅན་ཟླ་བ་ཉི་མའི་གདན་ལ་གནས། །སྒོ་སྐྱོང་རྣམས་ནི་ཉི་མ་ལ་གནས་གཞན་པ་ཚོགས་ཀྱི་རིགས་ནི་ཁ་ཁྱེར་དག་ལ་ཀུན་ནས་སོ། ༢༡ །འདི་ལ་སོགས་པ་ལ་ནི་དེ་བཞིན་རྣལ་འབྱོར་རྒྱུད་ཀྱང་
འདུས་པ་རྣམ་པ་དྲུག་ཏུ་གསུངས་པ་སྟེ། །ཟུར་དུ་ཁྲོ་བོ་རྣམས་དང་ལོགས་སུ་ཡུལ་དང་ཡུལ་ཅན་ཛྃ་བྷ་ལ་ནི་ཕྱག་ན་སོ་བ་བསྣམས། །ངག་དང་རྐང་ལག་བཤང་ལམ་བྷ་ག་ཉི་མ་རི་བོང་ཅན་རྣམས་དུས་ཀྱི་རྩ་ཡི་རང་བཞིན་ཏེ། །ཤེས་རབ་དང་ནི་ཐབས་རྣམས་མཐའ་དག་ཞལ་གསུམ་རོ་
ཡི་ཕྱག་ལྡན་གཡས་ཀྱི་ཞལ་ནས་སྤྲོས་པའོ། ༢༢ །སྙིང་པོར་འཁོར་ལོ་ཆུ་གཏེར་ཟུང་དུ་འགྱུར་ཏེ་མི་ཡི་བདག་པོ་དཀྱིལ་འཁོར་ལས་ནི་གསུམ་གྱི་ཆ། །ཕུང་པོ་ཁམས་རྣམས་ལྷག་པའི་ལྷ་ཉིད་སླར་ཡང་འཕར་མ་གཞན་ལ་སྒྲ་ཡི་རྡོ་རྗེ་ལ་སོགས་བརྒྱད། །ཕྱི་རོལ་དུ་གནས་དཀྱིལ་འཁོར་ལ་ནི་
ཕྱོགས་བཅུར་བཀོད་པ་ཉི་མ་ལ་གནས་ཁྲོ་བོའི་ཚོགས་རྣམས་ཏེ། །དེར་ནི་ར་བའི་རྩིག་པ་དག་ལ་དུས་ལ་ཆུ་གཏེར་གྱིས་བསྣུན་བྱང་ཆུབ་སེམས་དཔའ་མཐའ་དག་རྣམས། ༢༣ །སྒྱུ་འཕྲུལ་དྲ་བ་དབྱེ་བ་གསུམ་སྟེ་ཞལ་གསུམ་རོ་ཡི་ཕྱག་ནི་ལྷ་ཡི་སྐུ་ཡི་དབྱེ་བ་ལས། །རྟོག་པ་ལ་སོགས་གང་

ཡིན་མཐའ་དག་བླུན་པོའི་སྙིང་གི་དབང་གིས་གཡོན་གྱི་ཞལ་ནས་སྤྲོས་པའོ། །རྣལ་འབྱོར་རྗེས་སུ་རིག་པའི་རྒྱུད་དང་འདིར་ནི་ཉིས་འགྱུར་སྡོམ་པ་ཆེན་པོ་མཁའ་འགྲོ་མ་རྣམས་ཀྱི། །འཁོར་ལོ་དྲུག་དང་རིགས་དྲུག་མི་བདག་དུར་ཁྲོད་ས་རྣམས་ཀྱིས་ནི་ནུབ་ཀྱི་ཞལ་
ནས་སྤྲོས་པའོ། ༢༤ །ཐིག་ནི་དྲུག་དང་བུག་པའི་ཆ་ཤས་གཡོ་བའི་དཀྱིལ་འཁོར་ལ་གནས་རྣམས་ཀྱིས་དཀྱིལ་འཁོར་ཐིག་བཏབ་ནས། །སྙིང་པོ་ལས་ནི་དྲུག་དྲུག་ཆ་རྣམས་ཀྱིས་ཏེ་པདྨའི་འདབ་མ་ཕྱེད་ཀྱིས་ལྟེ་བར་ལྡན་པ་ཡང་། །གྲི་གུག་འཁོར་ལོ་ཆུ་སྐྱེས་རིན་ཆེན་རལ་གྲི་
མཆོག་གི་རྡོ་རྗེའི་ཕྲེང་བ་གཉིས་གཉིས་ཆ་རྣམས་ཀྱིས། །ཉི་མ་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་དུས་དང་རོ་རྣམས་ཀྱིས་ཀྱང་ཁ་ཁྱེར་དང་ནི་དོ་ཤལ་ས། ༢༥ །གསུམ་གྱིས་ཀྱང་ནི་ར་བ་ལྔ་ཡི་རེ་ཁཱ་རྩེ་མོ་ཅན་གྱིས་དོ་ཤལ་རྩ་བར་སྣམ་བུའོ། །ཉི་མ་རྣམས་ཀྱིས་ལོགས་དང་འགྲམ་སྟེ་སུམ་འགྱུར་ཉིན་བྱེད་
རྣམས་ཀྱིས་ཀ་བའི་སྟེང་དུ་རྟ་བབས་སོ། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་སྒོ་ནི་བརྒྱད་རྣམས་བྱ་སྟེ་དཀྱིལ་འཁོར་ཆེན་པོ་འདི་ནི་ཟླུམ་པོའོ། །དབུས་སུ་ཆུ་སྐྱེས་སྣ་ཚོགས་མདོག་སྟེ་ལྟེ་བ་ལ་ནི་ཉི་མ་རི་བོང་ཅན་དག་སྦྱར་བའི་གདན། ༢༦ །འཁོར་ལོ་དང་ནི་ཕྲེང་བ་སྔོན་པོ་ས་ནི་ལྗང་གུ་དག་དང་ས་གཞི་
ནག་པོ་འཁོར་ལོ་སེར། །ས་གཞི་དམར་ལ་འཁོར་ལོ་དཀར་དང་ས་ནི་དཀར་པོ་ཕྲེང་བར་བཅས་པའི་འཁོར་ལོ་དམར་པོ་དང་། །ས་ནི་སེར་པོ་སྔོན་པོ་དག་དང་འཁོར་ལོ་དཀར་པོ་མིན་པ་དང་ནི་ལྗང་གུའི་མདོག་ཏུ་འགྱུར། །ཆ་དྲུག་གིས་ནི་མཚོན་གྱི་ས་སྟེ་སྐྱེད་བྱེད་ཞལ་གྱི་དབང་གིས་སྒོ་ཡི་
འཁོར་ལོ་དེ་བཞིན་ནོ། ༢༧ །ཕྱི་རོལ་དུ་ནི་བརྒྱད་གཉིས་དུར་ཁྲོད་རྣམས་ཏེ་རིགས་ཀྱི་དབང་གིས་དེ་བཞིན་སྙིང་པོའི་ལྷ་མོ་བརྒྱད། །འདབ་མ་ལ་ནི་ཐོད་པ་བདུད་རྩིའི་རོ་དང་ལྡན་པ་བརྒྱད་དེ་འདབ་མ་བརྒྱད་ལ་ལྷ་མོ་རྣམས། །ཕྱིར་ནི་སྒེག་མོ་ལ་སོགས་ལྷ་མོ་ཕྱོགས་དང་ཕྱོགས་བྲལ་དུ་གནས་དེ་བཞིན་
ཀླུ་ཡི་རྒྱལ་པོ་བརྒྱད། །དེ་ཡི་ཕྱི་རོལ་དུ་ནི་ས་ཆུ་མེ་དང་གཡོ་བའི་དཀྱིལ་འཁོར་ཉིད་དང་རྡོ་རྗེའི་ཕྲེང་བའོ། ༢༨ །རིང་པོ་ཐུང་ངུའི་དབྱངས་རྣམས་ཀྱིས་ཀྱང་ས་ཏ་པ་ཊ་ཙ་ཀ་ལ་སོགས་སྟོང་སོགས་ཡི་གེ་རྣམས། །རླུང་སོགས་རྩིབས་རྣམས་ལ་ནི་ཉི་མའི་རྒྱུ་བའི་དབང་གིས་རིང་པོ་ས་སོགས་ཁམས་

ཀྱི་རང་བཞིན་རྣམས། །སྟེང་སོགས་རྩིབས་ལ་ཟླ་བའི་རྒྱུ་བའི་དབང་གིས་ཐུང་ངུ་རང་རང་འཁོར་ལོའི་རྩིབས་ཀྱི་སྟེང་དུའོ། །སྒོ་དང་སྒོ་ཡི་བར་དུ་ཧ་ཀྵ་དང་ལྡན་ནམ་མཁའི་མཐིལ་ན་གནས་པའི་སྡེ་པར་བཅས་པ་རྣམས། ༢༩ །མཁའ་འགྲོ་མ་རྣམས་ཐུང་བའི་དངོས་པོ་རི་བོང་འཛིན་པའི་ཞལ་དང་
ཕྱག་ནི་གྲི་གུག་ཐོད་པ་ཅན། །གཡས་པ་བརྐྱང་ཞིང་རང་རང་སྣོད་རྣམས་ཀྱིས་ནི་ལྷ་མིན་ཁྲག་འཐུང་སྐྲ་གྲོལ་གོས་དང་བྲལ་བ་སྟེ། །རྐང་པ་རྐེད་པ་དཔྲལ་བ་དང་ནི་རྣ་བ་མགྲིན་པ་ལག་པར་གཡེར་ཀ་སོགས་དང་རུས་པའི་རྒྱ། །མགོ་དང་རྐེད་པའི་ངོས་ལ་ཐོད་པའི་དུམ་བུ་རྒྱལ་བ་
རྣམས་ཀྱི་ཁ་དོག་ལྔ་ཡི་ཕྲེང་བའོ། ༣༠ །མཁའ་འགྲོ་ཞལ་གཉིས་ཕྱག་ན་རྡོ་རྗེ་མཆོག་དང་ཌ་མ་རུ་དང་རྡོ་རྗེ་ཁ་ཊྭཱྃ་ག་དྲིལ་བུ། །མགྲིན་པ་དཔལ་ལྡན་མགོ་ཕྲེང་མགོ་བོར་ཅོད་པན་ལ་ཡང་རྡོ་རྗེ་དར་དཔྱངས་དང་ནི་ནོར་བུའོ། །དཔལ་ལྡན་མགུལ་རྒྱན་རྐང་ལ་རྐང་གདུབ་ཕྱག་ལ་ཕྱག་གདུབ་
དང་ནི་སྐ་རགས་དག་དང་རྣ་རྒྱན་ཏེ། །རྫོགས་པའི་ཐོད་པ་རྣམས་ཀྱི་ཕྲེང་བ་མཆེ་བ་ཅན་གྱི་མཐའ་དག་ལུས་ལ་གནས་དང་ཐལ་བའི་རྒྱ། ༣༡ །གཙོ་བོའི་དབུ་ལ་ཐོད་པ་རྣམས་ཀྱིས་ཕྲེང་བ་མགྲིན་པར་གདོང་བརྒྱ་རྣམས་ཀྱིས་མགོ་ཡི་ཕྲེང་བའོ། །ཟླ་ཕྱེད་རྡོ་རྗེའི་ཅོད་པན་ལ་སྟེ་རང་གི་རྐེད་དང་ཕྱག་
གནས་སྟག་ལྤགས་གླང་པོའི་པགས་པའོ། །ཟླ་ཉི་བསྲེག་ཟའི་དཀྱིལ་འཁོར་ལ་ནི་ཞབས་ཀྱི་རྩ་བར་བདུད་དང་དབང་ལྡན་ལུས་ལ་ཐལ་བ་སྟེ། །ཕྱག་རྒྱ་ཀླུ་ཡི་དབང་པོ་དང་ལྡན་འཇིག་དུས་རྩེ་མོ་ཅན་མཚུངས་མཁའ་འགྲོ་མ་ལ་འོ་དག་བྱེད། ༣༢ །ཕྱོགས་ཀྱི་འདབ་མར་མཁའ་འགྲོ་རྣམས་ཀྱི་ལག་
པ་ཌ་མ་རུ་དང་རྡོ་རྗེ་ཁ་ཊྭཱྃ་ག་ཉིད་དེ། །བཤང་གཅི་ཁྲག་དང་མི་ཤ་རྣམས་ཀྱིས་ཕྱོགས་བྲལ་འདབ་མ་ལ་གནས་ཁུ་བའི་སྣོད་ཀྱང་ཕྱག་ནའོ། །དེ་བཞིན་དུ་ནི་ལྷ་མོ་བརྒྱད་ཀྱང་ཀུན་ནས་གཉི་ག་བདེ་ལ་སྙོམས་པར་ཞུགས་པའི་འཁོར་ལོའོ། །སེར་དང་དཀར་པོ་དམར་པོའི་མདོག་དང་ནག་པོ་
ལྗང་གུའི་ལུས་དང་སྔོན་པོའི་མདོག་རྣམས་རང་ཕྱོགས་སུ། ༣༣ །རྒྱལ་བ་སྐྱེད་མཛད་རིགས་ལ་གཙོ་བོའི་ཁ་དོག་མཚན་མ་རྣམས་ནི་སྔར་བཞིན་སྤྱན་གསུམ་དག་གི་ཚོགས། །ཕན་ཚུན་དུ་ནི་འཁྱུད་པ་དག་ཀྱང་རང་གཞན་རིགས་ཀྱི་དབང་གིས་རིག་པར་བྱ་སྟེ་ཀུན་ནས་སོ། །སྦྱིན་པ་སོགས་དང་

ཕུང་པོ་འབྱུང་བ་ཡུལ་དང་ཡུལ་ཅན་གཞན་ཡང་དབང་བོ་ལྔ་ལ་སོགས་པ་དང་། །ཕྱོགས་ས་ཕྱོགས་ཀྱི་སྟོབས་དང་དཔལ་ལྡན་རྒྱལ་སྲས་དབང་རྣམས་ཀྱིས་ཀྱང་ལྷ་མོ་རྣམ་པར་སྦྱང་བར་བྱ། ༣༤ །ལྷུན་པོའི་ཕྱོགས་སུ་དབྱེ་བ་བརྒྱད་ཀྱི་ཕྱོགས་དང་ཕྱོགས་བྲལ་དུ་གནས་
གནས་དང་ཉེ་བའི་གནས་ཀུན་དང་། །ཞིང་དང་ཚནྡོ་ཧ་དང་འདུས་པ་དུར་ཁྲོད་ས་དང་ཁྱིམ་ནི་རླུང་གི་ཕྱེད་ཀྱི་མཚམས་སུ་སྟེ། །འདི་དག་སངས་རྒྱས་ས་ནི་ཉི་མ་ཕྲ་མོ་ལུས་སྐྱེས་མི་དང་འབྱུང་པོ་ལྷ་དང་ལྷ་མིན་དང་། །ནུས་དང་གཙོ་བོ་ཉིན་གཅིག་རིགས་ལྡན་མ་ནི་རྣམ་པར་རྒྱུ་སྟེ་ཉི་ཟླའི་
རབ་ཏུ་རྒྱུ་བ་ལས། ༣༥ །རྒྱབ་ཏུ་ལྷ་མོ་དབང་བྱེད་ཐིམ་པ་ཞེས་འདིར་མདུན་དུ་དེ་ཉིད་ལྔ་ཡི་རང་བཞིན་རྣམས་ཀྱིས་ཏེ། །རླུང་དང་དབང་ལྡན་ལྷ་མིན་མེ་དང་འོག་དང་མཁའ་དང་ལྷ་དང་གཤིན་རྗེ་གནོད་སྦྱིན་ནུབ་ཏུ་ཡང་། །གཙུག་ཏོར་སྙིང་གའི་ཕྱོགས་དང་མགྲིན་པ་མགོ་བོ་ལ་གནས་ལྟེ་བ་དང་
ནི་གསང་བའི་འཁོར་ལོ་ལ། །འཁོར་ལོ་རྩིབས་བརྒྱད་འོག་དང་སྟེང་དུ་ཉིན་ཞག་སོ་སོའི་ཆུ་སྲིན་ནས་ནི་དུས་སྦྱོར་གཉིས་གཉིས་བར། ༣༦ །གཙོ་བོའི་ཆུ་སྐྱེས་རྡོ་རྗེ་ཀུན་དང་འགྱུར་མེད་ཐིག་ལེ་རྣམས་ཀྱིས་རྡོ་རྗེ་ནོར་བུ་ལ་གནས་པ། །ཀུན་ནས་དགའ་བ་ཐམས་ཅད་རྡོ་རྗེ་ཅན་གྱི་བདེ་བ་མཉམ་པའི་
གནས་ཏེ་དུས་ནི་ཐམས་ཅད་དོ། །ཟླ་བ་ཞུ་བ་བླ་མའི་ཞལ་དེ་རུ་ནི་གང་ཞིག་ཞུགས་པ་དུས་ཀྱི་འཁོར་ལོ་དེ་ཉིད་དེ། །བདུད་རྣམས་ཀྱི་ནི་དུས་སུ་གསུངས་ཤིང་འཆི་བའི་འཇིགས་བྱེད་མཁའ་འགྲོ་མ་ཡི་འཁོར་ལོ་འདི་དག་གོ། ༣༧ །ཤེས་རབ་ཐབས་ཀྱི་ཡི་གེ་དག་གིས་གཉི་གའི་རིགས་ཀྱི་དབང་
ལས་མཁའ་འགྲོ་མ་དང་མཁའ་འགྲོའི་མིང་། །རྡོ་རྗེ་གསུམ་པོ་རྐང་པ་གཞན་དང་བཅས་པས་ཐོག་མ་དབུས་དང་མཐའ་མར་ཕྱེ་བ་བཟླས་བྱ་སྟེ། །སྲོག་གིས་བྱིན་གྱིས་བརླབས་པ་གང་ཞིག་གཉི་གའི་བགྲོད་པའི་དབང་གིས་རང་རང་ལས་ཀྱི་རྗེས་མཐུན་པའོ། །རོ་ཡི་འགྲོ་རྣམས་ལ་
གནས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་རྣམས་ནི་མྱུར་དུ་འགྲུབ་པར་འགྱུར། ༣༨ །དབུགས་རྣམས་གང་དག་སྐྱེ་བའི་དུས་སུ་དབུ་མ་ལ་ནི་རྐང་པ་དང་བཅས་རོ་དང་མངར་གྱུར་པ། །དེ་བརྒྱད་རྣམས་ཀྱིས་འཁོར་ལོར་འགྱུར་ཏེ་འོག་དང་མཁའ་ཡི་དབང་གིས་སྒོ་ཡི་དབུས་གནས་ལྷ་མོ་རྣམས། །

རྐང་པ་གཅིག་གིས་བསྐྱེད་པ་སྲིད་པ་གསུམ་གྱི་ཡུམ་སྟེ་ཕྱག་ན་གྲི་གུག་དང་ནི་ཐོད་པ་ཅན། །བདུད་རྩི་བདེ་བའི་ཆ་ཡིས་འཁྱུད་པ་ཉི་མ་ཟླ་བའི་སྟེང་དུ་གཡས་བརྐྱང་དུས་ཀྱི་འཁོར་ལོའོ། ༣༩ །ལྔ་གསུམ་མེ་ལྕེ་ཡུལ་དང་ཡོན་ཏན་དབང་གིས་ཟླ་བ་ཉི་མའི་གདན་རྣམས་ཆུ་གཏེར་རྐང་པ་ལས། །
གཟའ་བདུན་དང་ནི་རྫོགས་པ་ཉི་མ་ཉིན་མོར་བྱེད་དང་རི་བོང་ཅན་གྱི་གདན་ནི་གཞན་པ་རྣམས། །ནག་པོ་དཀར་པོའི་རྫོགས་པ་ཉི་མ་ཉིན་མོར་བྱེད་དང་རི་བོང་ཅན་གྱི་གདན་ནི་གཞན་རྣམས་དང་། །འདི་ཉིད་ལ་ནི་རི་བོའི་གཟའ་རྣམས་མཉམ་དང་མི་མཉམ་གནས་ལ་ཉི་མ་ཟླ་བའི་གདན་རྣམས་
སོ། ༤༠ །ཟླ་བ་ཉི་མའི་རྐང་པ་རྩིབས་རྣམས་དང་ནི་པདྨའི་འདབ་མ་སྒོ་བཞི་ཟུར་གྱི་རོ་རྣམས་ཏེ། །སླར་ཡང་རྐང་པ་ཉིས་འགྱུར་དེ་དག་རྣམས་ནི་ཉིན་མོར་བྱེད་དང་རི་བོང་ཅན་གྱི་གདན་རྣམས་ཉིད། །རྫོགས་པ་གཟའ་དང་ཉི་མའི་རྐང་པ་མཉམ་དང་མི་མཉམ་གནས་ལ་ཆུ་གཏེར་རྐང་པ་གདན་
རྣམས་ཏེ། །ཉི་མའམ་ནི་གང་བའི་ཟླ་བ་ལ་འགྱུར་རིགས་ཀྱི་དབང་གིས་གཙོ་བོ་ཡང་ན་ཁ་སྦྱོར་ལ། ༤༡ །རླུང་ལ་རེག་བྱའི་ཞལ་གཅིག་དང་ནི་ཡོན་ཏན་གཞན་གྱིས་དབང་གིས་རྒྱས་གདབ་ཞལ་ནི་གཉིས་པའོ། །རྩེ་མོ་ཅན་ལ་གཟུགས་དང་རེག་བྱའི་ཞལ་ནི་གཉིས་སུ་འགྱུར་ཏེ་རྒྱས་
གདབ་ཞལ་ནི་གསུམ་པའོ། །ཆུ་ལ་ཞལ་ཡང་རེག་བྱ་དང་ནི་གཟུགས་དང་རོ་ཡི་ཞལ་ཏེ་རྒྱས་གདབ་ཞལ་ནི་བཞི་པའོ། །ས་ལ་དྲི་ལ་སོགས་པ་རེག་བྱའི་མཐའ་ཡི་ཡོན་ཏན་ཞལ་ཏེ་རྒྱས་གདབ་ཞལ་ནི་ལྔ་པའོ། ༤༢ །ནམ་མཁའ་ལ་ནི་ཞལ་ཡང་སྟོང་པ་རྣམ་པ་ལྔ་སྟེ་རྒྱ་ཡིས་གདབ་པའི་ཞལ་
ནི་དྲུག་པའོ། །དེ་བཞིན་དུ་ནི་ཡེ་ཤེས་ཁམས་ལ་འགྱུར་ཏེ་ཡོན་ཏན་དབང་ལས་སྟོང་པ་དྲུག་གི་ཞལ་རྣམས་སོ། །གཅིག་ནི་བཞི་ལ་བསྲེས་པ་བདེ་མཉམ་འབྲས་བུ་སྟེར་བ་དག་སྟེ་གཉིས་དང་གསུམ་ནི་བསྲེས་པ་ལྔ། །ཤེས་རབ་ཐབས་ནི་ཞལ་བཅུ་ཡོན་ཏན་རྣམ་པ་གསུམ་གྱི་དབང་གིས་
ཞལ་ནི་བཅུ་གཉིས་རྣམ་པ་བཞི། ༤༣ །ཐུན་མཚམས་དབྱེ་བས་རྣམ་པ་བཞི་སྟེ་རྣམ་པ་གསུམ་གྱི་ཞལ་ཡང་དུས་སྦྱོར་དབྱེ་བས་ཁ་དོག་གསུམ། །དུས་སྦྱོར་ཕྱེད་པ་ཕྱག་གི་དབྱེ་བ་མི་མཉམ་མཉམ་པ་འཁྱུད་པ་དག་ཀྱང་ལུས་དང་སེམས་ལ་ནི། །ཐུན་མཚམས་ཆ་ཤས་སྔ་ཕྱི་ལས་ཏེ་

ཞལ་གསུམ་རོ་ཡི་ཕྱག་ནི་འཁྱུད་པ་དབུ་མའི་ཆ་ཤས་ལ། །ཤེས་རབ་སྦྱོར་དང་སྙོམས་པར་ཞུགས་པ་དག་ཀྱང་དགོད་པ་ལ་སོགས་རྣམས་ནི་ཐུན་གྱི་མངོན་མཚམས་ལའོ། ༤༤ །ཤེས་རབ་ཡན་ལག་དམར་དང་སེར་པོ་ལ་ནི་ངེས་པར་དུས་ཀྱི་འཁོར་ལོའི་བསམ་པ་རབ་ཏུ་
འཇུག །རྡོ་རྗེ་ཅན་གྱི་གཡོན་མདུན་ཡན་ལག་དཀར་དང་སྤྲིན་ནག་མཚུངས་པ་དག་ལ་ཤེས་རབ་བསམ་པའོ། །མཆོག་གི་ལུས་ལ་ཤེས་རབ་བསམ་པས་ཕྱེ་བ་གཡོན་དང་མདུན་གྱི་ཡན་ལག་དག་ནི་ཞི་བར་འགྱུར། །དྲག་པོ་གཡས་དང་རྒྱབ་ཀྱི་ཡན་ལག་མཆོག་གི་རྒྱལ་བའི་
བདག་པོའི་བསམ་པས་ཕྱེ་བ་དེ་བཞིན་ཉིད། ༤༥ །ཤེས་རབ་ཀྱིས་ཕྱེ་རྒྱལ་བ་དག་གི་རབ་མཆོག་ཚོགས་ཀྱི་རིགས་ནི་གཉིས་ཀྱི་རང་བཞིན་ཉིད་དུ་འགྱུར། །ཤེས་རབ་ཀྱི་ནི་གཙོ་བོས་ཕྱེ་བ་ངེས་པར་ཕྱོགས་བྲལ་དུ་ཡང་རྣལ་འབྱོར་མ་ཡི་ཚོགས་ཉིད་དེ། །གཡས་དང་གཡས་མིན་ཉི་མ་དང་ནི་རི་བོང་
ཅན་གྱི་སྐུ་དག་ཟུང་སྟེ་ཤར་དང་ནུབ་ཉིད་ཀྱང་། །ནག་པོ་སེར་པོ་དག་སྟེ་སྔོན་པོ་ལྗང་གུ་དག་ཀྱང་དེ་བཞིན་མཁའ་དང་ས་འོག་ཡང་དག་གནས། ༤༦ །དཀར་པོ་རྣམས་ཀྱི་ཤེས་རབ་དམར་མོ་དམར་པོ་རྣམས་ཀྱི་རི་བོང་འཛིན་པ་ལྟར་དཀར་དེ་བཞིན་ཉིད། །སེར་པོ་རྣམས་ཀྱི་ཁ་དོག་ནག་མོ་དཀར་
མིན་རིགས་རྣམས་ཀྱི་ཡང་མཆོག་གི་གསེར་དང་མཚུངས་པའོ། །སྔོན་པོ་རྣམས་ཀྱི་ཁ་དོག་སྣ་ཚོགས་སླར་ཡང་ལྗང་གུ་རྣམས་ཀྱི་སྔོན་མོ་རྣམས་སུ་དེ་བཞིན་གསུངས། །དེ་བཞིན་ངེས་པར་ལྷ་མོ་རྣམས་ཀྱི་རང་རིགས་ཕྱོགས་སུ་གནས་པའི་ལྷ་རྣམས་དག་ཏུ་རིག་པར་བྱ། ༤༧ །ཤེས་རབ་རྒྱུད་
ནི་ཤར་ནས་སླར་ཡང་རྣལ་འབྱོར་རྗེས་སུ་རིག་པ་ཉིད་ནི་ནུབ་ཀྱི་ཞལ་ནས་སོ། །གཡས་ཀྱི་ཞལ་ནས་རྒྱལ་བའི་བདག་པོས་རྣལ་འབྱོར་རྒྱུད་གསུངས་གཡོན་གྱི་ཞལ་ནས་བྱ་བ་ལ་སོགས་སོ། །ཤར་ནས་རྣལ་འབྱོར་སྤྱོད་པ་ཉིད་དེ་སླར་ཡང་ནུབ་ཀྱི་ཞལ་ནས་ངེས་པར་དབུ་མ་མཐའ་དག་གོ། །མདོ་
སྡེ་པ་ནི་གཡས་ཀྱི་ཞལ་ནས་གསུངས་ཏེ་དཀར་པོའི་ཞལ་ནས་དག་པའི་བྱེ་བྲག་སྨྲ་བའོ། ༤༨ །ནུབ་ཀྱི་ཞལ་ནས་ངེས་བརྗོད་རིག་བྱེད་དང་ནི་རྒྱལ་བའི་དབང་པོས་གཡོན་གྱི་ཞལ་ནས་མཆོད་སྦྱིན་གསུངས། །གཡས་ཀྱི་ཞལ་ནས་སྙན་ཚིག་རིག་བྱེད་མཆོག་གི་བསྲེག་བྱའི་རིགས་ལ་སྲིད་སྲུང་

ཤར་གྱི་ཞལ་ནས་སོ། །ཤར་གྱི་ཞལ་ནས་རིགས་ཅན་རྒྱུད་དེ་སླར་ཡང་ནུབ་ཀྱི་ཞལ་ནས་མཁའ་ལྡིང་དང་ནི་འབྱུང་པོའི་རྒྱུད། །གཡོན་གྱི་ཞལ་ནས་ཞི་བའི་མཐའ་སྟེ་ཉི་མ་འཆར་ཀ་དང་མཚུངས་གཡས་པ་ནས་ནི་ཁྱབ་འཇུག་ཆོས། ༤༩ །རྒྱབ་ནས་འཕྲལ་ལ་ལྡོག་པ་མཆོག་ཏུ་དཀར་བའི་
ཞལ་ནས་གཡོན་གྱི་ལྷ་དང་རབ་ཏུ་གནས་པ་སྟེ། །གཡས་ནས་རིག་པ་དྲག་པོ་མིན་དང་སླར་ཡང་རླུང་གི་ཞལ་ནས་རླུང་སྐྱེས་ཚངས་པ་ཞི་བ་དག །སྟོང་པའི་ཞལ་ནས་སྟོང་པ་དབང་ཕྱུག་དག་ནི་སྲིད་གསུམ་བདག་པོས་འཇིག་རྟེན་པ་ཡི་དོན་དུ་སྤྲོས། །རྫོགས་ལྡན་གསུམ་ལྡན་གཉིས་
ལྡན་དང་ནི་གཞན་པ་རྩོད་དུས་རྒྱབ་ཀྱི་ཞལ་ལ་སོགས་པའི་དབྱེ་བ་ལས། ༥༠ །དེ་བཞིན་དཔའ་བོའི་རིམ་པ་སོགས་དང་ཉི་མའི་བགྲོད་པའི་དབང་གིས་ཐུན་མཚམས་བཞི་པོ་ཉིད་དག་དང་། །ཁ་ཟས་དག་ནི་གཡས་ཀྱི་ཞལ་ནས་མཆོག་ཏུ་འཇིགས་པ་དག་ཀྱང་རྒྱབ་ཀྱི་ཞལ་ནས་སྤྲོས་པ་སྟེ། །
མདུན་གྱི་ཞལ་ནས་འཁྲིག་པ་ཉིད་དོ་མཆོག་ཏུ་དཀར་བའི་ཞལ་ནས་རྒྱལ་པོ་རྨི་ལམ་དག་དང་གཉིད། །རྒྱབ་ནས་རྗེ་རིགས་གཉིས་སྐྱེས་མི་ཡི་བདག་པོ་དང་ནི་དེ་བཞིན་དམངས་རིགས་དག་ཀྱང་རིམ་པས་འགྱུར། ༥༡ །རྒྱལ་བའི་བདག་པོས་མདུན་ནས་ཐམས་ཅད་ཡོད་པར་སྨྲ་བ་གསུངས་
ཏེ་གཡས་ནས་མང་པོས་བཀུར་བའོ། །རྒྱབ་ཀྱི་ཞལ་ནས་གནས་བརྟན་པ་སྟེ་སླར་ཡང་དགེ་འདུན་ཕལ་ཆེན་པ་ནི་གཡོན་གྱི་ཞལ་ནས་སོ། །མདུན་གྱི་ཞལ་ནས་མི་རྣམས་དང་ནི་སླར་ཡང་རྒྱབ་ཀྱི་ཞལ་ནས་དུད་འགྲོ་རྣམས་ནི་ངེས་པར་སྤྲོས། །གཡས་ཀྱི་ཞལ་ནས་འབྱུང་པོ་ལྷ་རྣམས་
མཆོག་ཏུ་དཀར་བའི་ཞལ་ནས་དམྱལ་བ་རྣམས་དང་ལྷ་མིན་རྣམས། ༥༢ །མདུན་གྱི་ཞལ་ནས་སྤྲོས་པ་དག་ཀྱང་སྙིང་གའི་འཁོར་ལོ་ནས་འགྱུར་རྒྱབ་ཞལ་ལྟེ་བའི་འཁོར་ལོ་ནས། །གཡས་ཀྱི་ཞལ་ནས་ལོངས་སྤྱོད་རྫོགས་པ་ནས་འགྱུར་ཀུན་ཏུ་གཡོན་གྱི་ཞལ་ནས་ལྷན་ཅིག་སྐྱེས་པ་ནས། །
འཁོར་ལོ་རྣམས་ཀྱི་ཞལ་གྱི་དབུས་ནས་ལུས་ལ་དངོས་པོ་སྤྲོ་བ་དང་ནི་སྡུད་པ་ཉིད་དུ་འགྱུར། །འཇིག་རྟེན་གསུམ་པོ་མཐའ་དག་རྣམས་ཀྱང་རྒྱལ་བ་སྐྱེད་བྱེད་ཞལ་གྱི་དབྱེ་བ་རྣམས་ཀྱིས་ཡང་དག་གོ། ༥༣ །དཔལ་ལྡན་ཟླ་བ་ཟླ་བ་ཆུ་ཤེལ་རྣམ་པར་རྟོག་པ་མེད་པའི་རང་བཞིན་ལས་ནི་ཆུ་འབྱུང་བ། །

དེ་བཞིན་འཇིག་རྟེན་དུ་ནི་རྒྱལ་བའི་བདག་པོའི་ཕུང་པོ་ལ་བརྟེན་ཐམས་ཅད་མཁྱེན་པའི་ཆོས་འཛག་སྟེ། །ཆུ་ནི་ས་བོན་ཁམས་ལ་ཀུན་ཏུ་བརྟེན་ནས་རོ་མཉམ་འགྱུར་བ་ཇི་བཞིན་ཉིད་དུ་ཆོས་དག་ནི། །སེམས་ཅན་རྣམས་ཀྱི་དག་པའི་སེམས་ཀྱིས་རྣམ་པ་མང་
པོར་འགྱུར་ཏེ་སྔོན་གྱི་ལས་ཀྱི་མཐུ་ལས་སོ། ༥༤ །སྲིད་གསུམ་གནས་ན་སེམས་ཅན་དོན་གྱི་བྱེད་པོ་དང་ནི་ཡིད་བཞིན་ནོར་བུ་ལ་ཡང་བསམ་པ་མེད། །སེམས་ལ་གནས་ཏེ་མི་དགེ་འབྲས་བུའི་དབང་གིས་སྡིག་པའི་ལས་ཅན་སེམས་ཅན་རྣམས་ཀྱིས་མི་མཐོང་སྟེ། །ཡིད་བཞིན་ནོར་
བུའི་སྐྱོན་མིན་མི་དགེ་བ་དང་དགེ་བའི་འབྲས་བུ་སེམས་ཅན་ཐམས་ཅད་རབ་ཏུ་སྤྱོད། །སེམས་ནི་དག་ན་མི་དེ་ཡང་ནི་རྒྱལ་བའི་དབང་པོར་འགྱུར་ཏེ་རྒྱལ་བ་གཞན་གྱིས་ཅི་ཞིག་བྱ། ༥༥ །གང་གིས་མྱུ་གུ་འདི་སྐྱེད་སྐྱེད་པར་བྱེད་པ་དེ་ནི་དངོས་པོ་སྐྱེས་ནས་རྣམ་པར་ཉམས་པར་འགྱུར། །ཉམས་པ་
དེ་ཡིས་སྐྱེས་པར་རབ་ཏུ་འགྱུར་ཏེ་སླར་ཡང་ས་བོན་རྒྱལ་པོ་དག་གི་སྐྱེད་བྱེད་དོ། །སྔ་མ་གང་དེ་གཞན་གྱི་དངོས་ལས་ཤི་བ་ཞེས་པའི་ཚིག་སྟེ་རང་གི་ངོ་བོས་སྐྱེས་པ་མིན། །གང་གིས་སྟོང་པ་ནས་ནི་ས་ལ་འོངས་པ་བདེ་བའི་སྐད་ཅིག་དེ་ཡིས་སྟོབས་བཅུ་འགྲོ་བར་འགྱུར། ༥༦ །བདེ་ནས་བདེ་ལ་རྗེས་
ཆགས་སྐད་ཅིག་འདིར་ནི་ལྷན་སྐྱེས་དངོས་པོ་གཞན་ལ་རྗེས་སུ་ཆགས་པ་མིན། །ཕུང་པོ་གང་དག་དེ་ཡིས་བསྐྱེད་རྣམས་སླར་ཡང་བདེ་བའི་སྐད་ཅིག་དེ་ཡིས་སྐྱེད་པར་བྱེད་པ་སྟེ། །དག་པ་ལས་ཆོས་དེ་ལས་གཞན་ཏེ་སླར་ཡང་དེ་ལས་གཞན་དང་དེ་ལས་རྣམ་པར་དག་པའོ། །དག་པའི་ས་ལ་ས་
བོན་བཏབ་པ་ལས་ནི་རྩ་བ་རྣམས་དང་ལོ་མ་མེ་ཏོག་འབྲས་བུ་བཞིན། ༥༧ །ས་དང་ཆུ་དང་མེ་དང་རླུང་དང་རོ་དང་མཆོག་གི་རོ་སྟེ་ཕྲ་རབ་དག་ནི་རྣམ་པ་དྲུག །དྲི་ལ་སོགས་པ་རེ་རེས་དམན་ཞིང་ཡུལ་དང་རྣམ་པར་བྲལ་བ་མཐའ་མ་ཡེ་ཤེས་བལྟ་བྱ་རྣམས། །འདོད་པ་གཟུགས་དང་གཟུགས་མེད་
རྣམས་ནི་ཟུང་དང་ཟུང་དང་རི་བོང་ཅན་ཏེ་མཐའ་མ་ཆོས་ཀྱི་དབྱིངས། །རྣམ་པ་ཀུན་ལྡན་དེ་དག་ཀུན་ནས་རྟག་ཏུ་འཕོ་མེད་བདེ་བ་ལྷན་སྐྱེས་རྟེན་དུ་གྱུར་པའོ། ༥༨ །སླར་ཡང་ས་སོགས་ཁམས་ལ་ཕན་ཚུན་དུ་ནི་གཙོ་བོའི་དངོས་པོ་དག་ལ་ཆུང་བའི་དངོས་རྣམས་གནས། །ཕན་ཚུན་ཕུང་པོ་འབྱུང་བ་

དང་ནི་ཡུལ་དང་ཡུལ་ཅན་རྣམས་དང་ཕན་ཚུན་བདུད་དང་མ་རིག་པ། །ཕན་ཚུན་རྗེས་ཆགས་ལྔ་ནི་རོ་ཡི་འགྲོ་རྣམས་ལ་གནས་སྡུག་བསྔལ་དང་ནི་བདེ་བའི་སྐད་ཅིག་གི། །རྣམ་པ་ཐམས་ཅད་པ་རྣམས་ཀུན་ནས་གཞན་གྱི་ཡོན་ཏན་མི་དགའ་མི་ཕྱེད་རྡོ་རྗེ་ཡང་དག་གནས། ༥༩ །དེ་དག་
རྣམས་ཀྱི་དུས་ཀྱི་འཁོར་ལོ་རྫུ་འཕྲུལ་རབ་ཏུ་གསལ་བྱེད་ཆེན་པོ་དུ་མ་སྤྲུལ་པའི་སྐུ། །རྡོ་རྗེ་འབར་བ་འཕྲོ་བ་རྣམས་ཀྱིས་འདོད་པའི་ཁམས་ན་གནས་པ་ལྷ་མིན་དང་ནི་མི་རྣམས་དང་། །ལོངས་སྤྱོད་རྫོགས་པས་གཟུགས་ཅན་རྣམས་དང་མཁའ་ལ་རྒྱལ་བའི་སྲས་སོགས་དགྲ་བཅོམ་རྣམས་
ལ་ཆོས་སྐུ་ཡིས། །སྟོང་པའི་ཆ་ཡིས་སྲིད་གསུམ་མཐའ་དག་སྟོང་པའི་ཟད་པར་རླུང་རྣམས་ཀྱིས་ནི་རླུང་གི་ཟད་པར་ཏེ། ༦༠ །མེ་ཡི་ཆ་ཤས་རྣམས་ཀྱིས་མེ་ཡི་ཟད་པར་ཆུ་ཡང་འགྲོ་ལ་སྤྲོས་པའི་ཆུ་ཡི་ཆ་རྣམས་ཀྱིས། །འཛིན་མའི་ཆ་ཤས་རྣམས་ཀྱིས་ས་ཡི་ཟད་པར་ཚོགས་པའི་ཡུལ་རྣམས་
ཀྱིས་ནི་དངོས་པོའི་རང་བཞིན་ཀུན། །ཀུན་ནས་ནམ་མཁའ་དག་དང་མཚུངས་པ་གཅིག་གི་བདག་ཉིད་འདི་ནི་དག་པའི་ས་ལ་སྟོན་པར་བྱེད། །དེ་ལྟར་སངས་རྒྱས་སྐུར་འགྱུར་བདེ་བ་གཅིག་པུའི་རང་བཞིན་ཕྱིར་ན་འཆི་བར་ཡང་ནི་མི་འགྱུར་རོ། ༦༡ །དེ་གཅིག་པུ་ལས་རྣམ་པ་ལྔ་སྟེ་མཐའ་དག་
རྒྱལ་བ་མཆོག་རྣམས་ཀྱིས་ནི་མངོན་རྫོགས་བྱང་ཆུབ་འདི། །རྣམ་པ་ཉི་ཤུའི་རང་བཞིན་དང་ནི་སླར་ཡང་དེ་ནས་སྒྱུ་འཕྲུལ་དུ་མའི་རང་གི་ངོ་བོའོ། །དེ་ཡི་སྐད་ཅིག་གཅིག་ནི་བདེ་མཉམ་འབྲས་བུ་སྟེར་བར་འགྱུར་ཏེ་ལས་གཞན་གྱི་ནི་རང་བཞིན་མིན། །འདིར་ཐབས་འཕོ་མེད་སྐད་ཅིག་གང་ཡིན་
འདིར་ནི་ལྷན་སྐྱེས་ཆོས་ཀྱི་དབྱིངས་སུ་རབ་ཏུ་ཞུགས་པ་ལའོ། ༦༢ །མཐའ་ཡས་སངས་རྒྱས་ཞིང་རྣམས་དང་ནི་དཔག་མེད་ཡོན་ཏན་རྣམས་དང་ནམ་མཁའ་ལ་སོགས་ཁམས་རྣམས་དང་། །གནས་དང་སྐྱེ་དང་ཉམས་པ་རྣམ་གསུམ་ཞེས་པའི་སྲིད་པ་དང་ནི་འགྲོ་བ་དྲུག་ཏུ་སེམས་ཅན་ཀུན། །སངས་
རྒྱས་ཁྲོ་བོ་ལྷ་སོགས་རྣམས་དང་སྙིང་རྗེའི་ཐུགས་ལྡན་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས་རྣམས་ཏེ། །འདི་དག་རྣམས་ནི་སྲིད་པ་གསུམ་གྱིས་ཕྱག་བྱས་རྒྱལ་བ་བདེ་འབྱུང་གཅིག་པུའི་འཁོར་ལོ་གཅིག་ཡིན་ནོ། ༦༣ །སྤུ་དང་པགས་པ་ཤ་ཁྲག་རོ་དང་བཅས་པ་དག་ཀྱང་དེ་བཞིན་རུས་པ་དང་

ནི་རྐང་དང་རྩ། །དེ་དག་རྣམས་ལ་སྲོག་སོགས་རླུང་སྟེ་ཀུན་ནས་རླུང་གི་དབུས་སུ་ཉི་མ་ཟླ་བའི་བགྲོད་པའོ། །ཟླ་བའི་དབུས་སུ་དྲི་མེད་ནོར་བུ་བཞིན་དུ་དངོས་པོ་ཀུན་གྱིས་འཁྱུད་པའི་རྣམ་པར་ཤེས་པ་སྟེ། །དེ་ནི་དངོས་དང་དངོས་མེད་གཉིས་མེད་ཉིད་དང་མཆོག་གི་
བདུད་རྩིའི་གོ་འཕང་ཁྱབ་བྱེད་གཞོམ་མེད་དོ། ༦༤ །སྤུ་ལ་སོགས་པ་ཟླ་བའི་མཐའ་ནི་མཐའ་དག་ལུས་ལ་གནས་རྣམས་གང་ཞིག་ས་བཅུར་གསུངས་པ་རྣམས། །སྡེ་པ་དྲུག་དང་ལ་སོགས་གཞན་རྣམས་དེ་དག་དུས་ཀུན་རྣལ་འབྱོར་རྣམས་ལ་བདེ་མཉམ་འབྲས་བུ་སྟེར། །དེ་ཕྱིར་བླ་
མའི་ཞབས་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་ཐར་པའི་སླད་དུ་བཙལ་བར་བྱ། །ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་པ་མིན། ༦༥ །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་
ཁམས་ན་ཡོད་མ་ཡིན། །དེ་རྣམས་མཉེས་པར་བྱས་པས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །རྣལ་འབྱོར་པ་ནི་འཁུ་བར་བྱེད་ན་དམྱལ་བ་ངུ་འབོད་ལ་སོགས་ཆེན་པོའི་མཐའ་རུ་འགྲོ་བར་འགྱུར། །དེ་ཕྱིར་སེམས་ནི་དག་པ་ན་ཡང་མཁས་དང་མི་མཁས་སྐྱེ་བོ་
རྣམས་ལ་འགལ་བ་མི་བྱའོ། ༦༦ །སེམས་ཅན་དག་དང་འགྲོགས་པ་ཐོབ་ནས་མི་ཡི་བདག་པོ་དག་པའི་བྱམས་པ་ལ་སོགས་སེམས་སུ་འགྱུར། །མི་དགེའི་ཡོན་ཏན་དང་ལྡན་འཁོར་བ་པ་ནི་དྲུག་པོ་རྣམས་ཀྱི་ཞེ་སྡང་ཆགས་སོགས་སེམས་སུ་འགྱུར། །དུས་ཀུན་ཏུ་ནི་བྱང་ཆུབ་སེམས་
ཀྱང་འགྲོ་བ་དང་ནི་འགྲོ་བར་འདོད་པ་རྣམ་པ་གཉིས་སུ་འགྱུར། །ཐར་པར་འཇུག་པས་དམན་ཞིང་སྨོད་པ་རྣམ་པར་སྤངས་པ་དག་ནི་ཐམས་ཅད་དུས་སུ་བདུད་ཀྱི་སེམས། ༦༧ །སྲིད་པ་གསུམ་གྱི་གནས་སུ་བདུད་རྣམས་ཞི་བ་མིན་པ་དང་ནི་བྱང་ཆུབ་སེམས་དཔའ་ཞི་བ་བྱེད། །བདུད་ཀྱི་དབང་པོ་
རྫུ་འཕྲུལ་གྱིས་དམན་མཆོག་ཏུ་འཇིགས་བྱེད་ཡིན་ཏེ་སྟོན་པ་གཅིག་པུ་རྫུ་འཕྲུལ་ལྡན། །བདུད་རྣམས་ཀྱི་ནི་བདུད་ཀྱི་བློ་དང་སྐྱོབ་པ་རྣམས་ཀྱི་བདེ་བའི་བློ་གྲོས་གཞན་གྱི་སྙིང་ལ་འཇུག །དེ་ཕྱིར་སངས་རྒྱས་མཐུ་རྣམས་ཀྱིས་ནི་སྲིད་པ་གསུམ་པོ་མཐའ་དག་མཐའ་ཡས་དུས་སུ་འཇུག་

པར་འགྱུར། ༦༨ །རྒྱལ་བ་རྣམས་ཀྱིས་འཇིག་རྟེན་ཁམས་ལ་ཚད་གསུངས་གང་ཡིན་དེ་ཡང་མི་རྣམས་ཡེ་ཤེས་ཉིད་མ་ཡིན། །སངས་རྒྱས་རྣམས་ལ་ལྷན་སྐྱེས་ལུས་ཀྱི་དབང་གིས་ཁྲུ་ནི་གཅིག་དང་དུ་མ་དག་གི་ཚད་མེད་དེ། །ལས་ཀྱི་སར་ནི་སྲོག་ཆགས་རྣམས་ལ་སེམས་ཅན་རྗེས་
མཐུན་ཚད་དག་རྟག་ཏུ་རབ་ཏུ་གསལ་བར་བྱེད། །གལ་ཏེ་ཚད་འདི་བདག་གི་འདོད་པ་བརྗོད་ན་ལྷ་རྣམས་ཀྱིས་འདི་མེད་པ་པ་ཞེས་བརྗོད་པར་འགྱུར། ༦༩ །གང་གི་རྒྱལ་བའི་དབང་པོ་སྐྱེད་ཅིང་ཉིན་ཞག་སོ་སོའི་དབང་ལས་གང་གིས་མངལ་ནས་ངེས་པར་འབྱུང་། །སྐད་ཅིག་གང་
གིས་འགྱུར་བ་དག་དང་རྣམ་པར་བྲལ་བ་གྲུབ་ཅིང་གཡོ་བ་གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་སྤངས་ནས་ནི་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་གང་ཞིག་སྒོམ་བྱེད་པ། །དེ་ཡི་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བ་དག་ཀྱང་རིང་། ༧༠ །
ནིམ་པའི་ཤིང་ལས་རྒུན་འབྲུམ་མིན་ཏེ་དུག་ལས་བདུད་རྩི་དང་ནི་ཚངས་པའི་ཤིང་ལས་འདམ་སྐྱེས་དང་། །སྟོང་པ་ལས་ནི་མྱང་འདས་བདེ་བ་མི་དགེའི་དབང་ལས་དགེ་བ་སྲོག་ཆགས་གསོད་ལས་གྲུབ་པ་རྣམས། །མཆོད་སྦྱིན་དག་ལས་ཕྱུགས་རྣམས་མཐོ་རིས་མཆོག་ཏུ་ཞི་བའི་གོ་འཕང་
དབང་པོ་རྣམས་ནི་འགོག་ལས་མིན། །རིག་བྱེད་ལས་ནི་ཀུན་མཁྱེན་གསུང་དང་འགྱུར་མེད་བདེ་བ་གཡོ་མེད་འགྱུར་བ་མ་དག་སེམས་ལས་མིན། ༧༡ །སེམས་ཅན་རྣམས་ཀྱི་སྡིག་པའི་སེམས་ནི་མི་ཡི་བདག་པོ་བདུད་ཀྱི་ཚོགས་ཀྱིས་བྱིན་གྱིས་བརླབས་པར་འགྱུར། །བསོད་ནམས་ཡེ་ཤེས་
རྗེས་ཆགས་བདེ་སྟེར་དག་ཀྱང་རྟག་ཏུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་བརླབས་པའོ། །གང་ཕྱིར་བདེ་བའི་དམ་ཚིག་དབང་གིས་བདུད་དང་ཉོན་མོངས་བཅོམ་ནས་མྱ་ངན་འདས་པར་འགྲོ་བྱེད་པ། །དེ་ཕྱིར་བདུད་རྣམས་ཉི་མ་སོ་སོའི་དུས་སུ་དེ་དག་རྣམས་ལ་དུ་མ་ཡིས་ནི་བགེགས་
རྣམས་བྱེད། ༧༢ །རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །དེ་ནས་ཉི་མའི་གཟུགས་ནི་ལུས་དང་གདོང་དང་རྐང་པ་གཙུག་ཏོར་ཡན་ལག་ཐམས་ཅད་རྫོགས་པ་སྟེ། །གློག་གི་དབྱུག་པའི་རྗེས་མཐུན་འཕོ་མེད་བདེ་བ་སྐྱེད་པར་བྱེད་མ་

མཚན་ཉིད་ཡན་ལག་རབ་ཏུ་རྫོགས། །རྡོ་རྗེ་རྣམས་ཀྱིས་རབ་ཏུ་སྣང་བར་བྱེད་མ་སྲིད་གསུམ་གནས་ལུས་ཆོས་ཀྱི་དབྱིངས་ནི་དེ་ནས་འགྱུར། ༧༣ །འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་
དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་
ཀྱིས་བསྒོམ་པར་བྱ། ༧༤ །རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་གི་མེ་ཡི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ལེ་གང་གང་ཞུ་བ་འདི་ལས་མགྲིན་པ་སྙིང་ག་ལ་སོན་ལྟེ་བ་གསང་བ་དག་ལ་འགོག །ཐིག་ལེ་ལས་ནི་གཡོ་བའི་ཁུ་བ་རྡོ་རྗེ་ནོར་བུ་ལ་གནས་རྒྱལ་མཚན་རྩེ་ལ་འགོག་པ་གང་། །
དེ་ནི་ཤེས་རབ་ཡེ་ཤེས་སྐད་ཅིག་གལ་ཏེ་ཐིག་ལེའི་ཕྲེང་བ་འཕོ་བ་མེད་པས་བདེ་སྟེར་ནའོ། ༧༥ །དེ་ཕྱིར་གཡོ་མེད་བདེ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པ་འདིར་ནི་ཆོས་ཀྱི་དབྱིངས་ཀྱིས་སྟེར་བྱེད་དོ། །སྲོག་གིས་རོ་ཡི་འགྲོ་བ་རྣམས་ལ་གནས་པ་ཐམས་ཅད་བཀུག་ཅིང་ཉོན་མོངས་བདུད་རྣམས་བཅོམ་བྱས་
ནས། །རྫུ་འཕྲུལ་ཀུན་མཁྱེན་ས་དང་སྲིད་གསུམ་བླ་མ་ཉིད་ནི་རྣལ་འབྱོར་རྣམས་ཀྱི་སྐྱེ་བ་འདི་ལས་ཏེ། །གལ་ཏེ་ལམ་དུ་རབ་ཞུགས་ཤི་བར་འགྱུར་ན་དེ་ཚེ་དེ་ཡི་འཛིན་པས་སྐྱེ་བ་གཞན་ལའོ། ༧༦ །གང་ཞིག་ཡོན་ཏན་མེད་ཅིང་དངོས་ཆུང་ཡུལ་དང་རྣམ་བྲལ་དེ་ནི་སྐུ་ཡི་ཕྱག་རྒྱ་རྣམ་པ་གཉིས། །
དེ་ནས་ཆགས་པ་རྗེས་ཆགས་དང་ནི་ཡོན་ཏན་གཏེར་གཞན་དག་ཀྱང་གསུང་གི་རང་བཞིན་རྣམ་པ་གཉིས། །གནག་དང་དཀར་ལ་རྗེས་ཆགས་ཡུལ་གྱི་ཡོན་ཏན་ལ་དགའ་ཐུགས་ཀྱི་ཕྱག་རྒྱ་རྣམ་པ་གཉིས་འགྱུར་ཏེ། །བརྒྱད་དང་གཉིས་དང་ལྔ་དང་ལྔ་དང་གསལ་བར་མཁའ་དུས་དང་ནི་
སྟོང་པ་རིག་བྱེད་དག་གི་ལོ། ༧༧ །རིན་ཆེན་དབང་པོ་མི་འབྱུང་བར་དུ་རྒྱལ་བ་མཆོག་སྐྱེད་མ་ནི་རྣལ་འབྱོར་པ་ཡིས་བསྲུང་བར་བྱ། །རིན་ཆེན་དབང་པོ་རབ་ཏུ་འབྱུང་བའི་དུས་སུ་མཐའ་དག་ཡོན་ཏན་གཏེར་གྱི་དཀྱིལ་འཁོར་བཞེངས་བྱས་ནས། །སངས་རྒྱས་བྱིན་བརླབས་སྔགས་རྣམས་

ཀྱིས་ནི་གསང་བའི་པདྨར་བདེ་མཉམ་སྔགས་དང་བཅས་པ་སྤྲོ་བྱ་སྟེ། །གསང་བར་བསྲུང་བ་རབ་ཏུ་བྱས་ནས་རྡོ་རྗེ་ནོར་བུ་ལ་གནས་བྱང་ཆུབ་སེམས་ནི་མྱང་བར་བྱ། ༧༨ །དེ་ལ་གང་ཞིག་བུ་རུ་གྱུར་པ་རྒྱལ་བ་སྐྱེད་བྱེད་སྲས་པོ་དེ་ནི་འཇམ་པའི་རྡོ་རྗེ་ཉིད། །ཤེས་རབ་ལྷག་པ་ལས་ནི་འགའ་
ཞིག་ཚེ་ན་བུ་མོར་འགྱུར་ཏེ་ངེས་པར་སངས་རྒྱས་ཡུམ་དུ་འགྱུར། །དེ་ནས་གཞན་མ་མེ་ཏོག་གསུམ་གྱི་པདྨ་དཀར་འཛིན་ཛྃ་བྷ་ལ་དང་ཕྱག་ན་རྡོ་རྗེ་སྟེ། །མེ་ཏོག་བརྒྱད་ཀྱིས་གཞན་བརྒྱད་ཕྱོགས་དང་ཕྱོགས་བྲལ་དུ་གནས་རྫུ་འཕྲུལ་ཚད་ལྡན་ཁྲོ་བོའི་རྒྱལ་པོ་རྣམས། ༧༩ །ཟླ་བ་དེ་ལ་རྡུལ་གང་
རབ་ཏུ་བྱུང་བ་དེ་ནི་སླར་ཡང་འཇམ་དབྱངས་རབ་ཏུ་སྐྱེད་པ་སྟེ། །ལོ་ནི་ཉི་ཤུ་དག་གི་བར་དུ་སོ་སོའི་རྡུལ་ལ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་སྟེ། །དེ་ནས་སྟོང་པ་དང་ནི་རིག་བྱེད་བར་དུ་ཅུང་ཟད་སྙིང་སྟོབས་ཆ་ཤས་དམན་པར་རབ་ཏུ་འགྱུར། །སླར་ཡང་ལོ་ནི་ཉི་ཤུའི་བར་དུ་དེ་བས་
ཀྱང་ནི་སྙིང་སྟོབས་ཆུང་ཞིང་བརྩོན་འགྲུས་ཆུང་བའོ། ༨༠ །དེ་ནས་སྐྱེ་གནས་ལ་ནི་རྡུལ་མེད་ཡུལ་ནི་རབ་ཏུ་བཅོམ་པའོ་དེ་ཉམས་པ་ལས་དབང་མ་ཡིན། །འོན་ཀྱང་ས་བོན་ཉམས་པ་ལ་ནི་ཤེས་རབ་དབང་བསྐུར་རྒྱལ་བའི་དབང་པོའི་གསུང་གིས་སྦྱིན་པར་བྱ། །དེ་དག་རྣམས་ཀྱི་ས་ཆུ་མེ་རླུང་ནམ་མཁའི་
ཡོན་ཏན་རྒྱལ་བའི་ཡན་ལག་དག་གིས་བཙལ་བར་བྱ། །བྱང་ཆུབ་སེམས་ཀྱི་བསྙེན་པ་འདི་ནི་སེམས་ཅན་དོན་གྱི་བྱེད་པ་མོ་སྟེ་འབྲས་བུ་མང་པོར་འགྱུར། ༨༡ །གང་ཞིག་ཁྲག་ནི་འཐུང་བྱེད་རབ་མཆོག་ལྷ་མི་རྣམས་ཀྱི་སྦྲང་བུ་དེ་ནི་བདུད་རྩི་གཅིག་པུ་སྟེ། །སྐྱུགས་པ་སྙིང་ག་གསང་བའི་ཁ་ནས་
རྡོ་རྗེ་ནོར་བུ་ལ་གནས་ཆུ་སྐྱེས་ནང་དུ་རབ་ཞུགས་མིན། །བཤང་བ་གཅི་བ་ཁྲག་དང་ཤ་ནི་མཆོག་ཏུ་རོ་མཉམ་སྐྱུགས་པའི་དབུས་སུ་རབ་ཏུ་ཞུགས་པ་སྟེ། །འདི་དག་རྣམས་ནི་ཡེ་ཤེས་བདུད་རྩི་སྲིད་པ་གསུམ་གྱི་བླ་མ་ཡིས་ཀྱང་རྒྱུད་རྣམས་ཀུན་ཏུ་བསྟན། ༨༢ །ཤེས་རབ་ཆོས་འབྱུང་ལ་ནི་གང་
ཞིག་ལྷུང་བའི་བདེ་བ་དག་ཀྱང་རབ་ཏུ་འབད་པས་བསྲུང་བར་བྱ། །དེ་ཡིས་སེམས་ཅན་གང་དག་སུ་ཞིག་བྱུང་བ་དེ་ནི་རྒྱལ་བའི་རིགས་ལ་བྱང་ཆུབ་སེམས་དཔའ་ཉིད། །དེ་ཕྱིར་དེ་ནི་ཉིན་ཞག་སོ་སོའི་དུས་སུ་བདུད་ཀྱི་ཕོ་ཉ་སྲིན་པོ་རྣམས་ཀྱིས་ཟ་རུ་འཇུག །ཤེས་རབ་མེ་ཏོག་དང་ལྡན་ཟོས་པ་ཞི་བ་

བདེ་བའི་འབྲས་བུ་སྟེར་བར་སྟོན་དུ་འཇུག་པར་བྱེད། ༨༣ །མཆོག་གི་བདེ་བ་ལ་གནས་རྡོ་རྗེ་མ་འཁུམས་ཉིད་ཀྱི་བར་དུ་ཆུ་སྐྱེས་ལས་ནི་དབྱུང་མི་བྱ། །གང་ཚེ་འདོད་པ་གྲུབ་པ་དེ་ཡི་ཚེ་ན་འདི་ནི་སངས་རྒྱས་བྱིན་གྱིས་བརླབས་པར་རབ་ཏུ་འགྱུར། །རྡོ་རྗེ་ཆུ་སྐྱེས་དག་ནས་གཞུག་བྱ་
རང་གི་རྡོ་རྗེའི་སྙིང་གར་ཡེ་ཤེས་འཁོར་ལོ་རབ་བཅུག་སྟེ། །འདི་ཡིས་འོད་ཟེར་རྣམས་ཀྱིས་གཉི་གའི་ལུས་ནི་གང་བར་བྱས་ནས་རྣམ་པ་ཐམས་ཅད་པ་ཉིད་བྱེད། ༨༤ །གལ་ཏེ་འདི་ནི་གྲུབ་པར་མ་གྱུར་རྡོ་རྗེ་ནོར་བུ་ལ་ནི་ཡང་དག་གནས་པ་བཟའ་བར་བྱ། །ཤེས་རབ་ཀྱི་ནི་ཆོས་འབྱུང་གནས་ལ་
མཐའ་དག་རྒྱལ་བའི་རིགས་ནི་བསྲུང་བའི་དོན་དུ་དགོད་པར་བྱ། །ཤེས་རབ་ལྡན་པ་ལའོ་དེ་ནས་གཅིག་པུ་ལ་སྟེ་སླར་ཡང་གསུང་ནི་རབ་གསུངས་སངས་རྒྱས་སྐུ། །གང་སུ་འདི་ནི་ཉམས་ལ་མངོན་པར་དགའ་བྱེད་གཡོན་ཅན་དེ་ནི་རྡོ་རྗེ་ཅན་གྱིས་གསོད་པར་བྱེད། ༨༥ །སྲིད་པ་གསུམ་གྱི་བདག་པོས་
དྲག་པོའི་ལས་ཀྱི་རང་བཞིན་དུ་མའི་སྔགས་རྣམས་རབ་ཏུ་གསུངས་པ་གང་། །དེ་དག་ཐམས་ཅད་བདུད་ཀྱི་ཕྱོགས་ཉམས་འཇིགས་པ་སྐྱེད་བྱེད་སྲོག་ཆགས་རྣམས་ལ་ནམ་ཡང་མ་ཡིན་ནོ། །གང་ཞིག་དྲན་པ་རྣམས་ཀྱི་བྱེད་པོ་གཡུལ་གྱི་ཡུལ་ལ་དགའ་ཞིང་གསོད་བྱེད་གཞན་ཡང་མུ་སྟེགས་པ། །དེ་
རྣམས་ལ་ནི་མཆོག་གི་རྒྱལ་སྲས་རྣམས་ཀྱིས་སྲོག་ཆགས་བསྲུང་བའི་དོན་དུ་དེ་དག་སྦྱར་བར་བྱ། ༨༦ །མཁའ་འགྲོ་རྡོ་རྗེ་སྔོན་རྣམས་ཕྱུགས་ཀྱི་སྐྱེ་བོ་གསོད་ལ་སངས་རྒྱས་པ་ཡིས་གསོལ་བ་གདབ་མི་བྱ། །སེམས་ཅན་རྣམས་ནི་བསྲུང་བའི་དོན་དུ་སྲིད་པ་གསུམ་གྱི་བླ་མས་འཇིག་རྟེན་ཁམས་སུ་སྤྲོས་པ་སྟེ། །དེ་
ཕྱིར་དེ་རྣམས་ཉིན་ཞག་སོ་སོའི་དུས་སུ་སྲུང་བར་བྱེད་ཅིང་སྒྲུབ་པ་པོ་ལ་སྡང་བར་བྱེད། །བསྒྲུབ་བྱ་དག་ནི་ལས་ཀྱི་མཐུ་ཡིས་ཤི་བར་གྱུར་ན་འདི་ནི་སྒྲུབ་པ་པོ་ཡི་བདུད་ཡིན་ནོ། ༨༧ །སྐྱེས་བུ་རྣམས་ཀྱི་སེམས་ནི་ཀུན་ནས་མི་དགེའི་འབྲས་བུའི་དབང་གིས་ཕྲན་ཚེགས་རིག་པ་ལ་རྗེས་ཆགས། །རིག་པ་འདི་
ཡིས་སྲིད་པ་གསུམ་པོ་མཐའ་དག་སྐད་ཅིག་གིས་ནི་བདག་གི་དབང་དུ་བྱེད་པའོ། །ཞེས་པའི་བསམ་པ་བརྐམ་ཆགས་སེམས་ཀྱི་ཡེ་ཤེས་སྦྱིན་པ་རྣམ་པར་སྤངས་ནས་དམྱལ་བར་རབ་ཏུ་འཇུག །རྒྱབ་ཏུ་རྫས་དང་རང་གི་ཁྱིམ་ཐབ་གཞན་གྱི་དབང་འགྱུར་ཀྱེ་མ་ངན་པའི་ཆོས་ལ་རབ་ཏུ་འཇུག ༨༨ །

ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་
ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། ༨༩ །རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་བྱུང་བར་གྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་
དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། །བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་གི་པདྨ་རལ་གྲི་དོན་ཡོད་གྲུབ་པར་བྱུང་བར་གྱུར། ༩༠ །ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་གང་དུས་མཐའི་རྩེ་མོ་ཅན་མཚུངས་དེ་ནི་མཁའ་འགྲོ་
མར་བྱུང་གྱུར། །གཏི་མུག་དག་ལས་སྤྱན་མ་ཞེས་བྱ་མཆོག་གི་སྙིང་རྗེ་མཱ་མ་ཀཱི་ནི་ང་རྒྱལ་རྒྱུ་ལས་སོ། །ཆགས་ལས་དེ་ནི་གོས་དཀར་ཞེས་བྱ་མཐའ་དག་ཡོན་ཏན་གཏེར་ཏེ་སྒྲོལ་མ་ཡང་ནི་ཕྲག་དོག་ལས། །སྣ་ཚོགས་གཟུགས་ཅན་གཉིས་པོ་འདི་དག་གཡུལ་དང་ཡུལ་ཅན་གཞན་
རྣམས་ཐམས་ཅད་དུ་ཡང་བྱུང་བར་གྱུར། ༩༡ །ཕུང་པོ་ལྔ་ཡི་རང་བཞིན་རྣམས་ཀྱིས་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་པ་བརྩེ་བ་ཡིས། །ངེས་པ་རྣམ་པར་མ་བསྒྲུབས་བསོད་ནམས་མིན་པ་བསགས་པའི་སེམས་ཅན་རྣམས་ནི་སྨིན་པའི་དོན་དུ་སྟེ། །གཙང་མའི་གནས་ལ་སོགས་
པར་བཅོམ་ལྡན་གང་ཞིག་རྣམ་པར་བཞུགས་པ་ཉན་ཐོས་རྣམས་ཀྱི་སླད་དུའོ། །གང་ཞིག་ཨེ་ཝྃ་ཡི་གེ་ལ་གནས་མཆོག་གི་ངེས་པ་ཅན་རྣམས་མཆོག་ལ་དགོད་པའི་དོན་དུའོ། ༩༢ །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སྐུ་དང་གསུང་དང་ཐུགས་ཀྱི་དབྱེ་བ་རྣམས་ཀྱིས་དུས་ཀུན་ཏུ། །ངེས་པར་
རྡོ་རྗེ་ཅན་གྱི་བཞུགས་པ་རྣམ་གསུམ་ཕྱི་དང་ནང་དང་གཞན་དུ་ཡང་ནི་རབ་ཏུ་འགྱུར། །ཕྱི་རོལ་སྣ་ཚོགས་ཕྱོགས་སུ་འགྱུར་ཏེ་མཆོག་གི་ལུས་ལ་སྲོག་གི་རླུང་ནི་རབ་ཏུ་རྒྱུ་བའོ། །ཁྱབ་བདག་གི་ནི་ས་སོགས་དཀྱིལ་འཁོར་དག་ལ་རབ་གྱུར་གང་དེ་རྡོ་རྗེ་བཙུན་མོའི་བྷ་ག་ལ། ༩༣ །སྒྲ་ལ་སོགས་ལ་

གང་ཞིག་རང་སེམས་འགྲོ་སྟེ་ཡུལ་མེད་པ་ཡང་གཞན་ནི་དེ་བཞིན་ཁོ་ནའོ། །གང་ཞིག་ཨེ་ཝྃ་ཡི་གེ་ལ་གནས་མཆོག་ཏུ་བདེ་བའི་གནས་ལ་སྐུ་གསུང་ཐུགས་ནི་ཞུགས་པའོ། །གཅིག་པུ་རྡོ་རྗེ་ཅན་ནི་དབྱེ་བ་གསུམ་སྟེ་ཡུལ་དང་ཡུལ་ཅན་ཁམས་རྣམས་ཀྱིས་ཀྱང་བསྐོར་
བའོ། །དུས་གསུམ་གནས་གསུམ་དུ་བཞུགས་སྲིད་པ་གསུམ་དུའང་གནས་པ་སེམས་ཅན་དུ་མའི་དོན་གྱི་སླད་དུའོ། ༩༤ །རྒྱུད་རྣམས་དག་ལས་འདི་སྐད་བདག་གིས་ཐོས་ཞེས་གསུངས་པ་གང་དེ་འདི་ལྟར་བདག་གིས་ཤེས་པ་སྟེ། །རྡོ་རྗེ་ཅན་ནི་ཟླ་བ་ཞུ་ལས་རྡོ་རྗེ་གང་ཞིག་སྤྱི་མགྲིན་སྙིང་
གའི་ཆུ་སྐྱེས་ལྟེ་གསང་དང་། །བུད་མེད་རྣམས་ཀྱི་བྷ་གར་དེ་ནི་ཐིག་ལེ་གྲོལ་བ་གསུམ་གྱིས་མཆོག་གི་པདྨ་ལ་གནས་པ། །དེ་འདིར་སངས་རྒྱས་ཞིང་དུ་རབ་ཏུ་ཞུགས་པ་བཅོམ་ལྡན་འདས་སུ་རྣལ་འབྱོར་རྣམས་ཀྱིས་རིག་པར་བྱ། ༩༥ །སྐྱེ་བ་སྔ་མར་རང་གི་སྙིང་གིས་བསྐྱེད་པའི་ཞི་
དང་ཆགས་པ་ལ་སོགས་དངོས་པོ་རྣམས་ཀྱི་ནི། །བག་ཆགས་སྟོབས་ཀྱིས་འཁོར་ལོར་གནས་པ་གཅིག་ནི་དུ་མར་མཐོང་སྟེ་སྨོན་ལམ་ཡོན་ཏན་དབང་གིས་སོ། །དོན་གཅིག་དུ་མའི་སྐད་ནི་རང་རང་དངོས་པོ་རྣམས་ཀྱིས་སྲོག་ཆགས་རྣམས་ཀྱི་སྙིང་ལ་རབ་ཏུ་འཇུག །གནས་ཅན་རྣམས་ཀྱི་བསོད་
ནམས་སླད་དུ་འཁོར་ལོ་ལ་གནས་བསོད་སྙོམས་ལ་ནི་རྣམ་པར་རྒྱུ་རུ་གཤེགས། ༩༦ །དུད་འགྲོ་ཡི་དགས་ལྷ་མིན་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང་། །
རང་རང་སྐད་གཞན་དག་གིས་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ནོ། ༩༧ །སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་
མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རྣམས་ཀྱི་རང་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བའོ། ༩༨ །

རྒྱལ་བའི་སྐུ་ཡི་རྡོ་རྗེ་ཡུལ་དང་ཡུལ་ཅན་རྣམས་ཀྱི་བགྲོད་བྱ་མིན་པ་རྣམ་པ་ཐམས་ཅད་པ། །གསུང་གི་རྡོ་རྗེ་སེམས་ཅན་ཐམས་ཅད་རང་སྙིང་སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱི་རྡོ་རྗེ་སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་ས་ལ་གནས། །
དྲི་མེད་ནོར་བུ་ལྟ་བུ་དངོས་པོ་རྣམས་ཀྱི་འཛིན་བྱེད་གང་ཡིན་དེ་ཉིད་ཡེ་ཤེས་རྡོ་རྗེའོ། ༩༩ །སྦྱིན་པ་ལ་སོགས་བདེ་མཉམ་འབྲས་སྟེར་དྲུག་དང་བཞི་རྣམས་ནུས་མ་བཅུ་པོ་དེ་དག་རྣམས་སུ་གསུངས། །དེ་དག་རྣམས་ཀྱི་ཐབས་ནི་དག་པ་མཆོག་གི་རྣམ་བཅུ་སེམས་ཀྱིས་གང་བའི་བུམ་པ་དེ་དག་རྣམས། །
བདུད་དང་ཉོན་མོངས་ཉམས་པ་འདོད་པ་ཞེས་དང་འཕྲོག་བྱེད་རྡོ་རྗེའི་ཚོགས་ནི་ལྗོན་པ་ལ་སོགས་རྣམས། །ཕྱག་རྒྱ་དྲུག་རྣམས་སྟོང་པ་དྲུག་སྟེ་སྲིད་གསུམ་སྐྱེད་པར་བྱེད་པ་ཡེ་ཤེས་རྣམ་ཤེས་གཅིག་པུའོ། ༡༠༠ །འཁོར་ལོ་སྲིད་གསུམ་ཀུན་ནས་དང་བ་ཞེས་པ་བདེ་བ་རིན་ཆེན་འདི་ཡི་ཆགས་པ་ཉིད་
དག་ནི། །པདྨའོ་ཉོན་མོངས་ཟད་པ་རལ་གྲི་རྡོ་རྗེ་དག་ཀྱང་ཡེ་ཤེས་སྐུ་ཆེན་རྣམ་པར་མི་ཕྱེད་པའོ། །མི་ཤེས་གཅོད་པ་གྲི་གུག་མཆོག་གི་རིགས་དྲུག་རྣམས་ཏེ་འདི་དག་རྣམས་ཀྱིས་བསྐྱེད་པ་གང་ཡིན་པ། །ཕུང་པོ་ཁམས་དང་དབང་པོ་ལ་སོགས་མཁའ་བཞིན་རོ་མཉམ་དེ་དག་རྣམས་
ཀྱང་དེ་བཞིན་རིག་པར་བྱ། ༡༠༡ །གང་དུ་ངེས་པར་རིགས་ཀྱི་གཟུགས་ནི་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཆེན་པོའི་གཟུགས་སུ་གསུངས། །གང་དུ་འཁོར་བའི་སྡུག་བསྔལ་ཉམས་པ་ཉིད་དུ་གྱུར་པ་དེ་ནི་ཚོར་བ་ཆེན་པོར་གསུངས་པ་སྟེ། །གང་དུ་འཁོར་བའི་འདུ་ཤེས་ཉམས་པ་ཉིད་དུ་གྱུར་པ་
དེ་ནི་རྡོ་རྗེའི་འདུ་ཤེས་ཆེན་པོའོ། །གང་དུ་འཁོར་བ་འཕེལ་བ་ཉམས་པ་ཉིད་དུ་གྱུར་པ་དག་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། ༡༠༢ །གང་དུ་གཉིད་ལ་སོགས་པའི་གནས་སྐབས་ཉམས་པ་ཉིད་དུ་གྱུར་པ་དེ་ཡང་རྣམ་པར་ཤེས་པར་གསུངས། །གང་དུ་ཤེས་པ་མིན་པའི་དངོས་པོ་ཉམས་པ་ཉིད་དུ་གྱུར་པ་
དེ་ནི་ཐུབ་པའི་ཡེ་ཤེས་ཉིད། །འདི་དག་རྣམ་པར་སྣང་མཛད་ལ་སོགས་མཆོག་གི་རྒྱལ་བ་མཆོག་ནི་རྣམ་པ་དྲུག་སྟེ་རིགས་དྲུག་རྣམས། །གཞན་གྱི་ཁམས་དྲུག་དབྱེ་བ་རྣམས་ཏེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞི་བ་རྣམས། ༡༠༣ །གང་དུ་གཏི་མུག་མཐའ་དག་ཉམས་པ་

ཉིད་དུ་གྱུར་པ་སྤྱན་མ་ཡིན་ཏེ་དེ་ནི་འཛིན་མའོ། །གང་དུ་ང་རྒྱལ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་མཱ་མ་ཀཱི་སྟེ་དེ་ནི་ཆུ་ཉིད་དོ། །གང་དུ་ཆགས་པ་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་གོས་དཀར་མོ་སྟེ་དེ་ནི་མེ་ཡིན་ནོ། །གང་དུ་ཕྲག་དོག་མཐའ་དག་ཉམས་པ་ཉིད་
དུ་གྱུར་པ་སྒྲོལ་མ་ཡིན་ཏེ་དེ་ནི་རླུང་ཡང་ངོ་། ༡༠༤ །གང་དུ་ཞེ་སྡང་མཐའ་དག་ཉམས་པ་ཉིད་དུ་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །གང་དུ་སེར་སྣ་ཐམས་ཅད་ཉམས་པ་ཉིད་དུ་གྱུར་པ་སྣ་ཚོགས་ཡུམ་སྟེ་དེ་ནི་འགྱུར་མེད་དོ། །མཐོང་དང་མ་མཐོང་གཟུགས་ནི་ཡིད་དང་ནམ་
མཁའ་ལ་ཡང་ལྟ་བར་བྱེད་པ་གང་ཡིན་དེ་ནི་མིག །རིང་ནས་སྒྲ་ནི་རབ་ཏུ་གསལ་བ་བཞིན་དུ་ཐོས་པ་འདི་ནི་རྒྱལ་བའི་རྣ་བ་ཆེན་པོའོ། ༡༠༥ །མཆོག་གི་བདེ་བ་བྱེད་པའི་དྲི་ནི་ཐམས་ཅད་འཛིན་པ་དེ་ནི་ཁྱབ་བདག་གི་ཡང་སྣ་བཟང་པོ། །རང་གིས་ཟླ་བའི་བདུད་རྩི་བདེ་སྟེར་དག་ཀྱང་རྟག་ཏུ་
མྱང་བར་བྱེད་པ་གང་ཡིན་དེ་ནི་ལྕེ། །རྡོ་རྗེའི་རེག་བྱ་ཀུན་ནས་འཕྲོག་པ་གང་ཡིན་དེ་ནི་རྟག་ཏུ་རྡོ་རྗེ་ལུས་ཀྱི་དབང་པོ་སྟེ། །ཐབས་དང་ཤེས་རབ་རབ་ཏུ་འགྲོགས་ལས་བདེ་མཉམ་ལ་འཇུག་ཡིད་གང་ཡིན་པ་དེ་ནི་འདི་ཡི་ཆོས། ༡༠༦ །དབྱེ་བ་དྲུག་གིས་ཕྱེ་བའི་ཡུལ་དང་ཡུལ་ཅན་འདི་དག་བྱང་ཆུབ་སེམས་
དཔའ་བཙུན་མོར་བཅས་པ་རྣམས། །གཟུགས་ལ་གཟུགས་ལ་སོགས་པ་འདི་དག་རྒྱལ་བ་མཆོག་གི་ཡུལ་རྣམས་རྣམ་པ་དྲུག་སྟེ་ཀུན་ནས་ནི། །དང་ཞིང་མ་སྐྱེས་མ་འགགས་མཆོག་གི་བདེ་བྱེད་གོས་པ་མེད་ཅིང་ཡེ་ཤེས་ཀྱིས་ནི་རྟོགས་བྱ་སྟེ། །ཁམས་གསུམ་དག་ཏུ་གཞན་གྱིས་གཟུང་བྱ་དང་
ནི་མཐའ་དག་འགྲོ་བའི་དབང་པོའི་སྒོ་ཡིས་རྟོགས་བྱ་མིན། ༡༠༧ །ཡེ་ཤེས་དགུག་པར་བྱེད་པ་འདིར་ནི་སླར་ཡང་ཤིན་ཏུ་སྟོབས་ཏེ་དེ་ནི་གཞུག་པ་རྨུགས་བྱེད་ཀྱིས། །རེངས་བྱེད་དེ་ནི་བཅིང་བ་ངེས་པར་མཆོག་གི་བདེ་བའི་དབང་གིས་ཁེངས་བྱེད་ཀྱིས་ནི་མཉེས་པ་ཡང་། །ཡེ་ཤེས་འཁོར་ལོ་དག་ལ་
འཁོར་ལོ་རོ་ནི་མཉམ་པར་བྱེད་པ་རྡོ་རྗེ་ཤུགས་ཀྱིས་བྱེད་པ་སྟེ། །དེ་བཞིན་ཁྲོ་བོའི་ལྷ་མོ་རྣམས་ནི་རབ་གསལ་ངེས་པར་རྣལ་འབྱོར་མ་ཡི་རྒྱུད་ཀྱི་སྐུ་ལའོ། ༡༠༨ །སྲིད་པ་གསུམ་གྱི་གནས་སུ་བདུད་རྣམས་དག་ལ་བསྣུན་པ་ངེས་པར་དབྱུག་པ་སྔོན་པོས་བྱེད་པ་སྟེ། །བཅིང་བ་ཁྲོ་བོ་མི་གཡོ་དུས་

མཐའི་ཉི་མ་དང་མཚུངས་མཐའ་ཡས་བརྩོན་འགྲུས་ཀྱིས་ནི་ཕུར་བུས་གདབ། །འདོད་པས་དེ་ཡིས་བརྩོན་འགྲུས་ཉམས་པས་ས་གཞི་ལ་གནས་རེངས་པར་བྱེད་པ་གནོད་མཛེས་ཉིད་ཀྱིས་སོ། །གཙུག་ཏོར་གྱིས་ནི་རྫུ་འཕྲུལ་ཉམས་པ་རབ་ཏུ་གསལ་ཞིང་ངེས་པར་སྔར་བཞིན་ཁྲོ་བོའི་ལྷ་མོ་
རྣམས། ༡༠༩ །ཡི་དགས་རྣམས་ནི་སྨིན་པའི་དོན་དུ་དེ་ནས་ཙཪྩི་ཀཱ་ལ་སོགས་པ་སྤྲོས་པར་གྱུར་པ་སྟེ། །སྐྱེ་བོ་རྣམས་ནི་བསྲུང་བའི་དོན་དུ་དབང་པོ་ལ་སོགས་ལྷ་རྣམས་དེ་བཞིན་ཕྱོགས་དང་ཕྱོགས་བྲལ་དུ། །ཀླུ་རྣམས་སྨིན་པར་བྱ་བའི་དོན་དུ་གདེངས་ཅན་རིགས་ནི་མཐའ་དག་རྡོ་རྗེ་ཅན་གྱིས་
ངེས་པར་སྤྲོས། །ལྷ་མིན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་ཁྱི་ཡི་གདོང་མ་ཆེན་མོ་ལ་སོགས་རྣམས་ཀྱང་སྤྲོས། ༡༡༠ །གཞན་གང་ཅུང་ཟད་སྤྲོས་པ་ཡོད་པ་དག་ཀྱང་ཁྱབ་བདག་དཀྱིལ་འཁོར་ལ་ནི་འབྱུང་པོ་ལས་སྐྱེས་མཐར། །སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམ་མང་འདི་
དག་རང་གི་ལུས་ལ་རིག་པར་བྱ། །དེ་བཞིན་རྒྱུད་དང་སྔགས་ནི་རྣམ་མང་རིགས་ལ་གནས་རྣམས་རྣལ་འབྱོར་མ་དང་རྣལ་འབྱོར་དབྱེ་བ་སྟེ། །འདི་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། ༡༡༡ །གང་ཞིག་ཤེས་རབ་ཀྱི་ནི་ནུ་མ་ལ་རེག་གཞན་པ་
བདུད་རྩི་མྱང་དང་འཁྱུད་པ་གང་ཡིན་དང་། །ཤེས་རབ་དང་འགྲོགས་བྱང་ཆུབ་སེམས་ནི་ཞུ་བ་དག་ལ་བཞི་པའི་སྐད་ཅིག་བདུད་རྩི་རྟོགས་པ་གང་། །དེ་དག་ཐམས་ཅད་ངེས་པར་འཇིག་རྟེན་པ་སྟེ་མཆོག་གི་སྙིང་རྗེ་ཡིས་ནི་ལམ་གྱི་རྒྱུ་རུ་བསྟན། །འཇིག་རྟེན་འདས་པའི་དབང་གང་མཆོག་གི་
རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ། ༡༡༢ །སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལས་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་
ཏུ་རྒྱས་པ་དེ་ནི་བདུད་ཚོགས་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་ཀྱང་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། ༡༡༣ །ཤེས་རབ་ཡེ་ཤེས་དག་ནི་སེམས་དང་དེ་ཡི་སྣང་བ་དག་ཀྱང་རྣམ་པ་བཅུ་པོ་ཉིད་དུ་འགྱུར། །དབང་

ནི་དྲི་མེད་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུ་འདི་ལ་ཞུགས་པ་གང་ཡིན་པ། །དེ་ལས་མྱ་ངན་འདས་པའི་བདེ་བ་འཕོ་མེད་ལྷན་ཅིག་སྐྱེས་པ་འགྱུར་མེད་ཉིད་ནི་བཞི་པ་སྟེ། །སངས་རྒྱས་ཞལ་འདི་གང་གི་སྙིང་དང་ཁ་ལ་གནས་པར་གྱུར་པ་དེ་ནི་དཔལ་
ལྡན་བླ་མའོ། ༡༡༤ །ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམས་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་
ལེ་མཐོང་བར་འགྱུར། །དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། ༡༡༥ །ནམ་མཁའ་ཆུ་འཛིན་བྲལ་བ་དག་ནི་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁཱ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་
མཐོང་བར་གྱུར་གྱི་བར་དུའོ། །དེ་ལ་ཀུན་མཁྱེན་གཟུགས་ནི་ཆུ་ལ་ཉི་མ་ལྟ་བུ་གོས་པ་མེད་པ་ཁ་དོག་སྣ་ཚོགས་ཏེ། །རྣམ་པ་ཀུན་ལྡན་རང་སེམས་ཡུལ་དང་རྣམ་པར་བྲལ་བ་དག་གོ་སེམས་ནི་གཞན་པ་མིན་པ་ཉིད། ༡༡༦ །གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགོག་
པར་རབ་བྱ་སྟེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་ཡོངས་སུ་བསྐོར་ཅིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཟླ་བ་དྲུག་གི་སྡོམ་བརྩོན་རྣམས་ཀྱི་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཆགས་དང་ཆགས་བྲལ་མཐའ་ཐོག་ལ་གནས་སྐད་ཅིག་མ་ཡང་ཁྱབ་བདག་གི་
ནི་དབུགས་ཀྱི་གྲངས་འཕེལ་ལོ། ༡༡༧ །ཨོཊྚཱ་འབར་བའི་བར་དང་ཁྱད་པར་དགའ་བ་ལྷན་སྐྱེས་དག་དང་ཡེ་ཤེས་རྣམ་ཤེས་དག་གི་དབུས། །གཉིད་དང་གཉིད་ཡུར་མཚམས་སུ་རྡོ་རྗེ་པདྨ་དག་གི་གཉིས་གཉིས་སྦྱོར་བ་ལ་ནི་བདེ་བ་གང་། །དེ་ཡི་འཕེལ་བ་རབ་ཏུ་བྱ་སྟེ་བླ་མའི་ངེས་པའི་དབང་གིས་འཕེལ་
འགྱུར་འདི་ལ་ངོ་མཚར་མེད། །ཉོན་མོངས་བདུད་རྣམས་བཅོམ་ནས་རྒྱལ་བའི་བདག་པོར་འཇུག་སྟེ་ལོ་ཡི་སྦྱོར་བས་རྣལ་འབྱོར་བཟང་པོའོ། ༡༡༨ །ས་ཡིས་རྣམ་པ་སྲ་བ་མིན་ཞིང་ཞུ་བ་ཆུ་ལུས་ཁུ་བ་མིན་ཏེ་གཤེར་བ་ཉིད་མིན་ཕྱིར། །མེ་ཡི་རྣམ་པ་མེ་མིན་གཡོ་བ་རླུང་གི་ལུས་ནི་གང་ཞིག་གཡོ་

བ་མིན་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་བལྟ་བྱ་དཀར་དང་ལྗང་དང་ཁ་དོག་སྣ་ཚོགས་ཆེན་པོ་ཁ་དོག་མིན། །རྣམ་པ་ཐམས་ཅད་པ་ཡང་བལྟ་བྱ་མིན་ཏེ་རང་སྙིང་དྲི་མ་ཉོན་མོངས་བདུད་ཀྱི་མཐུ་ལས་སོ། ༡༡༩ །ནཱ་ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་རྒྱུད་དུ་
བཅིངས་པའི་རྩ། །སྲོག་དང་ཐུར་སེལ་ལམ་གསུམ་རྣམས་ཏེ་རྡོ་རྗེ་དང་བཅས་པདྨ་རྡོ་རྗེ་ཆུ་སྐྱེས་ལྡན་པ་ཉིད། །རླུང་གཉིས་ཡང་དག་ཕྲད་པའི་དབུས་སུ་ཡུལ་རྣམས་ཡུལ་ཅན་རྣམས་ནི་འབྱུང་དང་རབ་ཏུ་འཇུག་པ་སྟེ། །དུ་བ་ལ་སོགས་རྣམས་ཀྱི་མཚན་མ་འཛིན་པ་དག་ཀྱང་གང་ཞིག་
འདི་དག་ཐམས་ཅད་གསང་བར་བྱ། ༡༢༠ །དབུ་མར་སྲོག་ནི་རབ་གཞུག་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་བཅིང་། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་། །པདྨར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་
དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ས་བོན་གཏོང་བ་མིན་པའི་བདེ་བ་དེ་ནི་འཆི་བའི་འཇིགས་འཕྲོག་འདི་ནི་དཔལ་ལྡན་བླ་མའི་ཞལ། ༡༢༡ །ས་ནི་ཆུ་ལ་རབ་ཏུ་འཇུག་ཅིང་ཆུ་ཡང་འབར་བྱེད་ལ་སྟེ་གཙང་བར་བྱེད་པ་རླུང་ལའོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་ངེས་པར་མཚན་མ་རྣམ་པ་བཅུ་རུ་
འགྱུར་ཞིང་མཚན་མ་ནི། །རྣམ་པ་ཐམས་ཅད་པ་རུ་འགྱུར་ཏེ་མི་ཟད་མཆོག་གི་བདེ་བ་གཞོམ་དུ་མེད་པ་ཡེ་ཤེས་སྐུ། །ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་ཏུ་འགྱུར་མི་བདག་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདི་ཉིད་ལའོ། ༡༢༢ །འདོད་པ་སྤྲུལ་པའི་སྐུར་ནི་ངེས་པར་རབ་ཏུ་འགྱུར་ཏེ་རྫོགས་པ་དག་
ནི་དེ་ཡི་གསུང་ཉིད་དོ། །འབར་བ་སྤྲུལ་པའི་ཐུགས་ཏེ་འདི་ཡི་མཆོག་གི་བདེ་བ་བྱེད་པའི་ཡེ་ཤེས་དག་ནི་ཨོཊྚཱ་ཉིད། །དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཆོག་དགའ་དང་བཅས་ཁྱད་པར་དགའ་བ་རིམ་པས་འདི་ཡི་ནི། །གསུང་དང་ཐུགས་སོ་ལྷན་ཅིག་སྐྱེས་པའི་དགའ་བ་ཉིད་ཀྱང་
བདེ་འབྱུང་འདི་ཡི་ཡེ་ཤེས་རྡོ་རྗེར་འགྱུར། ༡༢༣ །འདར་བ་ཉིད་ནི་སྲིད་པ་གསུམ་གྱིས་བཏུད་པ་ཆོས་ཀྱི་སྐུ་སྟེ་འབྱུང་བ་དེ་ཡི་གསུང་དུ་འགྱུར། །གཉིད་ཡུར་གཉིད་ནི་ཆོས་ཀྱི་ཐུགས་ཏེ་གཉིད་ནི་འདི་ཡི་སྲིད་པའི་འཇིགས་འཇོམས་ཡེ་ཤེས་ཁོ་ནའོ། །ཡི་གེ་ཉིད་ནི་དག་པའི་སྐུ་སྟེ་དབྱངས་

དང་བྲལ་བའི་ཆ་དང་ཐིག་ལེ་ནཱ་ད་རིམ་པ་ཡིས། །བདེ་འབྱུང་དག་པའི་སྐུ་ཡི་གསུང་དང་ཐུགས་དང་ཡེ་ཤེས་རྡོ་རྗེ་རྣམ་གསུམ་སྲིད་པར་གནས་པའོ། ༡༢༤ །སད་པ་དང་ནི་རྨི་ལམ་རང་བཞིན་སླར་ཡང་གཞན་པ་འདི་ནི་གཉིད་དང་བཞི་པའི་རང་བཞིན་ནི། །ལུས་ལ་
གནས་དང་དབུགས་ལ་ཞེན་པ་ཡུལ་རྣམས་རྣམ་པར་དཔྱོད་ཅིང་གཡོ་མེད་སེམས་ལ་ཞེན་པ་སྟེ། །ཡེ་ཤེས་ལ་གནས་བུད་མེད་རབ་ཏུ་འགྲོགས་ལས་བྱང་ཆུབ་སེམས་ནི་ཞུ་བ་ལ་ཡང་སྐད་ཅིག་འགྱུར། །སྤྲུལ་པ་ལ་སོགས་དག་གི་སེམས་ཀྱི་རྡོ་རྗེ་རྣམ་པ་བཞིར་ནི་རིམ་པས་ངེས་པར་རབ་ཏུ་
འགྱུར། ༡༢༥ །དེ་ལྟར་སེམས་ནི་རྣམ་བཞི་སྲིད་པ་གསུམ་ལ་གནས་པའི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས་སུ་སྟེ། །རྣལ་འབྱོར་དབང་པོ་རྣམས་ཀྱི་བདེ་མཉམ་འབྲས་སྟེར་ཁྱབ་བྱེད་དག་ནི་ཐར་པའི་སླད་དུ་བསྲུང་བར་བྱ། །ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་སྐྱེ་བའི་ས་བོན་
མཆོག་གི་བདེ་བ་སོང་ལ་ཐར་པ་གང་། །དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་འདིར་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་དོར་བར་བྱ། ༡༢༦ །གང་ཕྱིར་ཨ་སོགས་ཀ་སོགས་རི་བོང་ཅན་དང་ཉིན་བྱེད་གཅིག་ཉིད་རྡོ་རྗེ་ཅན་གྱི་གདན་མིན་ཞིང་། །ཧཱུྃ་ཡིག་ཉིད་ཀྱིས་མཚན་མ་དང་ནི་ཡོངས་སུ་
གྱུར་པ་གཞན་པ་ཁ་དོག་གཟུགས་དག་མི་འདོད་དེ། །འགྱུར་མེད་དག་གིས་བསྐྱེད་ཅིང་འགྱུར་བ་ཉམས་པར་གྱུར་པ་མཆོག་གི་དབང་པོ་དག་དང་ལྡན་པ་ནི། །རྣམ་པ་ཀུན་ལྡན་ཐིག་ལེ་མཐའ་དག་རྒྱལ་བའི་བདག་པོ་སྣ་ཚོགས་སྒྱུ་མ་འཛིན་པ་འདི་ལའོ། ༡༢༧ །ལྀ་སོགས་དབྱངས་བརྒྱད་གང་
དག་ཡུལ་གྱི་ཡོན་ཏན་དུ་འགྱུར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས། །ཕན་ཚུན་དབྱེ་བས་ཕྱེ་བ་རྐང་པ་དང་བཅས་རོ་དང་མདའ་རྣམས་དབུ་མའི་དབུགས་ནི་འབབ་པ་སྟེ། །དུས་སྦྱོར་གཉིས་པ་ལ་ནི་ཡུལ་གྱི་ཡོན་ཏན་དབང་གིས་རིང་པོ་ཕན་ཚུན་དབྱེ་བས་ཕྱེ་བ་རྣམས། །སླར་ཡང་
ཐུན་མཚམས་གསུམ་པ་ལ་ནི་ཤིན་ཏུ་རིང་པོ་ཡུལ་གྱི་ཡོན་ཏན་དབུ་མའི་དབུགས་རྣམས་འབབ། ༡༢༨ །དེ་ལྟར་ཐུན་མཚམས་བཞི་ལ་མདའ་དང་བཅས་པའི་རི་བོ་རོ་རྣམས་དབུ་མ་ཡི་ནི་དབུགས་ཀྱི་དབྱངས། །ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་སུམ་ཅུའི་རབ་ཏུ་དབྱེ་བས་རབ་ཏུ་གསལ་བར་དགུ་བརྒྱ་

ཉིད། །དབྱངས་དྲུག་གི་ནི་དབྱེ་བས་ཕྱེ་བ་མཁའ་མཁའ་དུས་དང་མདའ་རྣམས་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱི་རྣམས་ཕྱི་མའི་ཉིན་མོའི་བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། ༡༢༩ །སླར་ཡང་དབྱངས་དྲུག་དག་གིས་ཕྱེ་བ་རྣམས་ནི་མཚན་
མོའི་དུས་སུ་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །དེ་བཞིན་རིང་པོས་རབ་ཏུ་ཕྱེ་རྣམས་ཕྱི་མའི་མཚན་མོའི་བགྲོད་པར་དུས་སྦྱོར་གསུམ་གྱི་རྩ་གསུམ་ལ། །ཉིན་ཞག་སོ་སོའི་དུས་སུ་དབུགས་ནི་འབྱུང་དང་འཇུག་པ་མཁའ་མཁའ་དྲུག་དང་ཟླ་བ་མིག་རྣམས་འབབ། །སྔ་མ་སྟོང་
པ་རྣམས་བསྡུས་ནས་ནི་མཉམ་དང་མི་མཉམ་བགྲོད་པར་དབུ་མ་དག་ལ་སྦྱར་བར་བྱ། ༡༣༠ །ཕྱི་རོལ་དུ་ནི་གང་ཞིག་ཆུ་ཚོད་བརྒྱད་པའི་ཕྱེད་གྱུར་སྒྲ་གཅན་ལོངས་སྤྱོད་དག་ལས་གཞན་དུ་གནས། །དེ་ནི་རང་གི་ལུས་ལ་དབུགས་ཕྱེད་ངེས་པར་མུན་པ་དང་བྲལ་འཇིག་རྟེན་ཐམས་ཅད་སྣང་བ་
སྟེ། །སྔ་མ་ཕྱེད་ནི་མུན་པ་དང་བཅས་སྲིད་པ་གསུམ་པོ་མཐའ་དག་སྟོང་པ་དག་ཏུ་ཐིམ་པའོ། །དེ་ཕྱིར་དེ་ནི་ཕུག་ནས་དུས་ཀྱི་འཁོར་ལོ་རྣལ་འབྱོར་ལྡན་པ་གཅིག་པུ་མུན་པ་བྲལ་བར་འཇུག ༡༣༡ །ཟླ་བ་དམན་ཞིང་ཉི་མར་ལྷག་གང་ཁྱབ་བདག་མཆོག་གི་ཆ་དེ་འདིར་ནི་ཐུན་མཚམས་
བཞི་ལ་སྟེ། །ཐུན་དང་ཐུན་ལ་ཉིན་དང་མཚན་མོའི་དབང་གིས་བགྲོད་ཅིང་དུས་སྦྱོར་ཕྱེད་པའི་རབ་ཏུ་དབྱེ་བ་ཡིས། །སུམ་ཅུ་རྩ་དྲུག་དུས་ཀྱི་ཕོ་ཉ་ཉིས་འགྱུར་མི་བདག་གཞན་རྣམས་ཚེས་ནི་བརྒྱད་གཉིས་དབྱེ་བ་ལ། །གཟའ་རྣམས་ཀྱི་ཡང་བརྒྱད་ཀྱི་དབྱེ་བ་ལ་སྟེ་སླར་ཡང་
གཞན་རྣམས་དུ་མ་ཚིགས་ཀྱི་ཚོགས་ལའོ། ༡༣༢ །རིག་བྱེད་དུས་ཀྱི་དབུགས་ཀྱི་ལྷག་མ་སྲིད་གསུམ་སྐྱེད་པར་མཛད་མ་མཁའ་འགྲོ་མ་ནི་སྣ་ཚོགས་གཟུགས། །ཟླ་བའི་དབུས་སུ་དམན་པ་གང་དེ་མཆོག་གི་རྒྱལ་བའི་བདག་པོའི་རང་གི་ཕྱག་རྒྱ་རྣམ་གཉིས་འགྱུར། །གང་ཞིག་
ཉི་མ་ལ་གནས་དེ་ནི་བརྒྱད་དབྱེ་ཕྱོགས་དང་ཕྱོགས་བྲལ་འདབ་མར་ཐུན་ཚོད་ལོངས་སྤྱོད་མཐའ། །ལྷག་མ་འཁོར་ལོའི་ལྷ་མོ་མཆོག་ཏུ་འཇིགས་པར་བྱེད་པ་གཞན་རྣམས་མཐའ་དག་ཕྱི་དང་ལུས་ལའོ། ༡༣༢ །སྤེན་པར་བུག་པ་མུན་ཅན་ཉིན་ཞག་ཅེས་བྱ་ལྷ་ཡི་བླ་མའི་ཕྱེད་བཅས་

མིག་དང་མིག་གི་གྲངས། །ཕྱེད་བཅས་དྲུག་དང་རིག་བྱེད་དུ་འགྱུར་དེ་རྣམས་མཆོག་གི་རྒྱལ་བའི་བདག་པོའི་ཐུགས་རྡོ་རྗེ་ལས་སྐྱེས། །ས་སྐྱེས་སྟོང་པ་སྦྲུལ་ཟླ་ཉི་མ་གཟའ་ལྷག་པ་སངས་མཇུག་རིངས་ལ་ཡང་སྟོང་པ་སྦྲུལ་མཁའ་གཅིག །མཁའ་མིག་མིག་དང་
གཅིག་ཏུ་གྱུར་པ་དེ་རྣམས་མཆོག་གི་ཁྱབ་བདག་གི་ནི་དག་པའི་གསུང་ལས་བྱུང་། ༡༣༤ །གང་ཞིག་ཟླ་བའི་དུས་ཀྱི་ལོངས་སྤྱོད་མཁའ་མཁའ་རོ་མེ་དེ་རྣམས་སྐུ་ཡི་རྡོ་རྗེ་དག་ལས་བྱུང་། །མཐའ་དག་གཅིག་ཏུ་གྱུར་པ་རོ་དྲུག་སྦྲུལ་དང་དུས་རྣམས་དག་སྟེ་ཕྱེད་ཀྱི་ཆུ་ཚོད་དེ་བཞིན་ཉིད། །
མཁའ་འགྲོ་དུས་ཀྱི་གཟུགས་ཅན་མཐའ་དག་ལུས་ལ་གནས་ཤིང་སྲོག་ཆགས་རྣམས་ཀྱི་སྲོག་ནི་འཕྲོག་བྱེད་མ། །དེ་ཕྱིར་ཉིན་ཞག་སོ་སོའི་དུས་སུ་རང་གི་ལམ་ནི་དགག་པར་བྱས་ནས་དེ་རྣམས་བསྒྲུབ་པར་བྱ། ༡༣༥ །ཇི་སྲིད་གཟའ་རྣམས་དག་གི་ལོངས་སྤྱོད་རང་གཞན་བགྲོད་པ་ལ་
གནས་དབུགས་རྔུབ་དབུགས་འབྱུང་རྒྱུ་བ་ལས། །དེ་སྲིད་དུས་ཀྱི་ཕོ་ཉ་ཁྱབ་བྱེད་མ་གང་ཁམས་གསུམ་དུ་ནི་མཆོག་དག་སྟེར་བར་འགྱུར་རམ་ཅི། །ཕོ་ཉ་ཕྲ་མོ་རབ་ཏུ་རྒྱུ་བ་བླ་མའི་གསུང་ལ་གནས་པ་བྱང་ཆུབ་སེམས་དང་འགྱུར་མེད་ལ། །སྡིག་བྲལ་རྣལ་འབྱོར་ལྡན་པ་རྣམས་
ཀྱིས་ཤེས་པར་བྱ་སྟེ་གཞན་དུ་འདོད་ཆགས་སེམས་ཀྱི་མ་ཡིན་ནོ། ༡༣༦ །ཉི་མ་དང་ནི་ཟླ་བའི་རྐང་པ་རྣམས་ལ་གཉི་གའི་བགྲོད་པའི་དབང་གིས་སྲེད་པས་བསྣུན་པ་རྣམས། །ཡན་ལག་རྣམས་ཀྱིས་བགོས་པའོ་ལྷག་མའི་རྐང་པ་དེ་ནི་སྒྲ་གཅན་འཇུག་པ་ལ་ཡང་མཇུག་རིངས་ཟ། །
ཐུན་མཚམས་ཀུན་དང་ཐུན་བརྒྱད་ཉིན་ཞག་སོ་སོའི་དུས་སུ་སྲོག་ཆགས་རྣམས་ཀྱི་ཡན་ལག་བཅུ་གཉིས་རྣམས། །དུས་སྦྱོར་རེ་རེ་ལ་ནི་དབུགས་རྣམས་དག་ཀྱང་ཉིས་འགྱུར་དགུ་བརྒྱའི་སྲོག་རྣམས་འབབ་པར་ཡན་ལག་གསུངས། ༡༣༧ །ཡན་ལག་གཉིས་གཉིས་རྣམས་ལ་ཐོག་
མའི་ཉིན་ཞག་དབང་གིས་དང་པོ་མ་རིག་ཡན་ལག་བཅུ་གཉིས་པར། །དེ་ཕྱིར་དུས་ལ་སོགས་པས་ཡན་ལག་རྣམས་ཏེ་གཞན་ནི་དགུ་པ་སྔར་གཞན་གང་ཡིན་དེ་རྣམས་སོ། །དེ་ལྟར་རྣམ་པ་ལྔ་པོ་རྣམས་ཀྱིས་དུས་སུ་ཡང་ནི་ཀུན་ནས་ཟླ་བ་གཉིས་གཉིས་དག་ལས་འགྱུར། །གང་

དུ་ཟླ་བའི་ཆ་གཅིག་ཉམས་པ་ཉིད་དུ་གྱུར་པ་དང་པོའི་ཟླ་བ་དེ་ཉིད་ཁོ་ནའོ། ༡༣༨ །ཟླ་བ་དྲུག་དང་དུས་གསུམ་གྱིས་ནི་འཛིན་པར་འགྱུར་ཏེ་རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱིས། །དྲུག་པ་ཉི་མའི་དུས་ཀྱི་དབྱེ་བ་རྐང་པའི་བགྲོད་པའི་དབང་གིས་ཟླ་བའི་དབུས་སུ་རབ་ཏུ་
ཞུགས། །རེག་པའི་ཡན་ལག་དབུས་དེར་སྒྲ་གཅན་གྱིས་ནི་ཟླ་བ་ཉི་མ་དག་གི་རྐང་པ་དེ་འཛིན་ནོ། །ཉིན་དང་མཚན་མོའི་དུས་སུ་སྒྲ་གཅན་དག་གིས་བལྟས་པའི་སྨན་རྣམས་གང་ཡིན་དེ་དག་གྲུབ་པ་སྟེར། ༡༣༩ །ས་སྐྱེས་ཁུ་བ་གཟའ་ལག་ཟླ་བ་ཉི་མ་གཟའ་ལག་པ་སངས་ས་
སྐྱེས་སྔགས་པ་ཉི་སྐྱེས་སྤེན། །སྔགས་པ་ལུག་ལ་སོགས་པའི་ཁྱིམ་ལ་ཉིན་ཞག་སོ་སོའི་དུས་སུ་ཞིང་ཅན་རྣམས་ཏེ་དུས་ཀུན་ཏུ། །ཞི་ལ་ཟླ་ཉིའི་ཁྱིམ་སྟེ་གཟའ་ལག་པ་སངས་ས་སྐྱེས་སྔགས་པ་ཉི་སྐྱེས་ཁྱིམ་ནི་རྒྱས་པ་དང་། །དབང་དང་དགུག་པ་འབྲལ་དང་གསད་
པ་དག་ལ་རབ་འགྱུར་གལ་ཏེ་འདིར་ནི་ཞིང་ཅན་གྱུར་ནའོ། ༡༤༠ །ཞི་ལ་དཀར་པོའི་ཞལ་ཏེ་དང་པོར་རྒྱས་པ་ལ་ནི་དཀར་དང་སེར་མཚུངས་ཐུན་ཚོད་ལག་པ་ལས། །རེངས་པ་སེར་པོ་མེ་ཡི་ཐུན་ལའོ་རྨོངས་ལ་གསེར་དང་ཉི་མཚུངས་ཆུ་གཏེར་ལ་སྟེ་དགུག་པ་ལ། །དམར་པོ་ལྔ་པ་དག་
ལས་འགྱུར་ཏེ་དབང་ལ་ཉི་མ་ཆུ་གཏེར་དང་མཚུངས་དྲུག་པའི་ཐུན་ལའོ། །གསད་ལ་ནག་པོའི་ཞལ་ཏེ་རི་བོ་ལའོ་བསྐྲད་ལ་གནག་དང་དཀར་འདིར་སྦྲུལ་ལ་མཚན་མོའི་མཐར། ༡༤༡ །ས་ཆུ་མེ་རླུང་རི་བོང་ཅན་དང་ཉི་མ་ལྷ་སྟེ་འདི་རྣམས་སྲོག་ནི་ལོངས་སྤྱོད་བྱེད་པོ་མིན། །འདི་
རྣམས་སྲོག་ནི་ལོངས་སྤྱོད་པོ་ཡང་མི་དགེ་འབྲས་བུའི་དབང་གིས་བདག་ནི་ལོངས་སྤྱོད་སེམས་པར་བྱེད། །སྲེད་པ་སྡུག་བསྔལ་རྗེས་ཆགས་འབྱུང་པོའི་ཚོགས་ནི་གཟའ་དང་ལག་འགྲོ་ལྷ་རྣམས་དག་ལ་དོན་གཉེར་བྱེད། །གང་གི་དྲིན་གྱིས་ཐར་པར་རབ་ཏུ་འགྱུར་བ་ཡིད་ཀྱིས་ཞི་
བ་དེ་ནི་བྱེད་པ་མ་ཡིན་ནོ། ༡༤༢ །དང་པོའི་དབུགས་ནི་ཡོན་ཏན་མེད་པའི་བདག་ཉིད་རྣམ་གསུམ་ཡོན་ཏན་དབང་གིས་དེ་ཡང་གསུམ་གྲངས་འགྱུར། །དེ་ཡང་ཡུལ་གྱི་ཡོན་ཏན་དབང་གིས་ཆོས་ཞེས་བྱ་བར་འགྱུར་ཏེ་དེ་རྣམས་སླར་ཡང་སུམ་འགྱུར་ནི། །འབྱུང་བ་ཆུ་གཏེར་གྲངས་

འགྱུར་སླར་ཡང་དེ་ནས་རྒྱུ་བའི་དབྱེ་བ་རྣམས་ཀྱིས་བསྣུན་པ་དེ་དག་རྣམས། །ཆུ་ཚོད་ཕྱེད་ཀྱི་དབུགས་ཀྱི་གྲངས་རྣམས་དག་སྟེ་སླར་ཡང་ཉིས་འགྱུར་ཆུ་ཚོད་དབུགས་ཀྱི་གྲངས་རྣམས་སོ། ༡༤༣ །གཉིས་གསུམ་ཆུ་གཏེར་མདའ་དུས་རི་བརྒྱད་གཟའ་དང་བཅུ་རྣམས་
ཀྱིས་ནི་དུས་ཀྱི་རྩ་འདི་འཕེལ་བ་སྟེ། །དེ་ནས་སྡེ་ཡི་རབ་དབྱེ་རྣམས་ཀྱིས་རྣམ་གཉིས་ལམ་ལ་གནས་པ་དུས་ཀྱི་རྩ་ནི་འཇིག་རྟེན་གསུམ། །ཀུན་ནས་གང་བར་བྱེད་དོ་བདེ་མཉམ་འབྲས་བུ་སྟེར་བ་ཟླ་བ་ཉི་མའི་རབ་ཏུ་རྒྱུ་བ་ལས། །ཇི་སྲིད་རིག་བྱེད་སྦྲུལ་དང་མེ་སྟེ་ངེས་པར་ཕྱག་
ན་གྲི་གུག་ཐོད་པ་ཅན་དུ་རབ་ཏུ་འགྱུར། ༡༤༤ །འཁོར་ལོ་མདའ་དང་ཆུ་གཏེར་གྲངས་ནི་ཡུལ་དང་ཡོན་ཏན་དབང་གིས་སྐུ་གསུང་ཐུགས་ཀྱི་རབ་དབྱེ་ཡིས། །གཙོ་བོ་སྲུང་བར་བྱེད་དེ་བདེ་མཉམ་འབྲས་བུ་སྟེར་བ་དུ་བ་ལ་སོགས་ལྷ་མོ་བརྒྱད་རྣམས་སོ། །དེ་ལྟར་ཉི་མ་ལ་གནས་
གཙོ་བོ་མཆོག་གི་རི་བོང་ཅན་གྱི་ཆ་ཡིས་འཁྱུད་པ་སྣ་ཚོགས་གཟུགས། །ལྷ་མོ་སངས་རྒྱས་འཆི་མེད་རྣམས་དང་ཡུལ་དང་ཡུལ་ཅན་སྒྲ་གཅན་ཟླ་བ་ཉི་མས་ཕྱག་འོས་པའོ། ༡༤༥ །གཙོ་བོ་ཡི་ནི་ཕྲ་མོའི་ངོ་བོ་མཆོག་གི་ཡོན་ཏན་ཡུལ་ཏེ་ནང་དང་ཕྱི་རོལ་ཕྱག་རྒྱ་གང་། །དེ་རྣམས་
ཁམས་གསུམ་དུ་ནི་མཆོག་ཏུ་འཇིགས་བྱེད་ཁྲོ་བོའི་སེམས་ལས་རབ་སྐྱེས་མཁའ་འགྲོ་མ་རྣམས་སོ། །གཙོ་བོའི་དབང་པོ་གང་དག་རྣམས་དང་རྣམ་གསུམ་སྲིད་པ་ལ་གནས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟེ། །དེ་རྣམས