Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 11
Văn bản gốc(Tây Tạng)
Trang 13 / 18 (50.000 ký tự/trang)
དབྱེ་བས་ཡང་དག་གནས་ཞེས་པ་ནི་ལས་ཀྱིས་འདིར་མི་ཤེས་པའི་དབང་གིས་འགོ་ལའི་འདོད་པ་རྣམ་པ་སྣ་ཚོགས་གནས་ལ་སོགས་པའི་དབྱེ་ བ་ཐ་དད་པས་བརྗོད་དོ། །འདིར་འགོ་ལ་ལ་གཟའ་བརྒྱད་པོ་དག་གི་མྱུར་བ་དང་དལ་བར་འགྲོ་བའི་དབྱེ་བས་ཁྱིམ་ལོངས་སྤྱོད་པ་ནི་མཉམ་སྟེ། དཔེར་ན་སོ་བ་འཆག་པ་ལ་བ་ལང་ཀ་བ་ལས་རིང་དུ་འཁོར་བ་གང་ཡིན་པ་དེ་ནི་འགྱོགས་པར་འགྲོ་ཞིང་གོམ་པ་མང་པོ་དག་གིས་སྐོར་བར་བྱེད་ ལ། ཀ་བ་ལ་ཉེ་བར་འཁོར་བ་གང་ཡིན་པ་དེ་ནི་དལ་བར་འགྲོ་ཞིང་གོམ་བ་ཉུང་ངུས་སྐོར་བར་བྱེད་དེ་དེ་བཞིན་དུ་གཟའ་རྣམས་ཀྱང་རིག་པར་བྱའོ་ཞེས་གྲག་གོ། །འཇིག་རྟེན་པའི་འདོད་པ་དང་པོ་རིགས་པས་རྣམ་པར་དཔྱད་དེ་འདིར་རང་རང་གི་གྲུབ་པའི་མཐའི་བསམ་པའི་དབང་གིས་རྩིས་ ཀྱི་ཐ་སྙད་མེད་ཅིང་འདོད་པ་གཅིག་ཏུ་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་དཔྱད་པར་བྱ་སྟེ། འདིར་འགོ་ལ་ལ་ཉི་མ་ལས་མྱུར་བ་དང་དལ་བར་འགྲོ་བའི་གཟའ་གང་ཡིན་པ་དེ་དག་ཅི་སྟེང་ནས་སྟེང་དང་འོག་ནས་འོག་ཏུ་གནས་སམ། འོན་ཏེ་གཡོན་གྱི་ཆ་དང་གཡས་ཀྱི་ཆར་གནས། རྣམ་པ་གཉིས་ཀ་ཡང་འགལ་ཏེ། གལ་ཏེ་ཉི་མ་ལས་འོག་དང་སྟེང་དུ་རྣམ་པར་གནས་ན་དེའི་ཚེ་མྱུར་བ་དང་དལ་བ་དག་ཏུ་ཕྲད་པར་མི་འགྱུར་ཏེ། རང་གི་གནས་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཅི་སྟེ་ཕ་རོལ་གྱི་གྲུབ་པའི་མཐའ་སྨྲ་བ་པོས་སྨྲས་པ། འོག་ན་གནས་པའི་སེམས་ཅན་ རྣམས་ཀྱིས་འོག་དང་སྟེང་གི་གཟའ་ཕྲད་ཅིང་མཉམ་པར་མཐོང་སྟེ་འོག་གི་གཟས་སྟེང་གི་གཟའ་བསྒྲིབས་པ་ནི་མཉམ་པ་ཉིད་དོ་ཞེ་ན། འདི་ལ་བརྗོད་པ་འདིར་མཉམ་པ་ཉིད་ནི་ཉི་མའི་གུང་གི་དུས་ལ་སྟེ་འཆར་བ་དང་ནུབ་པའི་དུས་ལ་མ་ཡིན་ནོ། །འཆར་བའི་དུས་སུ་གནས་ཐ་དད་པའི་ མཐུ་ལས་སེམས་ཅན་རྣམས་ཀྱིས་འོག་དང་སྟེང་དུ་གཟའ་རྣམས་བལྟ་བར་བྱ་བར་འགྱུར་རོ། །དེ་བཞིན་དུ་ནུབ་པའི་དུས་སུ་ཡང་སྟེ། དེ་ལྟར་ཡང་མ་ཡིན་ནོ། །དེ་བཞིན་དུ་གཡས་དང་གཡོན་ལ་གནས་པ་རྣམས་ཀྱང་ཉི་མ་དང་ལྷན་ཅིག་ཕྲད་པ་མེད་དེ་རང་གི་གནས་ཡོངས་སུ་མི་གཏོང་ བའི་ཕྱིར་རོ། །དེ་ལྟར་ན་གཟའ་རྣམས་ཉི་མའི་དཀྱིལ་འཁོར་ལ་ནུབ་པ་དང་འཆར་བ་ཡང་མེད་པར་འགྱུར་རོ། །དེའི་ཕྱིར་དོན་དམ་པར་གཟའ་རྣམས་ཀྱི་གནས་གཞན་པ་མེད་དོ། །བྱིས་པ་རྣམས་ཀུན་ཏུ་རྨོངས་པ་སྐྱེད་པར་བྱེད་པའི་ཚིག་རིགས་པ་དང་བྲལ་བ་འདི་ དག་ཀྱང་སྐྱེ་བོ་མི་ཤེས་པ་རྣམས་ཀྱིས་བཀོད་པ་སྟེ། འདིར་གནས་དང་པོ་ལ་ཟླ་བ་དང་། གཉིས་པ་ལ་གཟའ་ལག་དང་། གསུམ་པ་ལ་པ་སངས་དང་། བཞི་པ་ལ་ཉི་མ་དང་། ལྔ་པ་ལ་ས་སྐྱེས་དང་། དྲུག་པ་ལ་ཕུར་བུ་དང་། བདུན་པ་ལ་སྒྲ་གཅན་དང་། བརྒྱད་པ་ལ་སྤེན་པ་གནས་སོ་ ཞེས་བྱ་བ་ནི་སྲིད་པའོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་གཟའ་ཐམས་ཅད་བྱང་དུ་འགྲོ་བ་དང་ལྷོར་འགྲོ་བ་ཡོད་དེ་དཔེར་ན་ཉི་མའི་རྒྱུ་སྐར་ལོངས་སྤྱོད་པའི་དབང་དང་ཁྱིམ་དྲུག་ལོངས་སྤྱོད་པའི་དབང་གིས་བཞིན་ནོ། །བྱང་དུ་འགྲོ་བ་དང་ལྷོར་འགྲོ་བའི་ཉི་མ་དེ་དང་ཕྲད་པ་ན་གཟའ་འགའ་ ཞིག་ཉི་མའི་སྟེང་དུ་འགྲོ་བ་དང་འགའ་ཞིག་འོག་ཏུ་འགྲོ་བ་ཡང་མེད་དོ། །འདིར་ཁྱིམ་གྱི་འཁོར་ལོ་ལ་དལ་བར་འགྲོ་བའི་དབང་གིས་གཟའ་འགའ་ཞིག་ཉི་མའི་རྒྱབ་ནས་འོང་ངོ་། །ཤར་བར་གྱུར་པ་ན་ཟླ་བ་ནི་མདུན་ནས་འགྲོ་སྟེ་མྱུར་བར་བགྲོད་པའི་དབང་གིས་སོ། །གཟའ་ལག་དང་ པ་སངས་ནི་རྐང་པའི་དབང་གིས་རེས་འགའ་མདུན་དང་རེས་འགའ་རྒྱབ་ཏུ་ཤར་ནས་བགྲོད་དོ། །འདི་དག་གི་བགྲོད་པ་ཡོངས་སུ་ཤེས་པར་བྱ་བའི་དོན་དུ་ཁྱིམ་གྱི་འགོ་ལ་གསུངས་ཏེ། རྒྱུ་སྐར་གཡས་སུ་གནས་བཅུ་བཞི་དང་གཡས་མིན་དུ་གནས་བཅུ་བཞི་དག་ལ་ཁྱིམ་གྱི་དབྱེ་བས་ཡང་དག།། གནས་ཞེས་པ་ནི་ཁྱིམ་རྣམས་ཀྱི་དབྱེ་བ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཏེ། ཁྱིམ་སོ་སོའི་ཁྱིམ་གྱི་དབྱེ་བ་དེ་དག་གིས་བྱང་དུ་འགོ་ལའི་རི་མོའི་དབུས་སུ་ཐ་སྐར་ལ་སོགས་པ་ནག་པ་ཕྱེད་ཀྱི་བར་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །ལྷོ་རུ་ཡང་འགོ་ལའི་རི་མོའི་དབུས་སུ་ནག་པ་ ཕྱེད་ལ་སོགས་པ་ནམ་གྲུའི་མཐར་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་མོ། །གཞུ་ཡི་རྣམ་པའི་དུས་ཁྱིམ་དག་ལ་འགོ་ལའི་དབུས་ནས་ལྷོར་ནི་མེའི་དཀྱིལ་འཁོར་ལ་གནས་ཤིང་ཞེས་པ་ནི་གཞུའི་རྣམ་པའི་ཁྱིམ་དྲུག་ལ་འགོ་ལ་ཉིན་མཚན་མཉམ་པའི་རི་མོའི་དབུས་ནས་རྒྱུ་སྐར་གྱི་འཁོར་ ལོ་ཕྱེད་ཀྱི་རྒྱུ་སྐར་གྱི་འཁོར་ལོ་ལྷོར་གནས་སོ། །བྱང་དུ་དེ་ནི་བསིལ་བའི་རི་སྟེ་པད་འདབ་བཟང་པོ་བཞིན་དུ་ཤར་དུ་ལུག་དང་སྲང་སོགས་ལའོ་ཞེས་པ་ནི་ལྷོར་ཁྱིམ་དྲུག་ལ་སོ་སོར་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་གནས་པ་ཇི་ལྟ་བ་དེ་བཞིན་དུ་འགོ་ལའི་རི་མོའི་དབུས་ནས་བྱང་དུ་ཁྱིམ་སོ་སོའི་དབྱེ་ བས་ཁྱིམ་དྲུག་ལ་གནས་སོ། །ཤར་དུ་ལུག་དང་སྲང་སོགས་ཏེ་བུ་མོའི་མཐར་ཐུག་པ་ལ་གནས་ཤིང་དེ་བཞིན་དུ་སྲང་ལ་སོགས་པ་ཉའི་མཐར་ཐུག་པ་ལ་གནས་སོ། །འདིར་ཤར་གྱི་ཕྱེད་དུ་ལུག་གོ། །དབང་ལྡན་དུ་གླང་ངོ་། །བྱང་གི་ཕྱེད་དུ་འཁྲིག་པའོ། །སླར་ཡང་བྱང་གི་ ཕྱེད་དུ་ཀཪྐ་ཊའོ། །རླུང་དུ་སེང་གེའོ། །ནུབ་ཀྱི་ཕྱེད་དུ་བུ་མོའོ། །སླར་ཡང་ནུབ་ཀྱི་ཕྱེད་དུ་སྲང་ངོ་། །བདེན་བྲལ་དུ་སྡིག་པའོ། །ལྷོའི་ཕྱེད་དུ་གཞུའོ། །སླར་ཡང་ལྷོའི་ཕྱེད་དུ་ཆུ་སྲིན་ནོ། །མེ་རུ་བུམ་པའོ། །ཤར་གྱི་ཕྱེད་དུ་ཉའོ་ཞེས་པ་ནི་འགོ་ལ་ལ་ཁྱིམ་དགོང་པའོ། །འདིར་ལུག་ཤར་ བ་ན་སྲང་ནུབ་བོ། །གླང་ཤར་བ་ན་སྡིག་པ་ནུབ་སྟེ་དེ་ལྟར་ཐམས་ཅད་དུ་ཉིན་མཚན་གྱིས་ཤར་བའི་ཁྱིམ་ནས་ཁྱིམ་བདུན་པ་ནི་ནུབ་པར་རིག་པར་བྱའོ། །ད་ནི་འཇིག་རྟེན་སྤྱིའི་ལུགས་ཀྱིས་འགོ་ལའི་རྒྱ་གསུངས་པ་མེ་ནས་བསིལ་བའི་རི་ཡི་མཚམས་སུ་དཔག་ཚད་སྟོང་ཕྲག་མཁའ་དང་ནམ་ མཁའ་མཁའ་དང་མངའ་རིའོ་ཞེས་པ་སྟེ། འདིར་ལྷོ་མེའི་དཀྱིལ་འཁོར་ནས་བྱང་ཁ་བ་ཅན་ཆེན་པོའི་མཚམས་སུ་འགོ་ལའི་ཚད་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའོ། །དེ་བཞིན་དུ་ཤར་དང་ནུབ་འཁོར་བ་ནས་ཏེ་གསལ་བར་ལེའུ་ལྔ་པ་ལས་བརྗོད་པར་བྱའོ། །དབུས་སུ་འཁོར་ལོ་ ཕྱེད་ཀྱི་རི་མོ་ཞེས་པ་ནི་ཁྱིམ་གྱི་འཁོར་ལོའི་དབུས་སུ་ཉིན་མཚན་མཉམ་པའི་རི་མོ་སྟེ། དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དབུས་སུ་ཕྱེད་དང་བཅས་པའི་སྟོང་ཕྲག་སུམ་ཅུ་རྩ་བདུན་གྱི་མཐར་འགྱུར་རོ། །དེ་ལ་བགྲོད་པ་ནི་དབུས་སུ་འཁོར་ལོ་ཕྱེད་ཀྱི་རི་མོ་ཉི་མའི་བགྲོད་པ་དག་ཀྱང་ཞེས་པ་ སྟེ་ཀྱང་གི་སྒྲ་ལས་གཟའ་ཐམས་ཅད་ཀྱི་འཁོར་ལོ་ཕྱེད་ཀྱི་དབུས་ཀྱི་རི་མོ་བགྲོད་པ་ནི་རང་རང་གི་མཉམ་པ་ལ་མཚན་མོ་གཅིག་ཡིན་གྱི་དུས་ཐམས་ཅད་དུ་ནི་མ་ཡིན་ནོ། །ཕྱི་ནས་གཡས་དང་གཡས་མིན་དག་ཏུ་རྒྱུ་སྟེ་ཞེས་པ་ནི་ཕྱི་ནས་མཉམ་པའི་དུས་ཀྱི་ཉིན་ཞག་ལས་ལྷོར་བགྲོད་པ་ལ་ལྷོར་ རྒྱུའོ། །བྱང་དུ་བགྲོད་པ་ལ་བྱང་དུ་རྒྱུའོ། །གཡས་དང་གཡས་མིན་དག་ནི་སྲང་ལ་སོགས་པ་དང་། ལུག་ལ་སོགས་པ་ལའོ། །ཉིན་དང་མཚན་མོ་རྒྱུ་སྐར་དབྱེ་བས་རིམ་པ་ཡིས། ལམ་རྣམས་མཁའ་ཀླུ་ཟླ་བ་ཞེས་པ་ནི་ལམ་རྣམས་ཀྱི་གྲངས་བརྒྱ་བརྒྱད་ཅུ་སྟེ་འདོར་ཞིང་ཉིན་དང་མཚན་ མོ་དག་ཀྱང་ཇི་སྲིད་བགྲོད་པ་དག་གི་མཐར་ཞེས་པ་ནི་བྱང་དུ་བགྲོད་པ་ནས་ལྷོར་བགྲོད་པའི་བར་དང་ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་བར་དུའོ། །ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ། །ཞེས་པ་ནི་འདིར་དྲུག་ཆས་འགྲིབ་པར་ འགྱུར་ཞིང་འཕེལ་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུའི་དྲུག་ཆ་ཆུ་ཚོད་བཅུས་ཆུ་སྲིན་ནས་འཁྲིག་པའི་མཐར་ཐུག་པའི་བར་དུ་མཚན་མོ་འགྲིབ་ཅིང་ཉིན་མོ་འཕེལ་ལོ། །ཀཪྐ་ཊ་ནས་གཞུའི་མཐར་ཐུག་པའི་བར་དུ་ཉིན་མོ་འགྲིབ་ཅིང་མཚན་མོ་འཕེལ་ཏེ་ངེས་པར་ཉི་མ་རི་བོང་ཅན་ནི་འགྲིབ་དང་འཕེལ་ ཞེས་པ་དྲུག་ཆས་སོ། །འདིར་ཀཻ་ལཱ་ཤའི་དུམ་བུ་ལ་གྲིབ་མས་ངེས་པ་ནི་འཕགས་པའི་ཡུལ་དུ་མ་ཡིན་ཏེ། འཕགས་པའི་ཡུལ་དུ་བྱང་དུ་བགྲོད་པ་ནས། ལྷོར་བགྲོད་པའི་མཐའ་དང་། ལྷོར་བགྲོད་པ་ནས་བྱང་དུ་བགྲོད་པའི་མཐར་གྲིབ་མའི་ངེས་པའི་དབང་གིས་བཅུའི་ཆས་ འགྲིབ་ཅིང་འཕེལ་ལོ། །དེ་བཞིན་དུ་བོད་དང་ལི་དང་རྒྱ་ནག་ལ་སོགས་པའི་ཡུལ་རྣམས་སུ་དགུ་ཆ་དང་བརྒྱད་ཆ་དང་བདུན་ཆ་དག་གིས་ཤམ་བྷ་ལའི་ཡུལ་ལ་ཐུག་པའི་བར་དུ་གྲིབ་མའི་དབང་གིས་འགྲིབ་ཅིང་འཕེལ་བར་རིག་པར་བྱའོ། །ད་ནི་སྟེང་དུ་ཉི་མ་འཁོར་བའི་དབང་གིས་དུམ་ བུ་བཅུ་གཉིས་ལ་སའི་འགོ་ལ་གསུངས་པ། གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ་ཞེས་པ་སྟེ། སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་ན་སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་རོ། །དེའི་ཕྱིར་ དེ་བཞིན་དུ་ལུག་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་ན་སྲང་གི་ཉི་མ་ལ་དཔྱིད་ཀྱི་དུས་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་རོ། །དེ་བཞིན་དུ་ཕན་ཚུན་ལྟོས་པ་ལས་གང་གི་ཕྱིར་སའི་དུམ་བུ་དང་པོ་ལ་རི་ཞེས་པ་སའི་དུམ་བུ་བདུན་པ་ལ་སྟེ། ལྷུན་པོའི་ལྷོ་ནས་བྱང་དང་བྱང་ནས་ལྷོར་སའི་དུམ་བུ་ བདུན་པ་ལ་ཉིན་མཚན་མཉམ་པར་འགྱུར་རོ། །དེ་ཕྱིར་གཉིས་བརྒྱད་དུམ་བུ་དག་ལ་ངེས་པར་གླང་ལ་གནས་དང་སྡིག་པ་ལ་གནས་དེ་བཞིན་ནོ་ཞེས་པ་ནི་འདིར་ཇི་ལྟར་སྔར་བརྗོད་པ་ལ་ལྷུན་པོའི་ལྷོ་དང་བྱང་གི་སའི་དུམ་བུར་ལུག་གི་ཉི་མ་དང་། སྲང་གི་ཉི་མ་ལ་ཉིན་མཚན་མཉམ་པར་ འགྱུར་བ་དེ་བཞིན་དུ་ཅུང་ཟད་བདེན་བྲལ་གྱི་ཟུར་དུ་གནས་པ་དང་དབང་ལྡན་གྱི་ཟུར་ཕྱེད་ཀྱི་ཆར་གནས་པ་ལ་ཡང་ངེས་པ། ཞེས་པ་གདོན་མི་ཟ་བར་ཉི་མ་གླང་ལ་གནས་པ་དང་། སྡིག་པ་ལ་གནས་པ་ལ་དེ་བཞིན་དུ་དཔྱིད་ཕྱེད་དང་སྟོན་ཕྱེད་ཉིན་མཚན་མཉམ་པར་འགྱུར་རོ། །དེ་བཞིན་དུ་བུག་ པ་ཞེས་བྱ་དགུ་པ་དང་མེ་གྲངས་ཏེ་གསུམ་པའི་སའི་དུམ་བུར་བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་ལ་གནས་པ་དང་དབང་ལྡན་གྱི་ཟུར་ཕྱེད་ལ་གནས་པ་ལ་ཉིན་མཚན་མཉམ་པར་འགྱུར་ཏེ། ཉི་མ་འཁྲིག་པ་ལ་གནས་པ་དང་། གཞུ་ལ་གནས་པ་ལ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། ། ཕྱོགས་ཀྱི་ཚད་བཅུ་པ་དང་བཞི་པ་དག་ལ་ནི་ལྷུན་པོའི་ཤར་གྱི་སའི་དུམ་བུ་དང་ནུབ་ཀྱི་སའི་དུམ་བུར་ཉིན་མཚན་མཉམ་པར་འགྱུར་ཏེ་ཉི་མ་ཀཪྐ་ཊ་ལ་གནས་པ་དག་དང་ཆུ་སྲིན་ལ་གནས་པ་ལ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །ལྔ་པ་ལ་གནས་པ་དང་བཅུ་གཅིག་པ་ལ་ཡང་མདུན་གྱི་སའི་དུམ་ བུར་ཉིན་མཚན་མཉམ་པར་འགྱུར་ཏེ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། །སེང་གེ་བུམ་པར་རབ་ཏུ་ཞུགས་པར་གྱུར་པ་ན་སྟེ་ཉི་མ་ལྔ་པ་རླུང་གི་ཟུར་གྱི་ཕྱེད་ལ་གནས་པ་དང་བཅུ་གཅིག་པ་མེའི་ཟུར་གྱི་ཕྱེད་ལ་གནས་པ་ལ་ཉིན་མཚན་མཉམ་པར་འགྱུར་ཏེ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། ། བཅུ་གཉིས་རོ་ཡི་སར་ནི་ཞེས་པ་བཅུ་གཉིས་པ་མེའི་ཟུར་གྱི་ཕྱེད་གཞན་ལ་གནས་པ་དང་རོ་རླུང་གི་ཟུར་གྱི་ཕྱེད་གཞན་ལ་གནས་པ་ལ་སྟེ་ས་ཞེས་པ་ལུང་གི་ཚིག་གོ། །ཉི་མ་ཉ་ལ་གནས་པ་དང་བུ་མོ་ལ་གནས་པ་ལ་ཉིན་མཚན་མཉམ་པ་གཉིས་སུ་འགྱུར་ཏེ་དཔྱིད་ཕྱེད་དང་སྟོན་ཕྱེད་དུ་འགྱུར་རོ། ། དེ་ལྟར་ས་བཅུ་གཉིས་སུ་ཁྱིམ་བཅུ་གཉིས་ཀྱི་དབང་གིས་ཉི་མ་འཆར་བ་དང་ནུབ་པའི་རྣམ་པར་དབྱེ་བས་ཟླ་བ་བཅུ་གཉིས་དང་དུས་དྲུག་ཏུ་འགྱུར་རོ། །ད་ནི་ཉི་མའི་ཁྱིམ་འཁོར་བའི་དབང་གིས་ས་དུམ་བུ་བཅུ་གཉིས་སུ་བྱང་དུ་བགྲོད་པ་བཅུ་གཉིས་དང་ལྷོར་བགྲོད་པ་བཅུ་གཉིས་གསུངས་པ་ འདིར་ནི་གཡོན་བགྲོད་དུ་འགྱུར་ཞེས་པ་སྟེ། འདིར་ནི་ཞེས་པ་ལྷུན་པོའི་ལྷོའི་སའི་དུམ་བུར་རོ། །ཅིའི་ཕྱིར་ཞེ་ན་ལྷོ་འཛམ་བུའི་གླིང་ཆུང་ངུར་དེ་བཞིན་གཤེགས་པས་ཆོས་བསྟན་པའི་དབང་གིས་སོ། །དེའི་ཕྱིར་ལྷོའི་སའི་དུམ་བུར་གཡོན་བགྲོད་ཅེས་པ་བྱང་དུ་བགྲོད་པ་སྟེ་ཉི་མ་ཆུ་སྲིན་ དུ་གནས་པ་ལའོ། །དེ་བཞིན་དུ་བུམ་པར་ཉི་མས་སའི་དུམ་བུ་གཉིས་པ་ལའོ། །ཉ་ལ་དུམ་བུ་གསུམ་པར་རོ། །མི་རྣམས་ཀྱི་ནི་བགྲོད་པ་དག་ཀྱང་ལུག་གི་ཉི་མས་བཞི་པར་ཏེ་ནུབ་ཀྱི་སའི་དུམ་བུ་ནི་བཞི་པའོ། །འབྱུང་བ་ཞེས་བྱ་ལྔ་པར་ཉི་མ་གླང་ལ་གནས་པར་གྱུར་པས་སོ། །འཁྲིག་པར་ ཉི་མ་གནས་པས་ས་དྲུག་པ་ལ་བྱང་དུ་བགྲོད་པར་འགྱུར་རོ། །བདུན་པ་ལྷུན་པོའི་བྱང་དུ་ཡང་ཉི་མ་ཀཪྐ་ཊ་ལ་གནས་པས་བྱང་དུ་བགྲོད་པར་འགྱུར་རོ། །སེང་གེ་ལ་གནས་པས་སའི་དུམ་བུ་བརྒྱད་པར་འགྱུར་རོ། །བུ་མོ་ལ་ཉི་མ་གནས་པས་བུག་པ་སྟེ་སའི་དུམ་བུ་དགུ་པར་རོ། །སྲང་གི་ ཉི་མས་སའི་དུམ་བུ་བཅུ་པར་འགྱུར་རོ། །སྡིག་པར་ཉི་མ་ཡིས་དྲག་པོའི་དུམ་བུ་བཅུ་གཅིག་པ་ལའོ། །གཞུ་ལ་གནས་པས་དུམ་བུ་བཅུ་གཉིས་པར་འགྱུར་ཏེ་མི་རྣམས་བགྲོད་པ་དག་ཀྱང་ཞེས་པ་སྲིད་པ་སྟེ་ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་རྩིབས་བཅུ་གཉིས་ཀྱི་ས་ལ་གནས་པའི་འཇིག་རྟེན་རྣམས་ ཀྱི་བྱང་དུ་བགྲོད་པའོ། །དེ་བཞིན་ལྷོར་བགྲོད་དུ་འགྱུར། དེ་ལྟར་བརྗོད་པའི་རིམ་པས་ལྷོར་བགྲོད་པ་སྟེ་ཉི་མའི་བགྲོད་པའི་དབང་གིས་ཀཪྐ་ཊ་སོགས་ཁྱིམ་རྣམས་དག་ལ་འགྱུར་རོ། །ལྷུན་པོའི་ལྷོ་འཛམ་བུའི་གླིང་ཆུང་ངུའི་སའི་དུམ་བུ་འདིར་ཀཪྐ་ཊར་ཉི་མ་གནས་པས་ལྷོར་བགྲོད་པར་འགྱུར་རོ། ། དེ་བཞིན་དུ་གཡས་སྐོར་གྱིས་ཏེ་གཉིས་པར་སེང་གེའི་ཉི་མས་སོ། །གསུམ་པར་བུ་མོའི་ཉི་མས་སོ། །བཞི་པར་སྲང་གི་ཉི་མས་ཏེ་ལྷུན་པོའི་ནུབ་ཏུ་ལྷོར་བགྲོད་པར་འགྱུར་རོ། །ལྔ་པ་ལ་སྡིག་པའི་ཉི་མས་སོ། །དྲུག་པ་ལ་གཞུའི་ཉི་མས་སོ། །བདུན་པ་ལ་ཆུ་སྲིན་གྱི་ཉི་མས་ཏེ་ལྷུན་པོའི་བྱང་དུའོ། ། བརྒྱད་པ་ལ་བུམ་པའི་ཉི་མས་སོ། །དགུ་པ་ལ་ཉའི་ཉི་མས་སོ། །བཅུ་པ་ལ་ལུག་གི་ཉི་མས་སོ། །བཅུ་གཅིག་པ་ལ་གླང་གི་ཉི་མས་སོ། །སའི་དུམ་བུ་བཅུ་གཉིས་པ་ལ་འཁྲིག་པའི་ཉི་མས་ཏེ། ཁྱིམ་བཅུ་གཉིས་ཀྱིས་དབྱེ་བས་འཇིག་རྟེན་རྣམས་ཀྱི་ལྷོར་བགྲོད་པར་འགྱུར་རོ། །ད་ནི་སའི་ དཀྱིལ་འཁོར་ལ་ཉི་མ་སྟེང་དུ་འགྲོ་བའི་ཚད་གསུངས་པ་སྟེང་དུ་དྲུག་དང་ཀླུའི་གྲངས་ཞེས་པ་སྟེ། འདིར་བདུན་པ་སའི་དཀྱིལ་འཁོར་ལས་སྟེང་དུ་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་གི་གྲངས་ནི་ཉི་མའི་གདུང་བྱེད་དག་ཀྱང་བྱང་དུ་བགྲོད་པ་དག་གི་མཐར་ཏེ་ལྷོར་བགྲོད་པའི་དང་པོ་ལའོ། །རང་ རང་གི་དུམ་བུར་ཀཪྐ་ཊ་ལ་སོགས་པ་རང་རང་གི་ལྷོར་བགྲོད་པའི་འཕོ་བའི་ཉིན་ཞག་ལ་འགྱུར་ཏེ་དུམ་བུ་བཅུ་གཉིས་པོ་རྣམས་ལ་རིམ་པ་བཞིན་ནོ། །དེ་ནས་གཡས་ཕྱོགས་སུ་ཡང་ཟད་པར་འགྱུར་ཏེ་མི་ཡི་བདག་པོ་སྟོང་ཕྲག་དག་ནི་དྲག་པོའི་གྲངས་ཞེས་པ་ནི། ལྷོར་བགྲོད་པའི་འཕོ་བའི་ ཉིན་ཞག་དེ་ནས་གཡས་སུ་བགྲོད་པ་ལ་བྱང་དུ་བགྲོད་པའི་བར་དུ་སྟོང་ཕྲག་བཅུ་གཅིག་ཟད་པར་འགྱུར་ཏེ། ཉི་མའི་གདུང་བར་བྱེད་པ་ནི་སྟེང་དུ་སྟོང་ཕྲག་བདུན་ཅུ་རྩ་ལྔར་རིག་པར་བྱའོ། །སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་མདའ་ནི་སྟེ་ལྔ་བརྒྱ་དང་བྲལ་བར་གྱུར་པ་དབུས་ནས་འགོ་ ལའི་རི་མོར་གྱུར་ཏེ་དཔག་ཚད་ཀྱི་ཚད་དོ། །འགོ་ལའི་རི་མོ་དེ་ལས་གང་ཞིག་ཉི་མའི་འཕེལ་དང་འགྲིབ་པར་གྱུར་པ་དེ་ནི་མཁའ་མཁའ་མདའ་དང་མདའ་ཞེས་པ་དཔག་ཚད་ལྔ་བརྒྱ་ལྷག་པའི་སྟོང་ཕྲག་ལྔ་སྟེ་རི་མོ་ལས་བྱང་དང་ལྷོར་ཉི་མའི་གདུང་བར་བྱེད་པ་སྟེང་དུ་རང་རང་གི་དུམ་ བུར་རང་རང་གི་ཁྱིམ་དུ་ལོངས་སྤྱོད་པའི་དབང་གིས་རིག་པར་བྱའོ། །ད་ནི་དུམ་བུ་བཅུ་གཉིས་ལ་ལྷོ་དང་བྱང་དུ་ཉིན་ཞག་སོ་སོར་ཉི་མ་ཐད་ཀར་འགྲོ་བ་གསུངས་པ་ལན་ཚྭའི་རྒྱ་མཚོ་འགོངས་ནས་ཉིན་མོར་བྱེད་པ་དག་ནི་ལྷོ་རུ་མེའི་བར་དུ་འགྲོ་བར་བྱེད་ཅེས་པ་སྟེ། འདིར་རྩིབས་བཅུ་གཉིས་ཀྱིས་ལ་ དུམ་བུ་སོ་སོ་རེ་རེར་ཁྱིམ་གྱི་དབང་གིས་ལན་ཚྭའི་རྒྱ་མཚོ་འགོངས་ནས་ལྷོར་བགྲོད་པ་ལ་གནས་པའི་ཉི་མ་མེའི་དཀྱིལ་འཁོར་གྱི་དང་པོའི་བར་རྒྱ་མཚོའི་མཐའི་མཚམས་སུ་འགྲོ་བར་བྱེད་དོ། །མེའི་དཀྱིལ་འཁོར་གྱི་མཚམས་དེ་ནས་ཀཻ་ལཱ་ཤའི་བྱང་དུ་འགྲོ་སྟེ་གངས་ཀྱི་རི་ལ་བྱང་གི་ལམ་དུ་ཡང་ བྱང་བགྲོད་ལ་གནས་པའི་ཉི་མ་ལྷོ་བགྲོད་ཀྱི་དང་པོའི་ཉིན་ཞག་གི་བར་དུའོ། །མདའ་རྣམས་ཚེས་ཀྱིས་བསྒྱུར་བ་ཞེས་པ་ལ་མདའ་རྣམས་ཞེས་པ་ལྔའོ། །ཚེས་ཞེས་པ་བཅོ་ལྔ་སྟེ་བཅོ་ལྔ་པོ་དེ་དག་གིས་བསྒྱུར་བ་ནི་མདའ་རྣམས་ཚེས་ཀྱིས་བསྒྱུར་བ་ཞེས་པ་སྟེ་བདུན་ཅུ་རྩ་ལྔར་འགྱུར་རོ། །དཔག་ ཚད་ཀྱི་གྲངས་སྟོང་ཕྲག་བདུན་ཅུ་རྩ་ལྔ་པོ་དེ་ཕྱོགས་ཀྱི་བགྲོད་པ་དག་ལ་ཉིན་མོར་བྱེད་པས་འགྲོ་བར་བྱེད་དེ་གངས་ཅན་ནས་མེའི་བར་དང་། མེ་ནས་གངས་ཅན་གྱི་བར་སྟོང་ཕྲག་བདུན་ཅུ་རྩ་ལྔ་ནི་ལྷོ་བགྲོད་ལ་སོགས་པའི་ཕྱོགས་ཀྱི་ཆའོ། །ཕྱོགས་ཀྱི་ཆ་དེ་ཟླ་བ་དྲུག་གིས་རིམ་པ་ བཞིན་བྱང་དུ་བགྲོད་པ་དང་ལྷོར་བགྲོད་པ་དག་ལ་བགྲོད་དོ། །ཕྱེད་བཅས་མིག་ཀླུ་ཟླས་ཐོབ་ཉིན་དང་ཉིན་ལ་འདོར་བ་ཞེས་པ་ནི་ཕྱེད་དང་བཅས་པའི་བརྒྱ་བརྒྱད་ཅུ་རྩ་གཉིས་ཀྱི་ཆ་ཐོབ་པ་ནི་སྟོང་ཕྲག་བདུན་ཅུ་རྩ་ལྔ་ལས་ཉིན་ཞག་སོ་སོར་དཔག་ཚད་རྣམས་ཀྱི་ཕྱོགས་ཀྱི་ཆ་ཉི་མས་འདོར་རོ། །དེ་ལྟར་བགྲོད་ པ་གཉིས་ཀའི་ལོངས་སྤྱོད་ཀྱིས་ཉི་མའི་ཁྱིམ་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཉིན་ཞག་གི་གྲངས་ནི་དྲུག་ཅུ་རྩ་ལྔ་ལྷག་པའི་སུམ་བརྒྱར་འགྱུར་རོ། །དེ་ལྟར་དུམ་བུ་བཅུ་གཉིས་སུ་ཉི་མ་ཐད་ཀར་བགྲོད་པར་རིག་པར་བྱའོ། །ད་ནི་དུམ་བུ་བཅུ་གཉིས་སུ་འཁོར་བའི་དབང་གིས་ཉི་མ་ཁྱིམ་ སོ་སོ་ལ་གནས་པའི་ཟླ་བ་བཅུ་གཉིས་ཀྱི་དབྱེ་བ་གསུངས་པ། ཁྱིམ་གཅིག་ལ་ནི་ཉི་མ་གནས་པས་མཐའ་དག་དུས་ཀྱི་ཚོགས་དང་ཟླ་བ་དང་ནི་ཕྱོགས་རྣམས་བྱེད་ཅེས་པ་སྟེ། །འདིར་ལུག་ལ་སོགས་པའི་ཁྱིམ་གང་ཡང་རུང་བ་གཅིག་ལ་ཉི་མ་གནས་པས་དུམ་བུ་བཅུ་གཉིས་སུ་དུས་དྲུག་ དང་ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་བྱེད་དེ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་སོ། །འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ་གང་ཡིན་པ་དེ་ནི་བདུན་པའི་ཕྱོགས་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་ འགྲོའོ་ཞེས་པའི་རིགས་པས་ཉི་མ་ཁྱིམ་སོ་སོར་གནས་པའི་དུས་ཀྱི་ཚོགས་ལ་སོགས་པ་མཐའ་དག་སྟེ་ཐམས་ཅད་རིག་པར་བྱའོ། །དུམ་བུ་དུམ་བུ་དག་ཏུ་ཟླ་བར་འགྱུར་ཏེ་ས་གཞི་བཅུ་གཉིས་རྩིབས་རྣམས་ལ་ནི་རིམ་པས་སོ་ཞེས་པ་ནི། འདིར་ས་གཞི་རྩིབས་བཅུ་གཉིས་པོ་ལ་དུམ་ བུ་སོ་སོ་དག་ཏུ་ཟླ་བ་སོ་སོར་འགྱུར་རོ། །ཉི་མ་ཁྱིམ་གཅིག་ལ་གནས་པའི་རྣམ་པ་གང་གིས་ཡིན་པ་དེ་ལྟར་བརྗོད་པར་བྱ་སྟེ་འདིར་ཁྱིམ་གཅིག་ངེས་པར་བསྟན་པས་ཁྱིམ་ཐམས་ཅད་རིག་པར་བྱའོ། །ལྷུན་པོའི་ལྷོ་འཛམ་བུའི་གླིང་ཆུང་ངུ་འདིར་ལུག་ལ་སོགས་པའི་ཁྱིམ་རྣམས་དང་ དཔྱིད་ལ་སོགས་པའི་དུས་རྣམས་དང་། ནག་པ་ལ་སོགས་པའི་ཟླ་བ་རྣམས་དང་། དེ་བཞིན་དུ་ཕྱོགས་རྣམས་ཐམས་ཅད་རབ་ཏུ་གྲགས་སོ། །དེའི་ཕྱིར་ལུག་གི་ཁྱིམ་དེ་ལ་ཉི་མ་གནས་པས་དུམ་བུ་བཅུ་གཉིས་སུ་དུས་ཀྱི་ཚོགས་ལ་སོགས་པ་ཐམས་ཅད་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་ བྱ་སྟེ། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །མེའི་ཟུར་གྱི་ཕྱེད་དུམ་བུ་གཉིས་པ་ལ་སྣྲོན་གྱི་ཟླ་བ་བྱེད་དོ། །དེ་བཞིན་དུ་མེའི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་གསུམ་པ་ལ་ཆུ་སྟོད་ཀྱི་ཟླ་བ་བྱེད་དོ། །དེ་བཞིན་དུ་བཞི་པ་ལ་ལྷུན་པོའི་ ཤར་གྱི་དུམ་བུ་ལ་ཤར་ལུས་འཕགས་པོར་གྲོ་བཞིན་གྱི་ཟླ་བ་བྱེད་དོ། །ལྔ་པ་དབང་ལྡན་གྱི་ཕྱེད་ཀྱི་དུམ་བུར་ཁྲུམས་ཀྱི་ཟླ་བ་བྱེད་དོ། །དབང་ལྡན་གྱི་ཟུར་གྱི་ཕྱེད་གཞན་ལ་དུམ་བུ་དྲུག་པར་ཐ་སྐར་གྱི་ཟླ་བ་བྱེད་དོ། །ལྷུན་པོའི་བྱང་དུམ་བུ་བདུན་པར་སྨིན་དྲུག་གི་ཟླ་བ་བྱེད་དོ། །རླུང་གི་ཟུར་གྱི་ ཕྱེད་ལ་དུམ་བུ་བརྒྱད་པར་མགོའི་ཟླ་བ་བྱེད་དོ། །རླུང་གི་ཟུར་གྱི་ཕྱེད་གཞན་ལ་དུམ་བུ་དགུ་པར་རྒྱལ་གྱི་ཟླ་བ་བྱེད་དོ། །ལྷུན་པོའི་ནུབ་ཏུ་དུམ་བུ་བཅུ་པར་མཆུའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་ཀྱི་དུམ་བུ་ལ་དབོའི་ཟླ་བ་བྱེད་དོ། །བདེན་བྲལ་གྱི་ཟུར་གྱི་ཕྱེད་གཞན་གྱི་དུམ་བུ་ལ་ ནག་པའི་ཟླ་བ་བྱེད་དོ། །དེ་བཞིན་དུ་ཟླ་བ་གཉིས་ཀྱིས་དུམ་བུ་གཉིས་སུ་དུས་སུ་འགྱུར་རོ། །དུམ་བུ་སོ་སོར་དཀར་པོ་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་ཕྱོགས་གཉིས་སུ་འགྱུར་ཏེ་དེ་ལྟར་ན་དུས་དྲུག་དང་། ཟླ་བ་བཅུ་གཉིས་དང་ཕྱོགས་ཉི་ཤུ་རྩ་བཞི་པོ་རྣམས་དུམ་བུ་བཅུ་གཉིས་ལ་ འཁོར་ལོའི་རྣམ་པས་འཁོར་བར་ཤེས་པར་བྱའོ། །ལྷོའི་དུམ་བུ་འདིར་ཁྱིམ་བཅུ་གཉིས་ཀྱི་དབང་གིས་འཕོ་བ་ལ་ཟླ་བ་གང་ཞིག་གྱུར་པ་དེ་ནི་འཕོ་བ་གཞན་ལ་གཡས་སྐོར་གྱིས་བདེན་བྲལ་གྱི་ཟུར་དུ་འགྲོའོ། །བདེན་བྲལ་གྱི་ཟུར་ཕྱེད་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་ གཞན་ན་གནས་པ་ནི་ལྷུན་པོའི་ནུབ་བ་ལང་སྤྱོད་དུ་འགྲོའོ། །ནུབ་བ་ལང་སྤྱོད་ན་གནས་པ་ནི་རླུང་གི་ཟུར་ཕྱེད་དུ་འགྲོའོ། །རླུང་གི་ཟུར་ཕྱེད་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་ནི་བྱང་སྒྲ་མི་སྙན་དུ་འགྲོའོ། །བྱང་སྒྲ་མི་སྙན་ན་གནས་པ་ནི་དབང་ལྡན་གྱི་ཟུར་ཕྱེད་ དུ་འགྲོའོ། །དེ་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་གཞན་ན་གནས་པ་ནི་ཤར་ལུས་འཕགས་པོར་འགྲོའོ། །ཤར་ལུས་འཕགས་པོ་ན་གནས་པ་ནི་མེའི་ཟུར་གྱི་ཕྱེད་ཀྱི་དུམ་བུར་འགྲོའོ། །ཕྱེད་སྔ་མ་ན་གནས་པ་ནི་ཟུར་ཕྱེད་གཞན་དུ་འགྲོའོ། །ཟུར་ཕྱེད་ གཞན་ན་གནས་པ་ནི་ལྷོ་འཛམ་བུའི་གླིང་དུ་འགྲོ་སྟེ་དེ་ལྟར་ཟླ་བ་བཅུ་གཉིས་པོ་རྣམས་འཕོ་བ་སོ་སོའི་དབང་གིས་དུམ་བུ་བཅུ་གཉིས་པོ་རྣམས་སུ་ཡང་དག་པར་རྒྱུ་བར་ཤེས་པར་བྱའོ། །ཚད་གང་དུམ་བུ་གང་དུ་ཉིན་མོའི་དབང་གང་ཡིན་པ་དེ་ནི་བདུན་པ་དག་ཏུ་མཚན་མོ་ལ་འགྱུར་རོ། ། འདིར་བྱང་དུ་བགྲོད་པའི་འཕོ་བ་ལ་ལྷོའི་དུམ་བུར་ཉིན་མོའི་ཚད་ཉམས་པ་དང་མཚན་མོའི་ཚད་འཕེལ་བ་དེ་ཉིད་བྱང་སྒྲ་མི་སྙན་དུ་སྟེ་སའི་དུམ་བུ་བདུན་པར་ཉི་མ་འཆར་བའི་དབང་དང་ལྷོར་མཚན་མོ་འཕེལ་བའི་དབང་གིས་སོ། །དེའི་ཚད་ཀྱང་གཞན་དུ་མ་ཡིན་ཏེ་ལྷོ་འཛམ་བུའི་གླིང་དུ་ འཆར་བའི་དབང་གིས་དང་བདུན་པར་མཚན་མོ་ཉམས་པའི་དབང་གིས་དེ་ནས་ལྷོ་ལ་འགྱུར་རོ། །དེ་ལྟར་ཐམས་ཅད་དུམ་བུ་སོ་སོ་ལ་རིག་པར་བྱའོ། །ལམ་ཕྱེད་འབུམ་ཕྲག་གསུམ་པོ་དག་ལ་ཉི་མའི་མདུན་དུ་ཉིན་མོ་དང་ནི་རྒྱབ་ཏུ་མཚན་མོའོ། །ཞེས་པ་ནི་འདིར་ཟླུམ་པོའི་ཚད་འབུམ་ཕྲག་དྲུག་ སྟེ་ཉི་མའི་བགྲོད་པའི་དབང་གིས་ལམ་ཕྱེད་ལ་འབུམ་ཕྲག་གསུམ་ནི་ཉིན་མོ་ཞེས་པ་ཤར་བ་ནས་ནུབ་པའི་བར་རོ། །ནུབ་པ་ནས་འཆར་བའི་བར་ནི་མཚན་མོ་སྟེ་འབུམ་ཕྲག་གསུམ་མོ། །དེ་ལྟར་ཉིན་མཚན་ལ་རིག་པར་བྱའོ། །ད་ནི་དུམ་བུ་བཅུ་གཉིས་ལ་གནས་པ་རྣམས་ཀྱི་ལྷུན་པོའི་གནས་ པ་གསུངས་པ། རིའི་རྒྱལ་པོ་དག་ནི་སྐྱེ་བོ་ཐམས་ཅད་ཀྱི་ཡང་བྱང་ན་གནས་པར་འགྱུར་རོ་མི་ཡི་བདག་ཅེས་པ་སྟེ་འདིར་རིའི་རྒྱལ་པོ་ལྷུན་པོ་ནི་དུམ་བུ་བཅུ་གཉིས་ལ་གནས་པའི་སྐྱེ་བོ་རྣམས་ཀྱི་བྱང་དུ་འགྱུར་རོ། །ཉི་མ་འཆར་བ་ཤར་དུ་འགྱུར་ཏེ་ཞེས་པ་ནི་ལྷུན་པོའི་དུམ་བུ་ཐམས་ཅད་ལ་ གནས་པ་ཀུན་གྱི་གང་ནས་ཉི་མ་འཆར་བ་དེ་ནི་ཤར་གྱི་ཕྱོགས་སུ་འགྱུར་ཏེ་ལྷོ་འཛམ་བུའི་གླིང་ལ་གནས་པ་རྣམས་ཀྱི་ཤར་ལུས་འཕགས་པོ་ཤར་གྱི་ཕྱོགས་སོ། །ནུབ་བ་ལང་སྤྱོད་པ་རྣམས་ཀྱི་ལྷོ་འཛམ་བུའི་གླིང་ཤར་གྱི་ཕྱོགས་སོ། །བྱང་སྒྲ་མི་སྙན་ན་གནས་པ་རྣམས་ཀྱི་ནུབ་བ་ལང་སྤྱོད་ ཤར་གྱི་ཕྱོགས་སོ། །ཤར་ལུས་འཕགས་པོ་ན་གནས་པ་རྣམས་ཀྱི་བྱང་སྒྲ་མི་སྙན་ཤར་གྱི་ཕྱོགས་ཏེ་ཉི་མ་འཁོར་ཞིང་འཆར་བའི་དབང་གིས་སོ། །དེ་བཞིན་དུ་ཟུར་ན་གནས་པ་བརྒྱད་པོ་རྣམས་ལའང་ཤེས་པར་བྱ་སྟེ། དུམ་བུ་སོ་སོར་དབྱུག་གུ་ལྔ་ལྔའི་བར་གྱིས་ཉི་མ་འཆར་བར་འགྱུར་རོ། །རི་དང་ མཉམ་པ་བགྲོད་པ་དག་དང་ཞེས་པ་ནི་དུམ་བུ་སོ་སོར་རི་དང་མཉམ་པ་ལྷུན་པོ་ལ་མངོན་དུ་ཕྱོགས་པར་ཉི་མ་བགྲོད་པ་ནི་བྱང་དང་ལྷོ་དག་གོ། །དེ་ནི་ནུབ་པ་ནུབ། དེ་བཞིན་དུ་དུམ་བུ་བཅུ་གཉིས་སུ་ཇི་ལྟར་འཆར་བ་ཤར་ཡིན་པ་དེ་བཞིན་དུ་དེ་ནུབ་པ་ནི་ནུབ་ཏུ་རིག་པར་བྱའོ། །དུས་ནི་གསུམ་སྟེ་སྔ་དྲོ་དང་ཉིན་ གང་དང་ཕྱི་འབྲེད་དོ། །ཐུན་མཚམས་ནི་བཞི་སྟེ་མཚན་ཕྱེད་ཀྱི་ཐུན་མཚམས་དང་། སྔ་དྲོའི་ཐུན་མཚམས་དང་། ཉིན་གུང་གི་ཐུན་མཚམས་དང་། ཕྱི་འབྲེད་ཀྱི་ཐུན་མཚམས་སོ། །ཐུན་ཚོད་ནི་བརྒྱད་དེ་ཉིན་མོ་ལ་བཞི་དང་མཚན་མོ་ལ་བཞིའོ། །ཉིན་མོ་དང་མཚན་མོ་དུས་ཀུན་ཏུ་ནི་ཡང་དག་ རྒྱུ་བ་རྣམས། དེ་ལྟར་དུས་ལ་སོགས་པ་རྣམས་ཉིན་མཚན་དུས་ཐམས་ཅད་དུ་ཡང་དག་པར་རྒྱུ་བ་ནི་དུམ་བུ་ནས་དུམ་བུར་ལྷུན་པོའི་ཕྱོགས་རྣམས་སུ་འཁོར་རོ། །རབ་གསལ་ཉི་མའི་ས་ལ་ཞེས་པ་ནི་རྩིབས་བཅུ་གཉིས་པའི་ས་ལའོ། །དུས་སྦྱོར་དབྱེ་བས་ཕྱེ་བར་གྱུར་པ་ཞེས་པ་ལ་དུས་སྦྱོར་ནི་བཅུ་ གཉིས་ཏེ་དེ་དག་གི་དབྱེ་བས་ཕྱེ་བར་གྱུར་པའི་དུས་ལ་སོགས་པ་རྣམས་འཁོར་ཏེ་དུས་ནི་དུས་སྦྱོར་བཞི་བཞིས་འཁོར་རོ། །ཐུན་མཚམས་སོ་སོ་ནི་དུས་སྦྱོར་གསུམ་གྱིས་འཁོར་རོ། །ཐུན་ཚོད་སོ་སོ་ནི་དུས་སྦྱོར་ཕྱེད་དང་གཉིས་ཀྱིས་འཁོར་རོ། །དེ་བཞིན་དུ་དུས་སྦྱོར་སོ་སོ་ནི་དབྱུག་གུ་ལྔས་འཁོར་ རོ། །ཐུན་ཚོད་ཕྱེད་ནི་ཐུན་ཚོད་ཕྱེད་ཀྱིས་འཁོར་རོ། །ཡུད་ཙམ་ནི་ཐུན་ཚོད་ཕྱེད་ཀྱི་ཕྱེད་ཀྱིས་འཁོར་རོ། །ཆུ་ཚོད་ནི་ཆུ་སྲང་དྲུག་ཅུས་འཁོར་རོ། །ཆུ་སྲང་སོ་སོ་ནི་དབུགས་དྲུག་གིས་འཁོར་ཏེ། དེ་ལྟར་ན་ཉིན་མཚན་དུ་ལུས་ཅན་རྣམས་ཀྱི་དབུགས་ཀྱི་དབྱེ་བ་དང་དུས་སྦྱོར་གྱི་དབྱེ་བས་དུས་ རྣམས་འཁོར་ཞིང་བགྲོད་དོ། །ད་ནི་ལྷུན་པོའི་ཕྱོགས་ཐམས་ཅད་དུ་ཉི་མ་འཁོར་བའི་ཚད་གསུངས་པ་ཆུ་ཚོད་དུས་ལ་དཔག་ཚད་སྟོང་ཕྲག་དྲུག་ནི་རྐང་པ་དང་བཅས་ཉིན་མོར་བྱེད་པ་འགྲོ་བ་སྟེ་ཞེས་པ་སྟེ། ཆུ་ཚོད་དུས་ལ་ཞེས་པ་ནི་དབུགས་སུམ་བརྒྱ་དྲུག་ཅུའི་གྲངས་ཀྱི་དུས་ལའོ། །དྲུག་ནི་ རྐང་པ་དང་བཅས་ཞེས་པ་ནི་དཔག་ཚད་ཉིས་བརྒྱ་ལྔ་བཅུ་ལྷག་པའི་སྟོང་ཕྲག་དྲུག་སྟེ་ཁྱིམ་ལ་གནས་པའི་ཉིན་མོར་བྱེད་པ་འདི་ནམ་མཁའ་ལ་འགྲོ་བའོ། །དེའི་ཕྱིར་འཁོར་བའི་ཤུགས་འདི་ནི་ཁྱིམ་གྱི་ཡིན་གྱི་གཞི་ལ་གནས་པའི་ཉི་མ་ཡི་ནི་མ་ཡིན་ནོ། །འདིར་ཁྱིམ་གྱི་འཁོར་ལོ་ནི་ གཡས་སྐོར་གྱིས་འཁོར་ཏེ་གཟའ་རྣམས་ནི་ཁྱིམ་དག་ལ་གཡས་མིན་གྱིས་རྒྱུའོ། ཇི་ལྟར་ཁྱིམ་གྱི་འཁོར་ལོ་འཁོར་བ་དེ་བཞིན་དུ་སྒྲ་གཅན་ཡང་ནུབ་ཏུ་མངོན་པར་ཕྱོགས་ནས་རི་རབ་ལ་གཡས་སྐོར་བྱེད་ཅིང་ཡང་དག་པར་རྒྱུའོ། །ཤར་དུ་ཕྱོགས་པའི་གཟའ་རྣམས་ནི་ལྷུན་པོ་ལ་གཡས་མིན་ དུ་སྐོར་བ་བྱེད་ཅིང་ཁྱིམ་གྱི་འཁོར་ལོ་ལ་ཡང་དག་པར་བགྲོད་པར་བྱེད་དོ། །དེ་ལྟར་ན་དོན་དམ་པའི་རིགས་པས་སྒྲ་གཅན་ནི་བསོད་ནམས་དང་ལྡན་པ་ཡིན་ཞིང་ཉི་མ་ལ་སོགས་པ་རྣམས་ནི་གདུག་པ་སྟེ་སྡིག་པའི་གཟར་བརྗོད་དོ། །དྲུག་ཅུ་ལ་ནི་མེ་འབུམ་དག་དང་ཞེས་པ་ནི་ཆུ་ཚོད་དྲུག་ཅུའི་དུས་ཀྱི་ ཡུན་ལ་སྟེ་དབུགས་དྲུག་བརྒྱ་ལྷག་པའི་སྟོང་ཕྲག་ཉི་ཤུ་རྩ་གཅིག་གི་གྲངས་ཀྱི་དུས་ལའོ། །མེ་འབུམ་སྟེ་འབུམ་ཕྲག་གསུམ་དང་ལྔ་དང་རི་བོའི་སྟོང་ཕྲག་ཅེས་པ་ནི་སྟོང་ཕྲག་བདུན་ཅུ་རྩ་ལྔའི་དཔག་ཚད་ཀྱི་གྲངས་འཁོར་ཏེ། ཉིན་དང་མཚན་མོ་དག་ཏུ་ཞེས་པ་ནི་ཉིན་མཚན་དུའོ། །ཉིན་ དང་མཚན་མོར་འགོ་ལ་ཕྱེད་ལ་མཁའ་མེ་ཆུ་ཚོད་བགྲོད་དེ། ཞེས་པ་ནི་འདིར་ཉིན་མཚན་མཉམ་པའི་འཕོ་བའི་ཉིན་ཞག་ལ་ལྔར་བརྗོད་པའི་འགོ་ལའི་རི་མོ་ལས་མཁའ་མེ་སྟེ། སུམ་ཅུའི་ཆུ་ཚོད་ཉི་མས་ཉིན་མོ་བགྲོད་ཅིང་སུམ་ཅུའི་ཆུ་ཚོད་མཚན་མོ་བགྲོད་དེ། ཉིན་མཚན་མཉམ་མོ་ཞེས་ པའི་དོན་ཏོ། །འགོ་ལ་དག་ལ་གཡས་དང་ནི་གཡས་མིན་དག་ཏུ་འགྲིབ་དང་འཕེལ་བ་ལྔ་སྟེ་ཞེས་པ་ནི་འགོ་ལའི་ཕྱེད་དེ་ལས་གཡས་དང་གཡས་མིན་དག་ཏུ་སྟེ་གཡས་སུ་ཟླ་བ་གསུམ་གྱིས་མཚན་མོ་ཆུ་ཚོད་ལྔ་འཕེལ་ལོ། །གཡས་མིན་དུ་ཟླ་བ་གསུམ་གྱིས་ཉིན་མོ་ཆུ་ཚོད་ལྔ་འཕེལ་ ལོ། །འདིར་མཚན་མོ་འཕེལ་བས་ཉིན་མོ་འགྲིབ་པ་དང་ཉིན་མོ་འཕེལ་བས་མཚན་མོ་འགྲིབ་པར་ཤེས་པར་བྱའོ། །ཉིན་ཞག་སོ་སོར་དེ་ནི་དབུགས་ཟུང་ཆུ་སྲང་གསུམ་ཞེས་པ་ནི་འདིར་གཡས་དང་གཡས་མིན་དག་ཏུ་ཟླ་བ་གསུམ་པོ་རྣམས་ཀྱི་ཉིན་ཞག་སོ་སོ་ལ་ཉིན་མོ་དང་མཚན་མོ་འཕེལ་ བའམ་འགྲིབ་པ་ནི་དབུགས་གཉིས་དང་ཆུ་སྲང་གསུམ་མོ། །ཚད་འདི་ནི་ཀཻ་ལཱ་ཤའི་དུམ་བུ་ལ་ཡིན་གྱི་འཕགས་པའི་ཡུལ་ལ་སོགས་པ་ལ་མ་ཡིན་ནོ། །འཕགས་པའི་ཡུལ་དུ་ཡང་ཉིན་མཚན་སོ་སོ་ལ་ཆུ་སྲང་གཉིས་འཕེལ་བའམ་འགྲིབ་པར་ཤེས་པར་བྱ་སྟེ་ཟླ་བ་གསུམ་ གྱིས་ཉིན་མཚན་མཉམ་པའི་དབུས་ཉིན་མཚན་གྱི་ཚད་སུམ་ཅུར་མཚུངས་པ་ལས་བགྲོད་པའི་དབང་གིས་ཆུ་ཚོད་གསུམ་འཕེལ་བའམ་འགྲིབ་པར་རིག་པར་བྱའོ། །ད་ནི་ཀཻ་ལཱ་ཤའི་དུམ་བུའི་དབྱེ་བས་དུས་སྦྱོར་བཅུ་གཉིས་འཆར་བའི་དུས་གསུངས་པ། ལུག་གི་དུས་སྦྱོར་ལ་ནི་ཆུ་སྲང་དུ་ འགྱུར་ཞེས་པ་སྟེ། འདིར་ལུག་གི་དུས་སྦྱོར་ལ་དང་པོ་ཤར་བ་ནས་དུས་སྦྱོར་ཕྱི་མ་འཆར་བའི་བར་གྱི་དུས་ལ་ཆུ་སྲང་གི་ཚོགས་མཁའ་དགུ་ལག་སྟེ་ཞེས་པ་དགུ་བཅུ་ལྷག་པའི་ཉིས་བརྒྱར་འགྱུར་རོ། །འདི་ལས་དྲུག་ཅུའི་ཆས་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུ་ནི་ལུག་གི་དུས་སྦྱོར་འཆར་བའི་ དུས་སོ་ཞེས་པ་ནི་ཀཻ་ལཱ་ཤའི་ཡུལ་དུ་ངེས་པའོ། །མཁའ་དུས་མིག་ནི་གླང་ལ་འགྱུར་ཞེས་པ་ནི་དེ་བཞིན་དུ་གླང་གི་དུས་སྦྱོར་འཆར་བའི་དུས་ལ་ཆུ་སྲང་གི་ཚོགས་ཉིས་བརྒྱ་དྲུག་ཅུ་སྟེ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་འཆར་བའི་དུས་སོ། །ཟུང་དག་ལ་ཡང་མཁའ་གཉིས་ཏེ་ཞེས་པ་ནི་ཟུང་སྟེ་ འཁྲིག་པ་འཆར་བའི་དུས་ཆུ་སྲང་གི་ཚོགས་ཉིས་བརྒྱ་སྟེ་ཆུ་ཚོད་གསུམ་དང་ཆུ་སྲང་ཉི་ཤུའོ། །མདའ་རོའི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་མདའ་སྟེ་ཆུ་ཚོད་ལྔ་ནི་ཀུ་ལཱི་ར་སྟེ་ཀཪྐ་ཊའི་དུས་སྦྱོར་འཆར་བའི་དུས་སོ། །དེ་ནས་རོ་ཞེས་པ་ཆུ་ཚོད་དྲུག་ནི་སེང་གེའི་དུས་སྦྱོར་འཆར་བའི་དུས་སོ། །བུ་མོ་ལ་ནི་ ཕྱེད་བཅས་དྲུག་སྟེ་ཞེས་པ་ནི་བུ་མོའི་དུས་སྦྱོར་འཆར་བའི་དུས་ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུ་སྟེ་ཕྱེད་བཅས་དྲུག་དུ་འགྱུར་རོ། །སྲང་སོགས་རིམ་པ་མིན་པས་དེ་བཞིན་ཐམས་ཅད་འགྱུར་ཞེས་པ་ནི་དུས་སྦྱོར་དྲུག་གི་དུས་ཀྱི་མཚམས་འདི་ནས་སྲང་ལ་སོགས་པའི་དུས་སྦྱོར་ཕྱི་མ་དྲུག་ལ་རིམ་པ་མིན་ པས་དེ་བཞིན་ཏེ་ཆོ་ག་འདིས་ཐམས་ཅད་དེ་མ་ལུས་པ་འགྱུར་རོ། །ཞེས་པ་ནི་ངེས་པའོ། །འདིར་དུས་སྦྱོར་འཆར་བའི་དུས་ནི་སྲང་ལ་ཆུ་ཚོད་དྲུག་དང་ཆུ་སྲང་སུམ་ཅུའོ། །སྡིག་པ་ལ་དྲུག་གོ། །གཞུ་ལ་ལྔའོ། །ཆུ་སྲིན་ལ་ཆུ་ཚོད་གསུམ་དང་ཆུ་སྲང་ཉི་ཤུའོ། །བུམ་པ་ལ་ཆུ་ཚོད་བཞི་ དང་ཆུ་སྲང་ཉི་ཤུའོ། །ཉ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ལྔ་བཅུའོ་ཞེས་པ་ནི་ཀཻ་ལཱ་ཤའི་ཡུལ་དུ་ངེས་པའོ། །དུས་སྦྱོར་དྲུག་གིས་དེ་ནུབ་གང་ཕྱིར་འཆར་བ་དག་ཀྱང་དེ་བཞིན་ཞེས་པ་ནི་གང་གི་ཕྱིར་འཆར་བ་ཡང་དུས་སྦྱོར་དྲུག་གིས་ཡིན་པ་དེའི་ཕྱིར་དེ་ནི་ནུབ་པར་འགྱུར་རོ། ། ཉི་མའི་རྒྱུ་སྐར་དབྱེ་བས་སོ་ཞེས་པ་ནི་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་གྱི་མཐར་ནུབ་པ་སྟེ་དེ་བཞིན་དུ་དེ་འཆར་བ་ནི་ཕྱེད་དང་བཅས་པའི་རྒྱུ་སྐར་བཅུ་གསུམ་གྱི་མཐར་རོ། །ཉིན་མཚན་གྱི་དབྱེ་བས་དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་ཉིན་མོའི་དུས་སུ་འགྱུར་ རོ། །དུས་སྦྱོར་དྲུག་དང་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་གྱིས་མཚན་མོའི་དུས་སུ་འགྱུར་རོ། །དུས་སྦྱོར་འཆར་བའི་དུས་ཀྱི་དབང་གིས་ཉིན་མོ་དང་མཚན་མོ་དམན་པ་དང་ལྷག་པར་འགྱུར་ཏེ་ཉི་མ་ཡང་དག་པར་རྒྱུ་བའི་དབང་གིས་སོ། །ད་ནི་ལུས་ལ་དབུ་མའི་ལོ་བརྒྱའི་ཉིན་ཞག་ དང་དབུགས་ལ་སོགས་པ་གསུངས་པ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཅེས་པ་ལ་སོགས་པ་སྟེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་ནི་སྟོང་ཕྲག་གཅིག་ལྷག་པའི་ཁྲི་ཕྲག་གཉིས་སོ། །རོ་བརྒྱ་ལྡན་པ་དག་ཅེས་པ་ནི་དྲུག་བརྒྱ་དང་ལྡན་པའོ། །སོ་ཡི་ཆ་ཡིས་ངེས་པར་ཕྱུང་གྱུར་པ་ཞེས་པ་ནི་ཕུང་པོ་ དེ་ལས་སུམ་ཅུ་རྩ་གཉིས་ཀྱི་ཆ་དག་གིས་ངེས་པར་ཕྱུང་བའོ། །ལུས་ལ་ནི་ལུས་ལ་སྟེ་དབུགས་ལྷག་གང་དག་ཉིན་ཞག་སོ་སོའི་དུས་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱི་དུས་སུ་འབྱུང་བ་རི་དང་དུས་རྣམས་དག་གི་གྲངས་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་བརྒྱའི་གྲངས་སོ། །སྟོང་ཕྲག་སུམ་ཅུ་རྩ་དྲུག་ དག་གིས་བསྒྱུར་བ་རྣམས་ཀྱང་ལོ་བརྒྱའི་ཚད་དུ་རབ་ཏུ་གྲགས་པ་སྟེ། དབུགས་དེ་དག་ལོ་བརྒྱའི་ཉིན་ཞག་སྟོང་ཕྲག་སུམ་ཅུ་རྩ་དྲུག་གིས་བསྒྱུར་བ་དེ་དག་ནི་ལོ་བརྒྱའི་དབུགས་ཀྱི་ཚད་དུ་འགྱུར་རོ། །འདིར་ཉིན་ཞག་སོ་སོ་ལ་རྩ་གསུམ་གྱི་དབུགས་བརྒྱ་ཕྲག་བཅུ་དྲུག་ལྷག་པའི་ ཁྲི་ཕྲག་གཉིས་ཀྱི་གྲངས་ལ་ལོ་བརྒྱའི་ཉིན་ཞག་གིས་བསྒྱུར་བ་ནི་འབུམ་ཕྲག་བདུན་ཅུ་རྩ་དྲུག་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་དུ་འགྱུར་རོ། །དེ་དག་ལས་སུམ་ཅུ་རྩ་གཉིས་ཀྱི་ཆས་ཐོབ་པ་འབུམ་ཕྲག་བཞི་བཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་གཉིས་ཀྱི་གྲངས་ནི་དབུ་མ་ཨ་བ་དྷཱུ་ ཏཱིའི་དབུགས་སུ་འགྱུར་རོ། །ལྷག་མ་འབུམ་ཕྲག་སུམ་ཅུ་རྩ་གསུམ་ལྷག་པའི་བྱེ་བ་ཕྲག་བདུན་ཅུ་རྩ་ལྔ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་དཀྱིལ་འཁོར་ལྔ་ལས་འབབ་སྟེ་ཆ་མཉམ་པར་གྱུར་པ་ལས་གཡོན་དང་གཡས་ནས་ཕྱེད་ལ་ལ་ནཱ་ནས་འབབ་ཅིང་ཕྱེད་ར་ས་ནཱ་ནས་འབབ་སྟེ་ལོ་བརྒྱའི་ མཚམས་ཀྱིའོ། །སྟོང་དུས་མེ་ཡིས་རབ་ཏུ་ཕྱེ་བ་དག་ནི་ཆུ་ཚོད་དུ་འགྱུར་ཞེས་པ་ནི་དབུགས་ཀྱི་ཕུང་པོ་དེ་ལས་སུམ་བརྒྱ་དྲུག་ཅུས་རབ་ཏུ་ཕྱེ་བའི་རྙེད་པ་ནི་ཆུ་ཚོད་ཀྱི་ཕུང་པོར་འགྱུར་རོ། །དྲུག་ཅུའི་ཆ་ཡིས་ཉིན་ཞག་ཀྱང་ཞེས་པ་ནི་ཆུ་ཚོད་ཀྱི་ཕུང་པོ་དེ་ལས་དྲུག་ཅུའི་ཆས་ཐོབ་པ་ནི་ཉིན་ ཞག་གི་ཚོགས་སུ་འགྱུར་ཏེ། སྟོང་ཕྲག་སུམ་ཅུ་རྩ་དྲུག་ལས་དབུ་མའི་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་གྲངས་སོ། །ལྷག་མའི་ཉིན་ཞག་གི་ཚོགས་བརྒྱ་ཕྲག་བཞི་བཅུ་རྩ་བརྒྱད་དང་བདུན་ཅུ་རྩ་ལྔ་ལྷག་པའི་ཁྲི་ཕྲག་གསུམ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་ལོ་བརྒྱའི་ མཚམས་ཀྱི་ཡིན་པར་རིག་པར་བྱའོ། །ད་ནི་གཟའ་བརྒྱད་ཀྱི་ལོ་བརྒྱའི་ཚད་འཁོར་ལོ་ཕྱེད་དང་བཅས་པ་ལ་ལོངས་སྤྱོད་པའི་ཕྱིར་གཅིག་ཏུ་བསྡུས་པ་ཉིད་ཀྱིས་དུས་ཀྱི་འཁོར་ལོ་དང་བྲལ་བ་གསུངས་པ་ཟླ་བའི་ཕྱོགས་ཞེས་པ་ལ་སོགས་པ་སྟེ། ཟླ་བའི་ཕྱོགས་ཏེ་ཞེས་པ་ནི་ཟླ་བའི་ ཕྱོགས་གཅིག་དབྱུག་གུ་སུམ་ཅུའི་བདག་ཉིད་ཀྱི་མཚན་མོར་འགྱུར་ཏེ་ཁྱིམ་གྱི་འཁོར་ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ཉི་མའི་བགྲོད་པ་ཞེས་པ་ནི་ཉི་མའི་བགྲོད་པ་ཉིད་ཉིན་མཚན་ཕྱེད་དུ་འགྱུར་ཏེ་འཁོར་ལོ་ཕྱེད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །ས་སྐྱེས་ཟླ་བ་དགུ་ རྣམས་དག་གི་མཚན་མོའོ་ཞེས་པ་ནི་བྱེད་པ་བརྗོད་པར་འདོད་པས་སོ། །དེ་བཞིན་དུ་བླ་མའི་ལོ་དྲུག་ཏུ་འགྱུར་རོ། །ཉི་མའི་ཇི་ལྟ་བ་དེ་བཞིན་དུ་པ་སངས་ཀྱི་ཡང་བགྲོད་པ་སྟེ་ཟླ་སྐྱེས་གཟའ་ལག་གི་ཡང་བགྲོད་པའོ། །ཚེས་ཞེས་བྱ་བའི་ལོ་ནི་སྟེ་ལོ་བཅྭ་ལྔ་ནི་སྤེན་པའི་འོ། །མུན་ ཅན་སྒྲ་གཅན་གྱི་ནི་ལོ་དགུ་ཉིན་མཚན་ཕྱེད་དུ་འགྱུར་ཏེ་རྒྱུ་སྐར་ཕྱེད་ཀྱི་འཁོར་ལོ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་ནོར་གྱིས་བསྒྱུར་བའི་དུས་ཀྱི་ལོ་ཞེས་པ། ལོ་སུམ་ཅུ་རྩ་གཉིས་དང་ཕྱེད་བཅས་ཟླ་བ་གསུམ་དུ་འགྱུར་ཏེ་སེམས་ཅན་ རྣམས་ཀྱི་སྙིང་སྟོབས་ཀྱི་ཡོན་ཏན་གྱི་དབྱེ་བས་སོ། །ཕྱེད་དང་བཅས་པའི་ཉིན་ཞག་གྲངས་དག་ལས་ཕྱེད་དང་བཅས་པའི་རྒྱུ་སྐར་གྱི་འཁོར་ལོ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ལོ་བརྒྱར་འགྱུར་ཏེ། དུས་ཀྱི་འཁོར་ལོ་དམན་ནོ་ཞེས་པ་ནི་ལོ་ གསུམ་དང་ཕྱོགས་གསུམ་གྱིས་དམན་པ་སྟེ་གཟའ་བརྒྱད་པོ་རྣམས་ཀྱི་གཅིག་ཏུ་བསྡུས་པ་ལས་ཕྱེད་དང་བཅས་པའི་ཟླ་བ་བཅུ་ལྷག་པའི་ལོ་དགུ་བཅུ་རྩ་དྲུག་གི་ཚོགས་སུ་འགྱུར་རོ། །འདིར་སྲོག་ནི་སྙིང་སྟོབས་ལ་འབབ་ཅེས་པ་ནི་ཕྱེད་དང་བཅས་པའི་ཟླ་བ་གསུམ་ལྷག་པའི་ལོ་སུམ་ཅུ་ རྩ་གཉིས་ཀྱི་བར་དུ་སེམས་ཅན་རྣམས་ཀྱི་སྲོག་ནི་སྙིང་སྟོབས་ལ་སྟེ་སྙིང་སྟོབས་ཀྱི་ཡོན་ཏན་གྱིས་འབབ་བོ། །དེའི་འོག་ཏུ་རྡུལ་གྱི་བར་དུ་ཚད་དེ་ཉིད་ཀྱིས་སོ། །དེའི་འོག་ཏུ་མུན་པ་ལ་ཡང་རིམ་པ་དེ་ཉིད་ཀྱིས་སོ། །ལྷ་མི་ལག་འགྲོ་རྣམས་ཀྱི་རང་རང་གི་ལོ་བརྒྱའི་ཚད་ལས་སྙིང་སྟོབས་དང་ རྡུལ་དང་མུན་པ་རྣམས་ཀྱི་མཐའི་མཚམས་དེ་ནས་ལྔ་པ་ཉིད་དུ་འགྱུར་རོ། །ཟླ་བ་ཕྱེད་བཅས་མཚན་མོ་དག་གིས་ཞེས་པ་ནི་དུས་ཀྱི་འཁོར་ལོའི་ཕྱོགས་གསུམ་གྱིས་ཏེ་ཀྱང་ཞེས་པས་སྔར་གྱི་ལོ་གསུམ་གྱིས་སོ། །འདིར་འཁོར་བ་པ་རྣམས་ལྔ་པ་ཉིད་འཆི་བར་འགྱུར་ཏེ། སྐྱེས་བུ་ཚེ་ལོ་བརྒྱ་ པ་དབང་པོ་བརྒྱ་པ་ཞེས་པའི་ཚིག་འཇིག་རྟེན་པའི་ཐ་སྙད་ལས་སོ། །དོན་དམ་པའི་རིགས་པས་ནི་ངེས་པ་མེད་དེ་སེམས་ཅན་རྣམས་ཀྱི་རང་རང་གི་ལས་ཀྱི་དབང་གིས་སྐྱེ་བ་དང་འགག་པར་སངས་རྒྱས་པ་རྣམས་ཀྱིས་རྟོགས་པར་བྱའོ། །སྐྱེས་བུ་ཚེ་ལོ་བརྒྱ་པ་དབང་པོ་བརྒྱ་པ་ཞེས་པ་ནི་དགོངས་ པའི་སྐད་དེ་སྐྱེས་བུ་ནི་ཕྱི་རོལ་དུ་དུས་བཞིའི་བདག་ཉིད་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་གྱི་དབུགས་ཀྱི་མཚན་ཉིད་དོ། །ནང་དུ་ནི་དབུགས་ཀྱི་ཚད་དེ་ཉིད་ཀྱིས་དུས་བཞིའི་བདག་ཉིད་དེ་གང་གི་དུས་སུ་གཟའ་ཐམས་ཅད་ཀྱི་རྒྱུ་བ་སྟོང་པ་ལ་འཇུག་པར་ འགྱུར་བའོ་ཞེས་པ་ནི་དོན་དམ་པའི་རིགས་པའོ། །སེམས་ཅན་རྣམས་ཀྱི་དགེ་བ་དང་མི་དགེ་བའི་དབང་གིས་ཀྱང་ཚེ་དམན་པ་དང་། ལྷག་པར་འགྱུར་ཞིང་ཚེ་ལོ་བརྒྱ་པ་ཞེས་བྱ་བའི་ངེས་པ་མེད་དེ། དེ་བཞིན་གཤེགས་པའི་གསུང་གི་ཕྱིར་རོ། །གྲངས་ནི་ཤིན་ཏུ་ངེས་པ་འདི་དག་ རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོར་རབ་ཏུ་གྲགས་པ་ཡིན་ནོ། །མི་ཡི་དབང་ཞེས་པ་ནི་ཕྱག་ན་རྡོ་རྗེ་ཟླ་བ་བཟང་པོ་ལ་བོད་པའོ། །ད་ནི་དབུ་མ་ཨ་བ་དྷཱུ་ཏཱིའི་དྲུག་ཅུའི་ཆའི་ཆུ་ཚོད་རྣམས་གཟའ་ལྔ་རྒྱུ་སྐར་ལ་འཆར་བའི་རྐང་པའི་ཆུ་ཚོད་ཀྱི་ཚོགས་སུ་གསུངས་པ་མ་བཅད་ཅེས་པ་ལ་སོགས་པ་སྟེ། མ་ བཅད་དུས་ཀྱི་འཁོར་ལོ་ནི་ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་མ་བཅད་པ་སྟེ། ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་བགྲོད་པ་དག་ལ། བུ་ལོན་དགུ་ནི་མངལ་གྱི་ཟླ་བ་དགུའི་བུ་ལོན་ཆུ་ཚོད་དགུ་ནི་བསྲེས་པར་གྱུར་པ་མཐའ་དག་རྣམས་ཏེ་ཆུ་ཚོད་ཀྱི་ཚོགས་སུམ་ཅུ་རྩ་བཞི་ ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་གྲངས་རྣམས་ནི་བཀྲ་ཤིས་ལ་སོགས་གཟའ་ནི་ལྔ་པོ་རྣམས་ཀྱི་མྱུར་བའི་ལས་ཏེ། སྐར་མའི་ལས་དག་ལ་ཡང་རྐང་པའི་ཆུ་ཚོད་དུ་འགྱུར་རོ། །ས་སྐྱེས་ལ་ནི་རིག་བྱེད་དུས་མེ་ཞེས་པ་དེ་དག་ལས་བཀྲ་ཤིས་ལ་ཆུ་ཚོད་ཀྱི་ཚོགས་དྲུག་ཅུ་རྩ་བཞི་ལྷག་པའི་ སུམ་བརྒྱའི་གྲངས་སུ་འགྱུར་རོ། །སྲིད་པའི་གནས་རྣམས་དག་ལ་ཞེས་པ་ནི་རྐང་པའི་གནས་བཅུ་བཞི་ལ་སྟེ་སྐར་མ་ཕྱེད་དང་བཅས་པའི་བཅུ་གསུམ་ལོངས་སྤྱོད་པའི་ཕྱིར་རོ། །རྒྱུ་བའི་དབྱེ་བ་ཡིས་ཞེས་པ་ནི་ཉི་ཤུ་རྩ་བཞི་ལ་སོགས་པའི་དབྱེ་བས་སོ། །སྔ་ཕྱི་ཕྱེད་ལ་མཚུངས་པར་ཕྱེད་ སྔ་མ་ལ་རྒྱུ་སྐར་གྱི་རྐང་པའི་དབང་གིས་བརྒྱ་བརྒྱད་ཅུ་རྩ་གཉིས་དང་ཕྱེད་ཕྱི་མ་ལ་བརྒྱ་བརྒྱད་ཅུ་རྩ་གཉིས་ཏེ་རྒྱུ་སྐར་རྣམས་ཀྱི་ཕྱེད་ཕྱེད་ཡིན་པའི་ཕྱིར་རོ། །བུ་ལོན་ནོར་གྱི་བགྲོད་པ་དག་ལ་ཞེས་པ་ནི་རིམ་པ་མིན་པས་བུ་ལོན་གྱི་བགྲོད་པ་དང་། རིམ་པས་ནོར་གྱི་བགྲོད་པ་རྣམས་ལ་ གནས་ཀྱི་དབྱེ་བ་ངེས་པར་སྦྱར་ཏེ། ཉི་མའི་དཀྱིལ་འཁོར་ལ་ཤར་བའི་སྐར་མ་ནི་གནས་དང་པོའོ། །གནས་ཀྱི་དབྱེ་བ་དེ་ལས་གཞན་དང་གནས་བཅུ་བཞི་སྟེ། གནས་ཀྱི་དབྱེ་བ་དེ་དག་གིས་ཆུ་ཚོད་དེ་དག་ངེས་པར་སྦྱར་རོ། །དང་པོར་རྒྱལ་དབང་གྲངས་ཏེ། རྒྱུ་སྐར་ དང་པོ་སྤྱད་པའི་གནས་ལ་ཉི་ཤུ་རྩ་བཞིའོ། །མེ་དང་མིག་ནི་རྣམ་གསུམ་དག་ཏུ་རབ་ཏུ་འགྱུར། དང་པོའི་གནས་ནས་གཉིས་པ་དང་། གསུམ་པ་དང་། བཞི་པ་ལ་ཉི་ཤུ་རྩ་གསུམ་དུ་འགྱུར་ཏེ། རྣམ་གསུམ་ཞེས་སོ། །གནས་གཉིས་དག་ལ་གཅིག་དང་མིག་སྟེ། གནས་བཞི་པ་དེ་ནས་ལྔ་པ་དང་དྲུག་པའི་གནས་ལ་ཉི་ཤུ་རྩ་གཅིག་སྟེ། གནས་གཉིས་ཞེས་སོ། །བཅྭ་བརྒྱད་ཚེས་དང་དྲག་པོ་གནས་དྲུག་པ་དེ་ནས་བདུན་པ་དང་། བརྒྱད་པ་དང་། དགུ་པའི་གནས་རྣམས་ལ་གྲངས་བཞིན་དུ་བཅྭ་བརྒྱད་དང་། ཚེས་ ཞེས་པ་བཅྭ་ལྔ་དང་དྲག་པོ་ཞེས་པ་བཅུ་གཅིག་གོ། །མེ་དང་རྩ་བར་དྲག་པོ་དང་། གནས་དགུ་པ་དེ་ནས་གནས་བཅུ་པ་ལ་མེ་ཞེས་པ་རྐང་པ་གསུམ་མོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་སྟེ། ཕྱེད་ཕྱི་མ་ལ་གནས་བཅུ་གཅིག་པར་དྲག་པོ་སྟེ་བཅུ་གཅིག་གོ། །སུམ་ཅུ་རྩ་བརྒྱད་བརྒྱད་ ཅུ་དག་དང་། བཅུ་གཉིས་པ་ལ་སུམ་ཅུ་རྩ་བརྒྱད་དོ། །བཅུ་གསུམ་པ་ལ་བརྒྱད་ཅུའོ། །བརྟན་པ་སྲིད་པའི་གནས་ཞེས་པ་གནས་བཅུ་བཞི་པ་ལ་འདིར་ནི་གསུམ་བཅས་ལྔ་བཅུའོ་ཞེས་པ་ལ་གསུམ་དང་བཅས་པའི་ལྔ་བཅུ་ནི་གསུམ་བཅས་ལྔ་བཅུ་སྟེ། ལྔ་བཅུ་རྩ་གསུམ་ནི་གནས་ བཅུ་བཞི་པ་འདི་ལ་ངེས་པའོ། །རྒྱུ་སྐར་གྱི་འཁོར་ལོ་ཕྱེད་པོ་དེ་ཡིས་ཉི་མ་རྣམ་དག་གྱུར་པའི་རྗེས་ལ་རིམ་པ་མིན་པས་བུ་ལོན་དུ་འགྱུར་རོ། །རིམ་པས་ནོར་དུ་འགྱུར་རོ། །མིག་དམར་ལ་སོགས་པའི་སྐར་མའི་ལོངས་སྤྱོད་ལ་བུ་ལོན་དོར་བར་བྱ་ཞིང་ནོར་སྦྱིན་པར་བྱའོ། །རིག་བྱེད་ དག་དང་བུག་པ་ཟླ་བའི་གྲངས་ནི་གཟའ་ལག་མྱུར་བའི་ལས་ལ་ཆུ་ཚོད་དག་ཏུ་འགྱུར་ཞེས་པ་ནི། འདིར་གཟའ་ལག་གི་ཆུ་ཚོད་ཀྱི་ཚོགས་བརྒྱ་དགུ་བཅུ་རྩ་བཞིའོ། །བཀྲ་ཤིས་ཀྱི་རང་གི་ཆུ་ཚོད་ཀྱི་ཚོགས་རྣམས་གནས་བཅུ་བཞི་ལ། ཇི་ལྟ་བ་དེ་བཞིན་དུ་གཟའ་ལག་གི་ ཡང་རྟོགས་པར་བྱ་སྟེ། མྱུར་བའི་ལས་ཞེས་པ་རྒྱུ་སྐར་གྱི་ལས་ལའོ། །གནས་གཉིས་ལ་ནི་བཅུ་དྲུག་ཅེས་པ་ནི་གནས་དང་པོ་ལ་བཅུ་དྲུག་སྟེ། གནས་གཉིས་པ་ལ་ཡང་བཅུ་དྲུག་གོ། །གཞན་ལ་ཚེས་དང་མ་ནུ་མྱོས་བྱེད་ཅེས་པ་ནི་གསུམ་པ་ལ་བཅྭ་ལྔའོ། །བཞི་པ་ ལ་བཅུ་བཞིའོ། །ལྔ་པ་ལ་བཅུ་གསུམ་མོ། །དྲག་པོ་རི་དང་དབང་པོ་མཁའ། དྲུག་པ་ལ་བཅུ་གཅིག་གོ། །བདུན་པ་ལ་བདུན་ནོ། །བརྒྱད་པ་ལ་ལྔའོ། །དགུ་པ་ལ་སྟོང་པའོ། །རྩ་བ་དག་ལས་རིག་བྱེད་དྲག་པོ་དང་ནི་ཞེས་པ་ནི། གནས་དགུ་པ་དེ་ནས་ རྩ་བར་ཕྱེད་ཕྱི་མ་སྟེ། གནས་བཅུ་པ་ལ་བཞིའོ། །བཅུ་གཅིག་པ་ལ་བཅུ་གཅིག་གོ། །བཅུ་གཉིས་པ་ལ་ཉི་ཤུའོ། །བཅུ་གསུམ་པ་ལ་ཉི་ཤུ་རྩ་བརྒྱད་དོ། །བཅུ་བཞི་པ་ལ་ཡང་སུམ་ཅུ་རྩ་བཞི་གཞག་པར་བྱ་སྟེ། དེ་ལྟར་ན་གོ་རིམས་ཇི་ལྟ་བ་བཞིན་དུ་གཟའ་ ལག་གི་ཆུ་ཚོད་རྣམས་རྒྱུ་བའི་དབྱེ་བས་ཡང་དག་པར་གནས་པར་རིག་པར་བྱའོ། །ཆུ་གཏེར་ནམ་མཁའ་དག་དང་། ཟླ་བའི་གྲངས་བརྒྱ་རྩ་བཞི་ནི་བླ་མའི་ཆུ་ཚོད་ཀྱི་ཚོགས་ཏེ། རྒྱུ་བའི་དབྱེ་བས་རྣམ་པར་ཕྱེ་བ་དག་གནས་བཅུ་བཞི་ལ་འགྱུར་བ་ནི་ཆུ་ཚོད་ཀྱི་ཚོགས་ དེ་ལས་གནས་གཉིས་དག་ལ་ཕྱོགས་ཀྱི་ཚད་དང་། གནས་དང་པོ་ལ་བཅུ་སྟེ། གཉིས་པ་ལ་ཡང་བཅུའོ། །དགུ་ནོར་དུས་ཞེས་པ་ནི་གསུམ་པ་ལ་དགུའོ། །བཞི་པ་ལ་བརྒྱད་དོ། །ལྔ་པ་ལ་དྲུག་གོ། །དྲུག་ལག་པ་ཟླ་བ་དག་དང་ཞེས་པ་ནི། དྲུག་པ་ལ་དྲུག་གོ། ། བདུན་པ་ལ་གཉིས་སོ། །བརྒྱད་པ་ལ་གཅིག་གོ། །རྩ་བར་ནི་ཕྱེད་ཕྱི་མ་ལ་མེ་དྲུག་བུག་པ་དང་ནི་དྲག་པོ་ཞེས་པ་ནི་དགུ་པ་ལ་གསུམ་མོ། །བཅུ་པ་ལ་དྲུག་གོ། །བཅུ་གཅིག་པ་ལ་དགུའོ། །བཅུ་གཉིས་པ་ལ་བཅུ་གཅིག་གོ། །མི་བདག་ཐུབ་པ་རྣམས་ཏེ་ཞེས་པ་ནི་བཅུ་གསུམ་ པ་ལ་བཅུ་དྲུག་གོ། །གནས་བཅུ་བཞི་པ་ལ་བདུན་ནོ། །རྒྱུ་བ་ཐམས་ཅད་རིམ་པས་སོ་ཞེས་པ་ནི། དེ་ལྟར་གཟའ་ཐམས་ཅད་ཀྱི་རྐང་པའི་ཆུ་ཚོད་རྣམས་ཐམས་ཅད་གོ་རིམས་ཇི་ལྟ་བས་རིག་པར་བྱའོ། །མྱུར་ཞེས་པ་ནི་མྱུར་བའི་རྒྱུ་བ་སྟེ། གཟའ་ཤར་བའི་ཕྱེད་སྔ་མ་ལའོ། །དལ་བ་ཡང་ ཕྱེད་ཕྱི་མ་ལའོ། །འཁྱོག་པོ་ནི་རིམ་པ་མིན་པས་ཕྱེད་སྔ་མ་ལའོ། །ཡང་ཡིག་གིས་འབྱུང་བ་ནི་རིམ་པ་མིན་པའི་ཕྱེད་ཕྱི་མ་ལའོ། །གཟའི་ཚོགས་ནི་ངེས་པར་ཉི་མའི་དབྱེ་བ་དག་གིས་ཏེ། ཉི་མ་ལས་རྣམ་པར་དག་པའི་དབྱེ་བས་རྒྱུ་བར་བྱེད་དོ། །དྲུག་དང་ཟླ་བ་ཆུ་གཏེར་གྲངས་ཞེས་པ་ནི་བཞི་ བརྒྱ་བཅུ་དྲུག་གི་ཚོགས་ཏེ། འདི་དག་ནི་པ་སངས་ཏེ་དཀར་པོའི་གནས་བཅུ་བཞི་ལ་འགྱུར་རོ། །དེ་ལས་ཆུ་ཚོད་རྣམས་གནས་གསུམ་དག་ལ་ཉི་ཤུ་ལྔ་སྟེ་ཞེས་པ་ནི་དང་པོའི་གནས་ལ་ཉི་ཤུ་ལྔ་སྟེ། གཉིས་པ་དང་། གསུམ་པ་ལ་ཡང་ངོ་། །གཉིས་ནི་རྒྱལ་བ་ཞེས་དང་། བཞི་པ་ལ་ཉི་ཤུ་རྩ་བཞི་སྟེ་ལྔ་པ་ལ་ཡང་དེ་བཞིན་ནོ། །ལག་མིག་རྣམ་པ་གཉིས་ཞེས་པ་ནི་དྲུག་པ་ལ་ཉི་ཤུ་རྩ་གཉིས་ཏེ་བདུན་པ་ལ་ཡང་ངོ་། །སྐྱོན་དང་ཚེས་དང་བརྒྱད་དེ་ཞེས་པ་ནི་བརྒྱད་པ་ལ་བཅྭ་བརྒྱད་དོ། །དགུ་པ་ལ་བཅྭ་ལྔའོ། །བཅུ་པ་ལ་བརྒྱད་དོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་ལ་ དྲུག་དང་ནམ་མཁའ་ཡོན་ཏན་དག་དང་ཞེས་པ་ནི་བཅུ་གཅིག་པ་ལ་དྲུག་གོ། །བཅུ་གཉིས་པ་ལ་སུམ་ཅུའོ། །བཅུ་གསུམ་པ་ལ་གཅིག་གིས་དམན་པའི་བརྒྱའོ། །མཐར་བཅུ་བཞི་པ་ལ་མེ་དང་རི་ཡི་གྲངས་ཞེས་པ་བདུན་ཅུ་རྩ་གསུམ་མོ། །བརྟན་པ་སྲིད་པའི་གནས་ལ་སྟེ་གནས་བཅུ་བཞི་ ལ་པ་སངས་ཀྱི་རྒྱུ་བ་རིམ་པས་རྟོགས་པར་བྱའོ། །ཉི་མའི་བུ་ལ་དྲུག་དང་འབྱུང་བའི་གྲངས། སྤེན་པའི་གནས་བཅུ་བཞི་ལ་ཆུ་ཚོད་ཀྱི་ཚོགས་ལྔ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ལས་དྲུག་དང་འབྱུང་བ་དག་དང་འབྱུང་བ་རིག་བྱེད་ཅེས་པ་ནི་གནས་དང་པོ་ལ་དྲུག་གོ། །གཉིས་པ་ལ་ལྔ་སྟེ་གསུམ་ པ་ལ་ཡང་ངོ་། །བཞི་པ་ལ་བཞིའོ། །ཆུ་གཏེར་མིག་དང་ཞེས་པ་ནི་ལྔ་པ་ལ་བཞིའོ། །དྲུག་པ་ལ་གཉིས་སོ། །བདུན་པ་ལ་ཟུང་ཞེས་པ་གཉིས་སོ། །བརྒྱད་པ་ལ་སྟོང་པའོ། །དེ་ནས་རྩ་བར་ཕྱེད་ཕྱི་མ་ལ་ཕྱོགས་དང་རིག་བྱེད་དག་དང་འབྱུང་བ་ཞེས་པ་ནི་དགུ་པ་ལ་གཉིས་སོ། །བཅུ་ པ་ལ་བཞིའོ། །བཅུ་གཅིག་པ་ལ་ལྔའོ། །རོ་དང་ནོར་དང་རྩེ་མོ་ཅན་ཞེས་པ་ནི་བཅུ་གཉིས་པ་ལ་དྲུག་གོ། །བཅུ་གསུམ་པ་ལ་བརྒྱད་དོ། །བཅུ་བཞི་པ་ལ་ཆུ་ཚོད་གསུམ་སྟེ་སྤེན་པའི་གནས་བཅུ་བཞི་ལ་རིམ་པས་གཞག་པར་བྱའོ། །དེ་ལྟར་གཟའ་རྣམས་ཀྱི་ནི་རྒྱུ་བ་མཐའ་དག་དུས་ཀྱི་ འཁོར་ལོ་དག་ལས་ཤིན་ཏུ་ངེས་པར་འགྱུར་ཞེས་པ་ནི་དབུ་མའི་ལོ་བརྒྱའི་དབུགས་ཀྱི་འཁོར་ལོ་ལ་དུས་ཀྱི་འཁོར་ལོ་ཞེས་བྱ་སྟེ་གཟའ་རྣམས་འཆར་བའི་རྒྱུ་བའི་ཆུ་ཚོད་ཀྱི་ལོངས་སྤྱོད་དོ། །ད་ནི་དལ་བའི་བྱ་བ་ལ་སྐྱེ་བའི་ཁྱིམ་གྱི་ཆུ་ཚོད་དལ་བའི་རྐང་པ་རྣམས་གསུངས་པ་སུམ་ཅུ་རྩ་དྲུག་ཅེས་པ་ ལ་སོགས་པ་སྟེ། སུམ་ཅུ་རྩ་དྲུག་ཕྱེད་བཅས་ཟླ་བ་ནི་ལོ་གསུམ་གྱི་ཟླ་བ་སུམ་ཅུ་རྩ་དྲུག་དང་ཕྱོགས་གསུམ་ལས་ཕྱོགས་གཅིག་བཟུང་བ་སྟེ་ངེས་པར་ཞེས་པ་གདོན་མི་ཟ་བར་རོ། །ནོར་གྱིས་བསྒྱུར་བ་དག་ཅེས་པ་ལ་སྒྲ་དང་རེག་དང་གཟུགས་དང་རོ་དང་དྲི་དང་སྙིང་སྟོབས་དང་རྡུལ་དང་མུན་པ་ནི་ཡོན་ ཏན་བརྒྱད་དེ་ཡོན་ཏན་བརྒྱད་པོ་འདི་དག་གིས་བསྒྱུར་བ་དག་ནི་གཟའ་ལྔ་པོ་རྣམས་ཀྱི་དལ་བའི་བྱ་བ་ལ་རྐང་པར་འགྱུར་རོ། །མིག་བུག་མིག་གི་གྲངས་ནི་ཁྱིམ་གྱི་ཆུ་ཚོད་ཉིས་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་གྲངས་སུ་འགྱུར་རོ། །དེ་ལས་རབ་ཏུ་གསལ་བར་བཀྲ་ཤིས་ལ་སོགས་པ་རྣམས་ཀྱི་གནས་དྲུག་ གི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་རིམ་པ་དང་རིམ་པ་མིན་པས་ཤེས་པར་བྱའོ། །དེ་ཉིད་བཅྭ་བརྒྱད་རི་དག་བརྟན་པ་ས་ཡི་བུ་ཡི་ཕྱི་མ་ཕྱེད་དང་སྔ་མའི་ཆ་ལ་སྟེ། དེ་བཞིན་དུ་ཕྱོགས་རི་མེ་ནི་གཟའ་ལག་གིའོ། །དེ་བཞིན་དུ་དབང་ཕྱུག་དགུ་མེ་བླ་མའི་སྔ་ཆ་དང་གཞན་གྱི་ཆ་ལ་ཡང་ངོ་། །དེ་བཞིན་དུ་ དཀར་པོའི་མདའ་དང་ཆུ་གཏེར་ཟླ་བའོ། །དེ་བཞིན་དུ་སྤེན་པ་ཡི་ཡང་མིག་བཅས་མིག་དང་ཉིན་ཞག་དུས་སུ་འགྱུར་ཏེ་རིམ་པ་འདི་ནི་སྔར་བརྗོད་པ་ཡིན་ནོ། །དེ་ལྟར་དུས་ཀྱི་འཁོར་ལོའི་ཟླ་བའི་ཡོངས་སུ་ལོངས་སྤྱོད་པ་བརྒྱད་ཀྱིས་བསྒྱུར་བ་ལས་དྲུག་ཅུའི་ཆ་ཤས་ནི་ཁྱིམ་གྱི་རྐང་པའི་ཆུ་ཚོད་དུ་རིག་ པར་བྱའོ། །ད་ནི་ཟླ་བ་ཞེས་པ་ལ་སོགས་པས་བཀྲ་ཤིས་ལ་སོགས་པ་གཟའ་ལྔ་རྣམས་ཀྱི་ཁྱིམ་གསུམ་ཡོངས་སུ་ལོངས་སྤྱོད་པ་ལས་ལོ་གསུམ་གྱི་ཉིན་ཞག་དང་མཚུངས་པའི་ཆུ་ཚོད་ཡོངས་སུ་ལོངས་སྤྱོད་པར་གསུངས་པ། ཟླ་བ་ལ་ནི་ས་སྐྱེས་ལོངས་སྤྱོད་ཆུ་ཚོད་དགུ་བཅུ་དག་སྟེ་ཞེས་པ་ནི་ འཇིག་རྟེན་ལ་གྲགས་པ་སྟེ་རང་གི་ངོ་བོས་ནི་དཀྱིལ་འཁོར་གྱི་ཆས་ཐོབ་པའི་ཆུ་ཚོད་རྣམས་འགྱུར་རོ། །ཟླ་བར་ཡང་ཕྱེད་དང་བཅས་པའི་ཉིན་ཞག་སུམ་ཅུས་འགྱུར་རོ། །གྲུབ་པའི་མཐའི་ཚད་དེས་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་དང་ལྷན་ཅིག་ཉི་མ་ལ་རྣམ་པར་སྦྱོང་བ་གསུམ་པོ་རྣམས་ཀྱི་ཆུ་ཚོད་ དགུ་བཅུར་འགྱུར་རོ། །ཞེས་པ་ནི་གྲུབ་པའི་མཐའོ། །ལྔ་དང་འཇིག་རྟེན་ཟླ་བའི་གྲངས་པ་སངས་ཀྱི་སྟེ་མི་རིགས་སོ་ཞེ་ན། གྲུབ་པའི་མཐའ་ཚད་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་ཉི་མའི་ལོངས་སྤྱོད་ཀྱིས་པ་སངས་ལ་རྣམ་པར་སྦྱངས་པ་ལས་པ་སངས་སུ་འགྱུར་བ་དེས་ན་པ་སངས་ ཀྱི་ཟླ་བའི་ལོངས་སྤྱོད་ཀྱི་ཆུ་ཚོད་ཀྱི་ཚོགས་ནི་བརྒྱ་སུམ་ཅུ་རྩ་ལྔ་སྟེ་གཟའ་ལག་གི་ཡང་དེ་བཞིན་ནོ། །དེ་དག་གཅིག་ཏུ་བསྡུས་པ་མཁའ་རོ་བསྲེག་ཟ་སྟེ་ལྔ་པོ་རྣམས་ཀྱི་ཆུ་ཚོད་ཀྱི་ཚོགས་སུམ་བརྒྱ་དྲུག་ཅུར་འགྱུར་རོ། །འདི་དག་ཟླ་བ་གསུམ་གྱིས་ལོའི་ཉིན་ཞག་བུ་ལོན་ཆུ་ཚོད་དེ་ཆུ་ ཚོད་སྟོང་བརྒྱད་ཅུའོ། །ལོངས་སྤྱོད་འདི་ནི་གསུམ་གྱིའོ་ཞེས་པ་ནི་འཇམ་དཔལ་གྱིས་ཚིག་ཟུར་གྱིས་གྲུབ་པའི་མཐའ་གསུངས་པའོ། །ཟླ་བར་བླ་མའི་ལོངས་སྤྱད་དུ་འགྱུར་ཞེས་པ་ལ་སོགས་པ་གྲུབ་པའི་མཐའི་ཚིགས་སུ་བཅད་པ་འདི་ནི་འཇིག་རྟེན་གྱི་གྲགས་པ་ཉམས་ པར་བྱ་བའི་དོན་དུ་ཚིག་ཟུར་གྱི་དོན་གསུངས་པའོ། །འདིར་ཕྱོགས་གསུམ་པོ་གང་ཡིན་པ་དེ་དག་ནི་མཇུག་རིངས་འཆར་བའི་ལོངས་སྤྱོད་དང་འབྲེལ་བར་གཟའ་ལྔ་རྣམས་ཀྱི་རྩ་བའི་གྲུབ་པའི་མཐའ་ལས་གསུངས་སོ། །དེའི་ཕྱིར་དེ་དག་ཕུར་བུ་དང་སྤེན་པའི་ལོངས་སྤྱོད་ལ་སྦྱིན་པར་མི་བྱའོ། །ད་ ནི་སྒྲ་གཅན་གྱི་ལོངས་སྤྱོད་ལས་མཇུག་རིངས་ཀྱི་ལོངས་སྤྱོད་གསུངས་པ་ཟླ་གཅིག་ཅེས་པ་ལ་སོགས་པ་སྟེ། འདིར་སྔར་གྱི་དལ་བའི་བྱ་བ་ལ་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་རྩ་དྲུག་གི་ལྷག་མའི་ཟླ་བ་གང་ཞིག་གཟའ་རྣམས་ཀྱིས་མ་སྤྱད་པའི་ཟླ་བ་དེ་ཉིད་ཡོན་ཏན་བརྒྱད་ཀྱིས་བསྒྱུར་ཏེ་ དེ་ལས་དྲུག་ཅུའི་ཆས་ཆུ་ཚོད་བརྒྱད་གཟུང་བར་བྱའོ། །དེ་དག་ལས་ཆུ་ཚོད་ཕྱེད་དང་བཅས་པའི་བདུན་ནི་སྒྲ་གཅན་གྱི་ལོངས་སྤྱོད་དེ་འདི་ཉིད་ལ་ཞེས་པ་ནི་ཉི་མའི་ཟླ་བའི་ཚད་ལའོ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་ཉི་མ་དང་བཅས་ཟླ་བའི་རྐང་པ་ཞེས་པ་ནི་ཉི་མའི་སྙིང་སྟོབས་དང་རྡུལ་དང་མུན་པ་ སྟེ་རྐང་པ་གསུམ་མོ། །ཟླ་བའི་དྲི་དང་རོ་དང་གཟུགས་དང་རེག་དང་སྒྲའི་ཡོན་ཏན་ཏེ་རྐང་པ་ལྔའོ། །རྐང་པ་བརྒྱད་པོ་འདི་དག་ནི་སྒྲ་གཅན་གྱི་ཆུ་ཚོད་ཕྱེད་དང་བཅས་པའི་བདུན་གྱི་རང་བཞིན་ནོ། །ལྷག་མ་ཆུ་ཚོད་ཕྱེད་ནི་མུན་པ་མེད་པའི་རང་བཞིན་ཏེ་དེས་དམན་པ་ནི་ཆུ་ཚོད་ཕྱེད་ཀྱིས་རྣམ་པར་ དམན་པའོ། །ཉི་མའི་བགྲོད་པ་དང་པོ་ལ་གསུམ། ཆུ་སྲིན་གྱི་འཕོ་བའི་ཕྱོགས་དང་པོ་ལ་ཆུ་ཚོད་གསུམ་སྟེ་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་ནོར་གྱི་ལོངས་སྤྱོད་དོ། །དེ་བཞིན་དུ་ཀཪྐ་ཊའི་ཕྱོགས་དང་པོ་ལ་བུ་ལོན་གྱི་ལོངས་སྤྱོད་དོ། །ཟླ་བ་མྱོས་བྱེད་ཉིན་ཞག་དག་ལ་ཞེས་པ་ནི་ ཚོགས་ཀྱི་གནས་སུ་བཅུ་བཞིའི་ཆའི་ལྷག་མ་ཉིན་ཞག་དང་པོ་སྟེ་རྐང་པ་དང་པོ་འམ་བཅུ་གསུམ་པ་ལ་ཟླ་བའི་ཆུ་ཚོད་ལྔ་སྟེ་ཡོན་ཏན་ལྔའི་བདག་ཉིད་དུ་འགྱུར་རོ། །གང་ཞིག་མ་སྤྱད་ཕྱེད་ཀྱི་ཆུ་ཚོད་ཅེས་པ་ནི་སྒྲ་གཅན་གྱིས་མ་སྤྱད་པའོ། །དུས་ཀྱི་ཉིན་ཞག་དུས་ལ་སྟེ་ཉིན་ཞག་དྲུག་ཅུ་རྩ་བཞི་ལ་དེ་ ནི་ཆ་དམན་ཟླ་བ་སྟེ་ཟླ་བའི་ཆ་ཉམས་པའོ་ཞེས་པའི་དོན་ཏོ། །དེ་ནི་ཉི་མའི་ལྷག་པར་འགྱུར་ཏེ་ཉི་མའི་ཆུ་ཚོད་གཉིས་སུ་གྱུར་ནས་ཉིན་ཞག་སོ་སོར་ལྷག་སྟེ་དུས་ཀྱིས་བསྒྱུར་བ་རིག་བྱེད་རྣམས་ཀྱིས་ཚེས་གྲངས་བསྒྱུར་ཞེས་པ་ལ་སོགས་པས་སོ། །གང་ཞིག་ཟླ་བའི་ནང་དུ་ཉིན་ཞག་ཏུ་གྱུར་པ་དེ་ཉིད་ནི་ ལྷག་པར་འགྱུར་ཏེ་ཉི་མའི་ཟླ་བ་སྟེ་འཕོ་བའི་ཟླ་བ་ལ་ཉིན་ཞག་གཅིག་ལྷག་པ་དེ་ཉིད་དབུ་མའི་ཡན་ལག་ཏུ་རིག་པར་བྱའོ། །སྒྲ་གཅན་ཟླ་བའི་ལོངས་སྤྱོད་མིག་གིས་རྣམ་པར་བསྒྱུར་ཏེ་ཞེས་པ་ནི་སྒྲ་གཅན་གྱི་དུས་ཀྱི་ལོངས་སྤྱོད་ཆུ་ཚོད་བཅྭ་ལྔ་ལ་ཕྱོགས་ཀྱི་ལོངས་སྤྱོད་དག་གིས་བགོས་པ་ལས་ ཏེ་རྐང་པས་དམན་པའི་བཞིས་ཐོབ་པ་དག་ནི་མཇུག་རིངས་ཀྱི་ཆུ་ཚོད་བཞི་སྟེ་ཉིན་ཞག་སོ་སོའི་དུས་སུའོ། །སླར་ཡང་སྒྲ་གཅན་གྱི་ཟླ་བའི་ལོངས་སྤྱོད་ལས། ཆུ་སྲད་བདུན་དང་ཕྱེད་ཕྲོགས་ཏེ་ཆུ་སྲང་བདུན་དང་དབུགས་གསུམ་པོ་འདི་དག་ཡོན་ཏན་གསུམ་གྱིས་བསྒྱུར་བ་ནི་ཕྱེད་དང་བཅས་ པའི་ཆུ་སྲང་ཉི་ཤུ་རྩ་གཉིས་སུ་འགྱུར་ཏེ་བྱེད་པ་བརྗོད་པར་འདོད་པས་སོ། །རང་གི་ངོ་བོས་ནི་གང་ཞིག་ཕྱེད་དང་བཅས་པའི་གསུམ་གྱིས་ཏེ་གང་དུ་ཉི་མས་ཉིན་ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རྩ་དྲུག་ལོངས་སྤྱོད་པའོ། །ཉི་མའི་ལོངས་སྤྱོད་དག་ལ་སྦྱང་བར་བྱ། ཉི་མའི་ལོངས་ སྤྱོད་ཉིན་ཞག་སོ་སོ་ལ་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་པོ་འདི་ནི་བྱེད་པ་བརྗོད་པར་འདོད་པའི་འོ། །གྲུབ་པའི་མཐའ་ལ་ནི་ཆུ་སྲང་དྲུག་ལྷག་གོ། །ཉི་མའི་ལོངས་སྤྱོད་དེ་ལ་སྦྱང་བར་བྱ་སྟེ་སྦྱངས་པའི་ལྷག་མ་ནི་རྐང་པར་འགྱུར་རོ། །མཇུག་རིངས་ཉི་མ་དག་དང་ལྷན་ཅིག་རྣམ་པར་རྒྱུ་སྟེ་མྱུར་བར་རྒྱུ་བ་ལ་ མདུན་ནས་རིམ་པ་དང་འཁྱོག་པོར་རྒྱུ་བ་ལ་རྒྱབ་ནས་རིམ་པ་མིན་པས་རྐང་པ་སྤྱོད་དོ། །རྒྱུ་བར་ཆུ་སྲང་ཕྱེད་བཅས་གཉིས་སྤྱོད་ཉིན་དང་ཉིན་ལ་ཉི་མའི་ལོངས་སྤྱོད་དག་ལ་རིམ་པས་སམ་རིམ་པ་མིན་པས་སོ། །རང་གི་ཟླ་བ་སུམ་ཅུ་དྲུག་གིས་དེ་རྒྱུ་ཆུ་ཚོད་དག་ཀྱང་འཇིག་རྟེན་གྱིས་ནི་ཚེས་གྲངས་བསྒྱུར། གསུམ་གྱིས་བཅྭ་ལྔ་བསྒྱུར་བ་ནི་བཞི་བཅུ་རྩ་ལྔའོ། །ཕྱེད་བཅས་ཟླ་བར་ཆུ་ཚོད་གཉིས་ནི་ཉིན་ཞག་སོ་སོར་འཆར་ཏེ་ལོ་གསུམ་གྱི་མཐར་ཆུ་སྲང་གི་ལོངས་སྤྱོད་རྣམས་ཡོངས་སུ་བཏང་ནས་ཕྱོགས་གསུམ་གྱི་བར་དུ་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་ལོངས་སྤྱོད་དེ་མྱུར་བ་ལ་མདུན་དང་འཁྱོག་པོ་ལ་ རྒྱབ་ཏུའོ། །དེ་ལྟར་ཕྱེད་བཅས་ཟླ་བའི་བར་དུ་དེ་འཆར་ཏེ་འོན་ཀྱང་ཟླ་བ་གཅིག་ནི་དུ་བ་མེད་པའོ། །དེ་ནས་མཐའི་ཕྱོགས་གཅིག་དུ་བ་དང་བཅས་པའོ། །དེས་ན་སེམས་ཅན་རྣམས་ལ་དུ་བ་མཇུག་རིངས་རབ་ཏུ་གསལ་ཏེ་འགྲོ་བ་དང་འོང་བའི་དབྱེ་བས་ཟླ་བ་གཅིག་ཏུ་འགྱུར་རོ། ། དུ་བ་བཏང་ནས་སྐར་མ་བཞིན་རབ་ཏུ་སྣང་བར་འགྱུར་རོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོར་ལོ་གསུམ་གྱི་ལོངས་སྤྱོད་ལ་རབ་འཇུག་དེ་ནི་གང་ཚེ་ལོ་ཡི་ལོངས་སྤྱོད་ལ་ཞུགས་པ་དེའི་ཚེ་མཐོང་བ་མིན་པར་འགྱུར་རོ། །དེ་ཡི་འཆར་བའི་ཆ་དག་ཤེས་པར་གྱུར་ན་སྟེ་དེ་ལྟར་མཇུག་རིངས་དེའི་འཆར་བའི་ ཆ་དག་ཤེས་པར་གྱུར་ན་དེ་ཡི་འཆར་བ་མཐའ་ཡས་པའི་དུས་ཀྱང་ཤེས་པར་འགྱུར་རོ། །ད་ནི་དུས་ཀྱི་འཁོར་ལོ་ལོ་གསུམ་གྱི་ཉིན་ཞག་དེ་ཉིད་ཉི་ཤུ་རྩ་ལྔས་བསྒྱུར་ཞིང་བགྲོད་པའི་ཉིན་ཞག་གིས་དམན་པ་ལ་དགུ་བསྲེས་པ་རྣམས་གཟའ་རྣམས་ཀྱི་དཀྱིལ་འཁོར་དུ་གསུངས་པ། ལོ་ཡི་ཉིན་ ཞག་ཅེས་པ་ལ་སོགས་པ་སྟེ། ལོ་ཡི་ཉིན་ཞག་ནི་སྟོང་ཕྲག་གཅིག་དང་བརྒྱད་ཅུའོ། །དེ་ཉིད་ལྔ་ཡིས་བསྒྱུར་ཏེ་སླར་ཡང་མདའ་ཞེས་པ་ལྔས་བསྣུན་པ་ནི་བསྒྱུར་ཞེས་པའི་དོན་ཏོ། །དེ་ལྟར་དུམ་བུར་བསྒྱུར་བ་ནི་ཉི་ཤུ་རྩ་ལྔས་བསྒྱུར་བར་འགྱུར་རོ། །བགྲོད་པའི་ཉིན་ཞག་ནི་བརྒྱ་བརྒྱད་ཅུ་སྟེ་དེས་ དམན་པའོ། །བགྲོད་པ་གཅིག་ལ་གཟའ་རྣམས་ལོངས་སྤྱོད་པའི་དབང་གིས་བགྲོད་པ་གཅིག་གི་ཉིན་ཞག་རྣམས་ཀྱིས་དམན་པར་འགྱུར་རོ། །བུག་པ་བསྲེས་པ་རྣམས་ནི་བུག་པ་ཞེས་པ་དགུ་སྟེ་དེ་དག་གིས་བསྲེས་པ་རྣམས་ནི་རང་རང་གི་བགྲོད་པའི་དབང་གིས་གཟའ་ལྔ་པོ་རྣམས་ཀྱི་ཉིན་ཞག་ གི་དཀྱིལ་འཁོར་དུ་འགྱུར་རོ། །གཅིག་ཏུ་བསྡུས་པ་ལས་དྲུག་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་དགུ་ལྷག་པའི་ཁྲི་ཕྲག་གཉིས་ཏེ། དེ་ལས་ས་སྐྱེས་ལ་ནི་རི་ཀླུ་དྲུག་ཅེས་པ་དྲུག་བརྒྱ་བརྒྱད་ཅུ་རྩ་བདུན་གྱི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། །རི་བུག་རི་ཀླུ་སྟེ་ཟླ་སྐྱེས་ལ་སྟོང་ཕྲག་བརྒྱད་དང་བདུན་བརྒྱ་ དགུ་བཅུ་རྩ་བདུན་དུ་འགྱུར་རོ། །ལྷའི་བླ་མ་དག་ལ་སོ་མེ་རིག་བྱེད་དེ་བཞི་སྟོང་སུམ་བརྒྱ་སུམ་ཅུ་རྩ་གཉིས་སུ་འགྱུར་རོ། །པ་སངས་ལ་ནི་རི་དང་རྒྱལ་བ་མིག་ཅེས་པ་ཉིས་སྟོང་ཉིས་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་རོ། །ཉི་མའི་བུ་ལ་དྲུག་དྲུག་རི་དང་ནམ་མཁའ་གཅིག་ཅེས་པ་ཁྲི་ཕྲག་གཅིག་ དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་གི་ཉིན་ཞག་གི་ཚོགས་ནི་དཀྱིལ་འཁོར་དུ་འགྱུར་རོ། །ས་སྐྱེས་ལ་ནི་རི་དུས་གཅིག་ཀྱང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱི་བར་ནི་འགྲེལ་བཤད་ལས་སྔར་བརྗོད་ཟིན་ཏོ། །ད་ནི་གཟའ་རྣམས་ཀྱི་སྐྱེ་བ་དག་པར་བྱ་བའི་དོན་དུ་རྒྱུ་སྐར་གྱི་ཚོགས་ གསུངས་པ་ཟླ་བ་དྲུག་གིས་ཟླ་བའི་ལོངས་སྤྱོད་ཅེས་པ་ནི་དེའི་སྟེང་དུ་དག་པ་སྟེ་གྲུབ་པའི་མཐའ་ལའོ། །འོན་ཀྱང་སེམས་ཅན་གྱི་བསམ་པའི་དབང་གིས་བྱེད་པ་ལ་ལྟོས་པའོ། །མཇུག་རིངས་འཆར་བ་ལ་ཡང་ཕྱོགས་གསུམ་གྱི་ཉིན་ཞག་གིས་རྒྱུ་བའི་རྐང་པ་བསྒྱུར་བ་ནི་ཆུ་སྲང་གི་ཚོགས་ ཕྱེད་དང་བཅས་པའི་བརྒྱ་བཅུ་གཉིས་སུ་འགྱུར་ཏེ་དེ་ཉིད་མཇུག་རིངས་ཤར་བ་ནས་ཉིན་ཞག་སོ་སོ་ལ་འགྱུར་རོ་ཞེས་པ་ནི་བྱ་བར་རིག་པར་བྱའོ། །གང་ཞིག་ཕྱེད་ཀྱི་ཆུ་ཚོད་རྒྱུ་སྐར་གྱི་བུ་ལོན་གྱི་གནས་ནས་ཐོབ་པ་ཞེས་པ་ནི་སེམས་ཅན་རྣམས་སྨིན་པར་བྱ་བའི་སླད་དུ་མའི་ལ་དུ་མའི་ཚིག་གོ། །ད་ནི་ གཟའ་རྣམས་ཀྱི་རྒྱུ་བའི་སྟོབས་གསུངས་པ་ཟླ་སྐྱེས་ཞེས་པ་ལ་སོགས་པ་སྟེ་ཟླ་སྐྱེས་གཟའ་ལག་དང་བློན་པོ་ཕུར་བུ་ནི་མྱུར་བ་སྟེ་མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་བར་གྱུར་པ་ན་སྟོབས་དང་ལྡན་པར་འགྱུར་རོ། །ས་སྐྱེས་དང་མཇུག་རིངས་ནི་ས་སྐྱེས་མཇུག་རིངས་ཏེ་འཁྱོག་པོ་ལ་ཞེས་པ་དཀྱིལ་འཁོར་ ཕྱེད་ཡོངས་སུ་བཏང་ནས་རིམ་པ་མིན་པ་ལ་ལོངས་སྤྱོད་པ་ལས་སྟོབས་དང་ལྡན་པར་འགྱུར་རོ། །དམན་པ་སྤེན་པ་དང་པ་སངས་ནི་དལ་བ་ལ་སྟེ་རིམ་པའི་ཕྱེད་ཕྱི་མ་ལ་སྟོབས་དང་ལྡན་ནོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ནི་ཁམས་ཀྱི་ཡོན་ཏན་གྱི་དབང་གིས་སོ། །རྒྱུ་བ་ལྷག་མ་ ལ་སྟེ་རྒྱུ་བ་གསུམ་ལས་སྐྱེས་ལ་སོགས་པ་རྣམས་སྟོབས་མེད་དོ། །མྱུར་ལ་ཤར་དུ་ཁ་ཕྱོགས་འགྱུར་ཏེ་གཟའ་ཐམས་ཅད་མྱུར་བར་རྒྱུ་བ་ཕྱེད་སྔ་མ་ལ་ཤར་དུ་ཁ་ཕྱོགས་པར་འགྱུར་རོ། །སླར་ཡང་དེ་དག་འཁྱོག་པོར་རྒྱུ་བ་ལ་རབ་ཏུ་ཞུགས་པར་གྱུར་པ་ན་གཞན་དུ་མངོན་པར་ཕྱོགས་ཏེ་ ནུབ་ཏུ་མངོན་པར་ཕྱོགས་སོ། །དལ་བ་རིམ་པའི་ཕྱེད་ཕྱི་མ་ལ་ལྷོ་རུ་བཞིན་ཕྱོགས་པར་འགྱུར་རོ། །རང་བགྲོད་ཡོན་ཏན་དབང་གིས་འབྱུང་བ་ལ་ཡང་སྟེ་རིམ་པ་མིན་པའི་ཕྱེད་ཕྱི་མ་ལ་བྱང་དུ་གདོང་ཕྱོགས་པར་འགྱུར་ཏེ་ཚིག་འདི་ནི་དབྱངས་འཆར་བ་ལ་སའི་སྟོབས་ཀྱི་དོན་དུའོ། །ད་ནི་ཉི་ མ་དང་ཟླ་བའི་རྐང་པ་གསུངས་པ་ཟླ་བའི་ཉིན་ཞག་སུམ་ཅུ་གང་དག་ཆུ་གཏེར་གྱིས་བསྒྱུར་ཞེས་པ་བཞིས་བསྒྱུར་བ་དེ་དག་མཁའ་མིག་ཟླ་བ་ཟླ་བའི་རྐང་པ་སྟེ་ཉིན་ཞག་བདུན་གྱི་བར་དུ་ཟླ་བའི་ཆ་འཕེལ་བའི་དོན་དུ་རྐང་པ་བརྒྱ་ཉི་ཤུར་འགྱུར་ཏེ་འཆད་པར་འགྱུར་བ་ལས་བརྗོད་ པར་བྱའོ། །ཁྱིམ་ནི་བཅུ་གཉིས་པོ་རྣམས་བཞིས་བསྒྱུར་བ་བརྒྱད་དང་རིག་བྱེད་དག་ཀྱང་ཟླ་བ་དྲུག་གི་བར་དུ་ཉི་མའི་རྐང་པར་འགྱུར་རོ། །དེ་ཡང་འཆད་པར་འགྱུར་བ་ལས་བརྗོད་པར་བྱ་སྟེ་འདིར་ནི་མདོར་བསྡུས་པ་ཙམ་གྱིས་རྐང་པ་འདི་དག་གི་ངེས་པའོ། །དེའི་ནང་དུ་འགྲིབ་དང་ འཕེལ་བ་དག་ཀྱང་བགྲོད་པ་འགྲོ་བའི་དབང་གིས་རིམ་མིན་རིམ་པ་སྟེ། འཁོར་ལོ་ཕྱེད་ཕྱེད་དག་ལ་མཐའ་དག་ནོར་དང་དུས་ཀྱི་གྲངས་རྣམས་ཏེ་བཞི་བཅུ་རྩ་བརྒྱད་ཀྱི་གྲངས་རྣམས་བྱེད་པ་བརྗོད་པར་འདོད་པ་ལ་རིག་པར་བྱའོ། །ད་ནི་ཟླ་བའི་དཀྱིལ་འཁོར་ལ་སྒྲ་གཅན་འཇུག་པའི་མཚན་ ཉིད་གསུངས་པ་ཚིགས་མཚམས་ཞེས་པ་ལ་སོགས་པ་སྟེ་ཚིགས་མཚམས་ནི་ཉའི་མཐའ་འམ་གནམ་སྟོང་གི་མཐར་རོ། །རི་བོང་ཅན་གྱི་དཀྱིལ་འཁོར་དག་ལ་སྒྲ་གཅན་རབ་ཏུ་འཇུག་སྟེ་དཀྱིལ་འཁོར་ཡང་། དཀྱིལ་འཁོར་གྱི་སྒྲས་ནི་འདིར་ཆུ་ཚོད་དྲུག་ཅུའི་བདག་ཉིད་རྒྱུ་སྐར་ གཅིག་གི་ལོངས་སྤྱོད་དེ་དེ་ཡང་ཐམས་ཅད་འཛིན་པའི་དབང་གིས་ཁྱིམ་བཅུ་གཉིས་ཀྱི་བདག་ཉིད་དང་ཆ་བཅུ་དྲུག་གི་བདག་ཉིད་དུ་རིག་པར་བྱའོ། །རྣམ་དག་གྱུར་ན་ཐམས་ཅད་འཛིན་ཏེ་གལ་ཏེ་སྒྲ་གཅན་གྱི་ལོངས་སྤྱོད་ཀྱིས་ཟླ་བའི་ལོངས་སྤྱོད་ཡོངས་སུ་དག་ན་དེའི་ཚེ་ཆུ་ཚོད་དྲུག་ཅུའི་མཐར་ ཐུག་པར་ཐམས་ཅད་འཛིན་ནོ། །ལོངས་སྤྱོད་ཕྱེད་དག་པར་གྱུར་ན་ཕྱེད་འཛིན་ནོ། །རི་བོང་ཅན་གྱི་རྒྱུ་བའི་དབང་གིས་དཀྱིལ་འཁོར་ཆུ་ཚོད་དྲུག་ཅུ་སྟེ་ཟླ་བའི་ཆ་བཅུ་དྲུག་གི་བདག་ཉིད་དོ། །དེ་བཞིན་དུ་རི་བོང་ཅན་གྱིས་རྒྱུ་བའི་དབང་གི་ཆུ་ཚོད་དག་ནི་ཇི་སྙེད་ཡོད་པ་སྟེ། སྒྲ་གཅན་གྱི་ལོངས་ སྤྱོད་ལ་རབ་ཏུ་ཞུགས་པ་དེ་སྙེད་ནི་ཆ་གཅིག་གི་བཞི་ཆའི་བར་དུ་གཟའ་དང་འགྲོགས་པར་ཤེས་པར་བྱའོ། །སྒྲ་གཅན་འཁོར་བ་ལ་སོགས་པ་འདི་དག་གྲུབ་པའི་མཐའ་ལས་ཕྱི་རོལ་ཤེས་པའི་དོན་དུ་རྒྱ་ཆེར་རིག་པར་བྱའོ། །རྒྱུད་འདིར་ནི་བསྡུས་པའི་སླད་དུ་འཇམ་དཔལ་གྱིས་གསལ་པོར་ མ་བསྟན་ཏེ་འདིར་ནི་གང་ཞིག་ནང་ལ་ཉེ་བར་མཁོ་བ་དེ་ཉིད་མདོར་བསྡུས་པས་བརྗོད་དོ། །དེ་བཞིན་དུ་གཟའ་འཐབ་པ་ལ་སོགས་པ་མཐའ་དག་གྲུབ་པའི་མཐའ་ལས་ཤེས་པར་བྱ་སྟེ་རྒྱུད་འདིར་ནི་སྐར་རྩིས་ཀྱི་ཡུལ་གཟའ་འཐབ་པ་ལ་སོགས་པ་གྲུབ་པའི་མཐའ་ལ་ལྟོས་སོ། །ནང་དུ་ ནི་གཟའ་འཐབ་པར་བརྗོད་པར་འདོད་པ་མེད་དོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པ་སྟེ་ཕྱི་རོལ་དུ་ཟླ་བ་འཛིན་པ་བྱུང་བར་གྱུར་པ་ན་ནང་དུ་སེམས་ཅན་རྣམས་ཀྱི་ཁུ་བ་འཛིན་པར་འགྱུར་བ་མ་ཡིན་ཞིང་ཉི་མ་འཛིན་པས་རྡུལ་འཛིན་པར་འགྱུར་རོ་ཞེས་པའི་ངེས་པ་ཡང་ཐམས་ཅད་དུ་མེད་དོ། ། དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་ཕྱི་རོལ་ཡོངས་སུ་ཤེས་པའི་དོན་དུ་ཚངས་པ་དང་ཉི་མ་དང་གཅེར་བུ་པ་དང་སྐྲ་ཅན་གྱི་གྲུབ་པའི་མཐའ་རྣམས་ཤེས་པར་བྱའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་གཟའ་ཐམས་ཅད་ཀྱི་རྒྱུ་བ་དུས་བཞིའི་མཐར་སྟོང་པ་ལ་འཇུག་པ་གསུངས་ པ། མི་རྣམས་ཀྱི་ནི་ཞེས་པ་ལ་སོགས་པ་སྟེ། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་དག་གཟའ་རྣམས་དག་གི་ལོའི་ལོངས་སྤྱོད་ཀྱིས་ནི་བསྒྱུར་བར་བྱ་ཞེས་པ་ནི་དུས་ཀྱི་འཁོར་ལོ་དང་བཅས་པའི་གཟའ་རྣམས་ཀྱིས་ཉིན་ཞག་ཕྱེད་དང་གཉིས་ཀྱིས་ལོ་བརྒྱ་ལོངས་སྤྱོད་དོ། །ཉིན་ཞག་ གསུམ་གྱིས་ཉིས་བརྒྱའོ། །ཉིན་ཞག་སུམ་ཅུས་སྟོང་ཕྲག་གཉིས་སོ། །ཉིན་ཞག་སུམ་བརྒྱ་དྲུག་ཅུས་ལོ་སྟོང་ཕྲག་ཉི་ཤུ་རྩ་བཞིས་ལོངས་སྤྱོད་པར་འགྱུར་ཏེ་དེས་ལོ་བརྒྱ་བསྒྱུར་བའོ། །གནས་གཉིས་ཕྱོགས་ཀྱི་ཆས་ཐོབ་བཅུའི་ཆས་ཐོབ་པ་སྟེང་གི་ཕུང་པོ་དག་ལ་བུ་ལོན་སྦྱང་བར་བྱ་ བར་འགྱུར་ཏེ། ལྷག་མ་འབུམ་ཕྲག་ཉི་ཤུ་གཅིག་དང་ཞེས་པ་ནི་འབུམ་ཕྲག་ཉི་ཤུ་རྩ་གཅིག་དང་ཁྲི་ཕྲག་དྲུག་གི་ལོ་གྲངས་གང་དག་རྣམས་ནི་དུས་ཀྱི་ཕྱེད་ལ་འགྱུར་རོ། །དུས་ཀྱི་ཕྱེད་ཀྱི་མཐའ་ལ་རྐང་པ་ལྔ་སྟེ་རྫོགས་ལྡན་གྱི་རྐང་པ་བཞི་དང་གསུམ་ལྡན་གྱི་རྐང་པ་གཅིག་གོ། །དུས་ཀྱི་ཕྱེད་ ནི་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་བདག་ཉིད་དེ་རིམ་པ་བཞིན་དུ་གཙོ་བོའི་རྩ་གཡོན་པ་ལ་སྲོག་ཡང་དག་པར་རྒྱུ་བའོ། །སླར་ཡང་ཕུང་པོ་གཉིས་ཀྱིས་ཞེས་པ་སླར་ཡང་གཉིས་པའི་ཕུང་པོ་རྐང་པ་ལྔའི་བདག་ཉིད་ཀྱིས་ཏེ་དེ་ལ་གསུམ་ལྡན་གྱི་རྐང་པ་གཉིས་དང་། གཉིས་ལྡན་གྱི་རྐང་པ་གཉིས་དང་། རྩོད་ལྡན་གྱི་རྐང་པ་གཅིག་སྟེ། ས་དང་ཆུ་དང་མེ་དང་རླུང་དང་སྟོང་པའི་བདག་ཉིད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཙོ་བོའི་རྩ་གཡས་པ་ནས་སྲོག་ཡང་དག་པར་རྒྱུ་བའི་དཀྱིལ་འཁོར་ལྔའི་བདག་ཉིད་དོ། །དེ་ལྟར་ན་རྩ་གཉིས་ཀའི་དཀྱིལ་འཁོར་ གྱི་ལོའི་ཕུང་པོ་གཉིས་ཀྱིས་དུས་བཞི་པོ་རྣམས་ཀྱི་ལོ་ཡི་གྲངས་ཏེ་མི་རྣམས་ཀྱི་ལོ་ཁྲི་ཕྲག་གཉིས་ལྷག་པའི་འབུམ་ཕྲག་བཞི་བཅུ་རྩ་གསུམ་སྟེ། གཙོ་བོའི་དུས་སྦྱོར་གཉིས་གཡོན་དང་གཡས་ཀྱི་རྩའི་དཀྱིལ་འཁོར་ཡང་དག་པར་རྒྱུ་བ་ལས་སོ། །འདིར་དུས་སོ་སོ་རྣམས་ཀྱི་ཚད་ནི་སྟོང་པ་སྟོང་པ་ ནམ་མཁའ་ཀླུ་དང་ལག་པ་ཐུབ་པ་རི་བོང་ཅན་རྣམས་ཞེས་པ་ནི་ལོ་སྟོང་ཕྲག་ཉི་ཤུ་རྩ་བརྒྱད་ལྷག་པའི་འབུམ་ཕྲག་བཅུ་བདུན་རྫོགས་ལྡན་དུས་ཀྱི་ཚད་དེ་དཀྱིལ་འཁོར་བཞིའི་རྐང་པ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །གསུམ་ལྡན་ལ་ནི་ནམ་མཁའ་མཁའ་སྟོང་རོ་དང་དགུ་དང་ཉིན་བྱེད་ཅེས་པ་ སྟོང་ཕྲག་དགུ་བཅུ་རྩ་དྲུག་ལྷག་པའི་འབུམ་ཕྲག་བཅུ་གཉིས་ཀྱི་ལོ་ཡི་གྲངས་སུ་རབ་ཏུ་གྲགས་སོ། །སྟོང་པ་སྟོང་པ་མཁའ་དང་རིག་བྱེད་རོ་དང་ལག་འགྲོ་ཞེས་པ་ནི་སྟོང་ཕྲག་དྲུག་ཅུ་རྩ་བཞི་ལྷག་པའི་འབུམ་ཕྲག་བརྒྱད་དེ་གཉིས་ལྡན་ལོར་ནི་ཡང་དག་པར་འགྱུར་རོ། །སྟོང་པ་ནམ་མཁའ་ མཁའ་མིག་ཡོན་ཏན་ཆུ་གཏེར་རྣམས་ཞེས་པ་ནི་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལྷག་པའི་འབུམ་ཕྲག་བཞི་རྣམས་ཀྱི་ལོའི་གྲངས་ནི་རྩོད་པའི་དུས་ལ་འགྱུར་རོ། །དེ་ལྟར་ན་གསུམ་ལྡན་གྱི་རྐང་པ་གསུམ་དང་། གཉིས་ལྡན་གྱི་གཉིས་དང་། རྩོད་ལྡན་གྱི་རྐང་པ་གཅིག་གོ། །དཀྱིལ་འཁོར་ གསུམ་དང་། གཉིས་དང་གཅིག་གི་བདག་ཉིད་དེ་དཀྱིལ་འཁོར་སོ་སོ་ནི་རྩོད་ལྡན་གྱི་དུས་ཀྱི་ལོའི་ཚད་དོ། །ལོ་ནི་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་གཟའ་ཚོགས་རྒྱུ་བ་ཁྱིམ་ནི་སྟོང་པ་དག་ལ་གནས་ཞེས་པ་ལ་ལོ་ནི་སྔར་བརྗོད་པ་འདི་དག་རྣམས་ཀྱིས་དུས་ཀྱི་མཐའ་རུ་སྟེ་དུས་བཞིའི་ མཐར་གཟའ་ཚོགས་རྒྱུ་བ་ནམ་གྲུའི་མཐར་ཁྱིམ་ནི་སྟོང་པ་དག་ལ་གནས་སོ། །སླར་ཡང་ཐ་སྐར་ལ་སོགས་པའི་རྒྱུ་སྐར་དག་གཟའ་རྣམས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །རབ་བྱུང་ཞེས་པར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ནག་པའི་ཟླ་བ་ལ་སོགས་པར་ཡང་འགྱུར་རོ། །གཟའ་དང་སྦྱོར་ བ་ཚེས་དང་བྱེད་པ་རྣམས་ཀྱང་དེ་བཞིན་དང་པོ་དག་སྟེ་དེའི་དུས་སུ་ནི། གཟའ་ཉི་མ་དང་། སྦྱོར་བ་སེལ་བ་དང་། ཚེས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་དང་། བྱེད་པ་པ་བྃ་ཞེས་པ་དང་པོ་དག་སྟེ་དེའི་དུས་སུ་ལྷ་རྣམས་དག་དང་ལྷ་མིན་ཀླ་ཀློ་རྣམས་ཀྱི་འཁྲུག་པ་དྲག་པོ་ས་གཞིའི་གནས་པཱ་ག་དཱ་ རྣམས་སུ་འབྱུང་བར་འགྱུར་ཏེ་དེ་ནས་རྫོགས་ལྡན་གྱི་དུས་འཇུག་པར་འགྱུར་རོ། །ད་ནི་ཚེས་ལ་སོགས་པ་གཟའི་ལོངས་སྤྱོད་ཐམས་ཅད་སྟོང་པ་ལ་གནས་པ་ནི་སླར་ཡང་ངེས་པ་འབྱུང་བར་གསུངས་པ། དེ་ནས་རྒྱུ་སྐར་རྣམས་ཀྱིས་ཉིན་ཞག་གཅིག་ནི་བསྒྱུར་བར་འགྱུར་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ ཀྱིས་ཀྱང་། གཟའ་རྣམས་ཀྱི་ནི་དཀྱིལ་འཁོར་དག་གིས་ངེས་པར་ཆ་ནི་རབ་ཏུ་ཐོབ་པར་གྱུར་པ་ལོངས་སྤྱོད་འགྱུར། ཟླ་བ་རྫོགས་ན་ངེས་པར་འགྱུར་ཏེ་སླར་ཡང་གཟའ་དང་ཆུ་ཚོད་ཀྱི་ནི་གནས་རྣམས་དག་ཏུ་འགྱུར། རྒྱུ་སྐར་ལ་ནི་ཉི་མའི་ལོངས་སྤྱོད་དུ་འགྱུར་ཟླ་བ་གཅིག་ལས་སྦྱངས་པ་ཉིན་ཞག་ དག་ནི་ཚོགས་ཞེས་སོ། །ད་ནི་དུས་ཀྱི་འཁོར་ལོའི་ལོ་དང་ཕྱོགས་ལས་ཟླ་བའི་ངེས་པ་གསུངས་པ་སྡེ་པ་དྲུག་ནི་ཉི་མའི་དབྱངས་བཅས་ཞེས་པ་ལ་སྡེ་པ་དྲུག་ནི་ཀ་ཙ་ཊ་པ་ཏ་ས་རྣམས་ནི་གསལ་བྱེད་ཀྱི་ཡི་གེ་སུམ་ཅུའོ། །དབྱངས་བཅུ་གཉིས་དང་བཅས་པས་སུམ་བརྒྱ་དྲུག་ཅུར་འགྱུར་ཏེ་ཡི་གེ་ རྣམས་ཐུང་ངུ་དང་རིང་པོའི་དབྱངས་ཀྱིས་ཕྱེ་བས་སོ། །ཨ་ཨཱ། ཨི་ཨཱི། རྀ་རཱྀ། ཨུ་ཨཱུ། ལྀ་ལཱྀ། ཨྃ་ཨཿ། འདི་དག་གིས་ཀ་ཡིག་ལ་སོགས་པའི་ཡི་གེ་སོ་སོ་ལ་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་པར་འགྱུར་རོ། །དེས་ན་གསལ་བྱེད་སུམ་ཅུ་པོ་རྣམས་བཅུ་གཉིས་ཀྱི་དབྱེ་བས་ཐ་དད་ པ་དག་ནི་སུམ་བརྒྱ་དྲུག་ཅུ་སྟེ། སླར་ཡང་ཀ་ཡིག་ལ་སོགས་པ་དེ་དག་ཡོན་ཏན་གཞན་གྱིས་ཕྱེ་བ་དང་། ཡ་ཎར་བསྒྱུར་བས་ཕྱེ་བ་དག་སྟེ་ངེས་པར་ཡོན་ཏན་གྱིས་བསྒྱུར། ཡོན་ཏན་ནི་ཨ་ཨེ་ཨར་ཨོ་ཨལ་ཨྃ། འཕེལ་བ་ནི་ཨཱ་ཨཻ་ཨཱར་ཨཽ་ཨལ་ཨཱཿ། ཡ་ཎར་བསྒྱུར་བ་ནི་ཧ་ཧཱ་ཡ་ ཡཱ་ར་རཱ་ཝ་ཝཱ་ལ་ལཱ་ཧྃ་ཧཱཿ། ཞེས་པ་སྟེ། དེ་ལྟར་ན་ལོ་གསུམ་ཉི་མ་དག་ལ་སྟེ་ཀ་ཡིག་ལ་སོགས་པ་དེ་རྣམས་ཉིན་ཞག་སྟོང་བརྒྱད་ཅུར་འགྱུར་རོ། །ཨ་སོགས་ཐུང་ངུ་ཉིན་ཞག་ཅེས་བྱ་བཅྭ་ལྔ་སྟེ་སུམ་འགྱུར་རི་བོང་ཅན་ཆ་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོའི་དབྱེ་བས་ཕྱེད་བཅས་ཟླ་བ་ ཕྱོགས་གསུམ་དུ་ཟླ་བ་ལ་འགྱུར་རོ། །དེ་ལ་ཨ་ཨི་རྀ་ཨུ་ལྀ། ཨ་ཨེ་ཨར་ཨོ་ཨལ། ཧ་ཡ་ར་ཝ་ལ། ལཱ་ཝཱ་རཱ་ཡཱ་ཧཱ། ཨཱལ་ཨཽ་ཨཱར་ཨཻ་ཨཱ། ལཱྀ་ཨཱུ་རཱྀ་ཨཱི་ཨཱ། ཨཱོཾ་ཨཱིཾ་རཱྀཾ་ཨཱུཾ་ལཱྀཾ། ཨཱཾ་ཨཻཾ་ཨཱ་རཾ་ཨཽཾ་ཨཱ་ལཾ།ཧཱུྃ་ཡཱྃ་རཱྃ་ཝཱྃ་ལཱྃ་ཞེས་པ་ནི་ཕྱོགས་གསུམ་གྱི་དབྱངས་ སོ། །ཆུ་ཚོད་ཧ་སོགས་རྣམས་སུ་འགྱུར་ཏེ་དུས་སྦྱོར་བཅུ་གཉིས་ཀྱི་དབྱེ་བས་དྲུག་ཅུའི་གྲངས་སོ། །སྔར་བརྗོད་པའི་ཆོ་གས་ཉི་མ་ཕྱེད་ནས་མཚན་ཕྱེད་ཀྱི་བར་དུ་ཐུང་ངུ་རྣམས་སོ། །མཚན་ཕྱེད་ནས་ཉི་མ་ཕྱེད་ཀྱི་བར་དུ་རིང་པོ་སུམ་ཅུའོ། །དཔལ་ལྡན་སྟོང་པ་གཞོམ་མེད་ལ་ སོགས་ལྔ་པོ་གང་ཡིན་པ་དེ་དག་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་གྱིས་དེ་དག་ནི་སྒྲ་གཅན་ཏེ་སྲོག་གི་རླུང་གི་དུས་སྦྱོར་གསུམ་དུ་འགྱུར་རོ་ཞེས་བྱ་བ་ནི་ངེས་པའོ། །འབྱུང་བ་ཉི་མ་ཟླ་བའི་གྲངས་ནི་སླར་ཡང་ལོ་གསུམ་ དང་ཕྱོགས་གསུམ་གྱི་ཉིན་ཞག་སྟེ་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་ཏུ་འགྱུར་རོ། །ཀྱེ་མིའི་བདག་པོ་ཞེས་པ་སྟེ་ཕྱེད་བཅས་ཟླ་བ་ཞེས་པ་ནི་ཕྱོགས་གསུམ་མོ། །ཕྱེད་དང་བཅས་པའི་ཟླ་བ་དོར་ནས་ཞེས་པ་ནི་དེ་ལས་ཕྱེད་དང་བཅས་པའི་ཟླ་བ་དོར་བས་གཞན་ནི་སྟོང་བརྒྱད་ཅུར་ འགྱུར་རོ། །དེ་ནས་ལྷག་མ་ཐུབ་མཆོག་བདུན་རྣམས་ཀྱིས་བཅད་པའི་ཐོབ་པ་དག་ནི་བསྡུས་པའི་དུས་ཀྱི་འཁོར་ལོར་འགྱུར་རོ། །དེ་ཉིད་ཟླ་བའི་ངེས་པ་ལ་གཟའ་གཅིག་དང་། ཆུ་ཚོད་སུམ་ཅུ་རྩ་གཉིས་དང་། ཚོགས་གཉིས་རབ་ཏུ་བསྲེས་ནས་ཚེས་གཅིག་དང་རྒྱུ་བའི་རྐང་པ་ལྔའོ། ། འཁོར་ལོ་དག་ལས་རྣམ་པར་ཕྱེ་བ་དག་ནི་གཟར་འགྱུར་རོ། །ལྷ་མོ་དྲུག་ཅུ་རྣམས་ཀྱིས་ཏེ་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ་ཞེས་པའི་དོན་ཏོ། །ལྷ་མོ་སུམ་ཅུ་རྩ་གཉིས་ཀྱི་ཆུ་ཚོད་རྣམས་ཀྱིས་ཟླ་བའི་ངེས་པ་ལ་ཆུ་ཚོད་ཀྱི་གནས་སུ་སུམ་ཅུ་རྩ་གཉིས་སོ། །ཐུབ་པ་ནོར་གྱིས་བསྒྱུར་བ་ལྔ་ བཅུ་རྩ་དྲུག་གི་ལྷ་མོ་རྣམས་ཀྱིས་ཚོགས་ཀྱི་གནས་སུ་ཚོགས་གཉིས་སུ་འགྱུར་རོ། །སྦྱིན་དོར་སྦྱིན་པ་དག་ནི་ལྷ་མོ་གཅིག་ཏུ་འགྱུར་ཞིང་རྐང་པ་ལྔ་ནི་ལྷ་མོ་ལྔར་འགྱུར་ཏེ་ལྔ་པོ་གཅིག་དང་བཅས་པའི་དྲུག་གིས་སོ། །ཟླ་བའི་ཕྱོགས་གསུམ་ཉིན་ཞག་རྣམས་ནི་ཉིན་ཞག་བཞི་བཅུ་རྩ་ལྔ་ སྟེ་སུམ་འགྱུར་སྙིང་སྟོབས་དང་རྡུལ་དང་མུན་པའི་བདག་ཉིད་དག་ཀྱང་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཏུ་གྲགས་སོ། །དྲུག་ཅུས་ཕྱེ་བའི་སྐར་མ་གཉིས་དང་ཞེས་པ་ཆུ་ཚོད་བརྒྱ་ཉི་ཤུས་རྒྱུ་སྐར་གྱི་ངེས་པ་ལ་གཉིས་སུ་འགྱུར་རོ།