Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 102_དྲི་མེད་འོད།_ཤྲཱི

Văn bản gốc(Tây Tạng)

Trang 23 / 30 (50.000 ký tự/trang)
ག་པ་སྦྱར་བ་
བྱས་ནས་མཐེ་བོ་དག་སྦྱར་ཞིང་མཐེ་ཆུང་གཉིས་སྦྱར་ལ་དེ་དག་པདྨའི་འདབ་མ་དང་མཚུངས་ལ་གུང་མོ་གཉིས་མཉམ་པར་དབུས་སུ་བརྐྱང་སྟེ། མཛུབ་མོ་གཉིས་གུང་མོ་དག་གི་རྒྱབ་ཀྱི་ཆར་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་རྣམ་པ་དང་། མིང་མེད་འོག་ཏུ་བསྐུམ་པ་རང་
གི་ལག་མཐིལ་སོན་གྱུར་བ་དེ་ལྟར་ཕྱག་རྒྱ་འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེ་རྩེ་མོ་ལྔ་པར་འགྱུར་ཏེ་བསྟན་པར་བྱ་བའོ་ཞེས་པ་སྟེ། སྔར་གསུངས་པའི་མཆོག་གི་ཕྱག་རྒྱ་ཡང་འདིའོ། །དེ་བཞིན་དུ་རྩིབས་ཀྱི་རྣམ་པ་སོར་མོ་རྣམས་ཏེ་ལག་པ་གཉི་ག་ལ་གནས་མཐེ་བོ་ལ་སོགས་
མཐའ་དག་རྣམས་ཞེས་པ་ནི་རྡོ་རྗེའི་ཕྱག་རྒྱ་གཞན་ཏེ་ཤེས་རབ་ལ་འཁྱུད་པའི་དོན་དུའོ། །དེ་བཞིན་དུ་ལག་པ་གཉིས་ནི་རྡོ་རྗེ་བཅིངས་པ་སྔ་མ་བཞིན་དུ་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་རྗེར་འགྱུར་ཏེ། གཡས་པ་སྟེང་དུ་བྱས་ཤིང་གཡོན་པ་གང་ཡིན་པ་འོག་ཏུ་ཁུ་ཚུར་གྱིས་
དྲིལ་བུར་འགྱུར་རོ། །དེ་བཞིན་དུ་ཁུ་ཚུར་ཕྱེད་པ་མིང་མེད་དང་མཐེ་ཆུང་གི་ཁུ་ཚུར་གྱི་ནང་དུ་མཐེ་བོའོ། །དེ་ལྟར་ཁུ་ཚུར་ཕྱེད་པར་མཛུབ་མོ་དང་ནི་གུང་མོ་སྦྱར་བ་མདའ་དང་མཚུངས་པ་དག་ཀྱང་རལ་གྲི་རྣོན་པོར་འགྱུར་ཞེས་པ་སྟེང་དུ་རལ་གྲིའི་ཕྱག་རྒྱའོ། །
དེ་བཞིན་དུ་མཐེ་བོ་ཁུ་ཚུར་ཕྱེད་པ་དང་། མཛུབ་མོ་ལ་སོགས་ཞེས་པ་མཛུབ་མོ་དང་། གུང་མོ་དང་། མིང་མེད་རྩེ་གསུམ་གྱི་རྣམ་པ་སླར་ཡང་བཀྲམ་པ་དག་སྟེ་ཁུ་ཚུར་ཕྱེད་པ་ཡིས་ནི་རྩེ་གསུམ་གྱི་ཕྱག་རྒྱ་སྟེ། ཐམས་ཅད་དུ་ཡུལ་གྱི་དོན་ལ་བདུན་པའོ། །

དེ་བཞིན་དུ་དཔལ་ལྡན་གྲི་གུག་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་གདུལ་དཀའ་རྣམས་འཇིགས་པར་བྱེད་པར་འགྱུར་ཞེས་པ་གྲི་གུག་གི་ཕྱག་རྒྱའོ། །དེ་བཞིན་དུ་རྣ་བའི་སྟེང་དུ་ཁུ་ཚུར་བཅིངས་ཤིང་གུང་མོའི་སྟེང་དུ་མཐེ་བོ་དང་འོག་ཏུ་མཛུབ་
མོ་སྟེ་མདའ་ཡི་མཆོག་གི་ཕྱག་རྒྱ་ལ་ཞེས་པ་ནི་མདའི་ཕྱག་རྒྱའོ། །ལྕགས་ཀྱུ་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཤིང་མཛུབ་མོ་ཁུ་ཚུར་གྱི་སྟེང་དུ་ལྕགས་ཀྱུའི་རྣམ་པར་ཤིན་ཏུ་འཁྱོག་པོ་ནི་ལྕགས་ཀྱུའི་ཕྱག་རྒྱའོ། །དེ་བཞིན་དུ་མཐེ་ཆུང་དང་མཐེ་བོ་དག་གིས་ཁུ་ཚུར་
དང་། མཛུབ་མོ་དང་། མིང་མེད་འོག་ཏུ་མདའ་དང་མཚུངས་པར་སྦྱར་ཞིང་དེ་དག་གི་སྟེང་དུ་གུང་མོ་ནི་མདུང་ལ་སྟེ། དེ་ལྟར་མདུང་གི་ཕྱག་རྒྱའོ། །དེ་བཞིན་དུ་ཐད་ཀར་ཁུ་ཚུར་དང་དཔུང་པ་རབ་ཏུ་བརྐྱང་བ་དབྱུག་པ་ལ་སྟེ། དེ་ལྟར་དབྱུག་པའི་ཕྱག་
རྒྱར་འགྱུར་རོ། །དེ་བཞིན་དུ་ལག་མཐིལ་ཤིན་ཏུ་མཉམ་ལ་སྟེང་དུ་མཐེ་བོ་རབ་ཏུ་བརྐྱང་ཞིང་ཐད་ཀའི་ཆར་མཛུབ་མོ་ལ་སོགས་པ་བཞི་སྦྱར་བ་སྟེ། དེ་ལྟར་དགྲ་སྟའི་ཕྱག་རྒྱར་འགྱུར་རོ། །དེ་བཞིན་དུ་སྟེང་དུ་ཁུ་ཚུར་གཉིས་དང་ཁུ་ཚུར་གཉིས་ཀྱི་སྟེང་དུ་
ཡང་མཛུབ་མོར་འགྱུར་ཏེ་ལྷ་མིན་བདག་པོ་གླང་ཆེན་ནི་ལོག་འདྲེན་ཏེ་དེའི་པགས་པ་དག་ལའོ་ཞེས་པ་གླང་པོ་ཆེའི་པགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་མཆེ་བ་ལ་ནི་ལག་པ་གཉི་གའི་མཐིལ་དུ་ཁུ་ཚུར་བཅིངས་ཤིང་མཐེ་ཆུང་ཟླ་བ་ཕྱེད་པའི་རྣམ་པ་གཡས་དང་
གཡས་མིན་ནི་ཁ་ལ་བསྟན་པར་བྱ་སྟེ། དེ་ལྟར་མཆེ་བའི་ཕྱག་རྒྱའོ། །ལག་པ་གཡས་ཀྱི་མཚན་མའི་ཕྱག་རྒྱ་དང་གླང་པོ་ཆེའི་པགས་པས་མཆེ་བའི་ཕྱག་རྒྱའི་ངེས་པའོ། །ད་ནི་ལག་པ་གཡོན་པའི་མཚན་མའི་ཕྱག་རྒྱ་གསུངས་པ། དེ་བཞིན་དུ་
ཁེ་ཊ་ཀ་ལ་སྟེ་ཕུབ་ལ་དཔུང་པ་གཡོན་པ་རབ་ཏུ་བརྐྱང་ཞིང་ལག་པའི་མཐིལ་ནི་སྟེང་དུ་སོན་པ་མི་འཇིགས་པའི་ལག་མཐིལ་ལྟ་བུར་འགྱུར་ཏེ། དེ་ལྟར་ཕུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁ་ཊྭཱྃ་ག་ལ་ཁུ་ཚུར་བུག་པ་སྟེ། མཛུབ་མོ་དང་། གུང་མོ་དང་།

མིང་མེད་དང་མཐེ་བོ་རྣམས་སྦྱར་ཞིང་ཕྲག་པའི་གནས་སུ་མཐེ་ཆུང་སྟེང་དུ་རབ་ཏུ་བརྐྱང་པ་སྟེ། དེ་ལྟར་ཁ་ཊྭཱྃ་གའི་ཕྱག་རྒྱའོ། །དེ་བཞིན་དུ་ཐོད་པ་ལ་སོར་མོ་བུག་པ་མེད་པའི་ལག་པ་པད་འདབ་ལྟ་བུ་གན་རྐྱལ་ནི་ཐོད་པའི་ཕྱག་རྒྱའོ། །དེ་བཞིན་དུ་
གཞུ་ལ་རབ་ཏུ་བརྐྱང་བའི་ལག་པ་གན་རྐྱལ་ཁུ་ཚུར་ཏེ། དེ་ལྟར་གཞུའི་ཕྱག་རྒྱའོ། །དེ་བཞིན་དུ་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གུང་མོ་དག་ནི་མཛུབ་མོ་འཁྱོག་པོ་རྟེན་པ་སྟེ། གཉིས་ཀྱིས་དབུས་སུ་བུག་པའོ། །དེ་ལྟར་རྡོ་རྗེ་ཞགས་པ་སྟེ་འདི་ནི་ལག་པ་གཅིག་
གི་ཕྱག་རྒྱའོ། །གཞན་ནི་ལག་པ་གཉིས་ཀྱིས་ཅིག་ཅར་གྱིས་ཏེ་ཆུ་ལྷ་ལ་སོགས་པའི་གཡས་པ་གང་དུ་རྡོ་རྗེ་ལྕགས་ཀྱུ་མ་མཐོང་བའོ། །དེ་ལྟར་ཞགས་པའི་ཕྱག་རྒྱའོ། །དེ་བཞིན་དུ་སྦྱར་བ་སྟེ་འདུས་པའི་སོར་མོ་ལྔ་པོ་རྣམས་ཀྱི་དབུས་སུ་གུང་མོ་བྱས་ནས་
སྟེང་དུ་བརྐྱང་བའི་ཕྱག་ཅེས་པ་ནི་རིན་པོ་ཆེའི་ཕྱག་རྒྱའོ། །ལག་པ་གཡོན་པའི་པདྨའི་ཕྱག་རྒྱ་ལ་མཐེ་བོ་དང་མཐེ་ཆུང་སྦྱར་ཏེ་མཛུབ་མོ་ལ་སོགས་པ་ནི་ཕྱོགས་རྣམས་སུའོ། །དེ་ལྟར་སོར་མོ་རྣམས་རྣམ་པར་ཕྱེ་བ་པདྨ་འདབ་མ་བཞི་པ་ལྟ་བུ་སྟེ། ལག་པ་གཉི་ག་
དག་གིས་པདྨ་འདབ་མ་བརྒྱད་པར་འགྱུར་རོ། །དེ་ལྟར་པདྨའི་ཕྱག་རྒྱའོ། །དེ་བཞིན་དུ་ཌ་མ་རུ་ལ་གུང་མོ་དང་མིང་མེད་དག་གིས་ཁུ་ཚུར་བཅིངས་ཤིང་། མཛུབ་མོ་ལྕགས་ཀྱུའི་རྣམ་པ་དང་། མཐེ་བོའི་སེན་མོའི་སྟེང་དུ་མཐེ་ཆུང་ཕྱེད་འཁྱོག་པའོ། །དེ་བཞིན་
དུ་ཐོབ་ལ་ཁུ་ཚུར་བཅིངས་པའོ། །འཁོར་ལོ་ལ་སོར་མོ་ཐམས་ཅད་རྩིབས་ཀྱི་རྣམ་པར་རབ་ཏུ་བརྐྱང་བ་ལག་པ་གཅིག་ལ་སྟེ་ལག་པ་གཉིས་ཀའི་མཐིལ་སྦྱར་བའོ། །དེ་བཞིན་དུ་མཛུབ་མོ་དང་མཐེ་བོ་དག་སྦྱར་ཏེ་མཐེ་བོའི་འོག་ཏུ་མཐེ་ཆུང་ལ་སོགས་པ་ཁུ་ཚུར་དང་།
མཐེ་བོ་དང་མཛུབ་མོ་རབ་ཏུ་བརྐྱང་བ་དག་དུང་གི་ཕྱག་རྒྱའོ། །མེ་ལོང་ནི་མངོན་དུ་ཕྱོགས་ཤིང་ཤིན་ཏུ་མཉམ་པའི་ལག་མཐིལ་གཡོན་པ་སྟེ། མེ་ལོང་གི་ཕྱག་རྒྱ་ལ་སོར་མོ་རྣམས་བུག་པ་མེད་པའོ། །དེ་བཞིན་དུ་མཛུབ་མོ་དང་པོར་བྱས་ནས་མཐེ་ཆུང་གི་མཐར་

ཐུག་པ་སྟེ་མཐེ་བོའི་སྟེང་དུ་མཛུབ་མོ་འཁྱོག་པོ་ཟླུམ་པོའི་རྣམ་པའོ། །དེའི་སྟེང་དུ་གུང་མོའོ། །གུང་མོའི་སྟེང་དུ་མིང་མེད་དོ། །མིང་མེད་ཀྱི་སྟེང་དུ་མཐེ་ཆུང་ངོ་། །དེ་ལྟར་ལྕགས་སྒྲོག་གི་ཕྱག་རྒྱའོ། །དེ་བཞིན་དུ་ཚངས་པའི་མགོ་བོ་ལ་མཐེ་བོ་ལ་
སོགས་བཞི་པོ་ཕན་ཚུན་སྦྱར་བས་གདོང་དང་མཚུངས་ཤིང་འོག་ཏུ་གདོང་རྣམས་ཏེ་མཐེ་ཆུང་བསྐུམ་པ་ནི་མགོ་བོའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་དག་གིས་དུང་གི་ཕྱག་རྒྱ་སྦྱར་བ་ཅོད་པན་དུ་འགྱུར་ཏེ། སྟེང་དུ་མཛུབ་མོ་གཉིས་སྦྱར་བའོ། །ལག་པ་གཉི་
གའི་མཐིལ་གྱི་ཕྱི་ཕྱོགས་སྦྱར་ཏེ་རྒྱབ་ཏུ་སོར་མོ་ལྔ་པོ་རྣམས་ནི་རྣ་རྒྱན་ལ་ནི་རྣ་རྒྱན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པའི་རྒྱབ་ཏུ་སོར་མོ་རྣམས་ནི་རིམ་པར་ཡོངས་སུ་བཀོད་ཅིང་ཕན་ཚུན་བཅིངས་པ་མགུལ་པའི་རྒྱན་ལ་སྟེ། དེ་ལྟར་མགུལ་རྒྱན་གྱི་ཕྱག་རྒྱའོ། །
དེ་བཞིན་དུ་སྐེ་རགས་ལ་གཡོན་པ་དང་གཡས་པ་དག་གི་སོར་མོ་གསུམ་ནི་མིང་མེད་དང་། གུང་མོ་དང་། མཛུབ་མོ་དག་སྟེ། སོར་མོ་རྩེ་མོ་སྦྱར་ཞིང་མཐེ་ཆུང་དང་། མཐེ་བོས་ཁུ་ཚུར་བཅིངས་པ་ནི་སྐེ་རགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཉི་གའི་
མཐེ་བོ་གཉིས་དང་གུང་མོ་གཉིས་སྦྱར་ཏེ། དེ་དག་གིས་ཟླུམ་སྐོར་ལྟ་བུར་བྱས་ཤིང་སོར་མོ་ལྷག་མ་རྣམས་ཀྱིས་ཁུ་ཚུར་བཅིངས་པ་ནི་རྐང་གདུབ་ལ་སྟེ། རྐང་གདུབ་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་དཔུང་རྒྱན་ནམ། གདུ་བུ་ལ་མཐེ་བོ་སྦྱར་བ་དང་། མཛུབ་
མོ་སྦྱར་བ་ཟླུམ་སྐོར་ལྟ་བུར་འགྱུར་ཞེས་ཏེ་བཅོམ་ལྡན་འདས་ཀྱི་མཚན་མའི་ཕྱག་རྒྱའོ། །ད་ནི་མཐེ་བོ་ཞེས་པ་ལ་སོགས་པས་རིགས་ཀྱི་ཕྱག་རྒྱ་གསུངས་ཏེ། འདིར་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཐེ་བོ་བསྟན་པ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་ཐུན་མོང་དུ་རིགས་ཀྱི་
ཕྱག་རྒྱར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་རབ་ཏུ་བརྐྱང་བ་ནི་གསང་བ་པ་སྟེ། གནོད་སྦྱིན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅིངས་པ་ལས་གུང་མོ་རབ་ཏུ་བརྐྱང་སྟེ་བསྟན་པ་ནི་དྲི་ཟ་རྣམས་ཀྱི་རིགས་སུ་འགྱུར་རོ། །

དེ་བཞིན་དུ་མིང་མེད་ནི་གདེངས་ཅན་རྣམས་ཀྱི་རིགས་སུ་འགྱུར་ཏེ། མཐེ་ཆུང་བསྟན་པ་ནི་འབྱུང་པོ་རྣམས་ཀྱི་རིགས་སུ་འགྱུར་རོ། །དེ་བཞིན་ཉིད་དུ་སྟེང་དུ་སོར་མོ་བཞི་པོ་རྣམས་ཀྱིས་ཁུ་ཚུར་བཅིངས་ཏེ་ལག་པའི་མཐིལ་རབ་ཏུ་གསལ་བར་བསྟན་པ་ནི་སྲིན་
པོ་རྣམས་ཀྱི་རིགས་སུ་འགྱུར་རོ། །ཁུ་ཚུར་བཅིངས་ཏེ་བསྟན་པ་ནི་གྲུབ་པ་རྣམས་ཀྱི་རིགས་སུ་འགྱུར་རོ། །དེ་བཞིན་དུ་དཔུང་པ་དང་ཉེ་བའི་དཔུང་པའི་ཚིགས་ནི་ལྷ་རྣམས་ཀྱི་རིགས་སོ། །དེ་བཞིན་དུ་ལག་པའི་རྒྱབ་ཀྱི་མཐིལ་ནི་ཚངས་པའི་སྲིན་པོའི་འོ། །
དེ་བཞིན་དུ་ཉེ་བའི་དཔུང་པ་དང་། ལག་པའི་ཚིགས་བསྟན་པ་ནི་རོ་ལངས་རྣམས་ཀྱི་རིགས་སུ་འགྱུར་ཏེ། དེ་ལྟར་ཕྱག་རྒྱ་རྣམ་པ་བརྒྱད་ནི་རིགས་བརྒྱད་ལས་སྐྱེས་པ་རྣམས་ལ་ལག་པ་གཡོན་པས་བསྟན་པར་བྱའོ། །ད་ནི་ལག་པ་ཞེས་པ་ལ་སོགས་པས་དུད་
འགྲོའི་གདོང་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱ་གསུངས་ཏེ། འདིར་ལག་པ་གཅིག་གམ། གཉི་གའི་མཐིལ་དུ་སོར་མོ་ལྔ་པོ་རྣམས་ཕྱེད་འཁྱོག་པ་སེང་གེའི་སྡེར་མོའི་རྣམ་པ་ས་སྡེར་མོ་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ཁུ་ཚུར་བཅིངས་པ་
ལས་ལག་པ་གཉི་གའི་ཁུ་ཚུར་གྱི་སྟེང་དུ་མཛུབ་མོ་གཉིས་པོ་ཕྱེད་འཁྱོག་པ་ཟླ་བ་ཕྱེད་པའི་རྣམ་པས་མགོ་བོར་བསྟན་པ་ནི་རྭ་ཅན་རྣམས་ཀྱིའོ་ཞེས་པ་རྭ་ཅན་རྣམས་ཀྱི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པའི་མཐིལ་གྱི་རྒྱབ་སྦྱར་ནས་མཐེ་ཆུང་གཉིས་ཕན་ཚུན་
བཅིངས་ཤིང་མཛུབ་མོ་དང་། གུང་མོ་དང་། སྲིན་ལག་གཤིབས་ཏེ་བརྐྱང་ནས་མཐེ་བོ་དག་གི་གདོང་སྦྱར་བ་ནི་དེ་ལྟར་བྱ་ཁྱུང་གི་ཕྱག་རྒྱའོ། །དེ་བཞིན་དུ་སོར་མོ་ལྔ་པོ་རྩེ་མོའི་ཚིགས་འཁྱོག་པ་བསྟན་པ་གདེངས་ཅན་རྣམས་ཀྱི་རིགས་ཀྱི་ཕྱག་རྒྱར་འགྱུར་
རོ། །དེ་བཞིན་དུ་འབར་བའི་ཕྱག་རྒྱ་ལ་གུང་མོ་དང་། མིང་མེད་དང་། མཐེ་ཆུང་བརྐྱང་སྟེ་ལག་པ་གཉི་གའི་མཛུབ་མོ་གཉིས་པོ་ཕན་ཚུན་མདུད་དེ་མགོ་བོའི་སྟེང་དུ་ཁ་འོག་ཏུ་བསྟན་ནས། མཐེ་བོ་དག་སྦྱར་བའོ། །མཆོག་གི་ལག་མཐིལ་དག་

གི་རྣམ་པ་དེ་ཉིད་ཀྱིས་ཏེ། འོན་ཀྱང་མཛུབ་མོ་བརྐྱང་བ་ནི་གཞན་པ་སྟེ་འབར་བའི་ཕྱག་རྒྱ་གཉིས་པའོ། །རིགས་ཀྱི་ཕྱག་རྒྱ་དུད་འགྲོའི་གདོང་ཅན་རྣམས་ལ་བསྟན་པར་བྱའོ། །ད་ནི་མཛུབ་མོ་ཞེས་པ་ལ་སོགས་པས་དཔའ་བོ་དང་། དཔའ་བོའི་དབང་ཕྱུག་མ་
རྣམས་ཕན་ཚུན་དུ་ཕེབས་པར་སྨྲ་བའི་ཕྱག་རྒྱ་གསུངས་པ། འདིར་གང་དང་གང་དུ་ཕྲད་པ་ཙམ་གྱིས་ཁུ་ཚུར་བཅིངས་ནས་སྟེང་དུ་ཕྱོགས་པའི་མཛུབ་མོ་མཐེ་བོ་ལ་མངོན་པར་ཕྱོགས་ཤིང་སྦྱར་བ་བསྟན་པར་བྱ་སྟེ། དེ་བསྟན་ན་ལེགས་པར་འོངས་སམ་དུ་འགྱུར་རོ། །
རྣལ་འབྱོར་པ་ལ་རྣལ་འབྱོར་མས་སམ། རྣལ་འབྱོར་མ་ལ་རྣལ་འབྱོར་པས་སོ། །གཉིས་ཀྱིས་ཏེ་མཛུབ་མོ་དང་། གུང་མོ་རྒྱབ་ཏུ་ཡང་དག་པར་ལྡན་པ་དག་གིས་ཤིན་ཏུ་ལེགས་པར་འོངས་པ་བརྗོད་པར་འགྱུར་རོ། །དེ་བཞིན་དུ་གཡོན་པའི་མཐེ་བོ་ཁུ་ཚུར་
བཅིངས་པས་སྐལ་བཟང་དགེ་བ་རབ་ཏུ་བརྗོད་པར་འགྱུར་རོ། །དེ་བཞིན་དུ་སོར་མོའི་སེ་གོལ་རྡེབས་པ་མཐེ་བོ་དང་། མཛུབ་མོ་དག་གིས་ཁྱོད་ནི་འདི་རུ་སྔགས་པ་མཆོག་ཏུ་ངེས་པར་བརྗོད་པར་འགྱུར་རོ། །མཐེ་བོ་དང་ནི་མིང་མེད་དག་གིས་སེ་གོལ་བྱས་ན་དམ་
ཚིག་བཅས་པའི་ཆང་གིས་ཁྱོད་ནི་ཚིམ་པར་བྱེད་པའོ། །ཞེས་བརྗོད་པར་འགྱུར་རོ། །དེ་བཞིན་དུ་ཕྱག་འཚལ་བའི་སྦྱོར་བས་སོར་མོ་ཐམས་ཅད་རྩེ་མོ་བརྐྱང་བས་སྐལ་བཟང་ལེགས་པར་འོངས་པ་བརྗོད་འགྱུར་རྣལ་འབྱོར་པ་ལ་ཡང་། །དེ་བཞིན་དུ་
གཡོན་གྱི་ཡན་ལག་རེག་པས་རྟག་ཏུ་ཁྱོད་ནི་བདག་གི་གཉེན་གཅིག་པུ་དག་རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་སྐྱེ་གནས་ལ་རེག་པས་ཁྱོ་བོ་སྟེ། དེ་བཞིན་དུ་མཆུ་དང་། ནུ་མའམ། སེན་མོ་འདེབས་པས་ཀྱང་ཁྱོ་བོར་བརྗོད་པའོ། །སོར་མོ་
ཕན་ཚུན་བཅིངས་པ་ཞེས་པ་ནི་ལག་པ་དག་སྦྱར་བ་བྱས་ནས་མཐེ་ཆུང་ལ་སོགས་པ་སོར་མོ་ཕན་ཚུན་བཅིངས་ཏེ་བཅིངས་པ་དེ་ལས་མཛུབ་མོ་དང་། མིང་མེད་བཅིངས་ཤིང་མཐེ་བོ་དང་གུང་མོ་རབ་ཏུ་བརྐྱང་བས་དམ་ཚིག་ལ་འདུས་པ་རྗོད་པར་བྱེད་དོ། །ཕེབས་

བར་སྨྲ་བའི་ཕྱག་རྒྱའོ། །ད་ནི་མཆུ་དང་ཞེས་པ་ལ་སོགས་པས་སྨོད་པའི་ཕྱག་རྒྱ་གསུངས་ཏེ། འདིར་གང་གི་ཚེ་གང་དང་གང་དུ་ཕོ་ཉ་མོས་མཐོང་བར་གྱུར་ན་སྒྲུབ་པ་པོ་མཐོང་ནས་མཆུ་ལ་སོགས་པ་ཡོ་བ་སྟོན་པར་བྱེད་དོ། །དེར་མཆུ་ཡོ་བ་དང་། སྨིན་
མ་ཡོ་བ་དང་། མིག་ཡོ་བ་དང་། དེ་བཞིན་དུ་མགོ་བོ་ལ་འཕྲུག་པར་བྱེད་ན་ཁྱོད་ཤིན་ཏུ་ཆེར་རྨོངས་པ་རྗོད་པར་བྱེད་དེ་གང་གི་ཚེ་ཕྱག་རྒྱའི་བརྡ་མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་དེས་མཆེ་བའི་དབུས་སུ་མཐེ་ཆུང་བཀོད་ན་དེའི་ཚེ་མཐེ་ཆུང་དེས་འཇིགས་པ་
རབ་ཏུ་བསལ་བར་བྱེད་དོ། །ཡང་ན་མཛུབ་མོ་སྙིང་ཁའམ། ཁར་བཀོད་ན་འཇིགས་པ་རྗོད་པར་བྱེད་དོ། །དེ་བཞིན་དུ་མཐེ་བོ་ཁུ་ཚུར་བཅིངས་པ་བྱས་ཏེ། ཁུ་ཚུར་བཅིངས་པ་དེ་ལས་དེ་ཉིད་ཀྱིས་ས་ལ་རྡེབས་པའམ། ལག་པ་དང་། རྐང་པ་རྡེབས་
པར་གྱུར་ན་ང་ཡིས་བཟའ་བར་བྱའོ་ཞེས་རྗོད་པ་སྟེ། ཕྱག་རྒྱའི་བརྡ་མངོན་པར་མི་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་སྨོད་པའི་ཕྱག་རྒྱའོ། །དེ་བཞིན་དུ་ཟས་ཀྱི་དོན་དུ་མིང་མེད་ཀྱིས་ལྕེ་ལ་རེག་ན་ཟོས་པ་དང་། དེ་བཞིན་དུ་ལག་པ་གཡོན་པས་ལྟོ་དང་སོ་ལ་བསྣུན་པ་དག་
གིས་མ་ཟོས་པའོ། །དེ་བཞིན་དུ་ལག་པའི་རྒྱབ་སྟོན་པར་གྱུར་ན་སོང་ཞིག་ཅེས་ངེས་པར་རབ་ཏུ་བརྗོད་པ་སྟེ། མངོན་དུ་ཕྱོགས་པ་སྟོན་པར་གྱུར་ན་འདུག་ཅིག་ཅེས་བརྗོད་པའོ། །དེ་བཞིན་དུ་བྱིན་པ་ཉེད་པ་དང་། བརླ་ཉེད་པར་གྱུར་ན་སྐལ་བཟང་ཁྱོད་དེ་རིང་
ངལ་སོ་ཞིག་པ་རྗོད་པར་བྱེད་དོ། །དེ་བཞིན་དུ་རྐང་པ་རབ་ཏུ་སྐྱོད་པས་གཉིད་ལོག་ཅིག་ཅེས་པའི་ངེས་པ་སྦྱིན་པའོ། །དེ་བཞིན་དུ་པུས་མོ་ཟུང་དག་སྐྱོང་བས་བདག་ལ་ཤིན་ཏུ་དགའ་བ་གྱིས་ཞེས་པ་ངེས་པའོ། །དེ་བཞིན་དུ་རང་གི་ཡན་ལག་ཀུན་ལ་ལག་པ་གཡོན་
པས་རེག་པའམ། ཁར་ལག་པ་གཡོན་པ་བཀབ་སྟེ། དེ་ལྟར་བྱེད་ན་ཁྱོད་དང་ལྷན་ཅིག་བདག་ལ་འདུས་པ་མེད་དོ་ཞེས་བརྗོད་པ་སྟེ། རྗེ་བོ་ལ་སོགས་པས་བསྲུངས་པ་ཉིད་ཀྱི་ཕྱིར་རོ་ཞེས་པའོ། །དེ་བཞིན་དུ་རང་གི་ལག་པ་ཕན་ཚུན་བཅིངས་ཏེ། མཐེ་བོ་

དང་མཛུབ་མོ་དབུས་ནས་རྣམ་པར་ཕྱུང་ན་དེའི་ཚེ་ཕྱག་རྒྱས་དེ་རིང་བདག་གི་ཁྱིམ་དུ་འཁོར་ལོ་འདུས་པ་འབྱུང་བར་འགྱུར་རོ་ཞེས་བརྗོད་པ་སྟེ། ཁྱོད་ཀྱང་འདུག་ཅིག་ཅེས་པའི་དོན་ཏོ། །མཐེ་བོ་མིང་མེད་རྩེ་མོ་སྟོན་པ་དག་གིས་རྣམ་མང་དམ་ཚིག་རྣམས་
ཀྱིས་ཁྱོད་ལ་ཇི་ལྟར་འདོད་པར་མཆོད་པར་བྱ་སྟེ་ཞེས་བརྗོད་པའོ། །དེ་བཞིན་དུ་རྐང་པ་ལ་ནི་འཕྲུག་པར་བྱེད་པར་གྱུར་ན། ཕྱི་རོལ་གྱི་འཁོར་ལོ་འདུས་པ་རྣམས་ལ་འགྲོ་བ་ཡང་བརྗོད་པ་སྟེ། ཁྱོད་ཀྱང་ཤོག་ཅིག་ཅེས་པ་དགོངས་པའོ། །དེ་བཞིན་དུ་
མཛུབ་མོ་ལྕགས་ཀྱུའི་རྣམ་པས་པན་ཚུན་བཅིངས་པར་གྱུར་ན་རྡོ་རྗེའི་གྲོགས་པོ་ཁྱོད་ནི་དེ་རིང་འཇིགས་པ་འཕྲོག་པར་བྱེད་ཅེས་པ་སྟེ། དེ་ལྟར་དམ་ཚིག་འདུས་པའི་ཕྱག་རྒྱ་ངེས་པའོ། །ད་ནི་སྐྲ་ཞེས་པ་ལ་སོགས་པས་ཤིན་ཏུ་ཁྲོས་པ་རྣམས་ཀྱི་ཕྱག་རྒྱ་
གསུངས་པ། འདིར་གང་གི་ཚེ་སྒྲུབ་པ་པོ་ལོག་པའི་ང་རྒྱལ་གྱིས་བརྙས་པ་བྱེད་དམ། ནུས་པ་དང་ལྡན་པ་མ་གཏོགས་པར་ཕྱག་རྒྱའི་ལན་སྟོན་པར་བྱེད་ན། དེའི་ཚེ་ནུས་པ་དང་ལྡན་པ་རང་གི་སྐྲ་རྣམས་རང་གི་སོས་གཅོད་པར་བྱེད་དེ། དེ་ལྟར་
སྐྲ་ནི་རང་གི་སོ་ཡིར་གཅོད་པར་བྱེད་པར་གྱུར་ན་ཕྱག་རྒྱས་ཀྱེ་མི་ཡི་ཕྱུགས་ཁྱོད་བདག་གིས་འདིར་ནི་ལྟུང་བར་བྱ་ཞེས་པ་འདི་བརྗོད་པའོ། །དེ་བཞིན་དུ་སོ་ལ་སོས་ཕན་ཚུན་འདར་བར་བྱེད་དེ། དེ་འདར་བར་གྱུར་ན་ཀྱེ་མི་ཡི་ཕྱུགས་ཁྱོད་ཀྱི་ཤ་ནི་འདི་དག་དེ་རིང་
བདག་གིས་བཟའ་བར་བྱ་ཞེས་པ་འདི་བརྗོད་པའོ། །དེ་བཞིན་དུ་ལྕེ་མཆུ་གཡོ་བར་བྱེད་པར་གྱུར་ན་ཁྱོད་ཀྱི་ལུས་ལས་ཁྲག་ནི་བཏུང་བར་བྱའོ། །ཞེས་རྗོད་པར་བྱེད་དོ། །དེ་བཞིན་དུ་མཆུ་ལ་སོ་ཡིས་འདེབས་པར་བྱེད་ན་ཁྱོད་ཀྱི་རྒྱུ་མ་ལྟོ་བར་གནས་འདི་བདག་
གིས་བཟའ་བར་བྱ་ཀྱེ་མི་ཡི་ཕྱུགས་ཁྱོད་གང་དུ་འགྲོ། །ཞེས་རྗོད་པར་བྱེད་པ་སྟེ་ཁྲོས་པར་གྱུར་པ་ཕྱག་རྒྱ་སྟོན་པར་བྱེད་ན་ནུས་པ་དང་ཕྲལ་བ་དེས་ཕྱག་རྒྱའི་ལན་བསྟན་པར་མི་བྱ་ཞིང་དེ་རྣམས་ལ་ཕྱག་བྱས་ནས། སྙིང་ཁར་ལག་པ་གཡོན་པའི་མཐིལ་

བཞག་ལ་རང་གི་ལུས་གཡོན་སྐོར་གྱིས་ཡོངས་སུ་བསྐོར་ཞིང་དེ་ནས་ལག་པ་གཡོན་པས་སྟེང་དུ་ཕྱག་བྱས་ནས་འགྲོ་བར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་རྩོད་པར་མི་བྱའོ། །བྱིས་པའི་རྣལ་འབྱོར་བ་རྣམས་ལ་ངེས་པ་གང་བྱིན་པ་དེ་དེས་བྱའོ། །
རྣམ་པ་གཞན་དུ་ན་འཆི་བ་འཐོབ་སྟེ། ཁྲོས་པའི་ཕོ་ཉ་མོ་ནུས་པ་དང་ལྡན་པའོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ཕན་ཚུན་ཕྱག་རྒྱ་བསྟན་པ་ལ་ལན་གྱི་མཚན་ཉིད་གསུངས་ཏེ། འདིར་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་གཡོན་པ་དང་གཡས་པའི་
ཕྱག་གི་མཚན་མ་གང་ཡིན་པ་དེའི་རང་བཞིན་ནི་ཕྱག་རྒྱ་རྣམས་སོ། །དེ་ལས་ཀྱང་ཕན་ཚུན་དུ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཏེ། རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དག་དང་། རལ་གྲི་དང་ཕུབ་དག་དང་། རྩེ་གསུམ་དང་ཁ་ཊྭཱྃ་གདག་དང་། གྲི་གུག་དང་ཐོད་པ་དག་དང་། མདའ་
དང་གཞུ་དག་དང་། ལྕགས་ཀྱུ་དང་ཞགས་པ་དག་དང་། ཌ་མ་རུ་དང་རིན་པོ་ཆེ་དག་དང་། ཐོ་བ་དང་པདྨ་དག་དང་། འཁོར་ལོ་དང་དུང་དག་དང་། མདུང་དང་མེ་ལོང་དག་དང་། དབྱུག་པ་དང་། ལྕགས་སྒྲོག་དག་དང་། དགྲ་སྟ་དང་ཚངས་པའི་མགོ་
དག་དང་། གླང་པོ་ཆེའི་པགས་པ་དང་སྡིགས་མཛུབ་དག་དང་། དབུ་རྒྱན་དང་རྣ་རྒྱན་དག་དང་། མགུལ་རྒྱན་དང་ལག་གདུབ་དག་དང་། སྐེ་རགས་དང་རྐང་གདུབ་དག་དང་། རྭ་ཅན་དང་སེན་མོ་ཅན་དག་དང་། ཀླུ་དང་མཁའ་ལྡིང་དག་དང་། ལག་པ་དང་
རྐང་པ་དག་དང་། ཁ་དང་བཤང་ལམ་དག་དང་། བྷ་ག་དང་རྟགས་དག་དང་། ནུ་མ་དང་མཆུ་དག་དང་། མིག་དང་སྨིན་མ་དག་དང་། ཐིག་ལེ་དང་མིག་སྨན་དག་དང་། རབ་ཏུ་ཁྲོ་བ་དང་གཙུག་ཕུད་དགྲོལ་བ་དག་དང་། པུས་མོ་དང་བརླ་དག་དང་།
མགྲིན་པ་དང་དཔྲལ་བ་དག་དང་། ལྟེ་བ་དང་སྙིང་ཁ་དག་དང་། སྐྲ་མཚམས་དང་སིན་དཱུ་ར་དག་དང་། མཆེ་བ་དང་མཐེ་ཆུང་དག་དང་། མཐེ་བོ་དང་མིང་མེད་དག་དང་། མཛུབ་མོ་དང་གུང་མོ་དག་གོ། །དེ་ལྟར་ཕྱག་རྒྱ་དུ་མ་བསྟན་པ་ན་ཕྱག་རྒྱའི་ལན་དུ་མར་

འགྱུར་ཏེ་ཤེས་རབ་དང་ཐབས་ཀྱི་ཆོས་དང་ས་ལ་སོགས་པའི་དེ་ཉིད་ཀྱི་དབྱེ་པས་ཐམས་ཅད་དུ་རྣལ་འབྱོར་པས་རིག་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྒེག་པ་ལ་སོགས་པའི་ཕྱག་རྒྱ་མཐའ་ཡས་པ་རྣམས་ཏེ། དེ་རྣམས་ཀྱི་རང་བཞིན་ཤེས་ནས་དེ་རྣམས་ཐམས་
ཅད་རིག་པར་བྱའོ། །འདི་ལྟ་སྟེ། སྒེག་པའི་སྦྱོར་བ་ཡིས་ནི་སྒེག་པར་འགྱུར་ཏེ་མི་ཡི་བདག་པོ་བཞད་པའི་སྦྱོར་བས་བཞད་པའོ། །གར་གྱི་སྦྱོར་བ་ཡིས་ནི་གར་དུ་འགྱུར་ཏེ་རྣམ་པ་མང་པོའི་རོལ་མོའི་སྦྱོར་བས་རོལ་མོའོ། །གླུ་ཡི་སྦྱོར་བ་ཡིས་ནི་གླུ་སྟེ་མཆོག་
གི་ཡོན་ཏན་རྣམ་མང་དྲི་ཡི་སྦྱོར་བ་དག་གིས་དྲི། །ཕྲེང་བའི་སྦྱོར་བ་ཡིས་ནི་ཕྲེང་བར་འགྱུར་ཏེ་ཡོན་ཏན་དབང་གིས་སྤོས་ཀྱི་སྦྱོར་བ་དག་གིས་སྤོས། །མར་མེའི་རྣམ་པས་མར་མེ་ངེས་པར་མུན་པ་བཅོམ་པ་དང་ནི་སྣོད་ཀྱི་ཕྱག་རྒྱ་བདུད་རྩིར་འགྱུར། །ཞེས་པ་
དེ་ལྟར་ཕྱག་རྒྱ་ཐམས་ཅད་སླར་ཡང་དེ་ནས་ལྔ་ཡི་དབྱེ་བས་རྣམ་པར་ཕྱེ་བ་སྟེ། །གཞན་པ་ཕྱག་རྒྱ་མཐའ་ཡས་རྣམས་ཀྱང་མཐའ་དག་ལུས་ལ་གནས་པ་རྣལ་འབྱོར་པ་ཡིས་རིག་པར་བྱ། །གང་གང་དངོས་པོའི་རང་བཞིན་དུ་འགྱུར་ས་ཡི་སྟེང་དུ་དེ་ཡི་རང་བཞིན་
དག་ཀྱང་ཕྱག་རྒྱ་རྣམས། །ཞེས་པ་དེའི་ཕྱིར། ཇི་སྙེད་མིག་ནི་རྣམ་གཡེང་བ། །དེ་སྙེད་ཕྱག་རྒྱ་རབ་ཏུ་གྲགས། །ཕྱག་རྒྱ་ཕྱག་རྒྱའི་ལན་ལ་ནི། །ངེས་པ་འཛིན་པར་སུ་ཡིས་ནུས། །རྣལ་འབྱོར་རྣམས་ཀྱི་ཏིང་འཛིན་གྱིས། །ཇི་སྲིད་མངོན་
ཤེས་མ་བསྐྱེད་པ། །དེ་སྲིད་འཇིག་རྟེན་རྩོད་དོན་དུ། །ཕྱག་རྒྱའི་ལན་ནི་བསྟན་མི་བྱ། །ཞེས་པ་ནི་ཕྱག་རྒྱའི་བརྡའི་ངེས་པའོ། །ད་ནི་ཕོ་ཉ་མོ་ཞེས་པ་ལ་སོགས་པས་ལྟ་སྟངས་ཀྱི་བརྡ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པ་མཐོང་བ་ན་ཕོ་ཉ་མོ་ཞེས་པ་
རྣལ་འབྱོར་མ་འཕྲེད་ལ་མིག་ལྟ་བར་བྱེད་ན་ལྟ་སྟངས་དེས་ཁྱོད་ནི་གནས་གང་ཞིག་ནས་འོངས་ཞེས་པའི་དྲི་བ་སྐལ་བ་བཟང་ལ་ཞེས་པ་རྣལ་འབྱོར་པ་ལ་རྗོད་པར་བྱེད་དོ། །དེ་ནས་མགོ་བོར་ལག་པ་གཡོན་པ་བཞག་སྟེ་ཕྱོགས་སུ་ངེས་པར་བལྟས་པ་རྣལ་འབྱོར་པ་ཡིས་

གནས་ནས་འོངས་པ་བརྗོད་པ་སྟེ། ལན་སྨྲས་པར་འགྱུར་རོ། །སྟེང་དུ་ལྟ་བས་ཁྱོད་ནི་དགེའམ་རྗོད་པར་བྱེད་དོ། །ས་ཡི་སྟེང་དུ་གནས་པས་ཁྱོད་ནི་འདུག་ལ་ངལ་སོ་ཞིག་ཅེས་པ་རྗོད་པར་བྱེད་དེ། །ཡོན་པོར་ལྟ་བས་ཁྱོད་སོང་ཞིག་ཅེས་པའོ། །
ཆགས་པའི་ལྟ་བས་ཕོ་ཉ་མོ་ནི་ཤིན་ཏུ་དགའ་བ་གྱིས་ཤིག་ཅེས་རྗོད་པར་བྱེད་དོ། །ཞི་བའི་ལྟ་བས་ཁྱོད་ནི་བདག་གི་གྲོགས་པོ་ཞེས་རྗོད་པར་བྱེད་དེ། ཕེབས་པར་སྨྲ་བའི་ལྟ་སྟངས་ཀྱི་ངེས་པའོ། །ད་ནི་འཇིགས་པའི་ལྟ་སྟངས་རྣམས་གསུངས་ཏེ། འདིར་གང་
གི་ཚེ་ཁྲོ་གཉེར་བྱས་ནས་ཁྲོ་བོའི་ལྟ་བ་སྟོན་པར་བྱེད་ན། དེའི་ཚེ་ཁྲོ་གཉེར་ཁྲོ་བོའི་ལྟ་བ་དེས་རྣལ་འབྱོར་པ་ལ་འཇིགས་པ་རབ་ཏུ་གསལ་བར་བྱེད་དེ། མི་ཤེས་པའི་ཕྱིར་རོ། །དེ་བཞིན་དུ་སྐྲ་ལ་ལྟ་བས་བདག་ནི་མ་རུངས་པ་ཞེས་བརྗོད་པ་སྟེ། སྐལ་བཟང་ལ་
ནི་ཞེས་པ་རྣལ་འབྱོར་པ་ལ་རང་གི་རང་བཞིན་ཟུར་འདི་དག་གིས་སོ། །དེ་བཞིན་དུ་མཛོད་སྤུར་ལྟ་བས་བདག་ནི་མཆོག་གོ་ཞེས་རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་སྣ་ལ་ལྟ་བས་ཡོན་ཏན་རབ་ཏུ་གསལ་བར་བྱེད་དོ། །མཆུ་ལ་ལྟ་བས་རང་གི་སྐལ་བ་བཟང་པོ་
རབ་ཏུ་གསལ་བར་བྱེད་དོ། །དེ་བཞིན་དུ་རང་གི་ནུ་མ་ཟུང་ལ་ལྟ་ན་བདག་ནི་ཕྱག་རྒྱ་བཟང་མོ་ཞེས་བརྗོད་དོ། །སྙིང་ཁར་ལྟ་བས་བསྒོམས་པའི་བདག་ཉིད་དོ་ཞེས་བརྗོད་དོ། །དེ་བཞིན་དུ་ལག་པ་ཟུང་ལ་ལྟ་ན་བདག་ནི་རབ་ཏུ་གཏུམ་མོ་ཞེས་བརྗོད་དོ། །དེ་བཞིན་
དུ་ཕྲག་པར་ལྟ་བས་བདག་ནི་ནུས་མ་ཞེས་བརྗོད་དོ། །དེ་བཞིན་དུ་སེན་མོ་དང་བཅས་པའི་ལག་མཐིལ་ལ་ལྟ་ན་བདག་ནི་སྲིན་མོ་ཞེས་བརྗོད་དོ། །དེ་བཞིན་དུ་རྒྱབ་ཏུ་ལྟ་བས་བདག་ནི་ཀླུ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་ལྟེ་བར་ལྟ་བས་བདག་ནི་དམ་ཚིག་ཅན་
ཞེས་བརྗོད་དེ། མིའི་དབང་པོ་ཞེས་པ་ནི་བོད་པའོ། །དེ་བཞིན་དུ་གསང་བར་ལྟ་བས་བདག་ནི་དག་པ་ཞེས་བརྗོད་དོ། །དེ་བཞིན་དུ་བརླ་ལ་ལྟ་བས་བདག་ནི་ཤིན་ཏུ་དགའ་ལ་གདུལ་བར་དཀའ་ཞེས་བརྗོད་དོ། །དེ་བཞིན་དུ་པུས་མོར་ལྟ་བས་བདག་ནི་གྲུབ་པ་

ཞེས་བརྗོད་དོ། །དེ་བཞིན་དུ་རྐང་པ་ལ་ལྟ་བས་བདག་ནི་རྫུ་འཕྲུལ་སྦྱིན་པ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་རྐང་པའི་མཐེ་བོར་ངེས་པར་ལྟ་བར་བྱེད་ན་ལྟ་སྟངས་དེས་བདག་ནི་སྲིད་པར་རྡོ་རྗེའི་སྐུ་སྟེ་དཔའ་མོ་གཅིག་པུའོ་ཞེས་བརྗོད་དོ། །དེ་བཞིན་དུ་རྐང་པ་དག་གི་
སོར་མོ་ཀུན་གྱི་རྩེ་མོར་ལྟ་བས་སྲིད་པ་གསུམ་གྱི་གནས་སུ་བདག་ནི་ཀུན་ཏུ་འགྲོ་མ་སྣ་ཚོགས་ཡུམ་མོ་ཞེས་བརྗོད་དོ། །དེ་བཞིན་དུ་རྣལ་འབྱོར་པ་ནུས་པ་དང་ལྡན་པ་ཡང་བདག་ཉིད་ཀྱི་ཡོན་ཏན་རྣམས་ཕོ་ཉ་མོ་རྣམས་ལ་རབ་ཏུ་གསལ་བར་བྱེད་དོ། །དེ་ལྟར་
གསུངས་པའི་རིམ་པས་ཕོ་ཉ་མོ་རྣམས་ཁོ་ནའི་ལྟ་སྟངས་ཏེ། སླར་ཡང་རང་བཞིན་རྣམས་ཀྱིས་རྣམ་པ་མང་པོར་རིག་པར་བྱའོ་ཞེས་པ་ནི་ལྟ་སྟངས་ཀྱི་བརྡའི་ངེས་པའོ། །དེ་བཞིན་དུ་བརྡ་དངོས་པོ་གང་གི་མིང་གང་ཡིན་པ་དེའི་ཡི་གེ་དང་པོས་དེ་གཟུང་བར་རིག་
པར་བྱ་སྟེ། གནས་སྐབས་ཀྱི་དབང་གིས་སོ། །དཔེར་ན་སེནྡྷ་པ་ཁྱེར་ལ་ཤོག་ཅེས་བརྗོད་པ་ན་ཁྲུས་ལ་གོས་དང་། ཟས་ལ་ལན་ཚྭ་དང་། འགྲོ་བ་ལ་རྟ་དང་། གཡུལ་ལ་རལ་གྲིའོ་ཞེས་པའི་རིགས་པས་དང་པོའི་ཡི་གེའི་བརྡ་ཡིས་དངོས་པོའི་ཆོས་
ཐམས་ཅད་རིག་པར་བྱའོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ལ་དམ་ཚིག་དང་མི་ལྡན་པའི་སེམས་ཅན་གྱི་ནང་དུ་རྣལ་འབྱོར་པའམ་རྣལ་འབྱོར་མས་དགོངས་པའི་སྐད་གཞན་ནམ་བརྡས་བརྗོད་པར་བྱའོ། །ཞེས་པ་ནི་ཐམས་ཅད་དུ་ངེས་པའོ། །ད་ནི་སློབ་མ་རྣམས་
ཀྱི་སྦྱིན་པའི་དོན་དུ་རང་གི་ལུས་ལ་སོགས་པའི་ཆའི་ངེས་པ་གསུངས་པ། དྲུག་ཆ་ཞེས་པ་ལ་སོགས་པ་སྟེ། འདིར་གང་གི་ཚེ་རྡོ་རྗེ་སློབ་དཔོན་གྱིས་ཁྱིམ་པའམ། དགེ་ཚུལ་ལམ། དགེ་སློང་ལ་དབང་བསྐུར་བ་ན་དེས་དམ་བཅའ་བ་འདི་བྱ་སྟེ། བདག་གིས་དུས་
ཐམས་ཅད་དུ་དངོས་པོ་ཐམས་ཅད་ཀྱི་དྲུག་ཆ་སྦྱིན་པར་དབུལ་བར་བྱའོ་ཞེས་པ་ངེས་པའོ། །དེ་ལ་དང་པོར་རེ་ཞིག་དྲུག་ཆ་ལུས་ཀྱི་ནང་ནས་ལག་པ་རྐང་པ་ལུས་དག་ལས་ཞེས་པ་ལག་པ་གཉིས་དང་རྐང་པ་གཉིས་དང་ལུས་ཏེ། ལྔ་པོ་འདི་རྣམས་ཀྱི་ནང་ནས་དྲུག་པ་ཡན་ལག་

མཆོག་ནི་སློབ་དཔོན་ལ་ཕྱག་འཚལ་བའི་དོན་དུ་སྦྱིན་པར་རབ་ཏུ་དབུལ་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ལྡན་པའི་བླ་མ་ལ་དེ་ཕུལ་ན་མཆོག་གི་ཕྱག་རྒྱ་རྗེས་སུ་རིག་པས་འབུལ་བ་པོ་ནི་བདེ་བའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་
བཞིན་དུ་ལས་ཀྱི་དབང་པོ་རྣམས་ཀྱི་ནང་ནས་ངག་དབུལ་བར་བྱ་སྟེ། ལག་པ་དང་། རྐང་པ་དང་། བཤང་ལམ་དང་། བྷ་ག་ལ་སོགས་པའི་དབང་པོ་རྣམས་ལས་དྲུག་པ་ངག་གི་དབང་པོ་ནི་བདེན་པར་སྨྲ་བའི་དོན་དུ་ངག་དབུལ་བར་བྱའོ། །ཞེས་པ་བཅོམ་ལྡན་
འདས་ཀྱི་ངེས་པའོ། །དེ་བཞིན་དུ་མིག་དང་རྣ་བ་དང་། སྣ་དང་ལྕེ་དང་། ལུས་ཀྱི་དབང་པོ་རྣམས་ཀྱི་ནང་ནས་དྲུག་པ་ཡིད་དེ་ཡོན་ཏན་དང་བཅས་གཡོ་སྒྱུའི་སྤྲོས་པ་དང་བྲལ་བ་སེམས་ཅན་གྱི་དོན་དུ་དབུལ་བར་བྱ་སྟེ། སྦྱིན་པའི་ངེས་པའོ། །དེ་བཞིན་དུ་ཁམས་
ཀྱི་ཆ་ཤས་ཞེས་པ་ནི་གསེར་དང་རིན་པོ་ཆེ་དང་། འབྲུ་ལ་སོགས་པ་སེམས་མེད་པའི་རྫས་རྣམས་ནི་ཁམས་ཏེ། ཡུན་རིང་གི་དང་། གློ་བུར་དུ་བྱུང་བའི་ཁམས་དེ་རྣམས་ལས་དྲུག་གི་ཆ་ཤས་ནི་རྣལ་འབྱོར་མ་ལ་སོགས་པ་མཆོད་པའི་དོན་དུ་དབུལ་བར་བྱའོ། །དེ་
བཞིན་དུ་སེམས་དང་བཅས་པ་རྐང་གཉིས་པ་དང་རྐང་བཞི་པ་རྣམས་ཀྱི་དྲུག་གི་ཆ་ཤས་དབུལ་བར་བྱ་སྟེ། ཆ་ཤས་ལྔ་ནི་བདག་ཉིད་དང་རྩ་ལག་ཉེ་བར་ལོངས་སྤྱོད་པའི་དོན་དུ་གཞག་པར་བྱའོ། །དེ་བཞིན་དུ་དེ་ཉིད་ཆ་ཡིས་གཞན་ཞེས་པ་གཟུགས་བཟང་ཆུང་མ་ལ་
སོགས་པ་ཟླ་བའི་ནང་དུ་ལན་ལྔ་འདོད་པའི་སྦྱིན་པ་དབུལ་བར་བྱའོ། །ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ། །རྣམ་པ་གཞན་དུ་སྔགས་ཀྱི་ཚུལ་ལ་འདོད་པ་སྦྱིན་པ་མ་གཏོགས་པར་བསྐལ་པ་མཐའ་ཡས་པ་དག་གིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་མི་འགྱུར་
ཞིང་ལས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཏུ་ཡང་མི་འགྱུར་ཏེ་ཆགས་པས་ཟིལ་གྱིས་མནན་པ་རིགས་ལ་ཞོན་པའི་ཕྱིར་རོ། །དེ་ལྟར་དྲུག་ཆ་དབུལ་བའི་ངེས་པའོ། །ད་ནི་སེམས་ཅན་གང་དག་ཅེས་པ་ལ་སོགས་པས་སྙིང་རྗེའི་དབང་བསྐུར་བ་

གསུངས་པ་འདིར་འཇིག་རྟེན་གྱི་ཁམས་ཏེ་འགྲོ་བ་དྲུག་པོ་རྣམས་ལས་སེམས་ཅན་གང་དག་དབང་མ་བསྐུར་བ་རྣམ་གསུམ་སྲིད་པར་གནས་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྕགས་ཀྱུས་བཀུག་ནས་བསྒོམས་པ་ཙམ་དེ་རྣམས་ལ་མཆོག་གི་སྙིང་རྗེས་དཀྱིལ་འཁོར་
དུ་ནི་སངས་རྒྱས་རྣམས་ཏེ་བཤང་བ་དང་། གཅི་བ་དང་། ཁྲག་དང་། རྐང་རྣམས་དང་དེ་བཞིན་དུ་རྡོ་རྗེའི་བདུད་རྩི་སྟེ་ཁུ་བས་མངོན་པར་དབང་བསྐུར་བ་དྲི་མེད་རི་བོང་ཅན་གྱི་ལུས་དང་དེ་ནས་རྡོ་རྗེ་ཅན་གྱི་ལམ་ཐོབ་པར་འགྱུར་བ་ཞེས་རྣམ་པར་བསྒོམས་ཤིང་དེ་
ནས་རྡོ་རྗེ་སློབ་དཔོན་གྱིས་དྲི་མ་རྣམ་པར་བྲལ་ཞིང་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པ་དེ་རྣམས་ཐམས་ཅད་རང་གི་གནས་སུ་གཏང་བར་བྱའོ། །ཞེས་པ་ནི་སྙིང་རྗེའི་དབང་གི་ངེས་པའོ། །ད་ནི་རྫས་རྣམས་མིད་པའི་ཞེས་པ་ལ་སོགས་པས་ཀུན་སྤངས་ཀྱི་སློབ་
མ་ལ་དབང་བསྐུར་བའི་ངེས་པ་གསུངས་པ། འདིར་གང་གི་ཚེ་ཀུན་སྤངས་ཀྱི་སློབ་མ་ལ་རྫས་མེད་ན་དེའི་ཚེ་བླ་མས་རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ་སྟེ། རིམ་པ་ཇི་ལྟ་བས་དབང་
བདུན་དང་། དེ་ནས་བུམ་པ་ལ་སོགས་པ་རྣམ་པ་གསུམ་སྦྱིན་པར་བྱའོ། །དེ་བཞིན་དུ་བཞི་པ་དུ་བ་ལ་སོགས་པའི་ལམ་སྦྱིན་པར་བྱ་ཞེས་པ་སྟེ། ཚིག་གིས་བརྗོད་པར་བྱའོ། །དེ་བཞིན་དུ་མཐའ་དག་ཡོན་ཏན་གཏེར་ནི་རྩ་ཡི་རྣལ་འབྱོར་ལྡན་པ་སྟེ།
མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་ཚིག་གིས་བརྗོད་པར་བྱའོ། །དེ་ལ་བསྟེན་པའི་དོན་དུ་ལས་ཀྱི་ཕྱག་རྒྱ་མེད་པར་གྱུར་ན་ལག་པའི་ཕྱག་རྒྱ་སྦྱིན་པར་བྱ་སྟེ། རང་གི་སྙིང་གི་དབང་སོན་ལག་པའི་ཕྱག་རྒྱ་ནི་སྐྱོན་རྣམས་ཀུན་ལས་རྣམ་པར་གྲོལ་བ་སྟེ། བྱང་ཆུབ་
ཀྱི་སེམས་བརྟན་པར་བྱེད་པའི་ཆེད་དུའོ་ཞེས་པ་ངེས་པའོ། །གཞན་རྣམས་ལ་ནི་སྟེ་ཁྱིམ་པ་རྣམས་ལ་ནི་རྒྱལ་བ་མཆོག་གི་སྙིང་པོ་ཞེས་པ་རྡོ་རྗེའི་ཚིག་ཡུམ་གྱི་མཆོད་པས་རྣམ་པར་དམན་པར་སྦྱིན་པ་ཉིད་དུ་མི་བྱ་ཞེས་པ་ནི་དེ་བཞིན་གཤེགས་པའི་དབང་གི་ངེས་པའོ། །

ད་ནི་དབང་གི་མཐར་ཞེས་པ་ལ་སོགས་པས་དཀྱིལ་འཁོར་གཤེགས་སུ་གསོལ་བ་གསུངས་ཏེ་འདིར་དབང་གི་མཇུག་ཏུ་སྟོད་ཀོར་དང་བཅས་པའི་གོས་ཟུང་བུམ་པའི་སྟེང་དུ་བྱིན་པ་གང་ཡིན་པ་དེ་རྣལ་འབྱོར་མ་བུམ་པ་སྲུང་ཞིང་སྐྱོང་བ་རྣམས་ལ་སྦྱིན་པར་བྱའོ། །
གཞན་ཡང་དེ་བཞིན་སྟོད་ཀོར་དང་ནི་གོས་ཟུང་དག་སོ་སོའི་སྒོ་ན་གནས་པ་སྲུང་ཞིང་སྐྱོང་བ་རྣམས་ལ་རབ་ཏུ་སྦྱིན་པར་བྱ་སྟེ། སྔོན་དུ་ཇི་ལྟར་འབྱོར་པས་ཅོད་པན་ལ་སོགས་པ་སྦྱིན་པར་བྱའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་མཐའ་དག་ཚོགས་ཀྱི་རིགས་ལ་བདག་ཉིད་ནུས་
པས་དེ་བཞིན་གཞན་ཚོགས་ཀྱི་འཁོར་ལོར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ལའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་གཤེགས་སུ་གསོལ་ཏེ་མཐར་ནི་སྦྱིན་སྲེག་བྱས་ནས་སློབ་དཔོན་གྱིས་སྔར་བཞིན་དུ་མཆོད་པ་བྱས་ཏེ། ཤར་གྱི་སྒོར་བཅོམ་ལྡན་འདས་
ལ་མངོན་དུ་ཕྱོགས་པས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བཟུང་ནས་རྡོ་རྗེ་བཅིངས་པས་རང་གི་སྙིང་ཁའི་པདྨར་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་པར་བྱ་སྟེ། དབང་པོ་ལ་སོགས་པ་འཇིག་རྟེན་པ་རྣམས་ནི་རང་གི་གནས་སུའོ། །དེ་ནས་ཨ་ཤྭདྠའི་འདབ་མའམ། རང་གི་ལག་པའམ།
རྡོ་རྗེས་ཚངས་པའི་ཐིག་གི་ལམ་ནས་བདེ་བ་ཆེན་པོའི་འཁོར་ལོའི་རྡོ་རྗེ་ཇི་སྲིད་པ་དབྱི་བར་བྱའོ། །དེ་ནས་རང་གི་མགོར་རྡུལ་ཚོན་ཅུང་ཟད་བཀོད་ནས་པདྨ་ལ་སོགས་པ་དབྱི་བར་བྱའོ། །དཀྱིལ་འཁོར་གཤེགས་སུ་གསོལ་བའི་ངེས་པའོ། །དེ་ནས་མཐའ་དག་
རྡུལ་ཚོན་གླང་པོ་ཆེའི་སྟེང་དུ་གདུགས་དང་། རྔ་ཡབ་དང་། རྒྱལ་མཚན་དང་། མཆོད་པ་དང་བཅས་པས་ཁྱེར་ནས་རྒྱ་མཚོར་འགྲོ་བའི་དག་པའི་ཆུ་ཀླུང་ལའོ། །བུམ་པ་གང་དུ་ཁྱེར་བའི་བུམ་པ་དེ་ཆུས་གང་བར་བྱས་ནས་སླར་ཡང་གླང་པོ་ཆེའི་ཕྲག་པར་བཞག་
སྟེ་དཀྱིལ་འཁོར་གྱི་ཁང་པར་ཁྱེར་ལ་འོང་ངོ་། །གླང་པོ་མེད་ན་བདེ་བའི་གདན་ལ་ཁྱོགས་བྱས་ནས་དགྱེར་བར་བྱའོ། །རྡུལ་ཚོན་གཤེགས་སུ་གསོལ་བའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་འོངས་ཏེ། བའི་ལྕི་བས་ཉེ་བར་བྱུགས་པའི་དཀྱིལ་འཁོར་གྱི་

ཁང་པར་ལོ་ལྔ་ནས་བརྩམས་ཏེ་ལོ་བཅུའི་བར་གྱི་གཞོན་ནུ་མ་བཅུ་ལ་འོ་མ་དང་། མར་དང་། འོ་ཐུག་དང་། ཁཎྜ་དང་། ལ་དུ་ལ་སོགས་པ་དང་ར་བའི་ཟས་རྣམས་ཀྱིས་སྔ་དྲོ་ཡང་དག་པར་མཆོད་ཅིང་དེ་ནས་ཏཱ་མ་བཱུ་ལ་དང་། དྲི་དང་། སྤོས་དང་། མེ་ཏོག་དང་།
འབྲས་བུར་བཅས་པ་དང་། བུམ་པའི་མགྲིན་པ་བཅིངས་པའི་རས་ཡུག་དག་ནི་གཞོན་ནུ་མ་རྣམས་ལ་ཞེས་པ་བུ་མོ་རྣམས་ལ་བྱིན་ནས། སློབ་དཔོན་སློབ་མར་བཅས་པ་མཐའ་དག་ཚོགས་ཀྱི་རིགས་ནི་དཔའ་བོའི་སྟོན་མོས་ཇི་ལྟར་འདོད་པར་མཆོད་པར་བྱའོ། །
དེ་ལ་འདི་ནི་དཔའ་བོའི་སྟོན་མོའི་ཆོ་ག་སྟེ། འདིར་སློབ་དཔོན་ཡོངས་སུ་བརྟག་པ་ལས་རྡོ་རྗེ་སློབ་དཔོན་རྣམ་པ་གསུམ་སྟེ། མཆོག་དང་འབྲིང་དང་ཐ་མའོ། །འདི་ལྟ་སྟེ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཞིང་། །
འབྲིང་པོ་དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་གནས་དེ་ལས་ཐ་མའོ། །ཞེས་པ་རྒྱུད་ཀྱི་ངེས་པ་ལས་དགེ་སློང་དང་། དགེ་ཚུལ་དང་། ཁྱིམ་པ་དེ་རྣམས་ཀྱི་དབང་བསྐུར་བས་རྒན་པའམ་གཞོན་པ་ཉིད་ཐུན་མོང་གིས་གཅིག་ཏུ་འདུས་པ་དེའི་ཕྱིར་དགེ་སློང་རྡོ་རྗེ་འཛིན་
པའི་གྲལ་ནི་ཤར་དུ་མངོན་པར་ཕྱོགས་པར་གྱུར་བར་བྱའོ། །དགེ་ཚུལ་གྱི་གྲལ་ནི་བྱང་དུ་མངོན་པར་ཕྱོགས་པའོ། །ཁྱིམ་པའི་སློབ་དཔོན་གྱི་གྲལ་ནི་ལྷོར་མངོན་པར་ཕྱོགས་པའོ། །དེ་བཞིན་དུ་དགེ་སློང་མའི་གྲལ་དང་། དགེ་ཚུལ་མའི་གྲལ་དང་། དགེ་བསྙེན་
མའི་གྲལ་ནི་སོ་སོར་རོ། །དེ་རྣམས་ལ་རྒན་པ་དང་གཞོན་པ་ལ་སོགས་པས་གདན་རྣམས་སྦྱིན་པར་བྱའོ། །དེ་ལ་དགེ་སློང་རྣམས་ལས་གང་ཞིག་དབང་གིས་རྒན་པ་སྟེ། འོན་ཀྱང་རྨོངས་པ་དང་གཞོན་པ་ནི་སློབ་དཔོན་ཆེན་པོ་རྒྱུད་སྟོན་པ་པོ་ཡིན་ན་དེ་དག་ལས་རྒྱུད་སྟོན་
པ་པོ་གང་ཡིན་པ་དེ་དཔའ་བོའི་སྟོན་མོ་ལ་ཚོགས་ཀྱི་གཙོ་བོ་སྟེ་རྒན་པོ་ནི་ཁྱིམ་གཞན་དུ་སོ་སོར་ཡང་དག་པར་མཉེས་པར་བྱའོ། །དེ་བཞིན་དུ་རྒན་པོ་ཆོས་སྟོན་པ་པོ་མ་ཡིན་པའི་མན་ངག་དང་ལྡན་པ་གཞན་ཡང་སྟེ། སེམས་ཅན་གྱི་དོན་བྱེད་མི་ནུས་པའི་ཕྱིར་རོ། །

གཞན་ཡང་དགེ་ཚུལ་དང་ཁྱིམ་པ་སྔོན་དུ་དབང་བསྐུར་བ་རྣམས་ནི་ཇི་སྲིད་མངོན་པར་ཤེས་པ་མ་བསྐྱེད་ཀྱི་བར་དུ་དགེ་སློང་རྡོ་རྗེ་འཛིན་པ་ལས་རྒན་པོར་མི་འགྱུར་རོ། །ཅི་སྟེ་འགའ་ཞིག་རྩོད་པ་བྱེད་ན་ཡང་དེའི་ཚེ་ནུས་པ་དྲི་བར་བྱའོ། །གལ་ཏེ་
མངོན་ཤེས་ལ་སོགས་པ་སྟོན་པར་བྱེད་ན་དེའི་ཚེ་ཚོགས་ཀྱི་གཙོ་བོའོ། །ཅི་སྟེ་ཡང་དག་པའི་སྤྱོད་པ་བཏང་ནས་བརྫུན་གྱི་དབང་བསྐུར་གྱིས་མངོན་པའི་ང་རྒྱལ་དང་རྩོད་པ་བྱེད་ན་དེའི་ཚེ་རང་གི་གནས་སུ་བསྐྲད་པར་བྱའོ། །ཅི་སྟེ་ཕྱུང་བས་ཆད་པ་ཁས་ལེན་ན་དེའི་ཚེ་ཆད་པའི་
བདག་པོས་བཟའ་བ་དང་། བཏུང་བ་ལ་སོགས་པའི་ཆད་པ་སྦྱིན་པར་བྱའོ། །དེ་ལྟར་དགེ་སློང་དང་། དགེ་ཚུལ་དང་། ཁྱིམ་པ་རྣམས་ལ་གོ་རིམས་བཞིན་བཟའ་བ་དང་། བཏུང་བ་ལ་སོགས་པ་སྦྱིན་པར་བྱ་སྟེ། དེ་རྣམས་ཐམས་ཅད་ཉིད་
ནི་ཤར་དུ་སྔར་གཞག་པར་བྱའོ། །དེ་རྣམས་ཀྱི་དབུས་སུ་དཀྱིལ་འཁོར་བྱས་ནས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ལ་དང་པོར་བཟའ་བ་དང་། བཏུང་བ་ལ་སོགས་པ་ཕུལ་ཏེ། དེ་ནས་དགེ་སློང་ལ་སོགས་པའི་སློབ་དཔོན་རྣམས་དང་། དབང་བསྐུར་བ་གཞན་
རྣམས་དང་དེ་རྣམས་ཀྱི་དྲུང་ན་གནས་པ་རྣམས་ལ་སྦྱིན་པར་བྱའོ། །དེ་ལྟར་མཐའ་དག་ཚོགས་ཀྱི་རིགས་ནི་ཇི་ལྟར་འདོད་པར་མཆོད་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་ནི་གནང་བ་རབ་ཏུ་བྱིན་ནས་ཚོགས་ཀྱི་སྦྱིན་པའི་དོན་དུ་དེའི་ཚེ་བདག་ཉིད་ཀྱི་ནུས་པས་ཚོགས་ལ་
ཡོན་ཕུལ་ནས། རབ་མཆོག་ཚོགས་ཀྱི་རིགས་ཀུན་ཏུ་དགའ་བར་བྱས་པ་ནི། རང་རང་གནས་སུ་གཤེགས་སུ་གསོལ་བར་བྱའོ་ཞེས་པ་ནི་དཔའ་བོའི་སྟོན་མོའི་ངེས་པའོ། །ད་ནི་དགྲ་ཞེས་པ་ལ་སོགས་པས་འཇིགས་པ་དང་ཉེ་བར་འཚེ་བ་ཐམས་ཅད་ཞི་བར་
བྱེད་པ་གསུངས་ཏེ། འདིར་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་དཀྱིལ་འཁོར་བྲིས་ནས་དབང་བསྐུར་བླངས་ཏེ། རྣལ་འབྱོར་མ་སྔར་གསུངས་པ་རྣམས་ཀྱི་ཞབས་དང་། ནང་དུ་ཨ་བ་དྷཱུ་ཏཱི་ལ་སོགས་པ་རྣམས་ཀྱི་ཞབས་ཉིན་ཞག་སོ་སོར་དྲན་པར་བྱེད་ན། དེ་ལ་

འཇིགས་པ་ཐམས་ཅད་རབ་ཏུ་ཉམས་པར་འགྱུར་ཏེ། དགྲས་འཇིགས་པ་དང་། སེང་གེས་འཇིགས་པ་དང་། གླང་པོ་ཆེས་འཇིགས་པ་དང་། མེས་འཇིགས་པ་དང་། ལྟོ་འཕྱེས་འཇིགས་པ་དང་། ཆོམ་རྐུན་གྱིས་འཇིགས་
པ་དང་། ཞགས་པས་འཆིང་བས་འཇིགས་པ་དང་། རྒྱ་མཚོ་འཁྲུགས་པས་འཇིགས་པ་དང་། ཤ་ཟས་འཇིགས་པ་དང་། ནད་ཀྱིས་འཇིགས་པ་དང་། དབང་པོའི་ཉེ་བར་འཚེ་བས་འཇིགས་པ་དང་། དབུལ་བའི་
སྡུག་བསྔལ་གྱིས་འཇིགས་པ་དང་། བུད་མེད་དང་བྲལ་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། མིའི་བདག་པོ་འཁྲུགས་པས་འཇིགས་པ་དང་། རྡོ་རྗེ་ལྟུང་བས་འཇིགས་པ་དང་། དོན་ཉམས་པས་འཇིགས་པ་སྟེ། དེ་
ལྟར་འཇིགས་པ་བཅུ་དྲུག་པོ་རྣམས་དང་། གཞན་རྣམས་ཀྱང་རབ་ཏུ་ཉམས་པར་འགྱུར་རོ། །འདི་རྣམས་ནི་རྒྱ་ཆེར་ལེའུ་དང་པོར་བསྟོད་པའི་སྒོ་ནས་བརྗོད་ཟིན་ཏོ། །དེས་ན་འདིར་གསལ་བར་མ་བྱས་སོ། །དེ་ལྟར་དུས་ཀྱི་འཁོར་ལོའི་དཀྱིལ་
འཁོར་དུ་དབང་བསྐུར་བ་ནི་རྣལ་འབྱོར་མ་དང་། རྣལ་འབྱོར་གྱི་རྒྱུད་ཐམས་ཅད་དུ་དབང་བསྐུར་བར་འགྱུར་ཞིང་། རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་དང་། སྔགས་ཐམས་ཅད་ཀྱི་རྗེས་སུ་གནང་བ་སྦྱིན་པ་པོ་དང་། དངོས་གྲུབ་ཐམས་ཅད་ཀྱི་སྒྲུབ་པ་
པོ་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི། བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་དེ་བཞིན་དུ་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །མཆོག་གི་
དང་པོའི་སངས་རྒྱས་ཀྱི་རྗེས་སུ་འབྲངས་ནས། དབང་གི་ལེའུའི་རྒྱས་འགྲེལ་བྲིས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས། ཕྱག་རྒྱ་དང་། ལྟ་
སྟངས་དང་། དཀྱིལ་འཁོར་གཤེགས་སུ་གསོལ་བ་དང་དཔའ་བོའི་སྟོན་མོའི་མདོར་བསྡུས་ཆེན་པོ་སྟེ་དྲུག་པའོ། །དབང་གི་ལེའུའི་རྒྱས་འགྲེལ་རྫོགས་སོ།། །།
ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཥཱ་ནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏྲ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ།། །།མངྒ་ལཾ།། །།

༄༅༅། །དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་གང་གིས་ཡིད་ལས་བྱུང་རྣམས་ཤེས་རབ་ཡེ་ཤེས་སྟོབས་ཀྱིས་རང་ཉིད་ཀྱི། །རྡོ་རྗེ་ནས་བཀུག་རང་གི་དཔྲལ་བ་དང་ནི་རྡོ་རྗེ་གཙུག་ཏོར་ཆེན་པོར་དྲངས་གྱུར་པ། །
གང་གིས་དམིགས་བཅས་རྡུལ་མེད་སྟོང་པ་ཉིད་དང་དམིགས་པ་མེད་པའི་སྙིང་རྗེ་བཟང་པོ་ཡིས། །ལྷ་མི་ལྷ་མིན་ཀླུ་ཡི་བླ་མ་ཀུན་གྱི་སྟོན་པ་གཅིག་པུ་དེ་ལ་ཕྱག་འཚལ་ལོ། །གང་ལ་རྒྱུ་དང་མཚན་ཉིད་མེད། །གཡོ་དང་དེ་བཞིན་རིམ་མེད་པས། །
ཀཱ་ལ་ཙཀྲའི་མངོན་བརྗོད་པ། །གཉིས་མེད་དེ་ལ་བཏུད་བྱས་ཤིང་། །གང་ཞིག་ཀཱ་སོགས་ཡི་གེ་རྣམས་ཀྱིས་སྤྲུལ་པ་དང་། །ལོངས་སྤྱོད་རྫོགས་དང་བཟང་པོའི་ཆོས་དང་དག་པ་ཡི། །སྐུ་བཞི་གསུང་བ་དང་པོའི་སངས་རྒྱས་རིས་མེད་
པ། །དེ་བཞིན་གཤེགས་པ་དེ་ལ་སྤྱི་བོས་རབ་བཏུད་ནས། །བདེ་བར་གཤེགས་པས་ལུང་བསྟན་ཅིང་། །འཇམ་དཔལ་གྱིས་ནི་བསྐུལ་གྱུར་པས། །དྲང་སྲོང་རྣམས་དང་འགྲོ་ཀུན་གྱིས། །བསོད་ནམས་ཡེ་ཤེས་འབྲས་
ཐོབ་སླད། །དཔལ་ལྡན་ཡེ་ཤེས་ལེའུ་ཡི། །རྒྱས་འགྲེལ་འཇིག་རྟེན་དབང་པོ་ནི། །ཆུ་སྐྱེས་འཛིན་པའི་སྤྲུལ་པའི་སྐུ། །པདྨ་དཀར་པོ་བདག་གིས་བྲི། །འདིར་དཔལ་ལྡན་ཀ་ལཱ་པའི་གྲོང་གི་ལྷོ་མ་ལ་ཡའི་སྐྱེད་མོས་ཚལ་གྱི་དཔལ་
དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་མཐར། རིན་པོ་ཆེའི་སྒོ་ཁྱམས་ན་ནོར་བུ་རིན་པོ་ཆེ་ཆེན་པོའི་སེང་གེའི་ཁྲི་ལ་བཞུགས་པ། འཇམ་དཔལ་གྱི་སྤྲུལ་པའི་སྐུ་མིའི་དབང་པོ་གྲགས་པ་ཚངས་པའི་
དྲང་སྲོང་ཉི་མའི་ཤིང་རྟས་གསོལ་བ་བཏབ་པར་གྱུར་པས། མཆོག་གི་དང་པོའི་སངས་རྒྱས་ལས་ཡེ་ཤེས་ཀྱི་ལེའུ་ལ་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པའི་ལན་གྱི་གསུང་ཚིགས་སུ་བཅད་པ་དང་པོས་གསུངས་
པ། གཙོ་བོའི་སྒྲུབ་ཐབས་རྒྱལ་བ་མཆོག་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དག་ནི་ཅུང་ཟད་ཤེས། །སླར་ཡང་བདག་ནི་ཉན་པར་འཚལ་ལོ་ལྷ་མིའི་བླ་མ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་དཀྱིལ་འཁོར་དང་། །སངས་རྒྱས་
རྣམས་དང་རྣལ་འབྱོར་མ་རྣམས་དག་གི་རིགས་དྲུག་ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཉིད། །ཟླ་བ་བཟང་པོའི་ཚིག་གསན་ནས་ནི་རྒྱལ་བའི་བདག་པོས་ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་གསུངས་ཞེས་པའོ། །འདིར་ཚིགས་སུ་བཅད་པ་
དང་པོས་དང་པོའི་སངས་རྒྱས་ལས་ཟླ་བ་བཟང་པོས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པས་ལན་གསུངས་པ། འཇམ་དཔལ་གྱིས་དོན་ལ་རྟོན་པ་ཉིད་ཀྱིས་ཡང་དག་པར་བསྡུས་པ་དེ་ཉིད་རྒྱས་འགྲེལ་གྱིས་དགྲོལ་བར་བྱ་སྟེ།
གཙོ་བོའི་ཞེས་པ་ལ་སོགས་པ་ལ་འདིར་སྒྲུབ་ཐབས་ཀྱི་ལེའུ་ལས། གང་ཞིག་གཙོ་བོ་དུས་ཀྱི་འཁོར་ལོའི་སྒྲུབ་ཐབས་དེ་བཞིན་གཤེགས་པ་དང་བཅས་པ་གང་ཞིག་ཁྱོད་ཀྱིས་གསུངས་པ་དེ་ནི་བདག་གིས་ཅུང་ཟད་ཤེས་ཏེ་དེའི་ཕྱིར་སླར་ཡང་བདག་ནི་ཉན་པར་
འཚལ་ལོ་ཀྱེ་ལྷ་མིའི་བླ་མ་ཤཱཀྱ་ཐུབ་པ་ལུས་ལ་ཁམས་ཀྱི་དབྱེ་བ་རྣམས་ཀྱིས་ཞེས་པ་རུས་པ་ལ་སོགས་པའི་ཁམས་རྣམ་པར་དག་པ་རྣམས་ཀྱིས་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དང་། གཞན་ཡང་སངས་རྒྱས་རྣམས་ཀྱི་རིགས་དྲུག་ཉན་པར་འཚལ་ཏེ་གང་ཞིག་
ཨཱ་ལི་ཀཱ་ལི་དག་ལ་གནས་པ་ཞེས་པ་ནི། ཨ་ཡིག་ལ་སོགས་པའི་དབྱངས་ལ་གནས་པ་དང་། ཀ་ཡིག་ལ་སོགས་པའི་གསལ་བྱེད་ལ་གནས་པ་འཆད་པར་འགྱུར་བ་རྣམས་སོ། །དེ་བཞིན་དུ་རྣལ་འབྱོར་མ་རྣམས་དག་གི་དེ་དག་སྟེ། ཕུང་པོ་
དྲུག་པོ་རྣམས་ཀྱི་རིགས་དྲུག་ཇི་ལྟ་བ་དེ་བཞིན་དུ་ཁམས་དྲུག་པོ་རྣམས་ཀྱི་ཡང་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་ལ་གནས་པའོ། །ཟླ་བ་བཟང་པོའི་ཚིག་འདི་གསན་ནས་ཏེ་དེ་ནས་རྒྱལ་བའི་བདག་པོ་ཞེས་པ་ལྷན་ཅིག་སྐྱེས་པ་ལ་སོགས་པ་སྐུ་བཞིའི་བདག་
ཉིད་སྒྲིབ་པ་མེད་པའི་ཕུང་པོ་ལ་སོགས་པའོ། །དེ་རྣམས་ཀྱི་བདག་པོ་ནི་སྐྱེད་པར་བྱེད་པ་རྫོགས་པའི་སངས་རྒྱས་ཏེ་དང་པོའི་སངས་རྒྱས་སོ། །ཁམས་ཀྱི་དབྱེ་བས་དཀྱིལ་འཁོར་ལ་སོགས་ཞེས་པ་རིགས་དྲུག་ལ་སོགས་པ་འཆད་པར་འགྱུར་བ་རྣམས་གསུངས་
ཏེ། སྟོན་པ་པོ་དང་། གསོལ་བ་འདེབས་པ་པོའི་འབྲེལ་པའོ། །ཚིགས་སུ་བཅད་པ་འདི་ལ་རྐང་པ་གསུམ་གྱིས་ཟླ་བ་བཟང་པོས་གསོལ་བ་བཏབ་པའོ། །རྐང་པ་བཞི་པ་ནས་བརྩམས་ཏེ་ཇི་སྲིད་ལེའུ་ཡོངས་སུ་རྫོགས་པ་དེ་སྲིད་ནི་དེ་བཞིན་
གཤེགས་པའི་ལན་གྱི་གསུང་སྟེ། རྒྱུད་འདི་ལ་སླར་ཡང་གསོལ་བ་གདབ་པ་མེད་དོ་ཞེས་པ་ནི་ངེས་པའོ། །ད་ནི་ཁམས་རྣམ་པར་དག་པས་དཀྱིལ་འཁོར་གྱི་རྣམ་པར་དག་པ་གསུངས་པ་ཀ་བ་རྣམས་ཞེས་པ་ལ་སོགས་པ་སྟེ། འདིར་ལུས་ཀྱི་
རུས་པ་རྣམས་ཀྱིས་ལུས་ལ་སྐུའི་དཀྱིལ་འཁོར་ལ་ཀ་བ་རྣམས་མཛོད་ཅིག་ཅེས་པ་བརྟགས་པས་སོ། །དེ་བཞིན་དུ་རྡོ་རྗེ་ཕྲེང་བ་དང་། སའི་ཁོར་ཡུག་དང་། རྩིག་པ་ཡང་རུས་པ་རྣམས་ཀྱིས་ཏེ་མཛོད་ཅེས་པ་ཚིགས་སུ་བཅད་པ་གསུམ་དུ་འབྲེལ་ལོ། །

རྣམ་པར་དག་པ་འདིས་རུས་པའི་ཕྱེ་མ་ལ་སོགས་པ་རྡུལ་ཚོན་གྱི་ནང་དུ་བླུག་པར་བྱའོ། །ཤ་ཁྲག་ཆུ་དང་བཤང་བ་རྣམས་ཀྱིས་ཞེས་པ་ནི་ཤ་རྣམ་པར་དག་པས་ལྷ་སྟེ་ཤར་དུ་རྡུལ་ཚོན་གདབ་པའོ། །ཁྲག་རྣམ་པར་དག་
པས་གཤིན་རྗེ་སྟེ་ལྷོར་རྡུལ་ཚོན་གདབ་པའོ། །ཆུ་རྣམ་པར་དག་པས་ནོར་སྦྱིན་ཏེ་བྱང་དུ་རྡུལ་ཚོན་གདབ་པའོ། །བཤང་བ་རྣམ་པར་དག་པས་གཞན་ཏེ་ནུབ་ཏུ་རྡུལ་ཚོན་གདབ་པའོ། །དབུས་སུ་ཁུ་བ་རྣམ་པར་དག་པས་རྡུལ་ཚོན་གདབ་པའོ། །གང་
དུ་རྡུལ་ཚོན་དྲུག་པ་ཡིན་པ་དེར་ནི་རྡུལ་རྣམ་པར་དག་པས་རྡུལ་ཚོན་གདབ་པའོ། །དེ་ལྟར་དེ་བཞིན་གཤེགས་པ་ཤ་ལ་སོགས་པ་རྣམ་པར་དག་པས་རིམ་པ་བཞིན་དུ་དོན་ཡོད་གྲུབ་པ་དང་། རིན་ཆེན་དབང་པོ་དང་། འོད་དཔག་མེད་དང་། རྣམ་པར་
སྣང་མཛད་དང་། མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་སྟེ་དྲུག་གོ། །མཁྲིས་པ་ཞེས་པ་མཁྲིས་པའི་ཁམས་ཀྱིས་ཉི་མའི་གདན་རྣམས་དང་། བད་ཀན་གྱི་ཁམས་ཀྱིས་ཟླ་བའི་གདན་རྣམས་ཏེ་ཉི་མའི་རི་བོང་ཅན་ཡང་ཞེས་སོ། །ཆུ་རྒྱུས་
རྣམས་ཀྱིས་ཆུ་སྐྱེས་རྣམས་ཏེ་ཟླ་བ་དང་ཉི་མའི་གདན་གྱི་འོག་ཏུའོ། །ར་བ་ལྔ་ཡི་རེ་ཁཱ་ཞེས་པ་ལ་རེ་ཁཱ་དང་པོ་ནི་ས་ལས་སྐྱེས་པའི་མཐེ་བོ་རྣམ་པར་དག་པས་སོ། །གཉིས་པ་ནི་ཆུ་ལས་སྐྱེས་པའི་མཛུབ་མོ་རྣམ་པར་དག་པས་སོ། །གསུམ་པ་ནི་མེ་ལས་
སྐྱེས་པའི་གུང་མོ་རྣམ་པར་དག་པས་སོ། །བཞི་པ་ནི་རླུང་ལས་སྐྱེས་པའི་མིང་མེད་རྣམ་པར་དག་པས་སོ། །ལྔ་པ་ནི་ནམ་མཁའ་ལས་སྐྱེས་པའི་མཐེ་ཆུང་རྣམ་པར་དག་པས་སོ། །དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ར་བ་ལྔའི་རེ་ཁཱ་མཛོད་ཅེས་
པའོ། །དུས་ཀྱི་རྩ་ཡིས་གཙོ་བོའི་ཆུ་སྐྱེས་ཞེས་པ་ནི་ཨ་བ་དྷཱུ་ཏཱི་རྣམ་པར་དག་པས་གཙོ་བོའི་པདྨའོ། །ལྷག་མ་རྣམས་ནི་ལ་ལ་ནཱ་ལ་སོགས་པ་རྣམས་ཀྱིས་ཞེས་པ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་མཐར་ཐུག་པ་རྣམས་ཀྱིས་ཏེ། ཆུ་རྒྱུས་རྣམས་ཀྱིས་

ཞེས་པ་ངེས་པའོ། །གཡོ་བ་མེ་ཡི་ཁོར་ཡུག་ལ་སོགས་པགས་པ་ལ་སོགས་ཀྱིས་ཞེས་པ་འདིར་རླུང་གི་ཁོར་ཡུག་ནི་པགས་པས་སོ། །མེའི་ཁོར་ཡུག་ནི་ཁྲག་དང་དྲོད་ཀྱི་ཁམས་ཀྱིས་སོ། །ཆུའི་ཁོར་ཡུག་ནི་རྡུལ་གྱིས་སོ། །ཉི་མའི་སྒོ་
རྣམས་ཞེས་པ་སྒོ་བཅུ་གཉིས་པོ་རྣམས་བུག་པ་བཅུ་གཉིས་པོ་རྣམས་ཀྱིས་ཏེ། རྣ་བ་ལ་གཉིས་དང་། སྣ་ལ་གཉིས་དང་། མིག་ལ་གཉིས་དང་། ཁ་ལ་གཅིག་དང་། གཅི་བ་དང་། བཤང་བ་དང་། ཁུ་བའི་བུག་པ་གསུམ་
དང་། ནུ་མ་གཉིས་ལ་གཉིས་སོ། །དེ་ལྟར་བུག་པ་བཅུ་གཉིས་ཏེ། བུག་པ་བཅུ་གཉིས་རྣམ་པར་དག་པས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ། །དཀྱིལ་འཁོར་ལ་ནོར་བུའི་རང་བཞིན་བཀོད་པ་དོ་ཤལ་ལ་སོགས་པ་གང་
ཡིན་པ་དེ་སོ་ཡི་ཕྲེང་པས་མཛོད་ཅིག་དུར་ཁྲོད་བརྒྱད་དུ་འཁོར་ལོ་གང་ཡིན་པ་དེ་རྣམས་ནི་སོར་མོ་རྣམས་ཀྱི་སེན་མོ་ཡིས་ཞེས་པ་ལག་པ་དང་། རྐང་པའི་སེན་མོ་རྣམ་པར་དག་པས་མཛོད་ཅིག་བ་སྤུ་རྣམས་ཀྱིས་རྡོ་རྗེ་མེ་ལྕེ་ཞེས་པ་ནི་ཕྱི་རོལ་གྱི་རྡོ་རྗེ་ཕྲེང་བ་
དང་། །རྡོ་རྗེ་འབར་བ་བ་སྤུ་རྣམས་ཀྱིས་མཛོད་ཅིག་སྟེ། དཀྱིལ་འཁོར་གྱི་ནི་མཐའ་རུ་ཕྱོགས་དང་ཕྱོགས་བྲལ་དག་ལ་གནས་པའི་རྡོ་རྗེ་མེ་ལྕེ་བ་སྤུ་རྣམས་ཀྱིས་སོ། །དེ་ལྟར་ངེས་པར་སྐུ་ཡི་རྡོ་རྗེ་ཁམས་དྲུག་གི་བདག་ཉིད་ས་ལ་སོགས་པའི་དབྱེ་བས་མཆོག་
གི་ཡོན་ཏན་རྣམ་མང་དཀྱིལ་འཁོར་གྱི་ནི་རྣམ་པར་གསུངས་ཞེས་པ་ནི་དཀྱིལ་འཁོར་གྱི་ངེས་པའོ། །ད་ནི་ལྷའི་ཚོགས་ཀྱི་རྣམ་པར་དག་པ་གསུངས་པ་གསུང་གི་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་ཨ་སོགས་ཀ་སོགས་དབྱངས་དང་གསལ་བྱེད་ཀྱི་བདག་ཉིད་ནི་གསུང་རྡོ་རྗེ་སྟེ་དབྱངས་དང་
གསལ་བྱེད་ཡོངས་སུ་གྱུར་པའི་ལྷའི་ཚོགས་མཐའ་དག་རྒྱལ་བའི་རིགས་དང་བཅས་པའོ། །དེས་ན་གསུང་གི་རྡོ་རྗེ་ནི་ལྷ་ཡི་རྣམ་པ་ཉིད་དུ་གསུངས་ཏེ། དེ་ཉིད་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ལྷའི་རྣམ་པར་མཛོད་ཅིག་ཅེས་པའོ། །སྟོང་པ་དྲུག་གིས་ཐུགས་ཀྱི་རྡོ་རྗེ་ཞེས་པ་

ནི་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ། རྣམ་པར་དག་པས་རྣམ་པ་དྲུག་སྟེ། སྟོང་པ་དྲུག་
དང་གཟུགས་ལ་སོགས་པའི་ཡུལ་རྣམས་སྒྲིབ་པ་མེད་པ་ཐུགས་རྡོ་རྗེར་འགྱུར་རོ། །རྣམ་གསུམ་སྲིད་པར་གནས་པས་ཀུན་ལ་ཁྱབ་པ་གཙོ་བོའི་རྣམ་པ་གཅིག་པུར་མཛོད་ཅིག་ཅེས་པའོ། །དེ་བཞིན་དུ་ནི་ཡེ་ཤེས་རྡོ་རྗེ་གཟུང་བར་བྱ་བའི་སེམས་རྣམ་པ་གསུམ་གྱི་སྲིད་
པ་ལ་གནས་པ་སྣ་ཚོགས་ཡུམ་གྱི་རང་བཞིན་སྟོང་པ་ཉིད་ཀྱི་གཟུགས་སྲིད་པའི་འཇིགས་འཇོམས་རྟོག་པ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཤེས་རབ་གཙོ་མོར་དཀྱིལ་འཁོར་ལ་མཛོད་ཅིག་ཅེས་པའོ། །དེ་ལྟར་ལུས་ལ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཁམས་
རྣམས་ནི་ཕྱི་རོལ་དུ་དཀྱིལ་འཁོར་དང་ལྷའི་ཚོགས་དང་གཙོ་བོ་དང་གཙོ་མོའོ། །ཞེས་པ་ནི་ཀུན་རྫོབ་ཏུ་སྟེ་དོན་དམ་པས་ནི་སྤྲུལ་པ་དང་ལོངས་སྤྱོད་རྫོགས་པ་དང་ཆོས་དང་ལྷན་ཅིག་སྐྱེས་པའོ་ཞེས་གྲུབ་བོ། །ད་ནི་སྔགས་དྲུག་གི་རིགས་རྣམས་གསུངས་པ་སྡེ་པ་ཞེས་པ་ལ་
སོགས་པ་སྟེ་འདིར་ཀ་ལ་སོགས་པའི་སྡེ་པ་དྲུག་ནི་ཀ་ཙ་ཊ་ཏ་པས་ཞེས་པའོ། །སྡེ་པ་ཀ་ལ་སོགས་པ་རིམ་པར་ཡོངས་སུ་བཀོད་པ་དེ་རྣམས་ཀྱི་རིགས་དྲུག་ནི་རྒྱལ་བ་རྣམས་ཀྱི་རྡོ་རྗེ་ལ་སོགས་པའི་མཚན་མ་རྣམས་ཏེ་དེ་ལ་རྡོ་རྗེ་ནི་ཀ་སྡེའི་རིགས་དང་རལ་གྲི་ནི་ཙ་སྡེའི་རིགས་དང་
རིན་ཆེན་ནི་ཊ་སྡེའི་རིགས་དང་འཁོར་ལོ་ནི་ཏ་སྡེའི་རིགས་དང་ཆུ་སྐྱེས་ནི་པ་སྡེའི་རིགས་སོ། །དེ་བཞིན་དུ་གྲི་གུག་ནི་ས་སྡེའི་རིགས་ཏེ་ཉིད་ཅེས་པ་མཐའ་གཅིག་ཏུའོ། །སྡེ་པའི་རིགས་ངེས་པའོ། །སླར་ཡང་སྡེ་པ་རེ་རེ་ལ་ཡང་མཐའ་དག་རྒྱལ་བ་མཆོག་གི་དབྱེ་བ་ལྔ་རྣམས་དག་
གིས་དབྱེ་ཞེས་པ་ནི་འདིར་གང་དུ་གཅིག་ཡིན་པ་དེར་ཀུན་འབྱུང་གི་བདེན་པས་རིགས་ལྔ་རྣམས་སུ་འགྱུར་ཏེ་དེས་ན་འཇིག་རྟེན་པའི་དངོས་གྲུབ་ཀྱི་སླད་དུ་དེ་རྣམས་ཀྱི་ཐ་སྙད་དོ། །དེའི་ཕྱིར་སྡེ་པ་རེ་རེ་ལ་ཡང་སོ་སོར་ཡི་གེའི་དབྱེ་བ་སའི་དངོས་པོ་དང་ཆུའི་དངོས་པོ་དང་མེའི་དངོས་པོ་

དང་རླུང་གི་དངོས་པོ་དང་ནམ་མཁའི་དངོས་པོ་ལས་སོ་སོར་སྡེ་པ་རྣམ་པ་ལྔར་དབྱེ་སྟེ་ཀ་ཁ་ག་གྷ་ང་ཞེས་པ་དང་དེ་བཞིན་དུ་ཙ་ལ་སོགས་པ་སྟེ་བསྡུ་བའི་རིམ་པས་ཀློག་པའོ། །སོ་སོར་སྡུད་པའི་རིམ་པས་ཀློག་པས་ནི་སླར་ཡང་ང་ལ་སོགས་པ་རྣམས་ནམ་མཁའ་ལ་སོགས་བསྐྱེད་
པའི་རིམ་པས་བཀླགས་པ་སྟེ་དེ་རྣམས་ཀྱང་གསུངས་པ་དང་པོར་ཞེས་པ་ལ་སོགས་པ་སྟེ་འདིར་དང་པོར་རེ་ཞིག་སྟོང་པ་ནི་ང་ཉ་ཎ་མ་ན་དང་དེ་བཞིན་དུ་རྐོ་དང་དང་པོའི་དབྱངས་ཞེས་པ་ཨ་ཡིག་དང་དེའི་དབུས་སུ་ལྷུང་བ་ནི་དེ་སྨོས་པས་བཟུང་བའི་ཕྱིར་རོ་ཞེས་པའི་བརྡ་སྐད་ཀྱིས་ཧ་ཡིག་
ཀྱང་ནམ་མཁའི་དབྱེ་བའོ་ཞེས་གྲུབ་བོ། །དེ་བཞིན་དུ་རླུང་གི་དབྱེ་བ་ཨི་ཡིག་དང་གྷ་ཛྷ་ཌྷ་བྷ་དྷ་ཤ་རྣམས་དང་ཡ་ཡིག་གོ། །མེ་ཡི་རྀ་དང་ག་ཛ་ཌ་བ་ད་ཥ་རྣམས་དང་རའོ། །ཆུ་ཡི་ཨུ་དང་ཥ་ཚ་ཋ་ཕ་ཐ་པ་རྣམས་དང་ཝའོ། །ས་ཡི་ལྀ་དང་ཀ་ཙ་ཊ་པ་ཏ་ས་རྣམས་དང་ལའོ། །
དེ་ལྟར་མཆོག་གི་རྒྱལ་བའི་རིགས་ནི་རྣམ་པ་ལྔ་ཡིས་ཀ་ལ་སོགས་པའི་སྡེ་རྣམས་རྣམ་པར་ཕྱེ་ཞེས་པ་སྟེ་རྡོ་རྗེ་དང་རལ་གྲི་དང་རིན་པོ་ཆེ་དང་པདྨ་དང་འཁོར་ལོའི་རིགས་རྣམས་ཀྱིས་གསུངས་པའི་ཡི་གེ་ང་ལ་སོགས་པ་རྣམས་རིགས་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་གཙུག་ཏོར་
གྱི་རིགས་རྣམས་གསུངས་པ་གཙུག་ཏོར་ཞེས་པ་ལ་སོགས་པ་སྟེ་འདིར་གཙུག་ཏོར་ཆེན་པོའི་རིགས་ཆེན་གང་ཡིན་པ་དེ་ནི་སྟོང་པ་ལྔ་སྟེ་འཇིག་རྟེན་ཁམས་ཀྱི་ལེའུར་བརྗོད་ཟིན་ཏོ། །རིགས་གསུམ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་སྟེ་ཨོཾ་ཨཱཿཧཱུྃ་ཞེས་པའོ། །ཨ་སོགས་
ཞེས་པ་ནི་ཨ་ཨི་རྀ་ཨུ་ལྀ་སྟེ་ལྷའི་ཚོགས་རྒྱས་གདབ་པའི་སླད་དུ་ཕྱག་རྒྱའི་རིགས་མི་བསྐྱོད་པ་ལ་སོགས་པའོ། །འཇིག་རྟེན་སྣང་བྱེད་རིགས་ཆེན་དང་ཞེས་པ་ནི་ཧ་ཡ་ར་ཝ་ལ་ཀྵ་དང་ལྡན་པའི་ཀ་སོགས་སྡེ་པ་མཐའ་དག་རྣམས་ཏེ་གསལ་བྱེད་སུམ་ཅུ་རྩ་དྲུག་གོ། །ཧ་ཡ་ར་ཝ་ལ་ར་
ལྡན་དབྱངས་དང་བཅས་པའི་སྡེ་པ་རྣམས་ཏེ་ཧ་ལ་སོགས་པ་དབྱངས་དང་བཅས་པ་དྲུག་ཅུ་སྔར་གསུངས་པ་རྣམས་དང་། ཀ་ལ་སོགས་པ་དབྱངས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་དང་སླར་ཡང་ཡོན་ཏན་དང་འཕེལ་བ་དང་ཡ་ཎར་བསྒྱུར་བས་ཕྱེ་བ་སྟོང་བརྒྱད་ཅུ་ནི་འཇིག་རྟེན་འཇིག་རྟེན་

འདས་པའི་རིགས་སུ་འགྱུར་རོ། །གསལ་བྱེད་བརྩེགས་པ་ནི་རིག་སྔགས་འཆང་གི་དབང་པོར་འགྱུར་ཏེ་ཀ་སོགས་མཐའ་དག་བརྩེགས་པར་གནས་པའི་སྡེ་པ་བརྒྱད་རྣམས་ཞེས་པ་ནི་ཀྑྒྒྷྔ་ཙྪྫྫྷྙ་ཊྛྜྜྷྞ་པྥྦྦྷྨ་ཏྠྡྡྷྣ་སྎྤྵྴྍྐ་ལྺྼྻྷ་ལྺྼྻྐྵ་ཞེས་པའོ། །ད་ནི་ཀ་ལ་སོགས་པའི་ཡི་གེ་
སོ་སོ་རེ་རེ་ལ་རྒྱུད་སོ་སོ་རེ་རེ་གསུངས་པ་ཀ་སོགས་ཞེས་པ་ལ་སོགས་པ་སྟེ་འདིར་ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་ཧ་ཡ་ར་ཝ་ལ་ཀྵ་དང་བཅས་པ་ནི་སུམ་ཅུ་རྩ་དྲུག་ཉིད་དེ་དེ་རྣམས་ནི་ཡི་གེ་ཞེས་བྱའོ། །ཡི་གེ་དེ་རྣམས་དབྱངས་ཀྱི་རྣམ་པར་འགྱུར་བས་ཕྱེ་བ་
ཞེས་པ་ལ་དབྱངས་ནི་ཨ་ཡིག་ལ་སོགས་པ་ཐུང་ངུ་དང་རིང་པོ་བཅུ་གཉིས་དང་ཡོན་ཏན་དང་འཕེལ་བར་གཞག་པར་བྱ་བ་བཅུ་གཉིས་དང་། ཡ་ཎར་བསྒྱུར་བ་ཐུང་ངུ་དང་རིང་པོ་བཅུ་གཉིས་ཏེ་དབྱངས་ཀྱི་རྣམ་པར་འགྱུར་བ་འདི་རྣམས་ཀྱིས་དྲུག་དྲུག་གིས་ཕྱེ་བར་གྱུར་
པ་ན་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་ནི་འཁོར་ལོའི་མགོན་པོ་རྣམས་སུ་འགྱུར་རོ། །ཡི་གེ་སོ་སོ་རེ་རེ་ལ་སུམ་བཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བར་འགྱུར་ཏེ་དེ་ལྟར་ན་ཐམས་ཅད་ལ་སུམ་ཅུ་རྩ་དྲུག་གོ། །རྒྱུད་སུམ་ཅུ་རྩ་དྲུག་པོ་རྣམས་ལ་གསལ་བྱེད་སུམ་ཅུ་རྩ་དྲུག་གི་རང་
བཞིན་གྱིས་འཁོར་ལོའི་མགོན་པོར་ཡང་འགྱུར་རོ། །དང་པོར་གསལ་བྱེད་ཀ་གཙོ་བོས་ཀ་རྡོ་རྗེའི་རྒྱུད་གསུངས་ཏེ་དེ་ལ་དཀྱིལ་འཁོར་དུ་གཙོ་བོ་སྐུ་ནི་གཅིག་པ་དབྱངས་གཅིག་གིས་ཕྱེ་བ་སྟེ་དཔའ་བོ་གཅིག་པ་ནི་ཨ་ཡིག་དང་བཅས་པའི་གསལ་བྱེད་ཀའོ། །འཁོར་
དང་བཅས་པ་གཉིས་ཞེས་པ་ཨ་ཡིག་གཉིས་དང་ལྡན་པ་ནི་གཙོ་བོ་ཤེས་རབ་མ་ཡིས་འཁྱུད་པར་འགྱུར་ཏེ་ཀཱའོ། །ལྔ་ཡི་བདག་ཉིད་ལྔ་ཡིས་འགྱུར་ཏེ་ཞེས་པ་ནི་ཀཱ་ཀི་ཀུ་ཀླྀ་ཞེས་པའོ། །འཁོར་དང་བཅས་པ་དགུ་ནི་འཁོར་ལོའི་མགོན་པོ་དགུ་བདག་ཉིད་ཅེས་པ་ནི་ཀཱ་ཀི་
ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཞེས་པའོ། །དབྱངས་ཀྱི་གྲངས་ཀྱི་བདག་ཉིད་བཅུ་གསུམ་དགུ་དང་ཕྱོགས་རྣམས་ཀྱིས་ཀྱང་ཞེས་པ་ནི་བཅུ་གསུམ་གྱིས་བཅུ་གསུམ་གྱི་བདག་ཉིད་དེ་སྔར་བརྗོད་པ་རྣམས་ཀྻ་ཀྼ་ཀླ་ཀླ་ཡ་ཎར་བསྒྱུར་བ་འདི་རྣམས་དང་ལྡན་པ་ནི་སྒོ་སྐྱོང་རྣམས་དང་བཅས་པ་

བཅུ་གསུམ་གྱི་བདག་ཉིད་དོ། །འདི་ཡང་ཡོན་ཏན་རྣམས་ཀྱིས་ཕྱེ་བ་བཅུ་དགུའི་བདག་ཉིད་དུ་འགྱུར་ཏེ་ཀ་ཀེ་ཀར་ཀོ་ཀལ་ཀཾ་ཞེས་པ་འདི་རྣམས་དང་བཅས་པའོ། །དེ་ནས་ཉི་ཤུ་རྩ་ལྔའི་བདག་ཉིད་ནི་ཡོན་ཏན་དང་འཕེལ་བ་རྣམས་དང་བཅས་པ་སྟེ་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཀཿཞེས་པའོ། །
དེ་ནས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་ནི་བྷ་ཡི་ཀྷཱ་ཀྻཱ་ཀྼཱ་ཀླཱ་ཀླཱཿཞེས་པ་སྟེ་སྙིང་པོའི་ཤེས་རབ་མ་དང་བཅས་པའོ། །དེ་ནས་སུམ་ཅུ་རྩ་བཞིའི་བདག་ཉིད་ནི་ཀཾ་ཀཿདང་བཅས་པའོ། །དེ་བཞིན་དུ་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་ཀྷཾ་ཀྷཿདང་བཅས་པ་སྟེ་ཐམས་ཅད་དུ་སུམ་ཅུ་རྩ་བདུན་གྱི་
བདག་ཉིད་ནི་དབུས་སུ་ཧུྃ་ཡིག་གཙོ་བོ་དང་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་བ་རྣམས་སོ། །ཀ་ཀཱ་ཀི་ཀཱི་ཀྼྀ་ཀྼྀ་ཀུ་ཀླཱུ་ཀླཱྀ་ཀླཱྀ་ཀཾ་ཀཿཞེས་པ་ནི་ཐུང་ངུ་དང་རིང་པོའི་དབྱངས་ཀྱིས་ཕྱེ་བའི་ཡི་གེའོ། །དེ་བཞིན་དུ་ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་ཀལ་ཀཱལ་ཀཾ་ཀཿཞེས་པ་ནི་ཡོན་ཏན་དང་འཕེལ་བ་རྣམས་
ཀྱིས་ཕྱེ་བའི་ཡི་གེའོ། གྷ་ཀྷཱ་ཀྤ་ཀྻཱ་ཀྼ་ཀླ་[]ཀྷཾ་ཀྷཿཞེས་པ་ནི་ཐུང་ངུ་དང་རིང་པོའི་ཡ་ཎར་བསྒྱུར་བས་ཕྱེ་བའི་ཡི་གེ་སྟེ་ཀ་ཡིག་གོ། །ཁ་ལ་སོགས་པ་རྣམས་ཀྱང་སོ་སོར་སུམ་ཅུ་རྩ་དྲུག་གོ། །དེ་ལྟར་ན་ཁ་རྡོ་རྗེ་ལ་སོགས་པའི་རྒྱུད་གསུངས་ཏེ་གཅིག་གི་བདག་ཉིད་སུམ་ཅུ་རྩ་
དྲུག་གིས་ཕྱེ་བའོ། །དེ་ལྟར་སུམ་ཅུ་རྩ་དྲུག་གི་བདག་ཉིད་ནི་དཀྱིལ་འཁོར་གྱི་དབང་པོའོ། །ཡ་ལ་སོགས་པ་རྣམས་ཀྱིས་སྒོ་སྐྱོང་ཞེས་པ་ནི་ཡ་ཎར་བསྒྱུར་བ་དང་བཅས་པའི་གསལ་བྱེད་ཀླ་ཀྼ་ཀླ་ཀླ་ཞེས་པ་འདི་རྣམས་ཀྱིས་སྒོ་སྐྱོང་རྣམས་སོ། །མཐའ་དག་ཚོགས་ཀྱི་རིགས་
ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་ནི་ལྷག་མའི་དབྱངས་ཐུང་ངུ་དང་རིང་པོ་དང་། ཡོན་ཏན་དང་འཕེལ་བར་གཞག་པར་བྱ་བ་རྣམས་ཀྱིས་ཏེ་ལྷག་མའི་དབྱངས་རྣམས་ཉིད་ཀྱིས་སོ། །ཁྲོ་བོ་དྲུག་ཏུ་ཧ་སོགས་ཀྱིས་འགྱུར་ཞེས་པ་ནི་གང་དུ་ཕྱོགས་བཅུ་རྣམས་སུ་ཁྲོ་བོ་
བཅུར་འགྱུར་བ་དེར་གཞན་ཁྲོ་བོ་དྲུག་པོ་དེ་རྣམས་སུ་ཧ་ལ་སོགས་པ་ཡ་ཎར་བསྒྱུར་བའི་རིང་པོ་རྣམས་ཀྱིས་འགྱུར་ཏེ་ཀྷ་གྷཱ་བྷཱ་ཀྼཱ་ཀླཱ་ཀླཱ་ཀླཱ་ཞེས་པའོ། །གང་དུ་ཁྲོ་བོའི་དབང་པོ་ཡིན་པ་དེ་ཀྷཾ་ཀྷཿཞེས་པ་ཁྲོ་བོ་བཅུ་གཉིས་ནི་རིགས་དྲུག་གི་རྒྱུད་དེ་རིགས་གཅིག་གི་རྒྱུད་ལ་ཡང་དབྱངས་

དྲུག་རིགས་ཀྱི་དབྱེ་བ་རྣམས་ཀྱིས་སོ། །ཞེས་པ་ནི་ངེས་པའོ། །རང་རིགས་ཕྱོགས་སུ་གནས་པ་ནི་ནམ་མཁའི་ཁམས་སྟེང་དང་ཡེ་ཤེས་ཀྱི་ཁམས་འོག་ཏུ་གནས་པ་སྟེ་ལྷ་གཞན་རྣམས་ནི་རླུང་གི་དབྱངས་ལ་སོགས་པའི་དབྱེ་བ་ཡིས་ཤར་དང་ལྷོ་དང་བྱང་དང་
ནུབ་ཏུ་གནས་སོ། །དེ་ལྟར་སོ་སོར་ཀ་ཡིག་ལ་སོགས་པའི་གསལ་བྱེད་ནི་ཡི་གེའི་དབྱེ་བ་རྣམས་ཀྱིས་ཏེ་དབྱངས་ཀྱི་དབྱེ་བ་རྣམས་ཀྱིས་རོ་ཡིས་བསྒྱུར་བའི་རོ་ཞེས་པ་སུམ་ཅུ་རྩ་དྲུག་གི་དབྱེ་བས་ཕྱེ་བ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་རྒྱུད་ཅེས་པ་སྟེ་ཀུན་རྫོབ་ཀྱིས་གང་དུ་རྣལ་འབྱོར་མ་
རྣམས་ཡང་དག་པར་རྒྱུ་ཞིང་གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་པར་རྒྱུ་ཞིང་ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ། །རང་གི་ངོ་བོས་ནི་ཐམས་ཅད་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་ཉིད་དེ་དེ་སྐད་དུ་ཀྱེའི་རྡོ་རྗེ་ལས་གསུངས་པ།
ཧེ་ཡིག་གིས་ནི་སྙིང་རྗེ་ཆེ། །བཛྲ་ཤེས་རབ་ཅེས་བརྗོད་དེ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན་ཞེས་གསུངས་པའི་ཕྱིར་ཀྱེའི་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ་ཤེས་རབ་ཀྱི་རྒྱུད་ཉོན་ཞེས་གསུངས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུས་
པ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་པར་མངོན་པར་བརྗོད། །འདུས་པ་སྦྱོར་བར་རབ་གསུངས་ཏེ། །སངས་རྒྱས་ཐམས་ཅད་མངོན་རྗོད་བྱེད་ཅེས་གསུངས་པའི་ཕྱིར་འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་
ལས། ཐབས་ཀྱི་ལུས་ཀྱིས་རྣལ་འབྱོར་མིན། །ཤེས་རབ་གཅིག་པུས་འགྱུར་མ་ཡིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །དེ་བཞིན་གཤེགས་པས་རྣལ་འབྱོར་གསུངས་ཞེས་སོ། །དེ་བཞིན་ཡི་གེ་སོ་སོ་ནི་རོ་ཡིས་བསྒྱུར་བའི་རོ་ཞེས་པ་རྣལ་འབྱོར་མ་དང་རྣལ་
འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་གྱི་དབང་པོའོ། །རིགས་གཅིག་གི་རྒྱུད་དུ་གྲུབ་པ་གང་ཡིན་པ་དེ་ཉིད་རིགས་གསུམ་དང་རིགས་ལྔ་དང་སྟོང་དང་འབུམ་དང་བྱེ་བའི་དབྱེ་བས་ཐ་དད་པ་ནི་འདུས་པ་ལ་སོགས་པ་དང་ཀྱེའི་རྡོ་རྗེ་ལ་སོགས་པའི་རྒྱུད་རྣམས་

ལ་གྲངས་མེད་དེ་སེམས་ཅན་མཐའ་ཡས་པའི་བསམ་པའི་དབང་གིས་སོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ། །ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་ནང་གི་དག་པ་གསུངས་པ་ཕུང་པོ་ཞེས་པ་ལ་སོགས་པ་སྟེ་འདིར་ཕུང་པོ་ལྔས་ལྔའི་བདག་ཉིད་དག་པར་འགྱུར་རོ། །ཕུང་པོ་ལྔ་དང་འབྱུང་བ་
རྣམས་དགུའི་བདག་ཉིད་དག་པར་འགྱུར་རོ། །ལས་ཀྱི་དབང་པོ་བཞི་དང་བཅས་པས་བཅུ་གསུམ་གྱི་བདག་ཉིད་དག་པར་འགྱུར་རོ། །ཡུལ་དྲུག་དང་བཅས་པས་བཅུ་དགུའི་བདག་ཉིད་དག་པར་འགྱུར་རོ། །དབང་པོ་དྲུག་དང་བཅས་པས་ཉི་ཤུ་རྩ་ལྔའི་བདག་ཉིད་དག་པར་
འགྱུར་རོ། །ལས་ཀྱི་དབང་པོའི་བྱ་བ་ལྔ་དང་བཅས་ཤིང་ལས་ཀྱི་དབང་པོ་ལྔ་པོ་རབ་ཏུ་ཞུགས་པ་ན་རང་འོད་ཀྱི་ཤེས་རབ་དང་བཅས་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །ལས་ཀྱི་དབང་པོ་དྲུག་པ་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་པ་དང་ལྡན་པ་ནི་སུམ་ཅུ་རྩ་བཞིའི་
བདག་ཉིད་དོ། །ཕུང་པོ་དང་ཁམས་དྲུག་པ་དག་དང་ལྡན་པ་ནི་སུམ་ཅུ་རྩ་དྲུག་གི་བདག་ཉིད་དོ། །དེ་ལྟར་ཕུང་པོ་དྲུག་དང་ཁམས་དྲུག་དང་དབང་པོ་དྲུག་དང་ཡུལ་དྲུག་དང་ལས་ཀྱི་དབང་པོ་དྲུག་དང་། ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་ཁམས་རྣམས་ནི་དཀྱིལ་འཁོར་པ་རྣམས་
སོ། །དེ་རྣམས་ལ་ཁྱབ་པར་བྱེད་པ་ཐུགས་དང་ཡེ་ཤེས་ནི་ཐམས་ཅད་དུ་གཙོ་བོ་སྟེ་དེ་ལྟར་དབྱངས་ཀྱི་དབྱེ་བས་མཐའ་དག་ཚོགས་ཀྱི་རིགས་ནི་སྦྱང་བར་བྱ་ཞེས་སོ། །སྟོང་པ་གཞོམ་མེད་ལ་སོགས་ཞེས་པ་ནི་འདིར་ཡེ་ཤེས་ལ་སོགས་པ་སྟོང་པ་དྲུག་སྟེ་མཐའ་དག་རྒྱལ་བའི་
རིགས་ཕུང་པོ་དྲུག་རྣམ་པར་དག་པ་རྣམས་ཀྱིས་ལྷ་རྣམས་རྒྱ་ཡིས་གདབ་པ་སྟེ། གཙུག་ཏོར་ནས་ནི་ཆུ་སྐྱེས་མཐའ་རུ་མི་མཉམ་མཉམ་པའི་རིགས་ལ་འཁོར་ལོའི་དབུས་ཀྱི་གདན་ལའོ་ཞེས་པ་ནི་འདིར་གཙུག་ཏོར་གྱི་འཁོར་ལོར་ཐིག་ལེ་ལ་མི་བསྐྱོད་པ་ཨའོ། །དེ་བཞིན་དུ་སྙིང་
གར་སྒྲ་གཅན་ཀྱི་དཀྱིལ་འཁོར་ལ་དོན་ཡོད་གྲུབ་པ་ཨིའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྣང་བ་མཐའ་ཡས་ཨུ་སྟེ་མི་མཉམ་པའི་འཁོར་ལོ་ལ་མི་མཉམ་པའི་རིགས་སོ། །དེ་བཞིན་དུ་ལྟེ་བར་དུས་ཀྱི་མེ་ལ་རྣམ་པར་སྣང་མཛད་ལྀའོ། །མགྲིན་པར་ཉི་མ་ལ་རིན་ཆེན་

དབང་མོའི་རྀ་འོ་གསང་བར་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་སེམས་དཔའ་ཨཾ་ཞེས་པ་སྟེ་སྐུའི་རྒྱས་གདབ་པ་ལ་ལྷ་རྣམས་ཀྱི་རྒྱས་གདབ་པའོ་ཞེས་པ་ངེས་པའོ། །སྲོག་གིས་རྒྱས་གདབ་པ་ལ་ནི་ལྟེ་བར་ལྀ་དང་སྙིང་ཁར་ཨུ་དང་མགྲིན་པར་རྀ་དང་དཔྲལ་བར་ཨི་དང་
གཙུག་ཏོར་དུ་ཨ་སྟེ་ས་ལ་སོགས་པའི་དཀྱིལ་འཁོར་ལ་དགོད་པར་བྱའོ། །དེ་བཞིན་དུ་ཐུགས་ཀྱི་ཐིག་ལེའི་རྒྱས་གདབ་པ་ལ་ནི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དང་མགྲིན་པར་ཉི་མའི་དཀྱིལ་འཁོར་ལ་ཨཱཿདང་སྙིང་ཁར་སྒྲ་གཅན་གྱི་དཀྱིལ་འཁོར་ལ་ཧུྃ་དང་ལྟེ་བར་དུས་
མེའི་དཀྱིལ་འཁོར་ལ་ཧོའོ། །དེ་བཞིན་དུ་ཡེ་ཤེས་ཀྱི་རྒྱས་གདབ་པ་ལ་ཨ་ཡིག་ནི་གདོད་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་པས་རྡོ་རྗེ་ནོར་བུ་ལ་ཨ་ཞེས་པ་གྲུབ་པའོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་རྣམས་ཀྱིས་རྒྱས་གདབ་པའོ། །ད་ནི་
ཞལ་གྱི་དབྱེ་བ་གསུངས་པ་རྡོ་རྗེ་རྣམས་ཀྱིས་ཞེས་པ་ལ་སོགས་པ་སྟེ་འདིར་རིགས་གཅིག་དང་། རིགས་གསུམ་དང་། རིགས་ལྔ་དང་། རིགས་དྲུག་གིས་རྡོ་རྗེར་གསུངས་ཤིང་རྡོ་རྗེ་དེ་རྣམས་ཀྱིས་ཞལ་གྱི་དབྱེ་བར་འགྱུར་ཏེ་རིགས་གཅིག་གིས་ཞལ་གཅིག་དང་རིགས་གསུམ་
གྱིས་དག་པ་ཞལ་གསུམ་དང་རིགས་ལྔས་དག་པ་ཞལ་ལྔར་འགྱུར་རོ། །རིགས་དྲུག་གིས་དག་པ་ཞལ་དྲུག་ཏུ་འགྱུར་ཏེ་འཇིགས་ཞེས་སོ། །དེ་བཞིན་དུ་ཞལ་བརྒྱད་པ་ལ་སོགས་པ་ནས་ཧ་ལཱ་ཧ་ལ་གདོང་བརྒྱ་པའི་བར་དུ་ཁམས་རྣམས་ཀྱི་དག་པ་གཙོ་བོར་འགྱུར་རོ་ཞེས་པ་རྒྱུད་གཞན་དུ་ངེས་
པ་སྟེ་རྒྱལ་བའི་བདག་པོའིའོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལ་དཀྱིལ་འཁོར་གྱི་བདག་པོ་ཡང་གཅིག་ལ་སོགས་པ་མཐའ་ཡས་ཞལ་དང་ཕྱག་དང་ཞབས་མང་དུ་མའི་ཁ་དོག་དང་ནི་མུན་པའི་མཐར་ཞེས་པ་ལ་སོགས་པ་སྒྲུབ་ཐབས་ཀྱི་ལེའུ་ལས་གསུངས་སོ། །འདིར་
ཕྱག་ཉི་ཤུ་རྩ་བཞི་པའི་ཕྱག་རྣམས་ཀྱི་དབྱེ་བ་ནི་དབྱངས་ཀྱི་དབྱེ་བ་ཡིས་ཞེས་པ་ལ་ཧ་ཧཱ་ཧི་ཧཱི་ཧྼྀ་ཧྼཱྀ་ཧུ་ཧཱུ་ཞེས་པ་ནི་ནག་པོ་བརྒྱད་དེ་མུན་པའི་ཡོན་ཏན་ལས་སོ། །ཧ་ཧཱ་ཧེ་ཧཻ་ཧར་ཧཱར་ཧོ་ཧཽ་ཞེས་པ་ནི་དམར་པོ་བརྒྱད་དེ་རྡུལ་གྱི་ཡོན་ཏན་ལས་སོ། ཧྷ་ཧྷཱ་ཧྻ་ཧྻཱ་ཧྼ་ཧྼཱ་ཧྺ་ཧྺཱ་ཞེས་པ་ནི་དཀར་པོ་

བརྒྱད་དེ་སྙིང་སྟོབས་ཀྱི་ཡོན་ཏན་ལས་སོ་ཞེས་པ་དུས་ཀྱི་འཁོར་ལོའིའོ། །དེ་བཞིན་དུ་སྣ་ཚོགས་ཡུམ་གྱི་ནི་ཡོན་ཏན་ཐམས་ཅད་ལས་ཧྃ་ཧཿཧླྀ་ཧླཱྀ་ཧལ་ཧཱལ་ཧླ་ཧླཱ་ཞེས་པ་སེར་པོ་བརྒྱད་དེ་ཡེ་ཤེས་ཀྱི་ཞལ་གྱི་རང་བཞིན་ལས་སོ་ཞེས་པ་ངེས་པའོ། །དེ་ཉིད་རྣམས་ཀྱིས་ཕྱག་རྒྱའི་རབ་
ཏུ་དབྱེ་བ་ཞེས་པ་ནི་ཨཱ་ཨཱི་རཱི་ཨཱུ་ལཱྀ་ཨཿཞེས་པ་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་ས་དང་ཡེ་ཤེས་ཀྱི་དབྱེ་བ་སྟེ་ལྷའི་ཚོགས་ཐམས་ཅད་ཀྱི་རྒྱས་གདབ་པའོ། །གཞན་ཡང་དེ་བཞིན་དུ་སྐུའི་རྒྱས་གདབ་པ་ཨོཾ་དང་གསུང་གི་རྒྱས་གདབ་པ་ཨཱཿདང་ཐུགས་ཀྱི་རྒྱས་གདབ་པ་
ཧུྃ་དང་ཡེ་ཤེས་ཀྱི་རྒྱས་གདབ་པ་ཧོའོ། །རིགས་གཅིག་གི་རྒྱས་གདབ་པ་གཞོམ་དུ་མེད་པའི་ཨ་ཡིག་གོ་ཞེས་པ་སྟེ་དེ་ལྟར་རིགས་དྲུག་དང་རིགས་ལྔ་དང་རིགས་བཞི་དང་རིགས་གསུམ་དང་རིགས་གཅིག་གིས་རྒྱས་གདབ་པ་ནི་སུམ་ཅུ་རྩ་དྲུག་སྦྱོར་བའི་རྒྱུད་རྣམས་ལའོ། །
དཔག་མེད་ཡོན་ཏན་ཡི་གེ་དུ་མའི་རབ་ཏུ་དབྱེ་བ་ཅན་ཏེ་རྒྱུད་སྣ་ཚོགས་པ་ཡི་གེ་སོ་སོའི་མིང་ཅན་ཞེས་པ་ཀ་རྡོ་རྗེ་དང་ཁ་རྡོ་རྗེ་དང་ག་རྡོ་རྗེ་དང་གྷ་རྡོ་རྗེ་དང་ང་རྡོ་རྗེའོ། །དེ་བཞིན་དུ་ཡི་གེ་སུམ་ཅུ་རྩ་དྲུག་གི་བར་དུ་ཙ་ཡིག་ལ་སོགས་པའི་མིང་ཅན་མཉམ་པའི་རིགས་ཞེས་པ་ཤེས་
རབ་ཀྱི་རྒྱུད་དང་མི་མཉམ་པའི་རིགས་ཞེས་པ་ཐབས་ཀྱི་རྒྱུད་ལ་ལྷ་དང་ལྷ་མོ་རྣམས་ཀྱིས་རྒྱས་གདབ་པའི་ངེས་པ་སྟེ་ཕྱི་རོལ་དུ་ལག་གདུབ་ལ་སོགས་པ་དང་ནང་དུ་སངས་རྒྱས་ཀྱི་བདག་ཉིད་དོ། །ད་ནི་སྔགས་ཀྱི་ལྷ་རྣམས་ཀྱི་སྐྱེད་པའི་རིམ་པ་ལ་སྐྱེ་བའི་རྣམ་པར་དག་པ་གསུངས་
པ་ས་བོན་ཞེས་པ་ལ་སོགས་པ་སྟེ། འདིར་ཇི་ལྟར་མངལ་འཛིན་པ་ན་བྱང་ཆུབ་སེམས་ཀྱི་རྟེན་དང་བཅས་པ་ཀུན་གཞིའི་རྣམ་པར་ཤེས་པ་གཅིག་པུ་ཡུལ་ཆོས་ཀྱི་ཁམས་དང་གཅིག་ཏུ་འདྲེས་པར་གྱུར་པ་ནི་དཔའ་བོ་གཅིག་པར་གསུངས་ཏེ། རང་འོད་ཀྱི་ཤེས་རབ་ནི་སྐྱེ་བ་པོའི་
ཁོངས་སུ་གཏོགས་སོ། །དེ་བཞིན་དུ་ལྷ་ནི་ཀ་ཡིག་གཅིག་པུས་དཔའ་བོ་གཅིག་པར་གྲུབ་བོ། །ཕྱི་ནས་ས་བོན་དེ་རྡུལ་ལ་རོ་མཉམ་པ་ནི་ཤེས་རབ་མ་ཡིས་འཁྱུད་པར་འགྱུར་ཞེས་པ་ནི་དེའི་བག་ཆགས་ལས་རྣམ་པར་ཤེས་པའི་ཕུང་པོ་ཤེས་རབ་ཀྱིས་འཁྱུད་པ་ཀཱ་ཞེས་པར་

འགྱུར་ཏེ་བཞི་པའི་སྦྱོར་བ་ལས་སོ་ཞེས་པ་ངེས་པའོ། །དེ་བཞིན་དུ་ཕུང་པོ་ལྔ་རྫོགས་པ་ནི་མངལ་དུ་ལྔ་ཡི་བདག་ཉིད་དེ་དེ་བཞིན་དུ་ལྷ་ཡང་ལྔའི་བདག་ཉིད་ཅན་ཀཱ་ཀི་ཀྼྀ་ཀུ་ཀླཱྀ་ཞེས་པའོ། །དེ་བཞིན་དུ་རུས་པ་དང་གཤེར་བ་དང་དྲོ་བ་དང་གཡོ་བའི་ཆོས་
སྐྱེས་པ་ན་ཕུང་པོ་དང་ཁམས་ཀྱིས་བྱིན་གྱིས་བརླབས་པ་མངལ་དུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཞེས་པ་གྲུབ་པ། །དེ་བཞིན་དུ་ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་རྫོགས་པ་ན་སྔར་གྱི་ཕུང་པོ་དང་ཁམས་དང་བཅས་པ་བཅུ་
གསུམ་གྱི་བདག་ཉིད་དེ་ལས་ཀྱི་དབང་པོ་རྫོགས་པ་ན་བྱིས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྻ་ཀྼ་ཀྺ་ཀླ་ཞེས་པའོ། །ནང་དུ་ཡུལ་སྐྱེས་པ་ན་སྔར་གྱི་ཕུང་པོ་ལ་སོགས་པ་དང་ལྷན་ཅིག་མངལ་དུ་བཅུ་དགུའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་
ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྻ་ཀྼ་ཀྺ་ཀླ་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཀཿཞེས་པའོ། །དེ་ནས་མིག་ལ་སོགས་པ་སྐྱེས་པ་ན་བྱིས་པ་སྐྱེས་པ་ཉི་ཤུ་རྩ་ལྔའི་བདག་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྻ་ཀྼ་ཀྺ་ཀླ་ཀཱ་ཀཻ་ཀཱར་ཀཽ་ཀཱལ་ཀིཿཀི་ཀེ་ཀར་ཀོ་ཀལ་ཀཾ་ཞེས་པའོ། །དེ་ནས་
ལས་ཀྱི་དབང་པོ་ལྔའི་སྦྱོར་བས་བརྗོད་པ་དང་། ལེན་པ་དང་། འགྲོ་བ་དང་། བཤང་བ་དང་། གཅི་བའི་བྱ་བ་སྐྱེས་པ་ན་བྱིས་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དེ་དེ་བཞིན་དུ་ལྷ་ཡང་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀྷ་ཀྷཱ་ཀྻ་ཀྻཱ་ཀྼ་ཀྼཱ་ཀྺ་ཀྺཱ་ཀླ་ཀླཱ་ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་ཀལ་ཀཱལ་ཀཾ་
ཀཿཞེས་པ་སྟེ་ལོ་བཅུ་གཉིས་ཀྱི་མཚམས་རྫོགས་པའོ། །དེ་ནས་ལོ་བཅུ་དྲུག་གི་མཚམས་སུ་ཇི་ལྟར་བྱིས་པའི་ཁུ་བ་འཕོ་བ་ན་བཞི་པའི་གནས་སྐབས་སུ་འགྱུར་ཞིང་བཞི་པ་དེ་ཉིད་སྐུ་བཞི་པ་དང་ཕུང་པོ་དྲུག་པ་དང་ཁམས་དྲུག་པ་དང་དབང་པོ་དྲུག་པ་དང་ཡུལ་དྲུག་པ་དང་
ལས་ཀྱི་དབང་པོ་དྲུག་པ་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་པར་འགྱུར་ཏེ་དེ་ལྟར་ཕུང་པོ་དྲུག་དང་ཁམས་དྲུག་དང་སྐྱེ་མཆེད་བཅུ་གཉིས་དང་ལས་ཀྱི་དབང་པོ་དྲུག་དང་ལས་ཀྱི་དབང་པོའི་བྱ་བ་དྲུག་སྟེ་དེ་ལྟར་ཁམས་སུམ་ཅུ་རྩ་དྲུག་ནི་སུམ་ཅུ་རྩ་བདུན་པ་ཡེ་ཤེས་དང་ཐུགས་ཀྱི་རྟེན་དུ་

གྱུར་པའོ། །དེ་བཞིན་དུ་ལྷ་རྫོགས་པ་ལ་ཀ་ཀཱ་ཀི་ཀཱི་ཀྼྀ་ཀྼཱྀ་ཀུ་ཀཱུ་ཀླྀ་ཀླཱྀ་ཀཾ་ཀཿཞེས་པ་ནི་ཕུང་པོ་དང་ཁམས་བཅུ་གཉིས་སོ། །ཀྷ་ཀྷཱ་ཀྻ་ཀྻཱ་ཀྼ་ཀྼཱ་ཀྺ་ཀྺཱ་ཀླ་ཀླཱ་ཀྷཾ་ཀྷཿཞེས་པ་ནི་ལས་ཀྱི་དབང་པོ་དང་ལས་ཀྱི་དབང་པོའི་བྱ་བ་བཅུ་གཉིས་སོ། །དེ་བཞིན་དུ་ཀ་ཀཱ་ཀེ་ཀཻ་ཀར་ཀཱར་ཀོ་ཀཽ་
ཀལ་ཀཱལ་ཀཾ་ཀཿཞེས་པ་ནི་སྐྱེ་མཆེད་བཅུ་གཉིས་གྲུབ་པའོ། །ཁམས་འདི་རྣམས་ཀྱི་གཙོ་བོ་ནི་ཐབས་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཤེས་རབ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་སྟེ། ཝཾ་ཡིག་དང་ཨེ་ཡིག་གོ། །ཨེ་ཝཾ་གི་ཡི་གེ་ནི་གཙོ་བོ་བདེ་བ་ཆེན་པོ་སྟེ་དཀྱིལ་འཁོར་
གྱི་བདག་པོའོ། །ཀ་རྡོ་རྗེའི་རྒྱུད་ལ་ཇི་ལྟ་བ་དེ་བཞིན་དུ་ཁ་རྡོ་རྗེ་ལ་སོགས་པ་ལ་གྲུབ་བོ། །དེ་ལྟར་སྙིང་པོའི་འཕར་མ་ལ་ཕུང་པོ་དང་ཁམས་རྣམས་སོ། །ཕྱིའི་འཕར་མ་ལ་སྐྱེ་མཆེད་བཅུ་གཉིས་དང་སྒོ་སྐྱོང་རྣམས་དང་ལས་ཀྱི་དབང་པོ་ཡུལ་དང་བཅས་པ་རྣམས་སོ། །
འདིར་གཞོན་ནུ་ལོ་བཅུ་དྲུག་གི་རྗེས་ལ་བུ་དང་བུ་མོའི་ཕུང་པོ་རྣམས་སྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་དབང་ཕྱུག་མཐའ་ཡས་འཁོར་ལོ་ཅན་ཞེས་པ་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལྔ་ལ་སོགས་པའི་བཀོད་པ་སྤྲོ་བའི་ཕྱིར་ལྷའི་ཚོགས་ཀྱི་གཙོ་བོ་ནི་དབང་ཕྱུག་མཐའ་ཡས་
འཁོར་ལོ་ཅན་དུ་འགྱུར་རོ་ཞེས་པ་ངེས་པའོ། །འདིར་མངལ་གྱི་ལུས་སྐྱེད་པ་ཇི་ལྟ་བ་དེ་བཞིན་ནུ་ལྷ་སྐྱེད་པ་ལ་དཀྱིལ་འཁོར་རྒྱལ་མཆོག་དང་བསྙེན་པའི་ཡན་ལག་གོ། །ངག་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ལས་རྒྱལ་མཆོག་དང་ཉེ་བའི་སྒྲུབ་པའོ། །བྱང་ཆུབ་སེམས་ཀྱི་
ཐིག་ལེ་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐིག་ལེའི་རྣལ་འབྱོར་དང་སྒྲུབ་པའོ། །ཁུ་བ་འཕོ་བ་ན་བདེ་བ་སྐྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཕྲ་མོའི་རྣལ་འབྱོར་དང་སྒྲུབ་པ་ཆེན་པོ་སྟེ་དེ་ལྟར་ཡན་ལག་བཞིའི་སྒྲུབ་པ་ནང་གི་ལེའུ་ལས་སྔར་གསུངས་པ་དེ་རྒྱ་ཆེར་སྦྱང་བར་བྱའོ་ཞེས་པ་ནི་ངེས་པའོ། །
ད་ནི་འཁོར་ལོ་དྲུག་པོ་རྣམས་སུ་ཁམས་དྲུག་ལས་རིགས་ཀྱི་ལྷ་རྣམས་སྤྲོ་བ་གསུངས་པ་དག་པར་ཞེས་པ་ལ་སོགས་པ་སྟེ་འདིར་མི་རྣམས་ཀྱི་ལོ་བཅུ་དྲུག་གི་རྗེས་ལ་ཁམས་དྲུག་གི་རང་བཞིན་གྱི་སེམས་ཀྱིས་སྣ་ཚོགས་པ་སྤྲོ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་གཙོ་བོའི་ཡང་ཁམས་

དྲུག་གི་དབྱེ་བའོ། །དག་པར་ཞེས་པ་དཔྲལ་བའི་འཁོར་ལོར་ཡང་དག་དག་པའི་ཆུ་ལས་ཞེས་པ་སྒྲིབ་པ་མེད་པ་ཆུའི་ཁམས་དང་། འདུ་ཤེས་ཀྱི་ཕུང་པོ་ལས་ལྷའི་ཚོགས་རི་བོང་འཛིན་པ་ལྟར་དཀར་པདྨའི་མཚན་མ་ཅན་སྤྲོ་བ་ནི་འདི་ལྟ་སྟེ་འོད་དཔག་མེད་དང་
མཱ་མ་ཀཱི་དང་པདྨ་མཐར་བྱེད་དང་མི་གཡོ་བ་དང་ང་རྒྱལ་མ་དང་ཙུན་དཱ་དང་འཇིག་རྟེན་དབང་ཕྱུག་དང་གཟུགས་རྡོ་རྗེ་མ་དང་དྲག་མོ་དང་དཔལ་མོ་དང་རྒྱ་མཚོ་དང་ཚོགས་ཀྱི་དབང་པོ་དང་ཀླུ་མཐའ་ཡས་དང་རིགས་ལྡན་དང་སྟག་གདོང་མ་དང་འུག་གདོང་མ་སྟེ་དེ་ལྟར་ལྷ་འདི་རྣམས་གཡོན་
གྱི་ཞལ་ནས་ཞེས་པ་སྐུའི་ཞལ་དཀར་པོ་ནས་མཆོག་གི་སྙིང་རྗེ་ཡིས་ནི་སྤྲོས་པའོ། །ཞེས་པ་ནི་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ངེས་པའོ། །འདིར་སྣང་བ་མཐའ་ཡས་ལ་རྣམ་པར་ཤེས་པ་དང་ལྷའི་ཚོགས་ལ་སྣང་བ་མཐའ་ཡས་ཀྱིས་རྒྱས་བཏབ་པ་པདྨའི་མཚན་མ་ཅན་ཞི་
བ་དང་རྒྱས་པའི་ལས་ཀྱི་དངོས་གྲུབ་སྟེར་བ་ཆུའི་ཁ་དོག་ལས་དཀར་པོ་སྟེ་དེ་ལྟར་སྣང་བ་མཐའ་ཡས་ཀྱི་རིགས་ཀྱི་ལྷ་སྤྲོ་བ་དང་བསྡུ་བ་ནི་སོ་སོར་རྟོག་པ་ལས་སོ། །ད་ནི་དོན་ཡོད་གྲུབ་པའི་རིགས་སྤྲོ་བ་གསུངས་པ་ཆོས་ལ་ཞེས་པ་ལ་སོགས་པ་སྟེ་འདིར་སྙིང་ཁ་ཆོས་ཀྱི་འཁོར་
ལོར་ཡང་དག་དག་པའི་རླུང་གི་ཁམས་དང་དག་པའི་འདུ་བྱེད་ལས་རལ་གྲིའི་མཚན་མ་ཅན་ལྷའི་ཚོགས་ཁ་དོག་ནག་པོ་ནི་འདི་ལྟ་སྟེ་དོན་ཡོད་གྲུབ་པ་དང་སྒྲོལ་མ་དང་བགེགས་མཐར་བྱེད་དང་དབྱུག་སྔོན་ཅན་དང་ཤིན་ཏུ་སྟོབས་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་ནམ་མཁའི་སྙིང་པོ་
དང་རེག་བྱ་རྡོ་རྗེ་མ་དང་ཙ་རྩི་ཀཱ་དང་ཁྱབ་འཇུག་མ་དང་རླུང་ལྷ་དང་བདེན་བྲལ་དང་པདྨ་དང་སྟོབས་ཀྱི་རྒྱུ་དང་བྱ་རོག་གདོང་མ