Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 074_མདོ་སྡེ།_ཨ

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
དི་ནས་ཤི་འཕོས་པར་མི་འགྱུར་གྲང་སྙམ་ནས། བདག་དགེ་སྦྱོང་དང་། བྲམ་ཟེ་
གཅིག་པུ་དབེན་པར་གནས་པས་གནས་ཤིང་མཆིས་པ། གང་དང་གང་མཐོང་བ་དེ་དང་དེ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལགས་སྙམ་ནས། དེ་དག་གི་ཐད་དུ་མཆིས་ན། དེ་དག་གིས་བདག་ལ་ཁྱོད་སུ་ཡིན་ཞེས་འདྲི་བར་བགྱིད་དེ།
བདག་གིས་དེ་དག་ལ་བདག་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ནོ་ཞེས་བགྱིས་ནས། དེ་དག་དགའ་ཞིང་མགུ་སྟེ། ཀྱེ་མ་བདག་གིས་བརྒྱ་བྱིན་མཐོང་ངོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་པར་བགྱིད་དེ། དེ་དག་བདག་ལ་འདྲི་བར་བགྱིད་ཀྱིས། དེ་དག་ལ་བདག་འདྲི་བར་མི་བགྱིད་ལགས་
སོ། །དེ་དག་བདག་ལ་སྐྱབས་སུ་མཆི་བར་བགྱིད་ཀྱིས། བདག་དེ་དག་ལ་སྐྱབས་སུ་མཆི་བར་མི་བགྱིད་ལགས་སོ། །ད་སླན་ཅད་བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་ཏེ། བཅོམ་ལྡན་འདས་ལ་སྐྱབས་སུ་མཆིས་ལགས་སོ། །རྟོགས་པ་ལ་ནི་མཐའ་མ་མཆིས། །བདག་

ལ་ཐེ་ཙོམ་ནེམ་ནུར་མཆིས། །དེ་བཞིན་གཤེགས་པ་ཚོལ་བའི་ཕྱིར། །རིང་པོ་ཞིག་ཏུ་འཁྱམ་འཁྱམ་སྟེ། །ལོང་བ་བདག་ནི་རྫོགས་སངས་རྒྱས། །བསྙེན་བཀུར་བགྱིད་དུ་མཆིས་མཆི་ན། །བདག་གིས་ཇི་ལྟར་མཉེས་པའི་ཐབས། །དེ་དག་ལ་ནི་དྲིས་པ་ལས། །ལམ་
དང་དེ་བཞིན་བསྒྲུབ་པ་ཡང་། །དེ་དག་ཡང་གི་གཏམ་མ་འཚལ། །བདག་ནི་ཅུང་ཟད་ཅི་འདོད་པ། །རྟོག་པར་གྱུར་དང་དཔྱད་པ་དང་། །ཡིད་ཀྱི་འགྲོ་དང་འོང་བ་ཡིས། །སེམས་ནི་ཐུགས་ཀྱིས་ཐུགས་སུ་ཆུད། །ཡིད་ཀྱང་ཡིད་ཀྱིས་རིག་གྱུར་ནས། །དེ་དག་ཐམས་ཅད་དེ་རིང་དུ། །
བཅོམ་ལྡན་འདས་ནི་དགྲ་བཅོམ་གྱིས། །བསྒྲགས་ཤིང་ལུང་ཡང་བསྟན་པར་གྱུར། །ཁྱོད་ནི་སངས་རྒྱས་སྟོན་པ་ཁྱོད། །རྒྱལ་བ་ཁྱོད་ཀྱིས་བདུད་ཀྱང་བཏུལ། །ཁྱོད་ཀྱིས་བག་ཉལ་བཅད་ནས་ཀྱང་། །རྒལ་ནས་སྐྱེ་དགུ་སྒྲོལ་བར་མཛད། །འཇིག་རྟེན་དུ་ནི་ཁྱོད་སངས་རྒྱས། །ཁྱོད་
ལས་ལྷག་པ་ཡང་མ་མཆིས། །ལྷ་དང་བཅས་པའི་འཇིག་རྟེན་ན། །གང་ཟག་ཁྱོད་ཀྱི་ཟླ་མ་མཆིས། །དཔའ་བོ་ཆེན་པོ་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྲིད་པའི་ཟུག་རྔུ་འབྱིན་པ་སྟེ། །ཉི་མའི་རིགས་སྐྱེས་ཁྱོད་ལ་འདུད། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་སྔོན་ཆད་བདེན་པ་ཐོབ་པ་དང་། ཡིད་བདེ་བ་ཐོབ་པ་འདི་ལྟ་བུ་ཉམས་སུ་མྱོང་བར་དྲན་ནམ། བརྒྱ་བྱིན་གྱིས་གསོལ་པ། ཡིད་བདེ་བ་ཐོབ་པ་ནི་བདག་གིས་མྱོང་བར་དྲན་ལགས་སོ། །བདེན་པ་ཐོབ་པ་ནི་ཉམས་སུ་མྱོང་བ་མི་དྲན་ལགས་སོ། །བཙུན་པ་ལན་
གཅིག་ཅིག་ན། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་པ་ན། ལྷ་རྣམས་ནི་རྒྱལ། ལྷ་མ་ཡིན་རྣམས་ནི་ཕམ་ནས། བདག་གིས་འདི་སྙམ་དུ་སེམས་ཏེ། ད་ནི་བདག་ལྷའི་གྲོང་ཁྱེར་དུ་མཆིས་ལ། ལྷའི་ལོངས་སྤྱོད་གང་ལགས་པ་དང་། ལྷ་མ་ཡིན་གྱི་ལོངས་སྤྱོད་གང་ལགས་པ་དེ་དག་
ལྷན་ཅིག་ཏུ་ཚོགས་པ་དགའ་བཞིན་དུ་ལོངས་སྤྱོད་པར་བགྱིའོ། །སྙམ་པ་དེ་ནི་ཡིད་བདེ་བ་ཐོབ་པ་ལགས་ཏེ། དེ་ནི་ཡུན་རིང་པོར་འཐབ་མོའི་མཐའ་ཅན་ལགས། མཚང་འདྲུ་བའི་མཐའ་ཅན་ལགས། འགྱེད་པའི་མཐའ་ཅན་ལགས། རྩོད་པའི་མཐའ་ཅན་ལགས་སོ། །བཙུན་

པ་བདག་གིས་ཡིད་བདེ་བ་ཐོབ་པ་དང་། བདེན་པ་མཐོང་བ་འདི་ནི་ཡུན་རིང་པོར་འཐབ་མོ་མ་མཆིས་པའི་མཐའ་ཅན་ལགས། མཚང་འདྲུ་བ་མ་མཆིས་པའི་མཐའ་ཅན་ལགས། འགྱེད་པ་མ་མཆིས་པའི་མཐའ་ཅན་ལགས། རྩོད་པ་མ་མཆིས་པའི་མཐའ་ཅན་ལགས་སོ། །བཙུན་
པ་བཅོམ་ལྡན་འདས་ཀྱིས་བདག་ཆོས་ཀྱི་རྗེས་སུ་འགྲོ་བའི་བཀའ་དྲིན་སྩལ་བ་གང་ལགས་པ་དེ་ལ་བདག་འདི་སྙམ་བགྱིད་དེ། བདག་གནས་འདི་ནས་ཤི་འཕོས་ནས་མི་རྣམས་དང་སྐལ་བ་མཉམ་པར་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ་དང་། རྫས་དང་ཡོ་བྱད་མང་བ་དང་། བདོག་
པ་མང་བ་དང་། ནོར་དང་། འབྲུ་དང་། གསེར་དང་། དངུལ་དང་། མཛོད་དང་། བང་བའི་ཚོགས་མང་བའི་རིགས་གང་ལགས་པ་དང་། མཛའ་བོ་དང་། གྲོགས་པོ་དང་། ཕུ་ནུ་དང་། ཉེ་དུ་མང་བ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་མང་བ་དེ་ལྟ་བུའི་ཁྱིམ་དུ་
སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག །དེ་ནས་བདག་མཐར་གྱིས་སྐྱེས་ཏེ། དབང་པོ་རྣམས་སྨིན་ནས། སྦྱིན་བདག་བྱིན་ཞིང་བསོད་ནམས་དག་བགྱིད་ནས། སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་ཚོན་ཅན་བགོས་ནས་ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ།
བཙུན་པ་བདག་འོས་པར་གནས་ཤིང་། གལ་ཏེ་བཀའ་ལུང་ཐོབ་ན་བཀའ་ལུང་བཞིན་བགྱིད་པར་གྱུར་ཅིག །དེ་ལྟར་བདག་འོས་པར་གནས་ན། སྡུག་བསྔལ་གྱི་མཐར་ཐུག་པ་ནི་དེ་ལགས་སོ་སྙམ་བགྱིད་དོ། །གལ་ཏེ་བཀའ་ལུང་མ་ཐོབ་ན་ནི་དེ་ལྟར་ན་བདག་གཟུགས་མཆིས་པའི་
ལྷའི་ལུས་སྐྱེས་པ། དབང་པོ་མ་ཉམས་ཤིང་དབང་པོ་ཚང་བ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། མདོག་བཟང་བ། རང་ལ་འོད་མཆིས་པ། ནམ་མཁའ་ལ་འགྲོ་བ། དགའ་བའི་ཟས་ཟ་བ། དགའ་བའི་ཟས་དང་ལྡན་པ། ཚེ་རིང་བ་ཡུན་རིང་དུ་གནས་པ་དེར། བདག་
འགྲན་ཟླ་མ་མཆིས་པར་སྐྱེ་བར་ཤོག་ཤིག་སྙམ་བགྱིད་དོ། །ལྷ་ལུས་འདི་ལས་ཤི་འཕོས་ཤིང་། །མི་མ་ཡིན་པའི་ཚེ་སྤངས་ནས། །རྨོངས་པ་མེད་པར་མངལ་དུ་འཇུག །བདག་གི་ཡིད་ནི་སྡོམ་ལ་དགའ། །མན་ངག་གིས་ནི་ཕོངས་མི་འགྱུར། །བསྟན་པའི་ལམ་ལ་རྟེན་

བཅས་ཤིང་། །ཚངས་པར་སྤྱོད་ལ་གཞོལ་བགྱིས་ནས། །བསོད་སྙོམས་རྒྱུ་བ་སྤྱད་པར་བགྱི། །བདག་ནི་འོས་པར་གནས་ནས་ཀྱང་། །གལ་ཏེ་བཀའ་ལུང་ཐོབ་གྱུར་ན། །བཀའ་ལུང་སྩལ་བ་བཞིན་དུ་བགྱི། །དེ་ཉིད་བདག་གི་སྡུག་བསྔལ་མཐའ། །གལ་ཏེ་
དེ་ལྟར་མ་གྱུར་ནས། །ཚེ་ཡི་མཐའ་ནི་ཟད་པའི་ཚེ། །འོག་མིན་ལྷ་ནི་གང་ཡིན་པ། །དེ་དག་ཏུ་ནི་སྐྱེ་བར་ཤོག །བཅོམ་ལྡན་འདས་བདག་ནི་རྒྱུན་དུ་ཞུགས་པ་ལགས་སོ། །བདེ་བར་གཤེགས་པ་བདག་ནི་རྒྱུན་དུ་ཞུགས་པ་ལགས་སོ། །ལན་ཅིག་ཕྱིར་འོང་བར་འགྱུར་བའི་རེ་བ་
ཡང་བདག་ལ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ལེགས་སོ་ལེགས་སོ། །དེའི་སྐལ་བ་ཁྱོད་ལ་ཡོད་དེ། དེ་ཡང་བག་ཡོད་པས་འཐོབ་བོ། །བརྒྱ་བྱིན་གྱིས་གསོལ་པ། གང་གིས་བདག་ནི་ཞི་འགྱུར་ལ། །རྒྱུན་དུ་ཞུགས་པར་ངེས་
འབྱུང་བ། །བཅོམ་ལྡན་ཁྱོད་ལས་གཞན་ལ་མེད། །ཁྱོད་ཀྱི་བསྟན་ལས་གཞན་ལ་མེད། །ཁྱད་པར་རྒྱ་ཆེན་དང་པོའི་གཞི། །གཞན་དག་ལྟ་ལ་ག་ལ་མཆིས། །ཁྱད་པར་ཐོབ་པ་ཅི་འདྲ་བ། །སྔོན་ཆད་གཞན་ལས་ཡོང་མ་ཐོབ། །བཙུན་པ་བདག་ནི་འདི་ཉིད་ན། །མཆིས་
ཤིང་ལྷ་ལུས་བགྱིད་བཞིན་དུ། །བདག་གིས་ཚེ་རིང་ཐོབ་ལགས་ཀྱིས། །བློ་ལྡན་དེ་ལྟར་གཟུང་དུ་གསོལ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་བརྒྱད་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། དེས་བདེན་
པ་མཐོང་ནས། སྟན་དེ་ཁོ་ན་ལས་ཤི་འཕོས་ནས། སྟན་དེ་ཁོ་ན་ཉིད་ལ་ཕྱིར་སྐྱེས་སོ། །དེ་ལྟར་དེ་ཤི་འཕོས་པ་དང་། སྐྱེས་པ་ནི་མིག་མི་འཛུམས་པ་དང་། མི་སྣང་བར་གྱུར་པ་དང་། ལུས་ཀྱི་རེག་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏོ། །ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་
ཡིན་གྱི་བུ་མོ་བདེ་སོགས་ཀྱིས་ཀྱང་རྟོགས་སོ། །དེ་ནས་ལྷ་མ་ཡིན་གྱི་བུ་མོ་བདེ་སོགས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་སྨྲས་པ། ཀཽ་ཤི་ཀ་ཁྱོད་ཤི་འཕོས་ནས། སྐྱེས་ལགས་སམ། བརྒྱ་བྱིན་གྱིས་སྨྲས་པ། བདེ་སོགས་ང་ཤི་འཕོས་ནས་ཕྱིར་སྐྱེས་ཏེ། འདི་ན་འདུག་བཞིན་དུ་

ཕྱིར་བདག་གི་ཚེ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདེན་པ་མཐོང་ནས་དགའ་ཞིང་མགུ་ལ་རབ་ཏུ་དགའ་ཞིང་ཡི་རངས་ཏེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་
ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་འཕགས་ལགས་སོ། །འཕགས་ལགས་སོ། །དེང་སླན་ཅད་ཇི་སྲིད་འཚོའི་བར་དུ་དགེ་བསྙེན་ལགས་པ་དང་། ཁོང་ནས་དགའ་སྟེ་སྐྱབས་སུ་མཆིས་ལགས་པར་གཟུང་དུ་གསོལ། དེ་ནས་
ལྷའི་དབང་པོ་བརྒྱ་བྱིན་གྱིས་དྲི་ཟའི་བུ་གཙུག་ཕུད་ལྔ་པ་ལ་སྨྲས་པ། བུ་ཁྱོད་ནི་བདག་ལ་ཕན་པ་དང་བདེ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་འགྲོ་བར་ཐོག་མ་ཁྱོད་ཀྱིས་བསྐུལ་ཏོ། །བུ་ཟུར་ཕུད་ལྔ་པ་བདག་ཅག་འདི་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་ཡུལ་དུ་དོང་ནས། ཁྱོད་ཀྱིས་སྔོན་ཡུན་
རིང་པོ་ནས་འདོད་ཅིང་སྨོན་པ་གང་ཡིན་པའི་དྲི་ཟའི་རྒྱལ་པོ་དུམ་བུ་རུའི་བུ་མོ་བཟང་མོ་ཞེས་བྱ་བ་འོད་བཟངས་དེ། ཁྱོད་ཀྱི་ཆུང་མར་སྦྱིན་ནོ། །དྲི་ཟ་རྣམས་ཀྱི་དབང་པོ་ཁྱོད་ཀྱི་ཕའི་རྒྱལ་སར་ཡང་གཞུག་གོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་
པོ་དག་བདག་གིས་སྔོན་ཅད་མི་མཇེད་ཀྱི་བདག་པོ་ཚངས་པ་ལ། དུས་གསུམ་དུ་ཚངས་པ་ལ་འོས་པའི་འདུད་པ་བྱེད་པ་གང་ཡིན་པ་དེ་ནི། བདག་གིས་ད་ཕྱིན་ཅད་བཅོམ་ལྡན་འདས་འདི་ཉིད་ལ་ཚངས་པ་ལ་འོས་པའི་འདུད་པས་འདུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་འདི་
ཉིད་ཚངས་པ་ཡིན། ཚངས་པར་གྱུར་པ་ཡིན། ཞི་བ་ཡིན། ཞི་བར་གྱུར་པ་ཡིན་པའི་ཕྱིར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་གཞན་རྣམས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། མདུན་གྱིས་ཕྱོགས་ཤིང་
ཕྱིར་ནུར་ནས། བཅོམ་ལྡན་འདས་ལ་འདུད་བཞིན་དུ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མིག་ལམ་དུ་མི་སྣང་བར་གྱུར་པའི་ས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ།

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ་ཞེས་སྨྲས་ནས། ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་
པ། བཙུན་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ལ། འདིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ལྷ་བརྒྱད་ཁྲི་བོ་འདི་རྣམས་ཀྱིས་ཀྱང་ལས་
ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་བརྒྱ་བྱིན་འདི་ཁོ་ན་ལས་བརྟེན་ནས། འདི་རྣམས་ཀྱིས་བཅོམ་ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨོན་ལམ་གྱི་དབང་ལས་གྱུར་ཏོ། །གསོལ་པ་འདི་རྣམས་ཀྱིས་
སྨོན་ལམ་གང་དུ་བཏབ་ལགས། བཀའ་སྩལ་པ། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ་སྐྱེ་དགུའི་ཚེ་ལོ་བཞི་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་
པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཁོར་བ་འཇིག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེས་གང་གི་ཚེ་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས། རྒྱལ་པོའི་ཕོ་བྲང་མཛེས་ལྡན་དུ་གཤེགས་པ་དེའི་
ཚེ། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་ཕྱིར་རྒྱལ་པོ་མཛེས་པས། གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཏེ། གནས་ཁང་དྲུག་སྟོང་བྱས་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕུལ་ཏེ། གཙུག་
ལག་ཁང་དེ་དག་ཏུ་ཡོ་བྱད་ཐམས་ཅད་སྦྱར་ནས། འཁོར་བརྒྱད་ཁྲི་དང་བཅས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། མཆོད་པའི་ལས་ལ་བརྩོན་པར་གྱུར་ཏོ། །དེ་ནས་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་

འཁོར་བ་འཇིག་སངས་རྒྱས་ཀྱི་འཕྲིན་ལས་ཐམས་ཅད་མཛད་ནས། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། རྒྱལ་པོ་མཛེས་པས་དེའི་སྐུ་གདུང་ལ་མཆོད་པ་བྱས་ནས། སྐུ་གདུང་གི་མཆོད་རྟེན་བརྩིགས་ཏེ། རྣམ་པ་ཐམས་ཅད་
ཡོངས་སུ་རྫོགས་པར་བྱས་ནས། མཆོད་རྟེན་དེ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས། བདག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་གལ་ཏེ། ལྷར་སྐྱེ་བར་གྱུར་ན་ནི། ལྷ་ཆེ་བར་གྲགས་པ། ལྷ་རྣམས་ཀྱི་མངའ་བདག་ཏུ་གྱུར་
ཅིག །གལ་ཏེ་མིར་སྐྱེ་བར་གྱུར་ན་ནི་མི་ཆེ་བར་གྲགས་པ་མི་རྣམས་ཀྱི་ནང་ནས་རྒྱལ་སྲིད་ཀྱི་མངའ་བདག་ཏུ་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རྒྱལ་པོས་སྨོན་ལམ་འདེབས་པ་ཞམ་རིང་བ་རྣམས་ཀྱིས་མཐོང་ནས་དྲིས་པ། ལྷས་སྨོན་ལམ་ཅི་ཞིག་བཏབ་ལགས། དེ་ནས་དེས་དེ་དག་ལ་
རྒྱས་པར་བསྙད་ནས། དེ་ཐོས་མ་ཐག་ཏུ་དེ་དག་གིས་ཀྱང་མཆོད་རྟེན་དེ་ལ་བཀུར་སྟི་བྱས་ནས། སྨོན་ལམ་བཏབ་པ། ཀྱེ་མ་དགེ་བའི་རྩ་བ་འདིས་ན། བདག་ཅག་གང་དང་གང་དུ་སྐྱེ་བར་འགྱུར་བ་དེ་དང་དེར་ཕྱུག་ཅིང་། ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེ་བར་ཤོག་
ཤིག །རྒྱལ་པོ་འདི་ཁོ་ན་ལ་བརྟེན་ནས། བདག་ཅག་གིས་སྟོན་པ་འདི་ལྟ་བུ་མཉེས་པར་བྱེད་པར་གྱུར་ཅིག །མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྒྱལ་པོ་མཛེས་པར་གྱུར་པ་གང་ཡིན་པ་དེ་ནི། ལྷའི་དབང་པོ་བརྒྱ་བྱིན་འདི་ཁོ་ན་
ཡིན་ཏེ། དེས་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས། ཆེད་འགའ་མིར་སྐྱེས་པའི་ཚེ་ནི་ལྷ་ཆེ་བར་གྲགས་པར་གྱུར་ཏེ། ལྷ་རྣམས་ཀྱི་མངའ་བདག་བྱས་སོ། །
ཆེད་འགའ་མིར་སྐྱེས་པའི་ཚེ་ནི། མི་ཆེ་བར་གྲགས་པར་གྱུར་ནས། མི་རྣམས་ཀྱི་རྒྱལ་སྲིད་ཀྱི་མངའ་བདག་བྱས་ཏེ། དགེ་སློང་དག་ང་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་དང་ཤིན་ཏུ་མཉམ་པ་དང་། ཤུགས་མཉམ་པ་དང་། མཛད་པ་མཉམ་པ་དང་། ཐབས་མཉམ་

པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ། །དེའི་ཚེ་ཞམ་རིང་བ་བརྒྱད་ཁྲིར་གྱུར་པ་གང་ཡིན་པ་དེ་དག་ནི། ལྷ་བརྒྱད་ཁྲི་པོ་འདི་དག་ཁོ་ན་ཡིན་ཏེ། དེ་དག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་ཉན་ཐོས་
ཀྱི་དགེ་འདུན་དང་བཅས་པ་ལ་བསྙེན་བཀུར་བྱས་ནས། སྨོན་ལམ་བཏབ་པའི་ལས་དེའི་རྣམ་པར་སྨིན་པས་གང་དང་གང་དུ་སྐྱེས་པ་དེ་དང་དེར། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ཏེ། བརྒྱ་བྱིན་འདི་ཁོ་ན་ལ་བརྟེན་ནས་འདི་རྣམས་ཀྱིས་ང་མཉེས་པར་བྱས་ཏེ། མི་མཉེས་
པར་མ་བྱས་སོ།། །།རྒྱལ་པོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཞིག་གནས་པ་དེས། ཐབས་ཟླར་བབ་པ་ལས། ཆུང་མ་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་
ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་ན་བུ་བཙས་ནས་དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་ཐལ་བ་བླང་བ་དང་། རིལ་པ་ཐོགས་པ་དང་། ངེས་
བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་དུ་གཞུག་པ་དང་། སྦྱིན་པ་དང་། བླང་བ་དང་། ཁ་ཏོན་བྱ་བ་དང་། ཁ་ཏོན་སློབ་ཏུ་གཞུག་པའི་ཐབས་བསླབས་ནས། ལས་
རྣམ་པ་དྲུག་ལ་མཁས་པའི་བྲམ་ཟེར་གྱུར་ཏེ། དེ་མཐར་གྱིས་རིག་པའི་གནས་བཅྭ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །དེ་གཉིས་ཤི་ནས་ཁྱེའུ་དེས་བསམས་པ། བྲམ་ཟེ་རྣམས་ཀྱི་ལུགས་ཀྱིས་ན། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་
ནས། དེའི་འོག་ཏུ་ཆུང་མ་ལེན་པར་བྱེད་ཀྱིས། བདག་གིས་ཀྱང་ལོ་བཞི་བཅུ་རྩ་བརྒྱད་ཚངས་པར་སྤྱོད་པ་སྤྱད་པར་བྱའོ་སྙམ་ནས། དེས་ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ཚངས་པར་སྤྱོད་པ་སྤྱད་ནས་ཆུང་མ་བླངས་ཏེ། དེའི་ཆུང་མ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། གཡེམ་

ཞིང་སྐྱེས་པ་འདོད་པ་ཞིག་སྟེ། དེ་ཁྱིམ་ཐབ་རྒན་པོ་དང་ལྷན་ཅིག་འདུག་པས་སྙིང་མི་ཚིམ་ནས། དེས་སྐྱེས་པ་གཞན་བཙལ་ཏོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། བདག་གིས་ཁྱིམ་ཐབ་འདི་ཇི་སྲིད་འདི་ན་འདུག་པའི་བར་དུ་ནི། བདག་སྐྱེས་པ་གཞན་དང་ལྷན་ཅིག་ཉལ་བའི་
སྐབས་མེད་ཀྱིས། བདག་གིས་འདི་ཡུལ་གཞན་དུ་གཏང་བར་བྱའོ་སྙམ་ནས། བྲམ་ཟེ་དེ་ལ་སྨྲས་པ། ཇི་ལྟར་ཇོ་བོའི་ཁྱིམ་ན་ཇི་ཡང་མི་བདོག་ན། ཁྱོད་ཀྱིས་བདག་བླངས་ཏེ་ཅི་བགྱི། བདག་ཕ་མའི་ཁྱིམ་དུ་སླར་མཆིའོ། །འོན་ཀྱང་བདག་གིས་འཚལ་མ་བདེ་བླག་ཏུ་འཚལ་དུ་མཆིས་
སོ། །བྲམ་ཟེས་སྨྲས་པ། བཟང་མོ་མི་དགའ་བར་མ་བྱེད་ཅིག །བདག་ཅག་བྲམ་ཟེ་རྣམས་ལ་སློང་མོས་འཚོ་བ་ཡང་ཡོད་ཀྱིས། བདག་ཡུལ་གཞན་དུ་སོང་ལ་ནོར་བཙལ་ཏེ། ཕྱིར་འོང་ངོ་ཞེས་བྱས་ནས། ཆུང་མ་ལ་བརྒྱགས་ཕོགས་ཏེ་སོང་ངོ་། །དེ་སོང་ནས་ཀཱར་ཥཱ་པ་ཎ་
མང་པོ་ཞིག་རྙེད་ནས་དེ་དག་ཁྱེར་ཏེ། མཉན་དུ་ཡོད་པར་ཆས་པ་ལས། དེ་ལམ་དུ་མི་རྒོད་ཀྱིས་བཅོམ་ནས་དེ་ཤིན་ཏུ་སྡུག་བསྔལ་བར་གྱུར་ཏེ། གལ་ཏེ་བདག་ཁྱིམ་དུ་སོང་ན་ནི་བྲམ་ཟེ་མོ་དང་འཐབ་མོ་ཆེན་པོ་འབྱུང་བར་འགྱུར་གྱིས། བདག་གིས་འཚོ་བ་འདི་ལྟ་བུ་བཏང་ལ།
ནགས་ཁུང་ཐིབས་པོར་སོང་སྟེ། བདག་འཆི་བར་བྱའོ་སྙམ་ནས། དེ་ནགས་ཁུང་ཐིབས་པོར་སོང་སྟེ། ཤིང་ཀ་ནས་ཐག་པས་བཏགས་ནས། འགག་པར་བྱས་པ་ལས། དེའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་འདི་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས།
ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འགྱུར་བ་ཞིག་ན། འདི་ལྟ་བུའི་གཟུ་ལུམས་བྱེད་ཅིང་འདུག་གོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། ནགས་ཁུང་ཐིབས་པོ་དེར་གཤེགས་ནས། བཅོམ་
ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་བཀའ་སྩལ་པ། བྲམ་ཟེ་གཟུ་ལུམས་མ་བྱེད་ཅིག །ངས་ཁྱོད་ལ་ནོར་སྦྱིན་ནོ་ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་གཏེར་བསྟན་ཏེ། བྲམ་ཟེ་ཁྱོད་ཀྱི་ནོར་འདི་ཡིན་གྱི་སྲོག་ཕངས་པ་མ་དོར་ཅིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་སླར་

གཙུག་ལག་ཁང་དུ་གཤེགས་སོ། །དེ་ནས་བྲམ་ཟེ་དེས་ནོར་དེ་དག་ཁྱེར་ཏེ་རང་གི་ཁྱིམ་དུ་སོང་ནས། དེ་ཁྱིམ་གྱི་འབྱོར་པ་རྒྱས་པར་བྱས་ཏེ་བཞག་ནས་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་དེའི་བློ་སྐྱེས་པ། དགེ་སྦྱོང་གཽ་ཏམ་ནི་
བདག་ལ་ཕན་པ་དང་དབེན་པ་ཡིན་གྱིས། བདག་ཁྱིམ་ན་གནས་པ་བཏང་ལ། དེའི་ཐད་དུ་རབ་ཏུ་འབྱུང་བར་བྱའོ་སྙམ་སྟེ། ཁྱིམ་གྱི་འཁོར་བཏང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་
སྤྱན་སྔར་འདུག་གོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་། ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་བྲམ་ཟེ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་
ཤེས་རྡོ་རྗེས་བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་
ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས། དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །དེ་ནས་དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་
འདས་ལ་གསོལ་པ། བཙུན་པ་བྲམ་ཟེ་འདི་དབུལ་བས་འཇིགས་ནས། བདག་ཉིད་འགུམ་པར་བགྱིད་པ་ལས་བཅོམ་ལྡན་འདས་ཀྱིས་ནོར་གྱི་ཕུང་པོ་ཆེན་པོ་དང་སྤྲད་དེ། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་བྲམ་ཟེ་འདི་དབུལ་བས་འཇིགས་ནས། བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་ཅི་ལྟར་གནས་པར་བྱས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་
བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་རྒྱལ་པོ་བྱེད་དེ་དེའི་རིང་ལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་དང་། རྩོད་པ་དང་། འཐབ་པ་ཞི་བ་དང་། འཁྲུག་པ་དང་། ནང་འཁྲུག་དང་། ཆོམ་
རྐུན་དང་། ནད་དང་། མུ་གེ་མེད་པ་དང་། འབྲས་སཱ་ལུ་དང་། བུ་རམ་ཤིང་དང་། བ་ལང་དང་། མ་ཧེ་དང་ལྡན་པར་འདུག་སྟེ། གནོད་པ་མེད་ཅིང་ཚེར་མ་དཀྲུགས་ལ། བུ་གཅིག་པ་སྡུག་པ་ལ་བྱ་བ་བཞིན་དུ་ཆོས་བཞིན་དུ་རྒྱལ་སྲིད་བྱེད་དོ། །རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན་
སྙིང་རྗེ་དང་ལྡན་པ། སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ་ཞིག་སྟེ། དེ་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་དེ། དགེ་སྦྱོང་དང་། བྲམ་ཟེ་དང་། སྡུག་ཅིང་ཕོངས་པ་དང་བཀྲེན་པ་རྣམས་ལ་ཅི་དང་ཅི་འདོད་པ་སྦྱིན་པར་བྱེད་དོ། །བཟའ་བ་དང་བཅའ་བ་མང་པོ་དག་སྟ་
གོན་བྱས་ཏེ། སྲོག་ཆགས་ནམ་མཁའ་ལ་གནས་པ་དང་། ཆུ་ན་གནས་པ་དང་། ཐང་ལ་གནས་པ་རྣམས་ལ་སྦྱིན་པར་བྱེད་དོ། །འཇིག་རྟེན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་བྱེད་དོ། །དེ་ནས་ཕྱིན་ཅད་བདག་གིས་སེམས་ཅན་རྣམས་ལ་ཐམས་ཅད་སྦྱིན་ནོ་ཞེས་དམ་
བཅས་སོ། །དེ་ནས་ཆོས་བཞིན་དུ་རྒྱལ་པོ་བྱེད་པས། མི་དང་མི་མ་ཡིན་པ་རྣམས་ཀྱིས་ཀྱང་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བའི་ཕྱིར་བརྩོན་པར་བྱེད་དེ། དེ་དག་གིས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་འབེབས་ཤིང་འབྲུ་རྣམས་རྒྱས་པར་བྱེད་དོ། །རྒྱལ་པོ་དེའི་འདབ་
ཀྱི་ཉི་འོག་གི་རྒྱལ་པོ་ནི། ཆོས་མ་ཡིན་པས་རྒྱལ་པོ་བྱེད་དེ། ཤིང་སྒྲོག་དང་། རྐང་སྒྲིལ་དང་། ལག་སྒྲིལ་དང་། ཨན་པན་གདགས་པ་རྣམས་ཀྱིས། ཡུལ་ན་གནས་པའི་སྐྱེ་བོ་མང་པོ་ལ་གནོད་པ་བྱེད་དེ། དེའི་མི་རྣམས་ནན་གྱིས་དཔྱ་བླ་སྐྱེས་རྒྱུད་མས་འཇིགས་ཏེ། རྒྱལ་པོ་

དབང་ཆེན་སྡེའི་ཡུལ་དུ་དོང་སྟེ་འཁོད་དོ། །དེ་ནས་ཕྱི་ཞིག་ན་ཉི་འོག་གི་རྒྱལ་པོ་དེ་བློན་པོ་མང་པོས་ཞབས་འབྲིང་བྱས་ནས། ཡུལ་བལྟར་སོང་སོང་བ་ལས། དེས་བལྟས་ན་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ནགས་ཁྲོད་ཀྱི་གྲོང་དང་། ཚོང་དུས་
རྣམས་སྟོངས་པར་མཐོང་ནས། བློན་པོ་རྣམས་ལ་ཀྭའི་ཅིའི་ཕྱིར་ཡུལ་སྟོངས་པ་ལ་ཐུག་པར་གྱུར་ཅེས་དྲིས་ནས་བློན་པོ་རྣམས་ན་རེ། ལྷ་རྒྱལ་པོ་དབང་ཆེན་སྡེའི་ཡུལ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་ལྡན་ལ། སྐྱེ་བོ་མང་པོ་དེ་དག་ཀྱང་དཔྱ་ཁྲལ་མ་མཆིས་
པ་དང་འདྲ་བར་འཁོད་པས་ན། སྐྱེ་བོ་ཕལ་པོ་ཆེ་རྣམས་དེར་དོང་སྟེ་འཁོད་དོ་ཞེས་ཟེར་རོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཉི་འོག་གི་རྒྱལ་པོ་དེ་ཁྲོས་ནས། དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། རྒྱལ་པོ་དབང་ཆེན་སྡེ་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེ་
ཉི་འོག་གི་རྒྱལ་པོ་དེ་ཁྲོས་ནས་དཔུང་གི་ཚོགས་ཡན་ལག་བཞི་གོ་བསྐོན་ཏེ། བདག་དང་གཡུལ་འགྱེད་པའི་ཕྱིར་དྲངས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་བློན་པོ་རྣམས་བསོགས་ཏེ་བསྒོ་བ། ཀྱེ་ངས་ནི་ཚེ་གཅིག་གི་འཚོ་བ་ཙམ་གྱི་ཕྱིར་སྡིག་པ་བྱེད་མི་ཕོད་ཀྱིས། གལ་ཏེ་ཁྱོད་ཡུལ་ཕུང་
བར་འགྱུར་མི་འདོད་ན་ནི། ཉི་འོག་གི་རྒྱལ་པོ་དེ་ལ་ཕྱག་འཚོལ་ཅིག །ང་ནི་དེ་ལ་གནོད་པ་བྱེད་མི་ཕོད་དོ་ཞེས་བྱས་ནས། ཚིགས་སུ་བཅད་དེ་སྨྲས་པ། ནགས་ཀྱི་ནང་ན་ཤིང་ཤུན་ཤར་བུའི་གོས་གྱོན་ཅིང་། །འབྲས་བུ་ཟ་ལ་གཅན་གཟན་དག་དང་འགྲོགས་ཀྱང་བླའི། །འཇིག་རྟེན་ཕ་རོལ་
དག་གིས་འཛེམ་པའི་མི་རྣམས་ཀྱིས། །རྒྱལ་སྲིད་དག་གི་ཕྱིར་ནི་གསོད་དང་བཅིང་མི་བྱ། །དེ་ནས་བློན་པོ་རྣམས་ཀྱིས་བསམས་པ། རྒྱལ་པོ་འདི་ནི་སུ་ལ་ཡང་གསོད་མི་ཕོད་དེ། བདག་ཅག་ཀུན་མེད་པར་གྱུར་ན་མི་རུང་གིས། བདག་ཅག་ཐམས་ཅད་གྱི་ན་ལ་སྡུག་བསྔལ་བར་གྱུར་པ་
བས་ནི། བདག་ཅག་གིས་འདི་གཅིག་པུ་བོར་ཡང་བླའོ་སྙམ་ནས་དེ་དག་གིས་རྒྱལ་པོ་བོར་ཏེ། ཉི་འོག་གི་རྒྱལ་པོ་དེ་ལ་བབས་སོ། །དེ་ནས་རྒྱལ་པོ་དབང་ཆེན་སྡེས་ཀྱང་ཚོར་ཏེ། བློན་པོ་འདི་རྣམས་ཀྱིས་བདག་བོར་རོ་སྙམ་ནས། ནགས་ཀྱི་ནང་དུ་གནས་བཅས་ཏེ། དེ་དེར་སོང་ནས་

རྩ་བ་དང་འབྲས་བུ་ཟ་ཞིང་འདུག་གོ། །དེ་སོང་བའི་འོག་ཏུ་ཉི་འོག་གི་རྒྱལ་པོ་དེ་འོངས་ནས་ཡུལ་མི་རྣམས་ཕབ་སྟེ། རྒྱལ་པོ་དེ་གར་སོང་ཞེས་དྲིས་ན། བློན་པོ་རྣམས་ན་རེ་ལྷ་བྲོས་ལགས་སོ་ཞེས་ཟེར་རོ། །དེ་ནས་ཉི་འོག་གི་རྒྱལ་པོས་ཡུལ་དེ་ཆམ་དུ་ཕབ་སྟེ། དཔའ་བོ་ཐམས་ཅད་
ཀྱི་བྱ་དགར་བགོ་བཤའ་བྱས་ནས། ཡུལ་དེ་ཉིད་དུ་བཏབ་སྟེ་འདུག་གོ། །དེ་ནས་དེའི་ཚེ་རི་ཁྲོད་ཀྱི་གྲོང་ཞིག་ན། བྲམ་ཟེ་དབུལ་པོ་འཚོ་བས་ཕོངས་པ་ཞིག་གནས་ཏེ། མཐར་གྱིས་དེའི་བུ་དང་བུ་མོ་མང་པོ་བཙས་ནས། དེ་གསོ་བ་མང་ལ་ཡུལ་དེར་མུ་གེ་ཡང་བྱུང་ནས། དེ་ཁྱིམ་གྱི་
བཟའ་མི་རྣམས་བསྐྱང་མ་ནུས་སོ། །དེ་ནས་བྲམ་ཟེ་དེས་བཱ་རཱ་ཎ་སཱི་ན་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བཞུགས་ཏེ། རྒྱལ་པོ་དེ་ཡང་བྱམས་པའི་བདག་ཉིད་ཅན། སྙིང་རྗེ་དང་ལྡན་པ་སེམས་ཅན་ལ་བྱམས་པ། སྦྱིན་པ་ལ་དགའ་བ། ཐམས་ཅད་སྦྱིན་པར་བྱེད་པ་ཞིག་གོ་ཞེས་ཐོས་
ནས། བདག་དེའི་ཐད་དུ་འགྲོ་བར་བྱའོ། །དེའི་ཐད་དུ་སོང་བ་དང་བདག་ནི་ནོར་དེ་ལས་འོང་ངོ་སྙམ་ནས་བཱ་རཱ་ཎ་སཱིར་སོང་ངོ་། །དེ་དེར་སོང་ནས་རྒྱལ་པོ་དབང་ཆེན་སྡེས་ནགས་སུ་གནས་བཅས་སོ་ཞེས་ཐོས་སོ། །དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་ཤིན་ཏུ་སྡུག་བསྔལ་བར་གྱུར་ནས་བསམས་
པ། བདག་དེའི་ཐད་དུ་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་བ་དང་། དེ་དེ་ན་འདུག་ཀྱང་བདག་ལ་ནོར་སྦྱིན་པར་འགྱུར་ཡང་སྲིད་དོ་སྙམ་ནས། ས་ཕྱོགས་གང་ན་བྱང་ཆུབ་སེམས་དཔའ་གནས་པ་དེར་སོང་སྟེ། དེའི་ཐད་དུ་སོང་ནས་བྱང་ཆུབ་སེམས་དཔའ་དེས་དེ་ལ་ཚིག་འཇམ་པོས་
མགུ་བར་བྱས་ཏེ། རྩ་བ་དང་འབྲས་བུ་དག་བྱིན་ནས་དྲིས་པ། ཁྱོད་འདིར་ཅི་ལ་འོང་། བྲམ་ཟེས་སྨྲས་པ། ད་ལྟར་མུ་གེ་བྱུང་སྟེ། ཕོངས་ཤིང་གནོད་པར་གྱུར་ལ། བདག་ལ་གསོ་བ་ཡང་མང་ན། བདག་གིས་དེ་དག་གསོ་ཡང་མ་ནུས་ནས། བདག་གིས་ཐོས་ན་རྒྱལ་
པོ་དབང་ཆེན་སྡེ་ནི་ཐམས་ཅད་སྦྱིན་པར་བྱེད་དོ་ཞེས་ཐོས་ནས། དེ་བདག་གི་ནོར་གྱི་འབྱུང་ཁུང་དུ་འགྱུར་རོ་སྙམ་སྟེ། ཁྱོད་ཀྱི་ཐད་དུ་མཆིས་སོ། །བྱང་ཆུབ་སེམས་དཔའས་སྨྲས་པ། དེས་ནགས་ཀྱི་ནང་དུ་གནས་བཅས་སོ་ཞེས་ཁྱོད་ཀྱིས་མ་ཐོས་སམ། ད་དེ་ལ་ནོར་ག་ལ་ཡོད།

དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེ་དེ་རེ་ཐག་ཆད་ནས་བརྒྱལ་ཏེ་ས་ལ་འགྱེལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའས་དེའི་གདོང་དུ་ཆུ་གཏོར་ཏེ་དེ་བསླང་ངོ་། །དེ་ནས་དེས་བསམས་པ་བདག་ལ་འཚོ་བ་འདི་ལྟ་བུ་ཅི་དགོས་ཀྱིས་བདག་སོང་ལ་ནགས་སྟུག་པོའི་ནང་དུ་
ཞུགས་ཏེ། འཆི་བར་བྱའོ་སྙམ་ནས་ཐག་པ་ཁྱེར་ཏེ་ནགས་སྟུག་པོའི་ནང་དུ་ཞུགས་ནས་ཤིང་ཀ་ནས་ཐག་པས་བཏགས་ཏེ་འགག་པར་བྱས་པ་ལས། བྱང་ཆུབ་སེམས་དཔའས་མཐོང་ནས། མཐོང་མ་ཐག་ཏུ་སྙིང་རྗེ་སྐྱེས་ནས། དེས་བསམས་པ་གལ་ཏེ་བྲམ་ཟེ་འདིས་བདག་
ཁྲིད་དེ་དགྲའི་ཐད་དུ་སོང་ན་ནི་དེས་འདི་ལ་ནོར་གྱི་ཕུང་པོ་སྦྱིན་པར་འགྱུར་རོ་སྙམ་ནས། བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་གཟུ་ལུམས་མ་བྱེད་ཅིག་དང་། ངས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ། །བྲམ་ཟེ་ཁྱོད་ཚུར་ཤོག །ང་ཕྱིན་ཀ་ལོག་ཏུ་དམ་པོར་བཅིངས་ལ། རྒྱལ་པོ་ཆེ་གེ་མོ་ཞིག་གི་
ཐད་དུ་ཁྲིད་དེ་སོང་ཤིག་དང་། དེས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ། །བྲམ་ཟེས་སྨྲས་པ། བདག་ནི་ཁྱོད་ལྟ་བུ་འཆིངས་མི་ཕོད་དོ། །བྱང་ཆུབ་སེམས་དཔའས་སྨྲས་པ། ཐེ་ཙོམ་མེད་པར་གྱིས་ལ་ང་ཆིངས་ལ་ཁྲིད་དེ་སོང་ཤིག །དེ་ལས་ཐབས་གུད་ན་མ་མཐོང་ངོ་།
དེ་ནས་བྲམ་ཟེ་ན་རེ་ཁྱོད་ཅི་ལྟར་འདོད་པ་བཞིན་དུ་བགྱིའོ་ཞེས་བགྱིས་ནས། བྲམ་ཟེ་དེས་བྱང་ཆུབ་སེམས་དཔའ་ཕྱིན་ཀ་ལོག་ཏུ་བཅིངས་ནས་ཁྲིད་དེ་བཱ་རཱ་ཎ་སཱིར་ཆས་སོ། །དེ་ནས་དེ་སྐྱེ་བོ་མང་པོ་དེ་དག་གིས་མཐོང་ནས་ངོ་ཤེས་ཏེ། དེ་དག་རྒྱལ་པོའི་ཐད་དུ་སོང་སྟེ་གསོལ་ན། དེ་དག་ལ་རྒྱལ་
པོ་ཡིད་མ་ཆེས་ནས། དེ་གཏད་བཞིན་དུ་རྒྱལ་པོའི་ཕོ་བྲང་ནས་ཕྱུང་སྟེ། བྱང་ཆུབ་སེམས་དཔའི་ཐད་དུ་སོང་ནས། བྲམ་ཟེ་དེས། བྱང་ཆུབ་སེམས་དཔའ་དམ་དུ་བཅིངས་ཏེ་ཁྲིད་དེ་འོངས་པ་མཐོང་ངོ་། །མཐོང་ནས་ཀྱང་དྲིས་པ་འདི་ཁྱོད་ཀྱིས་ག་ལས་ཁྲིད་དེ་འོངས། དེས་སྨྲས་པ།
འདི་ནི་ལྷའི་དགྲ་ལགས་ཏེ། འདི་ནི་བདག་གིས་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་ལས་མཐུས་བཟུང་ནས་ཁྲིད་དེ་མཆིས་སོ། །དེ་ནས་རྒྱལ་པོས་བསམས་པ། རྒྱལ་པོ་འདི་ནི་ལུས་ཆེ་ཞིང་སྟོབས་ཆེ་ལ། བྲམ་ཟེ་འདི་ནི་ལུས་ཉམ་ཆུང་བས་ན། འདིས་འདི་གཟུང་བར་ག་ལ་

ནུས་ཏེ། འདི་ནི་སྙིང་རྗེ་ཆེ་ལ་སེམས་ཅན་ལ་བྱམས་པས་ན། འདིས་བདག་གིས་བདག་བཅིངས་ནས། འདི་ལ་བྱིན་གོར་མ་ཆག་སྙམ་སྟེ། བྲམ་ཟེ་དེ་ལ་སྨྲས་པ། བྲམ་ཟེ་འདི་ཁྱོད་ཀྱིས་ཇི་ལྟར་བཟུང་བ་དྲང་པོར་སྨྲོས་ཤིག །དེ་ནས་བྲམ་ཟེ་དེས་རྒྱལ་པོ་དེ་ལ་ཇི་ལྟར་གྱུར་པ་བཞིན་དུ་བསྙད་དོ། །
དེ་ནས་དེ་ཐོས་མ་ཐག་ཏུ་རྒྱལ་པོ་དེ་དད་པར་གྱུར་ནས་སེམས་ཅན་དག་པ་འདི་ལྟ་བུ་ལ་བདག་གིས་གནོད་པ་བྱས་སོ་སྙམ་ནས་བདག་ཉིད་ཀྱིས་བཀྲོལ་ཏེ། རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་ཡན་ལག་ཐམས་ཅད་ཀྱིས་འཁྱུད་དེ། སེང་གེའི་ཁྲིའི་སྟེང་དུ་བཞག་ནས། ཅོད་པན་གྱི་ཐབས་བུད་
དེ། བྱང་ཆུབ་སེམས་དཔའི་དབུ་ལ་བཏགས་ནས་སྨྲས་པ། ཁྱོད་ནི་རྒྱལ་པོའི་འོས་ལགས་ཀྱི། བདག་ནི་འོས་མ་ལགས་སོ་ཞེས་བྱས་ནས། དེས་དེ་ལ་དཔུང་གི་ཚོགས་དང་། དཀོར་མཛོད་རྣམས་ཕུལ་ནས་བཟོད་པ་གསོལ་ཏེ་རང་གི་ཡུལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་
ཆེན་སྡེས། བྲམ་ཟེ་དེ་ལ་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །དགེ་སློང་དག་དེའི་ཚེ་རྒྱལ་པོ་དབང་ཆེན་སྡེར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་བྲམ་ཟེར་གྱུར་པ་གང་ཡིན་པ་དེ་ནི། བྲམ་ཟེ་
འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་དབུལ་བས་འཇིགས་པས། བདག་ཉིད་འཆི་བར་བྱས་པ་ལས། ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པར་བྱས་སོ། །ད་ལྟར་ཡང་འདི་དབུལ་བས་འཇིགས་པས། བདག་ཉིད་འཆི་བར་བྱས་པ་ལས།
ངས་ནོར་གྱི་ཕུང་པོ་ཆེན་པོ་བྱིན་ནས། གཡུང་དྲུང་གི་མཐར་ཐུག་པ་གྲུབ་པ་དང་། བདེ་བའི་མྱ་ངན་ལས་འདས་པ་ལ་བཀོད་དོ།། །།རྔོན་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཡུལ་མ་ག་དྷཱར་ལྗོངས་རྒྱུ་ཞིང་གཤེགས་པ་ལས། རྒྱལ་པོའི་ཁབ་ཏུ་བྱོན་ནས་རྒྱལ་པོའི་ཁབ་ཀྱི་
འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་ལྷས་བྱིན་ནི་རྒྱལ་པོའི་ཁབ་ན་གནས་པའི་སྐྱེ་བོ་མང་པོ་ལ་རྟག་ཏུ་ཉེས་པ་བྱེད་དེ་གང་དང་གང་ལ་ཉེས་པ་བྱེད་པ་དེ་དང་དེ། བཅོམ་ལྡན་འདས་ལ་ཉེས་པས་སྟིང་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་

བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སོང་ལ་ཆོས་གོས་སྣམ་སྦྱར་གྱོན་ཏེ། དགེ་སློང་སུ་ཡང་རུང་བ་ཞིག་གྲོགས་སུ་ཁྲིད་ལ། རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང་སྲང་དང་། བཞི་མདོ་དང་སུམ་མདོ་དག་ཏུ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་ལྷས་བྱིན་ནམ།
ལྷས་བྱིན་གྱི་ཕྱོགས་ཀྱིས་སུ་ལ་ཉེས་པ་བྱས་པ་དེས་སངས་རྒྱས་སམ་ཆོས་སམ་དགེ་འདུན་ལ་འདོག་པར་མ་བྱེད་ཅིག་ཅེས་སྒོས་ཤིག །གལ་ཏེ་ལྷས་བྱིན་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ་ཞེས་ཟེར་ན། སྔོན་ནི་རྫུ་འཕྲུལ་ཆེ་ན་ད་ནི་དེའི་རྫུ་འཕྲུལ་ཉམས་སོ། །ཞེས་གྱིས་ཤིག་ཅེས་བཀའ་
སྩལ་ཏོ། །དེ་ནས་ཀུན་དགའ་བོ་སོང་སྟེ། རྒྱལ་པོའི་ཁབ་ཏུ་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དག་ཏུ་བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་བསྒོ་ནས། ཕྱིན་ཅད་བཅོམ་ལྡན་འདས་ལ་ཉེས་པས་སྟིང་བར་མི་བྱེད་དོ། །དེ་ནས་ཕྱི་ཞིག་ན་བཅོམ་ལྡན་འདས་
བསྙུང་བར་གྱུར་ནས། སྨན་པ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་ལྕགས་མདའ་ཞེས་བྱ་བ་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྨན་པའི་རྒྱལ་པོ་འཚོ་བྱེད་ལ་བཀའ་སྩལ་པ། འཚོ་བྱེད་ངོ་མཚར་ཆེའམ། གསོལ་པ་བཅོམ་ལྡན་འདས་ངོ་མཚར་ཆེ་ལགས་སོ། །
བཀའ་སྩལ་པ། འཚོ་བྱེད་རྨད་དུ་བྱུང་ངམ། གསོལ་པ། བཅོམ་ལྡན་འདས་རྨད་དུ་བྱུང་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཤེས་སམ། གསོལ་པ། བཅོམ་ལྡན་འདས་བདག་འཚལ་ལགས་སོ། བཀའ་སྩལ་པ། འཚོ་བྱེད་ཁྱོད་མི་ཤེས་སམ། གསོལ་པ་བཅོམ་
ལྡན་འདས་བདག་མ་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཅི་ཞིག་ངོ་མཚར་ཆེ། གསོལ་པ། བཅོམ་ལྡན་འདས་པ་རྣམས་རྩྭ་ཟ་ཞིང་ཆུ་འཐུང་ལ། དེ་དག་ལས་བདུད་རྩི་འདི་གྲུབ་ཅིང་། དེས་སྨན་མར་ལྕགས་མདའ་ཞེས་བགྱི་བ་བསྒྲལ་ལགས་སོ། །བཀའ་སྩལ་པ།
འཚོ་བྱེད་ཅི་ཞིག་རྨད་དུ་བྱུང་། གསོལ་པ་བཅོམ་ལྡན་འདས་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ལས། དམ་པའི་ཆོས་བསྟན་པ་དང་། དགེ་འདུན་གྱི་བསྒྲུབ་པ་བཟང་པོ་འབྱུང་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཅི་ཞིག་ཤེས། གསོལ་པ། བཅོམ་ལྡན་འདས་སྐྱེས་སླན་

ཅད་གདོན་མི་འཚལ་བར་འགུམ་པར་འཚལ་ལགས་སོ། །བཀའ་སྩལ་པ། འཚོ་བྱེད་ཁྱོད་ཅི་ཞིག་མི་ཤེས། གསོལ་པ་བཅོམ་ལྡན་འདས་སུ་གང་དུ་མཆི་བ་དེ་མ་འཚལ་ལགས་སོ། །དེ་ནས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་
རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་རྟོགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ངའི་དགོངས་ཏེ་གསུངས་པ།
ཅི་ལྟར་རྟོགས་པ་དེ་ཉོན་ཅིག །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། རི་ཁྲོད་ཀྱི་གྲོང་ཞིག་ན་ཁྱིམ་བདག་ཕྱུག་ཅིང་། ནོར་མང་ལ་ལོངས་སྤྱོད་ཆེ་བ་ཞིག་གནས་པ་དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ། །
དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་ཞིག་བཙས་ཏེ། དེའི་བཙས་སྟོན་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱས་པར་སྦྱར་ནས། རིགས་དང་འཐུན་པར་མིང་བཏགས་སོ། །
དེའི་འོག་ཏུ་ཡང་དེ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་བུ་ཞིག་བཙས་ཏེ། དེའི་ཡང་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པའི་མིང་བཏགས་སོ། །དེ་ནས་དེས་བསམས་པ་བདག་གི་བུ་ལོན་འཚོབ་པ་དང་། ནོར་སྤྱོད་པ་སྐྱེས་ཟིན་གྱི་ཟོང་ཁྱེར་ལ་བདག་ཡུལ་
གཞན་དུ་འགྲོ་བར་བྱའོ་སྙམ་མོ། །དེ་ནས་ཡང་བསམས་པ་བདག་གི་ཆུང་མ་འདི་བྱད་གཟུགས་བཟང་བས། བདག་གིས་འདི་ལ་ཀཱར་ཥཱ་པ་ཎ་མང་པོ་བྱིན་ཏེ་སོང་ན་ནི། སྐྱེས་པ་གཞན་དང་ལྷན་ཅིག་ཏུ་དགའ་མགུར་སྤྱོད་པར་འགྱུར་ཡང་སྲིད་ཀྱིས། མ་ལ་བདག་གིས་འདི་ལ་ཀཱར་ཥཱ་པ་
ཎ་ཉུང་ཞིག་བྱིན་ཏེ་འགྲོ་བར་བྱའོ་སྙམ་ནས། དེས་དེ་ལ་ཀཱར་ཥཱ་པ་ཎ་ཉུང་ངུ་ཞིག་བྱིན་ནས། དེ་མ་ཡིན་པ་གསེར་རྣམས་ནི་བུམ་པའི་ནང་དུ་བཅུག་སྟེ། བུམ་པའི་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་ནས། དུར་ཁྲོད་དུ་ཤིང་རྟ་རྣ་ཞེས་བྱ་བའི་དྲུང་དུ་སྦས་ཏེ་བཞག་ནས་ཟོང་ཁྱེར་ཏེ་ཡུལ་

གཞན་དུ་སོང་ནས། དེས་དེར་རྙེད་པ་མང་པོ་གྲུབ་ནས་དེས་དེར་ཡང་ཆུང་མ་བླངས་ཏེ་འདུག་ནས་དེའི་བུ་མང་པོ་བཙས་སོ། །དེ་ནས་ཆུང་མ་སྔ་མ་གདུ་བུ་ཞེས་བྱ་བས་ལག་འོངས་དང་། དེས་ཉེ་དུས་བཤུགས་པ་ཙམ་གྱིས་བུ་གཉིས་གསོས་མནགས་ནས། བུ་གཉིས་
ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱི་ཕ་གར་སོང་། མས་སྨྲས་པ། བུ་ཡུལ་ག་གེ་མོ་ཞིག་ན་གནས་ཆེ་གེ་མོ་ཞིག་ན་འདུག་སྟེ། དེ་ནོར་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་ཞེས་ཀྱང་གྲག་གིས། དེར་སོང་ཤིག་དང་གལ་ཏེ་ན་ཁྱེད་ཀྱི་འཚོ་བའི་ཐངས་ཅུང་ཟད་སྦྱིན་ཡང་སྲིད་དོ་ཞེས་བྱས་
སོ། །དེ་ནས་ཕུ་བོ་ཤོས་ཕ་ཚོལ་དུ་སོང་བ་ལས་དེ་ལམ་ནས་ལམ་དུ་འཁོར་འཁོར་ཏེ། མཐར་གྱིས་ཕའི་དྲུང་དུ་ཕྱིན་ནས། ཕས་བཞིན་གྱི་གཟུགས་ལས་ངོ་ཤེས་ནས་སྐད་ཕྱུང་སྟེ་སྨྲས་པ། ཁྱོད་ག་ལས་འོངས། ད་གར་འགྲོ་ཞེས་བྱས་ནས་དེས་རྒྱས་པར་བསྙད་དོ། །དེ་ནས་ཕས་
བསམས་པ། འདི་ནི་བདག་གི་བུ་དེ་ཁོ་ན་ཡིན་ནོ་སྙམ་ནས། དེས་དེ་བདག་གི་ཐད་དུ་བཞག་ནས་བསྒོ་བ། བུ་ཁྱོད་ཀྱིས་སུ་ལ་ཡང་བདག་གི་ཕ་ཡིན་ཞེས་མ་ཟེར་ཅིག་ཅེས་བྱས་ནས། དེས་དེ་ལ་བྱམས་པར་གྱུར་ཏོ། །དེ་ནས་བུ་གཞན་རྣམས་ཀྱིས་ཡབ་ཁྱེའུ་འདི་སུའི་ལགས། ཕས་སྨྲས་པ།
ངའི་མཛའ་བོའི་བུ་ཡིན་ནོ། །དེ་ནས་དེ་དག་གིས་བསམས་པ། འདི་ལྟར་འདི་ལས་ཤིན་ཏུ་བྱམས་པ་ལས་ན། འདི་ཉིད་ཀྱི་བུ་ཡིན་གོར་མ་ཆག་སྙམ་མོ། །དེ་ནས་དེ་དག་གཅིག་ལ་གཅིག་སྨྲས་ཏེ། འདི་ནི་བདག་ཅག་གི་ཕུ་བོ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཕས་བསམས་པ།
དགྲའི་ནང་ན་ནི་འདི་ལྟ་སྟེ། མས་དབྱེན་འདི་མ་རུང་བ་ཡིན་ཏེ། འདི་བསད་དུ་འོང་གིས་ཕྱིར་བཏང་ངོ་། །དེ་ལྟ་མོད་ཀྱིས་གལ་ཏེ་བདག་གིས་ཅུང་ཟད་ཅིག་འདི་ལ་བྱིན་ན་ཡང་ལྟོད་པ་ཅན་ཡིན་པའི་ཕྱིར་ལམ་དུ་བསད་དུ་འོང་ན། མ་ལ་བདག་གིས་འདི་ཕྱིར་བཏང་ངོ་སྙམ་ནས། ཡི་གེ་ཞིག་བྲིས་
ཏེ་བྱིན་པ། གནས་ནས་ཤར་ཕྱོགས་ལོགས་སུ་དཔག་ཚད་གཅིག་ཙམ་ན། །གྲོང་ནས་གྲོང་དུ་མགྱོགས་ཀྱི་རྣ་བའི་ཤིང་དྲུང་ན། །ཐབས་ལ་མཁས་པ་བག་དང་ལྡན་པས་བརྐོས་ནས་ཀྱང་། །བདག་དང་ནོར་སྐལ་གཅིག་པ་ཁྱོད་ཀྱིས་གསོལ་བར་གྱིས། །མགུལ་ན་འདུག་པ་གང་ཡིན་

དེ་ནི་གདུ་བུར་བྱིན་ཞེས་ཟེར་བ་ཞིག་ཡི་གེར་བྲིས་ནས་བྱིན་ཏེ། དེས་ཡི་གེ་དེ་ཁྱེར་ནས་ཆས་ཏེ་སོང་བ་ལས། ནུ་བོ་རྣམས་ཀྱིས་ལམ་དུ་བཟུང་སྟེ། ཕ་ལས་ཁྱོད་ཀྱིས་ཅི་ཐོབ་ཅེས་སྨྲས་སོ། །དེས་སྨྲས་པ། ཅི་ཡང་མ་ཐོབ་སྟེ། ཡི་གེ་འདི་བྱིན་པར་ཟད་དོ་ཞེས་བྱས་སོ། །དེ་ནས་དེ་
དག་ན་རེ་འདི་ནི་ཕས་བྲིད་པ་ལྟ་སྟེ་སོང་ཤིག་ཅེས་བྱས་ནས་དེ་བཏང་སྟེ། མཐར་གྱིས་རང་གི་ཁྱིམ་དུ་ཕྱིན་ནས། རེ་ཞིག་ངལ་སོ་ཤིང་། འདུག་འདུག་ནས་མས་སྨྲས་པ། ཁྱོད་ཀྱིས་ཕ་ལས་ཅི་ཐོབ། བུས་སྨྲས་པ། ཅི་ཡང་མ་ཐོབ་མོད་ཀྱི། ཡི་གེ་འདི་ལྟ་བུ་ཞིག་ཐོབ་བོ། །མས་
སྨྲས་པ། བུ་ཁྱོད་ཕས་བྲིད་དེ། ལམ་གྱི་ཚེགས་བྱུང་བ་ཁོ་ནར་ཟད་དེ་ཅི་ཡང་མ་གྲུབ་བོ། །བུས་སྨྲས་པ། ཡུལ་དེ་ནི་ཆེ་བ་ཡིན་ཏེ། བདག་འདྲིད་པར་མི་བྱེད་དོ་ཞེས་བྱས་ནས། དེ་ཡི་གེ་དེ་དཔྱོད་པ་ལ་ཞུགས་ཏེ། གྲོང་ནས་ཞེས་བྱ་བ་ནི་གང་དུ་སྐྱེས་པ་དེ་ཡིན་ཏེ། དེ་ནི་འདིར་
གྲོང་ཞེས་བསྟན་ཏོ། །གྲོང་དུ་ཞེས་བྱ་བ་ནི་གང་དུ་ཕྱུང་སྟེ། བསྲེག་པའི་ས་ཡིན་ནོ། །མགྱོགས་ཀྱི་རྣ་བའི་ཤིང་གི་དྲུང་ཞེས་བྱ་བ་ལ་མགྱོགས་ཞེས་བྱ་བ་ནི་རྟ་ཡིན་ཏེ། དེ་ནི་རྣ་བའི་ཤིང་ཞེས་བྱ་བ་ནི་རྟ་རྣ་ཞེས་བྱ་སྟེ། ཤིང་རྟ་རྣའི་དྲུང་ལ་བྱའོ། །གནས་ནས་ཤར་ཕྱོགས་ལོགས་
སུ་ཞེས་བྱ་བ་ནི་ཤར་ཕྱོགས་ཡིན་ནོ། །དཔག་ཚད་གཅིག་ཙམ་ན་ཞེས་བྱ་བ་དེ་ནི་དཔག་ཚད་གཅིག་ཁོ་ན་ལ་བྱའོ། །དེས་ཚིགས་སུ་བཅད་པ་དེ་ལྟ་བུར་དཔྱད་ནས། མཚན་མོ་མི་མི་རྒྱུ་བའི་ཚེ་དུར་ཁྲོད་དུ་སོང་ནས། དེའི་འདབ་ན་རྟ་རྣ་ཞེས་བྱ་བའི་ཤིང་ཞིག་འདུག་སྟེ། དེས་དེའི་
ཤར་ཕྱོགས་ལོགས་སུ་བཅལ་ཏེ་གཉའ་ཤིང་གང་ཙམ་ཚུན་ཅད་བརྐོས་པ་དང་། རེ་ཞིག་ན་གསེར་གྱི་བུམ་པ་མགྲིན་པ་མུ་ཏིག་གི་ཕྲེང་བས་བཅིངས་པ་ཞིག་མཐོང་ནས། དེ་དགའ་ཆེས་ཏེ་དེ་བླངས་ནས་ཁྱིམ་དུ་སོང་སྟེ། མུ་ཏིག་གི་ཕྲེང་བ་བཀྲོལ་ནས་མ་གདུ་བུ་ལ་བྱིན་ནོ། དགེ་
སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཁྱིམ་བདག་ཏུ་གྱུར་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་བུར་གྱུར་པ་གང་ཡིན་པ་དེ་ནི་འཚོ་བྱེད་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་སོ། །ད་ལྟར་ཡང་འདིས་ངའི་དགོངས་ཏེ་གསུངས་པ་རྟོགས་

སོ། །དེ་ནས་འཚོ་བྱེད་ཀྱིས་བསམས་པ། བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་སྐུ་མངའ་ལ་སྐུ་ཆེ་བས་ན། སྨན་མར་ཉུང་ངུས་འདི་གསོ་བར་མི་ནུས་སོ་སྙམ་སྟེ། དེས་བརྟགས་ནས་སྨན་མར་སྲང་སུམ་ཅུ་རྩ་གཉིས་སྲང་ལ་བཅལ་ཏེ། བཅོམ་ལྡན་འདས་ཀྱི་སྐུར་
གསོལ་ཏེ། ལྷུང་བཟེད་ཀྱི་ལྷག་མ་ནི་དགེ་སློང་རྣམས་ལ་བསྟབས་པ་ལས། བཅོམ་ལྡན་འདས་ཀྱི་ལྷུང་བཟེད་ཀྱི་ལྷག་མའོ་སྙམ་ནས། དགེ་སློང་རྣམས་ཀྱིས་བཏུད་ཅིང་བཏུང་ངོ་། །དེ་ནས་ལྷས་བྱིན་གྱིས་བསམས་པ། བདག་གིས་ཀྱང་སྨན་མར་བཏུང་ངོ་སྙམ་ནས། དེས་འཚོ་
བྱེད་ལ་དྲིས་པ། འཚོ་བྱེད་དགེ་སྦྱོང་གཽ་ཏ་མས་སྨན་མར་ཅི་ཞིག་འཐུངས། འཚོ་བྱེད་ཀྱིས་སྨྲས་པ། སྲང་སུམ་ཅུ་རྩ་གཉིས་གསོལ་ཏོ། །ལྷས་བྱིན་གྱིས་སྨྲས་པ། ངས་ཀྱང་སྲང་སུམ་ཅུ་རྩ་གཉིས་བཏུང་ངོ་། །འཚོ་བྱེད་ཀྱིས་སྨྲས་པ། བཅོམ་ལྡན་འདས་ནི་རྡོ་རྗེ་ལྟ་བུའི་སྐུ་མངའ་
ལ་སྐུ་ཆེ་བས་ན། སྨན་མར་དེ་སྙེད་གསོལ་བ་དང་། འཇུ་བར་སྤྱོད་ཀྱིས་ཁྱོད་ཀྱིས་ནི་འཇུ་བར་མི་ནུས་སོ། །ལྷས་བྱིན་གྱིས་སྨྲས་པ། ང་ཡང་རྡོ་རྗེ་ལྟ་བུའི་ལུས་ཅན་ཡིན་ན། ཅིའི་ཕྱིར་འཇུ་བར་མི་ནུས་ཞེས་བྱས་ནས། དེས་ཀྱང་སྲང་སུམ་ཅུ་རྩ་གཉིས་འཐུངས་སོ། །དེ་ནས་བཅོམ་ལྡན་འདས་
ཀྱིས་ནི་ཞུ་བར་གྱུར། ལྷས་བྱིན་གྱིས་ནི་ཞུ་བར་མ་གྱུར་ཏོ། །དེ་ནས་ཕྱི་ཉིན་ཡང་འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ལ་སྨན་མར་འབྲས་ཆན་གྱི་ཁུ་བ་དང་སྦྱར་བ་གསོལ་ཏོ། །ལྷས་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཀྱིས་གསོལ་པས། ང་རྒྱལ་གྱི་དབང་གིས་མ་ཞུ་བཞིན་དུ་སྨན་མར་འབྲས་
ཆན་གྱི་ཁུ་བར་སྦྱར་ཏེ་འཐུངས་པས། ཟུག་གཟེར་གྱིས་བཏབ་སྟེ། གནད་ལ་བབ་པའི་ན་ཚས་ཐེབས་ནས། གཞི་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་། ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་མྱོང་ནས། ཉིན་མཚན་དུ་གཉིད་ཀྱང་མི་ལོག་པར་གྱུར་ཏོ། །ཚེ་དང་ལྡན་པ་
ཀུན་དགའ་བོ་ནི། ཕུ་ནུ་བོ་ལ་བྱམས་ཏེ་དེས་གཏམ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གླང་པོ་ཆེའི་སྣ་ལྟ་བུ་འཁོར་ལོ་དང་། བཀྲ་ཤིས་དང་། གཡུང་དྲུང་རིས་དང་ལྡན་པ། བསོད་ནམས་བརྒྱ་ཕྲག་དུ་མ་ལས་བྱུང་བ་འཇིགས་པ་ཐམས་ཅད་

དབུགས་འབྱིན་པར་བྱེད་པའི་ཕྱག་བརྐྱང་སྟེ། བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཐལ་ནས་ལྷས་བྱིན་གྱི་མགོ་ལ་བཞག་སྟེ། བདེན་པ་བསྐུལ་བ་མཛད་པ། བདེན་པ་གང་གིས་ངའི་བུ་གཅིག་པ་སྒྲ་གཅན་ཟིན་བཟང་པོ་སྡུག་གུ་ལ་ཅི་ལྟ་བ་བཞིན་དུ་སེམས་ལྷག་ཆད་མེད་པར་ལྷས་བྱིན་ལ་ཡང་དེ་
ཁོ་ན་བཞིན་དུ་སེམས་ན། བདེན་པ་དེས་འདིའི་ནད་ཞི་བར་གྱུར་ཅིག་ཅེས་གསུངས་ནས། བདེན་པ་བསྐུལ་བ་དེ་ཁོ་ནའི་མོད་ལ་ལྷས་བྱིན་གྱི་ནད་ཞི་བར་གྱུར་ཏེ། སྲོག་ཡལ་བ་ལས་ཕྱིར་ཐོབ་པར་གྱུར་ཏོ། །དེ་ནས་དེས་བཅོམ་ལྡན་འདས་ཀྱི་ཕྱག་མཐོང་ནས་ངོ་ཤེས་ཏེ། དེས་བསམས་པ་
འདི་ནི་དགེ་སྦྱོང་གཽ་ཏ་མའི་ལག་པ་ཡིན་ནོ་སྙམ་ནས། དེ་ཡུན་རིང་པོ་ནས་སེམས་ཀྱི་རྒྱུད་གཡོ་སྒྱུས་བསྒྲུབས་པའི་རྒྱགས་པས་གོས་ཤིང་དབང་དུ་བྱས་པས་ན། དེ་ལྟར་སངས་རྒྱས་ཀྱི་ཆེ་བ་ཉིད་ཀྱིས་ནད་ཞི་བར་བྱས་ཀྱང་། འདི་སྐད་དུ་དོན་གྲུབ་ཁྱོད་ཀྱིས་སྨན་དཔྱད་ལེགས་པར་ལོབས་ཏེ།
འདིས་ནི་ཁྱོད་འཚོ་བ་རྙེད་པར་ནུས་སོ་ཞེས་ཟེར་རོ། །དེ་ནས་འཁོར་ན་འཁོད་པ་རྣམས་ཀྱིས་སྒྲ་བསྒྲགས་པ། ལྷས་བྱིན་ནད་ཚབས་ཆེན་པོས་གཟིར་ཏེ་སྲོག་ཡལ་བ་ལ། བཅོམ་ལྡན་འདས་ཀྱིས་བདེན་པ་བསྐུལ་བས་སོས་པར་མཛད་དོ་ཞེས་འཛེར་ཏོ། །ལྷས་བྱིན་གྱི་ཕྱོགས་སུ་ཤིན་ཏུ་
ཞེན་ཞེན་པ་རྣམས་ཀྱིས་ཀྱང་དེ་ཐོས་ནས། བཅོམ་ལྡན་འདས་ཀྱི་ངོ་མཚར་ཆེ་བར་བརྗོད་དོ། །ཀྱེ་མ་འདིའི་བྱམས་པ་ནི་ཡང་དག་པར་ཕུན་སུམ་ཚོགས་པར་གྱུར་ཏོ། །ཀྱེ་མ་སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམས་སོ་ཞེས་འཛེར་ཏོ། །དེ་ནས་དགེ་སློང་རྣམས་ཀྱིས་ལྷས་བྱིན་ལ་སྨྲས་པ། ལྷས་
བྱིན་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་སོས་པར་མཛད་དོ། །གྱིན་ད་སྲོག་དང་བྲལ་ཟིན་ཏོ། །ལྷས་བྱིན་གྱིས་སྨྲས་པ། འདི་ནི་ཡིད་སྒྱུར་བར་བྱེད་པའི་སྒྱུ་ཤེས་ཏེ། དེས་ན་འཇིག་རྟེན་ཐམས་ཅད་ཞི་བར་བྱེད་དོ། །དེ་ནས་དེ་དག་འདི་ནི་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་ཞིག་གོ་
སྙམ་སྟེ། དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ཐེ་ཙོམ་སྐྱེས་ཏེ། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་ལྷས་བྱིན་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པ་ལ་གཟིགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདི་ཇི་ལྟར་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པར་བྱེད་པ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། ཡུལ་བི་
དེ་ཧ་ཞེས་བྱ་བ་ན། རྒྱལ་པོ་དབང་ཆེན་སྡེ་རྒྱལ་པོ་བྱེད་དེ། དེའི་ཚེ་ན་གས་ཁུང་དགོན་པ་ཞིག་ན་ཁྲོན་པ་ཞིག་ཡོད་དེ། ཁྲོན་པ་དེའི་ནང་དུ་སྲོག་ཆགས་ལྔ་ལྷུང་སྟེ། མི་དང་། སེང་གེ་དང་། སྦྲུལ་དང་། བྱི་བ་དང་། བྱ་ཁྲ་རྣམས་སོ། །རྔོན་པ་ཞིག་ཀྱང་ནགས་ཁུང་དགོན་པ་དེ་ན་
རི་དགས་བཤོར་ཞིང་འདུག་པ་ལས། སྐོམ་ཞིང་གདུངས་ནས་ཁྲོན་པ་དེའི་དྲུང་དུ་སོང་སྟེ། དེས་ཁྲོན་པ་དེའི་ནང་དུ་བལྟས་ན་མི་དེས་མཐོང་མ་ཐག་ཏུ་ཀུས་བཏབ་སྟེ། ཀྱེ་གྲོགས་པོ་བདག་ཅག་གི་སྐྱབས་གྱིས་ཤིག་ཅེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་རྔོན་པ་དེ་ཡང་དེ་དག་ལ་
སྙིང་རྗེ་སྐྱེས་ནས། གལ་ཏེ་བདག་གིས་འདི་རྣམས་མ་ཕྱུང་ན་ནི། འདི་དག་ཐམས་ཅད་གྱིན་ད་ལ་འཆི་བར་འགྱུར་རོ་སྙམ་ནས། དེས་ཐག་པ་ཁྱེར་ཏེ་འོངས་ནས་དེ་དག་ཐམས་ཅད་ཁྲོན་པ་དེའི་ནང་ནས་བཏོན་ཏོ། །དེ་ནས་ཕྱི་ཞིག་ན་རྔོན་པ་དེ་རི་དགས་ཤོར་ཞིང་ནགས་ཁུང་དུ་སོང་
བ་ལས། རི་དགས་ཀྱི་རྒྱལ་པོ་སེང་གེ་དེས་མཐོང་ནས། སེང་གེས་རྔོན་པ་ལ་སྨྲས་པ། གྲོགས་པོ་ཁྱོད་ཅིའི་ཕྱིར་ནགས་ཁུང་འདི་ན་རྒྱུ་ཞིང་འདུག །རྔོན་པས་སྨྲས་པ། རི་དགས་བཤོར་བའི་ཕྱིར་བདག་འདི་ན་རྒྱུ་ཞིང་འདུག་སྟེ། བདག་གི་འཚོ་བ་འདི་ཡིན་ནོ། །སེང་གེས་སྨྲས་
པ། གྲོགས་པོ་ཁྱོད་ཉོན་མོངས་པར་མ་བྱེད་ཅིག །ངས་ཁྱོད་ལ་དྲིན་ལན་གླན་པར་བྱ་སྟེ། ཁྱོད་འདི་ན་འདུག་ན་ངས་ཉིན་གཅིག་བཞིན་དུ་རི་དགས་བཟང་ངོ་ཅོག་བསད་དེ། ཤ་ཇི་སྙེད་དགོས་པ་དེ་སྙེད་སྦྱིན་ནོ་ཞེས་སྨྲས་ནས། རི་དགས་ཀྱི་རྒྱལ་པོ་སེང་གེ་སོང་སྟེ། དེས་ཉིན་
གཅིག་བཞིན་དུ་རི་དགས་བཟང་ངོ་ཅོག་བསད་ནས། མི་དེ་ལ་ཤ་མང་པོ་སྦྱིན་ནོ། །དེ་ནས་ཕྱི་ཞིག་ན་རྔོན་པ་དེས་ཤ་ཁུར་གྱིས་བསྐྱལ་ཏེ། རང་གི་ཁྱིམ་དུ་འགྲོ་བ་ན། དེ་བྱ་ཁྲ་དེས་མཐོང་ནས་ངོ་ཤེས་ཏེ། ཁྲ་དེས་རྔོན་པ་དེ་ལ་སྨྲས་པ། གྲོགས་པོ་ཁྱོད་དཀའ་བས་འཚོ་བ་འདི་

ལྟ་བུ་ཞིག་གིས་འཚོ་ཞིང་འདུག་གམ། རྔོན་པས་སྨྲས་པ། བདག་ཅག་གི་འཚོ་བ་ནི་འདི་ཡིན་ཏེ། ཐབས་འདིས་བདག་འཚོ་བ་ཚོལ་ལོ། །དེ་ནས་ཁྲ་དེས་བསམས་པ། མི་འདིས་སྔོན་བདག་གི་སྲོག་ཕྱུང་བས་ན། འདི་ལ་བདག་གིས་དྲིན་ལན་བསབ་དགོས་སོ་སྙམ་ནས།
དེས་སྨྲས་པ། གྲོགས་པོ་ཁྱོད་འདིར་འདུག་ཤིག་དང་བདག་གིས་ཁྱོད་ཀྱི་དབུལ་བ་གཅད་པར་བྱའོ་ཞེས་བྱས་ནས་སོང་ངོ་། །དེ་ནས་ཁྲ་དེས་རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས། བདག་གི་འདིར་ཅི་ཞིག་རྙེད་པར་གྱུར་ཅིག་གུ་བདག་གིས་དེ་ཁྱེར་ནས་མི་དེ་ལ་སྦྱིན་པར་བྱའོ་སྙམ་སྟེ། སྟེང་
གི་ནམ་མཁའ་ལ་ལྡིང་བཞིན་དུ་བལྟས་ན། དེའི་ཚེ་རྒྱལ་པོའི་ཕོ་བྲང་དེ་ན་རྒྱལ་པོ་དབང་ཆེན་སྡེའི་བཙུན་མོ་དམ་པས་རྒྱན་ཐམས་ཅད་བཀྲོལ་ནས་གབ་ཙེའི་ནང་དུ་བཞག་སྟེ། སྐྲ་བཀྲུས་པ་ལས་ཁྲས་རྒྱན་རྣམས་ཁྱེར་ནས་མི་དེ་ལ་བྱིན་ཏེ། དེས་ཁྱེར་ཏེ་རང་གི་ཁྱིམ་དུ་ཆས་པ་ལས། མི་
དེས་མཐོང་ནས་ངོ་ཤེས་ཏེ་དྲིས་པ་གྲོགས་པོ་ཁྱོད་ཀྱིས་འདི་ག་ལས་རྙེད། རྔོན་པས་དེ་ལ་སྨྲས་པ། ཁྲས་བདག་ལ་བྱིན་ནོ་ཞེས་སྨྲས་ནས། རྔོན་པ་དེ་བདག་གི་ཁྱིམ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དབང་ཆེན་སྡེས། བྱ་བ་ཐམས་ཅད་ལ་བསྒོ་བ། ཁྱོད་དེང་ལ་བྱ་ཚང་ཐམས་ཅད་དུ་སོང་
སྟེ། རྒྱན་དེ་དག་ཁྱེར་ཏེ་ཤོག་ཤིག་ཅེས་བྱས་སོ། །མི་སྔ་མ་དེས་ཀྱང་ཚོར་ནས་བསམས་པ། འདིས་བདག་ལ་ལན་གཉིས་ཁྲོན་པར་ལྷུང་བ་ལས་ཕྱུང་ན་མི་རུང་གིས། བདག་རྒྱལ་པོའི་ཐད་དུ་སོང་ལ་གསོལ་བར་བྱའོ། །འོན་ཀྱང་དེས་བདག་ལ་བྱ་དགའ་སྦྱིན་པར་འགྱུར་རོ་སྙམ་
ནས། མི་དེ་སོང་སྟེ་རྒྱལ་པོ་ལ་གསོལ་པ། རྔོན་པ་ཆེ་གེ་མོ་ཞིག་གིས་ལྷའི་རྒྱན་རྣམས་ཁྱེར་རོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་ཏུ་དེ་ལ་བྱ་དགའ་ཆེན་པོ་བྱིན་ནོ། །དེ་ནས་རྔོན་པ་དེ་བཀུག་སྟེ། རྒྱན་རྣམས་ཀྱང་ཕྲོགས་ནས་ཁྲི་མོན་དུ་བཅུག་གོ། །དེ་ཁྲི་མོན་ན་འདུག་པ་ན་བྱི་བ་དེས་
མཐོང་ནས་ངོ་ཤེས་ཏེ་དེས་བསམས་པ། མི་གང་གིས་བདག་གི་སྲོག་ཕྱུང་བ་དེ་ནི་འདི་ཡིན་གྱིས། འདི་ལ་བདག་གིས་དྲིན་ལན་བསབ་པར་བྱའོ་སྙམ་ནས། དེས་སྨྲས་པ། གྲོགས་པོ་ཁྱོད་ཅི་ཉེས་ཏེ་ཁྲི་མོན་འདིར་བཅུག །དེ་ནས་དེས་དེ་ལ་རྒྱས་པར་ཐམས་ཅད་བསྙད་དོ། །དེ་ནས་

བྱི་བ་དེས་སྨྲས་པ། གྲོགས་པོ་ཁྱོད་བརྟན་པོར་མཛོད་ལ། སྤྲོ་བ་ཆེན་པོ་བསྐྱེད་ཅིག་དང་། ངས་ཁྱོད་འདི་ན་འདུག་པའི་ཚེ། ཟས་དང་སྐོམ་གྱིས་མདོ་མི་གཟུང་བར་བྱའོ་ཞེས་བྱས་ནས། བྱི་བ་དེས་མི་དེ་ཁྲི་མོན་ན་འདུག་པ་དེ་ལ་ཟས་དང་། སྐོམ་གྱིས་མདོ་མི་
གཟུང་བར་བྱས་སོ། །དེ་ནས་ཕྱི་ཞིག་ན་མི་དེ་ཁྲི་མོན་ན་འདུག་བཞིན་དུ། སྦྲུལ་གདུག་པ་དེས་སྲོག་གཅིག་ཏུ་བྱས་ཏེ། འདི་ལ་ངས་དྲིན་ལན་གླན་པར་བྱའོ་སྙམ་དུ་བསམས་ནས། མི་དེ་ལ་སྨྲས་པ། ཀྱེ་མི་ཁྱོད་ངས་ཁྲི་མོན་འདི་ནས་ཐར་བར་བྱས་ཏེ། དབང་ཕྱུག་གི་བདག་པོ་ཆེན་
པོ་ལ་གཞག་པར་བྱའོ་ཞེས་བྱས་ནས། ངས་རྒྱལ་པོ་འདི་དུག་གིས་ཟིན་པར་བྱས་ལ། དེ་བདག་གི་དུག་གིས་ཅི་བྱ་གཏོལ་མེད་པར་གྱུར་པ་དང་། དེའི་ཚེ་ཁྱོད་ཁྲི་མོན་ན་འདུག་པས། རྒྱལ་པོ་འདི་གཞན་སུས་ཀྱང་སོས་པར་བྱེད་མི་ནུས་ཏེ། ང་འབའ་ཞིག་གིས་གསོ་ནུས་སོ་ཞེས་
གྱིས་ཤིག །དེ་ནས་རྒྱལ་པོ་དེས་ཁྱོད་དགུག་པ་དང་། ཁྱོད་དེར་སོང་ལ་བ་ལང་གི་ལྕི་བས་དཀྱིལ་འཁོར་གྱིས་ལ། མེ་སྦར་ཏེ་སྔགས་འདི་བཟླས་བརྗོད་གྱིས་ཤིག་དང་། ཁྱོད་ཀྱི་སྒྲ་ཐོས་པས་ང་འོང་གིས་ཁྱོད་ཀྱིས་ང་འོངས་པ་དང་། འདི་སྐད་དུ། ཡང་ན་མེར་མཆོངས་ཤིག །
ཡང་ན་རྒྱལ་པོའི་དུག་མེད་པར་གྱིས་ཤིག་ཅེས་བྱོས་ཤིག་དང་། ངས་ཁྱོད་ལ་འདི་སྐད་དུ་བདག་ནི་མེའི་ནང་དུ་མཆོངས་པར་བྱའི། རྒྱལ་པོའི་དུག་ནི་མེད་པར་མི་བྱའོ་ཞེས་བྱའོ། །དེ་ནས་ཁྱོད་ཀྱིས་ང་ལ་འདི་སྐད་དུ་ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་། ངས་ཀྱང་རྒྱལ་པོའི་སྲོག་མི་གཏོང་གི །
ཁྱོད་ཀྱིས་རྒྱལ་པོ་འདིའི་དུག་མེད་པར་མི་བྱར་མི་རུང་ངོ་གྱིས་ཤིག་དང་། ངས་ཁྱོད་ཀྱི་ཚིག་གིས་རྒྱལ་པོའི་དུག་མེད་པར་བྱའོ། །འོན་ཏང་དེའི་ཚེ་རྒྱལ་པོ་ཁྱོད་ལ་མཉེས་པར་གྱུར་ནས། ཁྲི་མོན་ནས་བཏང་སྟེ། ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་པར་འགྱུར་རོ་ཞེས་བྱས་ནས། སྦྲུལ་གདུག་པ་དེ་
སོང་སྟེ་རྒྱལ་པོ་དེ་དུག་གིས་ཟིན་ནས། རྒྱལ་པོ་དེ་ཅི་བྱ་གཏོལ་མེད་པར་གྱུར་ནས། རྔོན་པ་དེས་བཙོན་སྲུངས་རྣམས་ལ་སྨྲས་པ། རྒྱལ་པོ་འདི་སུས་ཀྱང་དུག་མེད་པར་མི་ནུས་ཏེ། ངས་འདིའི་དུག་མེད་པར་བྱའོ་ཞེས་བྱས་སོ། །དེ་ནས་བཙོན་སྲུངས་རྣམས་ཀྱིས་རྒྱལ་པོ་ལ་གསོལ་

ཏོ། །དེ་ནས་རྒྱལ་པོས་མི་དེ་བཀུག་སྟེ་སྨྲས་པ། ཀྱེ་གལ་ཏེ་མི་ཁྱོད་ཀྱིས་ངའི་སྲོག་གི་སྐྱབས་བྱེད་ནུས་པར་གྱུར་ན། ངས་ཁྱོད་ལ་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་ནོ་ཞེས་བྱས་སོ། །དེ་ནས་མི་དེས་སྨྲས་པ། ལྷ་བརྟན་པོར་མཛོད་ལ་སྤྲོ་བ་ཆེན་པོ་བསྐྱེད་ཅིག་དང་། བདག་མཆིས་བཞིན་
དུ་ཁྱོད་གྲོངས་པར་མི་འགྱུར་རོ་ཞེས་བྱས་ནས། མི་དེས་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ནས། མེ་སྦར་ཏེ་སྔགས་བརྗོད་དོ། །དེ་ནས་དེ་ཐོས་ནས་སྦྲུལ་གདུག་པ་དེ་དཀྱིལ་འཁོར་གྱི་དྲུང་དུ་འོངས་ཏེ་འདུག་གོ། །དེ་ནས་མི་དེས་སྨྲས་པ། ཁྱོད་ནི་འདི་ན་འདུག་པ་དོན་གཉིས་ཤིག་བྱ་
དགོས་ཏེ། ཡང་ན་ནི་རྒྱལ་པོའི་དུག་མེད་པར་གྱིས་ཤིག །ཡང་ན་ནི་མེའི་ནང་དུ་མཆོངས་ཤིག་ཅེས་བྱས་སོ། །དེ་ནས་སྦྲུལ་གདུག་པས་སྨྲས་པ། བདག་ནི་འདི་ན་འདུག་པ་དོན་གཉིས་བྱ་དགོས་པ་ལས། ཡང་ན་བདག་ཉིད་གཏང་བར་བྱ་དགོས་སོ། །ཡང་ན་རྒྱལ་པོ་བསད་
དགོས་སོ་ཞེས་བྱས་ནས། སྦྲུལ་གདུག་པ་དེ་མངོན་དུ་ཕྱོགས་ཤིང་འདུག་པ་ལས། མི་དེས་བཟློག་སྟེ་སྨྲས་པ། ཁྱོད་ཀྱིས་སྲོག་བོར་དུ་ཟིན་ཀྱང་ངས་རྒྱལ་པོའི་སྲོག་མི་གཏང་གིས། ཁྱོད་ཀྱིས་རྒྱལ་པོ་འདིའི་དུག་མེད་པར་མི་བྱར་མི་རུང་ངོ་ཞེས་བྱས་སོ། །དེ་ནས་དེ་ཐོས་མ་ཐག་
ཏུ་སྦྲུལ་གདུག་པ་དེས་རྒྱལ་པོའི་དུག་མེད་པར་བྱས་སོ། །དེ་ནས་རྒྱལ་པོ་མཉེས་པར་གྱུར་ནས། རྔོན་པ་དེ་ནོར་གྱི་ཕུང་པོ་བྱིན་ཏེ་བཏང་ངོ་། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྔོན་པར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ནོ། །དེའི་ཚེ་
མིའི་རྒྱལ་པོ་ལ་གསོལ་པ་གང་ཡིན་པ་དེ་ནི་ལྷ་སྦྱིན་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་དྲིན་དུ་མི་གཟོ་བ་དང་། བྱས་པ་མི་ཚོར་བ་དང་། བྱས་པ་ཆུད་གསོན་པར་གྱུར་ཏོ།། །།ལས་བརྒྱ་ཐམ་པ། བམ་པོ་སུམ་ཅུ་ལྔ་པ། རྨོངས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་
པ་ན་བཞུགས་ཏེ། དེའི་ཚེ་ཡུལ་ཤུར་པར་ཀ་ན་ཁྱིམ་བདག་ཅིག་གནས་པ་དེས། ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་

གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། མིང་རྨོངས་པ་ཞེས་བཏགས་སོ། །དེ་ནས་ཁྱེའུ་རྨོངས་པ་འོ་མ་དང་། ཞོ་དང་། མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་ཏེ། དེ་གང་
གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཡི་གེ་དང་། ཁོང་རྩིས་དང་། ཤོད་དགོད་པ་དང་། ལག་རྩིས་དང་། དབྱུང་བ་དང་། སྦ་བ་དང་། དགྲམ་པ་དང་། གོས་བརྟག་པ་དང་། ནོར་བུ་བརྟག་པ་དང་། རིན་པོ་ཆེ་བརྟག་པ་དང་། སྤོས་བརྟག་པ་དང་། སྨན་བརྟག་པ་དང་། གླང་པོ་ཆེ་བརྟག་
པ་དང་། རྟ་བརྟག་པ་དང་། གོ་མཚོན་བརྟག་པ་བསླབས་ཏེ། ཡི་གེ་མཁས་པ་དང་། ཀློག་མཁས་པ་དང་། མཛངས་པ་དང་། བྱ་བ་ལ་གསལ་བ་དང་། ཡིད་གཞུངས་པ་དང་། བརྟག་པ་རྣམ་པ་བརྒྱད་ལ་བྱང་བར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་དེའི་ལུས་ཤུར་བུ་ཡུངས་འབྲུ་
ཙམ་ཤ་སྟག་གིས་ཁྱབ་པར་གྱུར་ཏེ། ཤུར་བུ་དེ་དག་ཀྱང་སྨིན་ཏེ་རྡོལ་ནས། དེའི་ལུས་རྨས་ཞུ་ལུབ་ཏུ་གཡོགས་པར་གྱུར་ཏོ། །དེ་ནས་དེའི་ཕས་སྨན་པ་ཐམས་ཅད་ལས་ཡོ་བྱད་སྦྱར་ཏེ་གསོས་ཀྱང་། དེ་སོས་པར་བྱེད་མ་ནུས་ནས། དེ་ཅི་ཙམ་དུ་ཚབ་ཆེ་བར་གྱུར་པ་དེ་ཙམ་དུ།
ལུས་ལས་རྣག་ཁྲག་འཛག་སྟེ། དྲི་ང་བ་བྱུང་ངོ་། །དེ་ནས་དེའི་ལུས་ཐམས་ཅད་སྤོས་ཆུ་སྣ་ཚོགས་ཀྱིས་བྱུགས་ཏེ་གོས་ཀྱིས་གཡོགས་ནས་གསོ་བར་བྱེད་དོ། །དེ་ནས་དེའི་ཕུ་ནུ་རྣམས་ཀྱིས་མཐོང་ནས་མིང་སྤོས་ཏེ། ཁྱེའུ་འདིའི་ལུས་གོས་དང་། རྒྱན་རྣམས་ཀྱིས་གཡོགས་
ཏེ་གསོས་པས་ན། འདིའི་མིང་སྦས་པ་ཞེས་བྱའོ་ཞེས་ཟེར་རོ། །དེ་ནས་དེ་ལ་ལ་ལས་ནི་རྨོངས་པ་ཞེས་བྱ་བར་ཤེས་སོ། །ལ་ལས་ནི་སྦས་པ་ཞེས་བྱ་བར་ཤེས་སོ། །དེ་ནས་ཕྱི་ཞིག་ན་དེའི་ཕ་མ་གཉིས་ཤིའོ། །ཕ་མ་གཉིས་ཤི་ནས་ལས་སུ་བྱ་བ་ཐམས་ཅད་ཁྱེའུ་དེས་ཚིས་
བྱེད་དེ། དེ་ལས་གང་བྱེད་ཀྱང་རུང་། ཞིང་བླས་བྱེད་ཀྱང་རུང་། ཚོང་བྱེད་ཀྱང་རུང་། གྲུའི་ལས་བྱེད་ཀྱང་རུང་། དེ་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་རོ། །དེ་ནས་ཁྱིམ་བདག་རྨོངས་པ་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་འདིར་ལས་གང་བྱེད་ཀྱང་རུང་སྟེ།

ཞིང་བླས་བྱེད་ཀྱང་རུང་། ཚོང་བྱེད་ཀྱང་རུང་། གྲུའི་ལས་བྱེད་ཀྱང་རུང་། བདག་གི་ལས་བྱས་སོ་ཅོག་འཇིག་ཅིང་འགྲུབ་པར་མི་འགྱུར་ན། འཇིག་རྟེན་ན་མི་འཇིག་པའི་ཆོས་གང་འཇིག་པར་མི་འགྱུར་བ་འགའ་ལྟ་ཡོད་དམ་ཞིག་གུ་སྙམ་མོ། །དེ་ནས་ཁྱིམ་བདག་རྨོངས་པ་དེའི་མཛའ་བོ་དང་།
གྲོགས་པོ་དང་ཕུ་ནུ་དང་། རྒན་རབས་རྙིང་གི་སྔོན་གྱི་ལྷ་ཞིག་ཁྱིམ་བདག་རྨོངས་པའི་ཁྱིམ་གྱི་སྒོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་དེ་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ། ཁྱིམ་བདག་རྨོངས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ཁྱོད་ཀྱིས་འཇིག་རྟེན་ན་འཇིག་
པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སམ། ཁྱིམ་བདག་གིས་སྨྲས་པ། ལྷ་བདག་གིས་ནི་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་ན། ལྷ་ཁྱོད་ཀྱིས་འཇིག་
རྟེན་ན་འཇིག་པའི་ཆོས་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་ཤེས་སམ། ལྷས་སྨྲས་པ། ཁྱིམ་བདག་ངས་ཀྱང་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་མི་ཤེས་སོ། །ཁྱིམ་བདག་གིས་སྨྲས་པ།
ལྷ་འོ་ན་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་ཅན་མ་ཡིན་པ་གང་ཡིན་པ་སུས་ཤེས། ལྷས་སྨྲས་པ། ཁྱིམ་བདག་ཤེས་པ་ཡོད་དེ། དགེ་སྦྱོང་གཽ་ཏ་མ་ཤཱཀྱའི་བུ། ཤཱཀྱའི་རིགས་ལས་སྐྲ་དང་ཁ་སྤུ་བྲེགས་ཏེ། ཆོས་གོས་ཚོན་ཅན་རྣམས་
བགོས་ནས། ཡང་དག་པའི་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། བཅོམ་ལྡན་འདས་དེས་ནི་འཇིག་རྟེན་ན་འཇིག་པའི་ཆོས་ཅན་གང་ཡིན་པ་དང་། འཇིག་པའི་ཆོས་
ཅན་མ་ཡིན་པ་གང་ཡིན་པ་མཁྱེན་ཏོ། །ཁྱིམ་བདག་གིས་སྨྲས་པ། ལྷ་བཅོམ་ལྡན་འདས་དེ་ད་ལྟར་ག་ལ་བཞུགས། ལྷས་སྨྲས་པ། ཁྱིམ་བདག་ཤར་ཕྱོགས་ཀྱི་ལྗོངས་ན། ཡུལ་མཉན་དུ་ཡོད་པ་ཞེས་བྱ་བ་ཞིག་ཡོད་དེ། དེའི་ནང་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་

ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ད་ལྟར་བཅོམ་ལྡན་འདས་དེ་བཞུགས་ཀྱིས། ཁྱིམ་བདག་ཁྱོད་འདོད་ན། བཅོམ་ལྡན་འདས་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས། བཅོམ་ལྡན་འདས་ལ་དོན་འདི་དྲིས་ལ། བཅོམ་ལྡན་འདས་དེས་ཁྱོད་ལ་ཇི་སྐད་དུ་ལུང་བསྟན་
པ་དེ་བཞིན་དུ་ཟུང་ཤིག་ཅེས་སྨྲས་ནས། ལྷ་དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དེ་ཐོས་མ་ཐག་ཏུ་ཁྱིམ་བདག་རྨོངས་པ་བཅོམ་ལྡན་འདས་ལ་བལྟ་འདོད་པར་གྱུར་ཏོ། །དེ་ནས་ཕྱི་ཞིག་ན་ཡུལ་ཤུར་པར་ཀའི་ཚོང་པ་མང་པོ་དེ་དག་ཟོང་ཁྱེར་ཏེ། མཉན་དུ་ཡོད་པར་དོང་ནས། དེ་
དག་དེར་དོང་བས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་པར་གྱུར་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་དག་ཕྱི་ཞིག་ན་ཟོང་དང་རིན་རྣམས་ཁྱེར་ཏེ་ཡུལ་ཤུར་པ་ར་ཀར་འོངས་ནས། དེ་དག་གིས་ཁྱིམ་བདག་རྨོངས་པའི་མདུན་དུ། སངས་
རྒྱས་དང་ཆོས་ཀྱི་བསྔགས་པ་བརྗོད་དོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་དེ་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་ཡིན་གྱི། དེ་བལྟ་བའི་ཕྱིར་ཁྱོད་སོང་ཤིག་དང་། དེས་ཁྱོད་ཀྱི་ལུས་དང་སེམས་ཀྱི་ནད་གསོ་བར་འགྱུར་རོ། །དེ་ནས་དེས་ཚིག་དེ་ཐོས་ནས་ལྷག་
པར་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་བལྟར་འགྲོ་བའི་སྤྲོ་བ་སྐྱེས་སོ། །དེ་ནས་ཕྱི་ཞིག་ན་ཁྱིམ་བདག་རྨོངས་པས་རྒྱགས་མང་པོ་ཁྱེར་ཏེ། བཞོན་པ་བཟང་པོ་ལ་ཞོན་ནས་ཡུལ་ཤུར་པ་ར་ཀའི་ས་ནས་བར་ཞག་གིས་མཉན་དུ་ཡོད་པར་ཕྱིན་ཏེ། དེ་ཇི་སྲིད་དུ་བཞོན་དུ་རུང་བའི་ས་དེ་སྲིད་དུ་
བཞོན་པས་སོང་ནས། བཞོན་པ་ལས་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། ཁྱིམ་བདག་རྨོངས་པས་བཅོམ་ལྡན་འདས་ལ་འདི་
སྐད་ཅེས་གསོལ་ཏོ། །བཙུན་པ་བདག་ནི་རྣག་ཅན་གྱི་ལུས་འདི་དམན་པར་གྱུར་པ། ངོ་ཚ་བར་གྱུར་པས་ན་སྤང་བར་འཚལ་ལོ། །སྨད་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལུས་འདི་ནི་ནད་ལྟ་བུ་ཡིན་ནོ། །ཕོལ་མིག་ལྟ་བུ་ཡིན་ནོ། །ཟུག་

རྔུ་ལྟ་བུ་ཡིན་ནོ་ཞེས་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་ཕུང་པོ་འདི་ཉིད་ལས་བརྩམས་ནས། དེ་ལ་དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་ཁྱིམ་བདག་རྨོངས་པས་སྟན་དེ་ཉིད་ལ་འདུག་བཞིན་དུ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་མཐོན་པོ་ཉི་ཤུ་ཡེ་ཤེས་རྡོ་རྗེས་
བཅོམ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཏེ། དེས་བདེན་པ་མཐོང་ནས་བསམས་པ། གལ་ཏེ་བདག་གི་ལུས་འདི་ཁོ་ན་ལྟ་བུར་མ་གྱུར་ན། བདག་ཀྱང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་སྟེ། ཆུ་བོ་རྣམས་ལས་ཡང་དག་པར་
བརྒལ་བར་བྱ་བ་དང་། སྦྱོར་བ་རྣམས་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར། བརྩོན་པ་དང་། བསྒྲུབ་པ་དང་། འབད་པར་བྱ་བ་ཞིག་གུ་སྙམ་མོ། །དེ་ལྟར་རབ་ཏུ་འབྱུང་བའི་སེམས་བསྐྱེད་མ་ཐག་ཏུ་ཁྱིམ་བདག་དེའི་ལུས་ལག་མཐིལ་བཞིན་དུ་རྨ་མེད་པར་གྱུར་ཏོ། །དེ་ནས་
དེ་ལྷག་པར་ཡང་བཅོམ་ལྡན་འདས་ལ་དགའ་བར་གྱུར་ཏོ། །དེ་ནས་དེ་དགའ་བར་གྱུར་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །
བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་
ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ། བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་། བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་
གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་མངོན་པར་ཤེས་པ་དང་། སོ་

སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་། གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་རྨོངས་པ་སྔ་དྲོ་ཤམ་
ཐབས་དང་ཆོས་གོས་གྱོན་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་སོང་བ་ལས། བ་དྲུས་མས་བརྡུངས་ཏེ་བསད་ནས། དེ་འཆི་ཀར་དབང་པོ་རྣམས་རྣམ་པར་དང་ཞིང་། བཞིན་གྱི་མདོག་ཡོངས་སུ་དག་པ་ལ་པགས་པའི་མདོག་དཀར་པོར་གྱུར་ཏོ། །དེ་ནས་དགེ་
སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གྱོན་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་ལས་དགེ་སློང་མང་པོ་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་བ་རྣམས་ཀྱིས་ཡུལ་ཤུར་པར་ཀའི་ཁྱིམ་བདག་རྨོངས་པ་ཞེས་བྱ་བ་གང་ཡིན་པ་དེ། བ་དྲུས་མས་བརྡུངས་
ཏེ་བསད་ནས་དེ་འཆི་ཀར་དབང་པོ་རྣམས་རྣམ་པར་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ། པགས་པའི་མདོག་དཀར་བར་གྱུར་ཏོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དགེ་སློང་མང་པོ་རྣམས་མཉན་དུ་ཡོད་པར་བསོད་སྙོམས་བླངས་ཏེ། ཟན་ཟོས་ནས་ཟས་ཕྱིས་ལེན་པ་སྤངས་ནས། ལྷུང་
བཟེད་དང་ཆོས་གོས་བཞག་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས། དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །བཙུན་པ་འདི་ན་བདག་ཅག་དགེ་སློང་མང་པོ་སྔ་དྲོ་ཤམ་ཐབས་དང་ཆོས་གོས་འཚལ་ཏེ། ལྷུང་བཟེད་ཐོགས་ནས་མཉན་དུ་ཡོད་པར་བསོད་སྙོམས་ལ་མཆིས་པ་ལས། ཡུལ་ཤུར་པར་ཀའི་ཁྱིམ་བདག་རྨོངས་པ་ཞེས་བགྱི་བ་དེ། བ་དྲུས་མས་བརྡུངས་ཏེ་བཀུམ་ནས། དེ་འགུམ་
ཀར་དབང་པོ་རྣམས་རྣམ་པར་དང་ཞིང་བཞིན་གྱི་མདོག་ཡོངས་སུ་དག་སྟེ། པགས་པའི་མདོག་དཀར་པར་གྱུར་ཏོ་ཞེས་ཐོས་ལགས་ན། དེའི་འགྲོ་བ་ནི་གང་ལགས། དེའི་སྐྱེ་གནས་ནི་གང་ལགས། འགྲོ་བའི་ས་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་

དག་རིགས་ཀྱི་བུ་དེ་ནི་ངའི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་རྟོགས་པས་ན་ནོར་དུ་གྱུར་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུ་དེ་མྱ་ངན་ལས་འདས་ཀྱིས། འདིའི་རུས་བུ་ལ་རུས་བུའི་མཆོད་པ་གྱིས་ཤིག །དེ་ལྟར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རྨོངས་པ་མཆོག་ཏུ་གྱུར་པར་ལུང་
བསྟན་ནས། དགེ་སློང་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་མཉན་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་དོང་ནས། དེ་དག་གིས་དེའི་རུས་བུ་ལ་རུས་བུའི་མཆོད་པ་བྱས་ཏེ། རུས་བུའི་མཆོད་རྟེན་བརྩིགས་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་
ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་ཚེ་དང་ལྡན་པ་རྨོངས་པས་ལས་ཅི་བགྱིས་ན། ལས་དེའི་རྣམ་པར་སྨིན་པས། བ་དྲུས་མས་བརྡུངས་ཏེ་བཀུམ་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་དེ་ལྟ་བུ་བྱས་ཤིང་བསགས་པའི་སྟེང་དུ་ལྷག་པར་ཡང་ངའི་སྨོན་ལམ་ལས་གྱུར་ཏེ། པུསྐ་རའི་སྔོན་གྱི་རྒྱུད་ལས་བྱུང་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །གསོལ་པ། བཙུན་པ་ཚེ་དང་ལྡན་པ་རྨོངས་པས་ལས་ཅི་བགྱིས་ན།
ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ལགས། ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་ལུས་རྨའི་ཞུ་ལུབ་ཏུ་ཡོག་པར་གྱུར་ཏེ། འདིའི་ལུས་ལས་རྣག་ཁྲག་འཛག་ཅིང་འདིའི་ལུས་ལས་དྲི་ང་བ་འབྱུང་བར་འགྱུར་ལ། འདིས་བཅོམ་
ལྡན་འདས་མཉེས་པར་བགྱིས་ཏེ། མི་མཉེས་པར་མ་བགྱིས་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བགྱིས་ཏེ། རབ་ཏུ་བྱུང་བའི་སེམས་བསྐྱེད་མ་ཐག་ཏུ། དེའི་ལུས་ལ་རྨ་མ་མཆིས་པར་
གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཞིག་མ་ཡིན་ཏེ། འདས་པའི་དུས་ན་ཡང་འདིས་ལས་དེ་དག་བྱས་ཤིང་བསགས་པས་ན། འདི་ཉིད་ཀྱིས་ལས་བྱས་ཤིང་བསགས་པ་དེ་དག་གཞན་སུ་ཞིག་གིས་ཉམས་སུ་མྱོང་བར་འགྱུར་

ཏེ། དགེ་སློང་དག་ལས་བྱས་ཤིང་བསགས་པ་རྣམས་ནི། ཕྱི་རོལ་གྱི་སའི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ལ་རྣམ་པར་སྨིན་པར་མི་འགྱུར་ཏེ། ལས་དགེ་བ་དང་། མི་དགེ་བ་བྱས་ཤིང་
བསགས་པ་རྣམས་ནི་ཟིན་པའི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འབའ་ཞིག་ལ་རྣམ་པར་སྨིན་པར་འགྱུར་རོ། །ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །དགེ་
སློང་དག་སྔོན་བྱུང་བ་འདས་པའི་དུས་ན། གྲོང་ཁྱེར་བཱ་རཱ་ཎ་སཱི་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་རྒྱལ་པོ་བྱེད་དེ། དེའི་ཚེ་བཱ་རཱ་ཎ་སཱི་ན་ཁྱིམ་བདག་གཉིས་ཤིག་གནས་པ་ལས་དེ་གཉིས་ཕན་ཚུན་འགྲས་ནས། དེའི་ནང་ནས་གཅིག་གིས་རྒྱལ་པོ་ལ་ནོར་མང་པོ་ཞིག་ཕུལ་ཏེ།
ཁྱིམ་བདག་ཅིག་ཤོས་རྒྱལ་པོ་ལ་བརྙས་ནས་དེ་རྒྱལ་པོ་ཚངས་པས་བྱིན་གྱིས་ཤགས་འགྱེད་པའི་ཚེ་གཡོ་ཤགས་ཀྱིས་ཕམ་པར་བྱས་ནས་ཁྱིམ་བདག་དེ་ལ་བྱིན་ཏེ། དེས་དེ་རང་གི་ཁྱིམ་དུ་ཁྲིད་ནས་ལྕག་གིས་ཞེན་པར་གཞུས་ནས། ལྕག་རྨ་དེ་དག་གི་ནང་དུ་དུག་གི་ཕྱེ་མས་གཏོར་ཏེ།
དེའི་ལུས་དེ་ཤ་སྣག་བུ་བཞིན་དུ་གྱུར་ནས། དེ་ཕུ་ནུ་རྣམས་ཀྱིས་ནོར་མང་པོ་ཞིག་གིས་བླུས་ཏེ། སྨན་པའི་ལུང་གིས་དེའི་ལུས་སོས་པར་བྱས་སོ། །དེ་ནས་ཕྱི་ཞིག་ན་དེ་སྐྱོ་བ་སྐྱེས་ནས་བདག་ཁྱིམ་ན་གནས་པས་ཆོག་གིས། དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོའོ་སྙམ་སྟེ། སྦྱིན་བདག་
སྦྱིན་ཞིང་བསོད་ནམས་དག་བྱས་ནས། དཀའ་ཐུབ་ཀྱི་ནགས་ཚལ་དུ་རྟེན་བཅས་སོ། །དེ་དེར་སོང་ནས་སློབ་དཔོན་མེད་པ་དང་། མན་ངག་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དྲན་པར་བྱས་ནས། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ། །དེ་ནས་དེས་
བསམས་པ། ཁྱིམ་བདག་དེས་བདག་གི་རྒྱུད་ལས་བསོད་ནམས་མ་ཡིན་པ་ཆེན་པོ་བསྐྱེད་ཀྱིས། བདག་སོང་ལ་ཁྱིམ་བདག་དེའི་ར་མདའ་བྱའོ་སྙམ་ནས། གནས་དེ་ཉིད་ནས་ནམ་མཁའ་ལས་ཁྱིམ་བདག་དེ་ག་ལ་བ་དེར་སོང་ནས། འབར་བ་དང་། ལམ་མེར་འདུག་པ་དང་། ཆར་

འབབ་པ་དང་། གློག་འགྱུ་བའི་ཆོ་འཕྲུལ་རྣམས་བསྟན་ཏོ། །སོ་སོའི་སྐྱེ་བོ་ནི་རྫུ་འཕྲུལ་གྱིས་མྱུར་དུ་དད་པར་འགྱུར་ཏེ། དེ་སྡོང་པོ་སོག་ལེས་བཅད་པ་བཞིན་དུ་དེའི་རྐང་པ་ལ་ཕྱག་འཚལ་ཏེ། སྨྲས་པ། སྐལ་བ་ཆེན་པོ་མར་སྤྱོན། བདག་ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་ལས་
ལག་ནས་དྲང་དུ་གསོལ་ཞེས་བྱས་སོ། །དེ་ནས་དེ་ཁོ་ན་ལ་སྙིང་བརྩེ་བའི་ཕྱིར་ས་ལ་བབས་ནས། དེས་དེའི་རྐང་པ་ལ་ཕྱག་འཚལ་ཏེ། བཟོད་པ་གསོལ་ནས་སྨྲས་པ། འཕགས་པ་ཁྱོད་ཀྱང་བསོད་སྙོམས་བཞེད་ལ། བདག་ཀྱང་བསོད་ནམས་འཚལ་བས། བདག་གི་སྐྱེད་མོས་
ཚལ་འདི་ཉིད་དུ་བཞུགས་ཤིག་དང་། བདག་གིས་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིའོ། །དེ་ནས་རང་སངས་རྒྱས་དེས་ཁྱིམ་བདག་དེ་ལ་ཅང་མི་སྨྲ་བས་གནང་ངོ་། །དེ་ནས་ཁྱིམ་བདག་དེས་རང་སངས་རྒྱས་དེའི་ཕྱིར་ཡལ་ག་དང་ལོ་མའི་སྤྱིལ་པོ་ཕུབ་ནས། ཡོ་བྱད་ཐམས་
ཅད་ཀྱིས་བསྙེན་བཀུར་བྱེད་པ་ལ་ཞུགས་སོ། །དེ་ནས་ཕྱི་ཞིག་ན་རང་སངས་རྒྱས་དེས་བསམས་པ། བདག་གིས་རྣག་ཅན་གྱི་ལུས་འདིས་བྱ་བ་གང་ཡིན་པ་དེ་ནི་བདག་གིས་བྱས་ཟིན་གྱིས། མ་ལ་བདག་ཞི་བའི་དབྱིངས་སུ་འཇུག་པར