Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 069_མདོ་སྡེ།_ར

Văn bản gốc(Tây Tạng)

Trang 8 / 20 (50.000 ký tự/trang)
 དབྱར་དང་། སྟོན་ཏོ། །ཚལ་དེ་
ཀུན་ནས་དུས་ཚིགས་དང་འཐུན་པར་ས་རིས་དང་། ཚལ་གྱི་བྱ་ཁ་དོག་བཟང་པོ་དུ་མ་རྣམས་དང་དུས་ཚིགས་དང་འཐུན་པར་འགྲོ་བ་རྣམས་ཀྱིས་སྡུག་པར་བྱས་པའི་ཚལ་དེར་བདེ་བར་གནས་པར་བྱ་བའི་ཕྱིར་དོང་ངོ་། །ཕན་ཚུན་གྲོགས་བྱེད་པ། ཕན་ཚུན་ཐབ་མོ་དང་ཕྲག་དོག་གིས་མི་དགའ་

བ་མེད་པ། ཕན་ཚུན་འཛེམ་པ་མེད་པ་ཕན་ཚུན་སྡུག་ཅིང་བྱམས་པ། དེ་རྣམས་ཚལ་དེ་མཐོང་ནས་དུས་ཚིགས་གང་ཡིན་པ་དང་འདོད་པ་གང་ཡིན་པའི་ཚལ་དེར་དེ་རྣམས་དོང་སྟེ། ཚལ་དེ་ན་དུས་ཚིགས་དང་འཐུན་པར་རྩེ་དགའ་བར་བྱེད་དོ། །དུས་ཚིགས་ཀུན་སོ་སོར་བྱུང་བའི་ཚལ་ན་དུས་ཚིགས་
སྣ་ཚོགས་སུ་བྱུང་བ་རྣམས་ཀྱིས་ཡིད་ལ་རྩེ་བའི་རྣམ་པ་སྐྱེས་པ་ལྷ་མོ་དེ་དག་དང་བྱའི་ཚོགས་དང་ལྷན་ཅིག་ཇི་སྲིད་གཞན་དུ་སྤྲོ་བ་མ་སྐྱེས་པ་དེ་སྲིད་དུ་དགའ་བར་བྱེད་རྩེ་བར་བྱེད་དོ། །དེ་ནས་ཡང་རྩེ་ཞིང་གནས་པ་ཡིད་རབ་ཏུ་དགའ་བ་དེ་དག་ཡང་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་དོང་སྟེ་ཁྱིམ་ཐབ་དེ་
མངོན་པར་མཐོང་ནས་ཆོ་ག་སྣ་ཚོགས་ལ་མཁས་པའི་ལྷ་མོ་དེ་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྐོར་ཏེ། བྲོ་གར་བྱེད། དགོད་པར་བྱེད། གླུ་དབྱངས་ལེན་ཏོ། །དེ་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཚལ་གཅིག་ལ་ཡོན་ཏན་གྱི་རྣམ་པ་ཕུན་སུམ་ཚོགས་པ་ཡིན་ཏེ། ལྷའི་རྒྱལ་པོ་བརྒྱ་བྱིན་
གྱི་ཚལ་གཅིག་ནི་དེ་ལྟ་བུ་ཡིན་ནོ། །དེ་ནས་ཡང་དགེ་སློང་དེ་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཚལ་གཉིས་པ་ལ་རྟོག་པར་བྱེད་དེ། ཚལ་དེ་རྣམ་པ་ནི་དུ་ཡོད། མིང་ནི་ཇི་སྐད་བཏགས་ཞིག་གུ་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚལ་ཀུན་དགའ་ཞེས་བྱ་བ་ཡོད་དེ།
ཚལ་དེ་ན་ཡོན་ཏན་དུ་ཡོད་ཅིག་གུ་སྙམ་ནས་དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། འདི་ལྟར་ཚལ་དེ་ནི་ངོ་བོ་ཉིད་ཀྱིས་ཀུན་དགའ་བ་ཡིན་ཏེ། ཚལ་དེ་ན་ལྷ་དང་ལྷ་མོའི་ཚོགས་རབ་ཏུ་དགའ་བས་ནི་ཀུན་དུ་གང་། ཐམས་ཅད་ནས་རྟག་ཏུ་དོག་ཅིང་ཕན་ཚུན་གྱི་གདོང་
མཐོན་པོ་གཞན་དང་གཞན་འབྱེས་པ་སྐྱེད་པར་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷའི་བུ་མོ་འབུམ་གྱིས་ཡོངས་སུ་བསྐོར་ཏེ། དགའ་སྤྱོད་ལ་གནས་པར་བྱ་བའི་ཕྱིར་འགྲོ་བར་བྱེད་དོ། །ལྷའི་དབང་པོ་བརྒྱ་བྱིན་དེ་འགྲོ་བ་ན་སྐྱེད་མོས་ཚལ་དུ་འགྲོ་བའི་ཤིང་རྟ་བརྒྱད་ཁྲི་བཞི་སྟོང་གི་རྒྱུ་བཻ་ཌཱུརྱ་ལས་
བྱས་ཤིང་དྲིལ་བུ་གཡེར་ཀ་མང་པོ་འཕྱང་བ་ཁ་ཅིག་རྟ་མགོ་བོ་འཛམ་བུའི་ཆུ་བོའི་གསེར་གྱིས་བརྒྱན་ཅིང་། རྩིབ་ལོགས་དངུལ་གྱིས་གཏམས་ལ་རིན་པོ་ཆེ་སྣ་བདུན་གྱིས་མཛེས་པར་བྱས་པས་ཁྲིད། ཁ་ཅིག་ནི་ངང་པས་ཁྲིད། ཁ་ཅིག་ནི་ནམ་མཁའ་ལ་འགྲོ། ཁ་ཅིག་ནི་ས་ལ་འགྲོ་ལ། གླུ་

དབྱངས་དང་། སིལ་སྙན་དང་། རོལ་མོ་རྣམ་པ་སྣ་ཚོགས་ཀྱིས་བསྐོར་བའི་ལྷའི་གཙོ་བོ་དག་ཞུགས་ཏེ། བརྒྱ་བྱིན་གྱི་འཁོར་བྱས་ནས་དོང་ངོ་། །བལ་གླང་བརྒྱད་ཁྲི་བཞི་སྟོང་གི་ལུས་གསེར་གྱི་དྲ་བས་གཡོགས་ཤིང་། ལུས་ལ་དྲིལ་བུ་གཡེར་ཀ་ནི་འཕྱང་། ལུས་ལ་སྟན་
ཁྲ་བོ་དང་གདིང་བས་ནི་གཡོགས། འགྲམ་པ་ལ་དངུལ་གྱི་ཐིག་ལེ་གསལ་བ་ནི་འཛག །ལྷའི་རོལ་མོའི་གླུ་དབྱངས་དག་ལེན་པ་ན། ལྷའི་གཙོ་བོ་དག་ཞོན་ཏེ། བརྒྱ་བྱིན་གྱི་ངོ་འབའ་ཞིག་ཏུ་ལྟ་བས་བརྒྱ་བྱིན་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་དུ་འདོང་ངོ་། །ལྷ་མོ་བརྒྱད་ཁྲི་བཞི་སྟོང་ཆ་
བྱད་དང་རྒྱན་སྣ་ཚོགས་ཐོགས་ཤིང་ཁ་དོག་དང་། གཟུགས་སྣ་ཚོགས་སུ་འདུག་པ་དག་བརྒྱ་བྱིན་འབའ་ཞིག་ལྟ་ལ། ཁ་ཅིག་ནི་བྲོ་གར་བྱེད། ཁ་ཅིག་ནི་གླུ་ལེན། དེ་དག་གི་ནང་ན་ཁ་ཅིག་ནི་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་བྱེད། ཁ་ཅིག་ནི་རྩེད་མོ་སྣ་ཚོགས་བྱེད་ཅིང་སྐྱེད་མོས་ཚལ་དུ་དགའ་
སྤྱོད་བྱེད་དུ་འདོང་ངོ་། །བྲོ་གར་མཁན་ཆ་བྱད་རྣམ་བཞི་དང་། གཟུགས་དང་། ཆ་བྱད་སྣ་ཚོགས་དང་ལྡན་པ་དག་ཀྱང་བྲོ་གར་བྱེད། རྩེད་མོ་བྱེད་ཡོངས་སུ་སྤྱོད་པར་བྱེད་པ་དག་བརྒྱ་བྱིན་གྱི་ངོ་འབའ་ཞིག་ཏུ་ལྟ་ཞིང་སྐྱེད་མོས་ཚལ་ག་ལ་བ་དེར་དགའ་སྤྱོད་བྱེད་དུ་འདོང་སྟེ། ལྷའི་དབང་པོ་བརྒྱ་
བྱིན་བདེ་སོགས་དང་ལྷན་ཅིག་དེ་དག་གི་ནང་དུ་ཞུགས་ནས། ཤིང་རྟ་རྩིབས་བརྒྱ་པ་བཻ་ཌཱུརྱ་དང་། གསེར་དང་། སྤུག་དང་། པད་མ་རཱ་ག་དང་། ཨན་ད་རྙིལ་དང་། མཐོན་ཀ་ཆེན་པོས་བརྒྱན་པའི་ཤིང་རྟ་གང་ཡིན་པ་དེ། ངང་པའི་ལུས་ནི་འཛམ་བུ་ཆུ་བོའི་གསེར་རྐང་པ་ནི་བྱི་རུ། མིག་ནི་རིན་
པོ་ཆེ་ཀེ་ཀེ་རུ། ལུས་ནི་པད་མ་རཱ་ག །མཆུ་ནི་བྱི་རུ། སྒྲོ་ནི་མུ་ཏིག་གི་མདོག་ལྟ་བུ་སྟོང་ཕྲག་བརྒྱ་སྙེད་ཀྱིས་ཤིང་རྟ་དེ་འདྲེན་པར་བྱེད་དེ། བརྒྱ་བྱིན་གྱི་ཡིད་ལ་འདོད་པ་བཞིན་དུ་འགྲོ་བར་བྱེད་དོ། །ཤིང་རྟ་མཆོག་དེའི་ནང་ན་བརྒྱ་བྱིན་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཉི་མ་བརྒྱ་བས་ལྷག་པའི་
གཟི་དང་ལྡན་པ་བདེ་སོགས་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ་། །ལྷ་མོ་ཐམས་ཅད་ཀྱི་ནང་ན་བདེ་སོགས་གཟུགས་དང་ཆ་བྱད་དང་། རྒྱན་བརྒྱ་འགྱུར་གྱིས་ཕུན་སུམ་ཚོགས་ལ་དེ་རིན་པོ་ཆེས་བརྒྱན་ཏེ། བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་ནས། སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ་། །སུམ་

ཅུ་རྩ་གསུམ་གྱི་ལྷ་དེ་དག་ཐམས་ཅད་དེ་ལྟར་ལྷའི་བདེ་བ་དང་ནི་ལྡན། ལྷའི་སྒྲ་དང་། རེག་པ་དང་། རོ་དང་། གཟུགས་དང་། དྲིའི་རེག་པས་མྱོས་ཤིང་ལྷའི་དབང་པོ་བརྒྱ་བྱིན་ལྷ་ཀུན་གྱིས་ཡོངས་སུ་བསྐོར་ཏེ། ཚལ་དང་ཉེ་བའི་ཚལ་དག་ཡང་དག་པར་ལྟ་བར་བྱེད་ལ་གསེར་གྱི་ཤིང་རྟའི་ནང་དུ་ཞུགས་ཏེ།
བདེ་སོགས་དང་ལྷན་ཅིག་སྔ་མ་བཞིན་དུ་ཀུན་དགའི་ཚལ་ག་ལ་བ་དེར་འདོང་ངོ་། །ལྷའི་བདག་པོ་དེ་བདེ་བ་རྣམ་པ་བརྒྱ་སྟོང་ཕྲག་དུ་མ་དག་ཉེ་བར་སྤྱོད་པ་ན། ཤིང་རྟ་དང་། གླང་པོ་ཆེ་དང་། ལྷ་དང་། ལྷའི་བློན་པོ་གླུ་དང་། སིལ་སྙན་དང་། དབྱངས་དང་། རོལ་མོའི་སྒྲ་རྣམས་ཀྱིས་མངོན་པར་མཆོད་ཅིང་
ཀུན་དགའི་ཚལ་ག་ལ་བ་དེར་གནས་པར་བྱ་བའི་དོན་དུ་འདོང་ངོ་། བརྒྱ་བྱིན་དེ་ལྟར་འགྲོ་བ་ན་གང་དེའི་ཚལ་དེ་ན་ལྷ་མོ་སྒེག་མོ་འཁོད་པ་དེ་དག་གིས་གླུ་དང་། རོལ་མོའི་སྒྲ་དང་། སིལ་སྙན་སྣ་ཚོགས་ཐོས་པ་དེ་དག་ལྷ་གཞན་རྣམས་དང་ལྷན་ཅིག་ཏུ་དེ་ཐོས་ཏེ་ཡིད་རབ་ཏུ་དགའ་ནས་རྒྱུག་པར་བྱེད་དོ། །དེ་དག་ལག་
ན་པད་མ་ཐོགས་ཤིང་སིལ་སྙན་སྣ་ཚོགས་དང་། གླུ་དབྱངས་ཉེ་བར་ལེན་ལ་ཚལ་དེ་ནས་འབྱུང་བར་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་དག་མཐོང་ནས་རང་གི་ལྷ་དག་ལ་སྨྲས་པ། ཀྱེ་ལྷ་རྣམས་ལྷ་མོ་འདི་དག་ནི་ཀུན་དགའི་ཚལ་ནས་ང་མཐོང་སྟེ་བསུར་འོངས་ལ། སིལ་སྙན་དང་།
རོལ་མོའི་སྒྲ་བྱུང་བ་དང་། གཞན་ཡང་རིན་པོ་ཆེའི་ཆ་བྱད་དང་། གཟུགས་རྣམ་པ་དུ་མ་ཡོད་པ་དེ་དག་ལ་ལྷ་རྣམས་ལྟོས། གང་ལྷ་མོ་དེ་དག་དང་བདག་ཅག་ལྷན་ཅིག་ལྷའི་ཚལ་སྐྱེད་མོས་ཚལ་དུ་རྩེ་ཞིང་དགའ་སྤྱོད་བྱེད་དུ་འདོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་དེ་ཐོས་ནས་ལྷ་རྣམས་
ཀྱིས་ཚིག་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་ལྷ་མོ་འདི་དག་ཐམས་ཅད་ནི་ཁྱོད་ཀྱི་ལགས་ཏེ། སྐྱབས་ཁྱོད་ལགས། རྟེན་ཁྱོད་ལགས། མགོན་ཁྱོད་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་འདི་སྐད་ཅེས་སྨྲས་སོ། །འདི་དག་གི་གཙོ་བོ་ནི་ང་མ་ཡིན་ཏེ། རྟེན་ང་མ་ཡིན། སྐྱབས་
ང་མ་ཡིན། འདི་དག་ནི་ངའི་མ་ཡིན་ནོ། །འདི་དག་ལས་ཀྱི་མཐུས་རབ་ཏུ་རྒྱུག་པ་ཡིན་ཏེ། བདག་པོ་ལས་ཡིན། རྟེན་ལས་ཡིན། རྟོན་པ་ལས་ཡིན་ཏེ། ལས་ངན་པ་དང་། འབྲིང་དང་། བཟང་པོ་གང་ཡིན་པ་དེ་དག་གིས་དེ་ལྟར་འགྱུར་ལ། ལས་ཀྱི་དབང་དེ་དག་གིས་ངན་པ་དང་།

འབྲིང་དང་། བཟང་པོར་བྱས་པ་ཡིན་གྱི་ངའི་མཐུ་ནི་མ་ཡིན་ནོ། །དེ་ནས་དེའི་ཚེ་འདི་ལྟར་ལྷ་རྣམས་ཀྱི་དབང་པོས་ཚིགས་སུ་བཅད་དེ་སྨྲས་པ། ལས་ངན་པས་ནི་ལུས་ཅན་རྣམས། །འགྲོ་བ་དག་ནི་ངན་པར་འགྱུར། །འབྲིང་དག་གིས་ནི་འབྲིང་དུ་མཐོང་། །དེ་བས་བཟང་བ་མི་
རྣམས་སོ། །གང་གིས་གང་དུ་གང་གི་ཚེ། །གང་བྱས་ལས་ནི་རྗེས་མྱོང་བ། །དེ་ཡིས་དེར་ནི་དེ་ཡི་ཚེ། །ལས་དེ་ལུས་ལ་རྣམ་སྨིན་འགྱུར། །ལྷ་ཁང་འོད་ཀྱི་ཕྲེང་བ་ཅན། །བདེ་བའི་རྣམ་པས་རྩེ་བྱེད་པ། །དེ་ནི་དགེ་བའི་འབྲས་བུར་མཐོང་། །ཁྱད་པར་དུ་ནི་དྲི་མ་མེད། །མི་ནི་ལས་
དག་གང་བྱེད་པ། །དགེ་འམ་ཡང་ན་མི་དགེ་བྱེད། །དེ་ཡི་འབྲས་བུ་དེ་ཚེ་མཐོང་། །བདེ་འམ་ཡང་ན་མི་བདེར་འགྱུར། །བདེ་བའི་རྣམ་པ་འདི་རྣམས་ཀྱིས། །ལྷ་དག་དུ་མར་རྩེ་བ་གང་། །དེ་རྒྱུ་ང་ཡི་མ་ཡིན་ཏེ། །རྒྱུ་དེ་སྔོན་ནི་བྱས་པ་ཡིན། །དེ་ནས་ལྷ་དེ་རྣམས་ཀྱིས་བརྒྱ་བྱིན་དེའི་ཁ་
ནས་ཚིགས་བཅད་དེ་དག་ཐོས་ཏེ་རྗེས་སུ་ཡི་རང་ལ་སྤྱི་བོས་བླངས་ནས། ཡང་སྐྱེད་མོས་ཚལ་དུ་གནས་པར་བྱ་བའི་ཕྱིར། སྐྱེད་མོས་ཚལ་ག་ལ་བ་དེར་འདོང་ངོ་། །དེ་ནས་ལྷ་མོ་སྟོང་ངམ། སྟོང་ཕྲག་བརྒྱ་དེ་དག་སོ་སོའི་ལག་པ་པད་མས་བྲེལ་ཅིང་། ཆ་བྱད་དང་། གཟུགས་དང་། རྒྱན་སྣ་ཚོགས་
ཐོགས་པ་ཡིན་ཏེ། འདི་ལྟར་ལྷ་མོ་དེ་དག་ཕན་ཚུན་སོ་སོ་ན་ཆ་བྱད་དང་། གཟུགས་དང་། འགྲོས་དང་། གླུ་དབྱངས་དང་། རོལ་མོ་བྱེད་པ་དག་མི་འདྲ་བ་ཡིན་ནོ། །དེ་ལྟར་དགེ་བའི་ལས་དུ་མས་སྤྲུལ་པའི་ལྷ་མོ་བརྒྱ་འམ་སྟོང་དེ་དག་ཤིན་ཏུ་མཁས་པས་སྤྲུལ་པ་ཡིན་ནོ། །དེ་ནས་དེ་དག་ཐམས་
ཅད་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེ་ལོགས་སུ་ཕྱོགས་ཤིང་བྲོ་གར་བྱེད་ལ། ཀུན་དགའི་ཚལ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །ཚལ་དེར་སྔར་འཇུག་པ་ན་དངུལ་གྱི་ཤིང་ལྗོན་པ་རྣམས་དང་། དངུལ་གྱི་འདབ་མ་དང་། དངུལ་གྱི་ས་གཞི་དང་། དངུལ་གྱི་མདོག་ལྟ་བུ་རྣམས་ཀྱིས་མཛེས་
པར་བྱས་པ། བྱ་ཐམས་ཅད་ཀྱང་དངུལ་གྱི་བྱ་སྟེ། བྱའི་ཚོགས་ཀྱི་རྣམ་པས་ཀུན་དུ་གང་ལ། སྒྲ་རྣམ་པ་སྣ་ཚོགས་འབྱིན་པས་མཛེས་པར་བྱས་པ་དང་པོ་ཉིད་དུ་ལྷའི་དབང་པོ་བརྒྱ་བྱིན་ཞབས་འབྲིང་བ་དང་། ལྷན་ཅིག་འཇུག་པར་བྱེད་དོ། །དེ་འཇུག་པ་ན་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་

བརྒྱན་པའི་འོད་དང་། ཚལ་དངུལ་གྱིས་བརྒྱན་པའི་འོད་གང་ཡིན་པའི་འོད་གཉིས་པོ་དེ་དག་ཕན་ཚུན་འཁྲིལ་བ་ལྟ་བུར་འབྱུང་ཞིང་འོད་དག་གིས་ནམ་མཁའ་བརྒྱན་པ་ལྟ་བུར་ཡང་འབྱུང་ངོ་། །བརྒྱ་བྱིན་དེ་ཡང་ཡིད་རབ་ཏུ་དགའ་ལ། ལྷ་མོ་དེ་དག་སོ་སོའི་གླུ་ཤིན་ཏུ་སྙན་ཅིང་སྙོམས་པ་ལེན་
ཏེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པ་ཕྱད་པར་བྱེད་དོ། །ཤིང་རྟ་བརྒྱད་ཁྲི་བཞི་སྟོང་དང་། དེ་བཞིན་དུ་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་སྔ་མ་བཞིན་ཏེ། ནོར་བུ་དང་། དྲིལ་བུ་གཡེར་ཀ་དང་། གླིང་བུའི་སྒྲ་རྣམས་ཐོས་ནས། ལྷ་མོ་སྟོང་ཕྲག་དུ་མ་རྣམས་ཀྱིས་བསྟོད་ཅིང་
ལྷ་མོ་འབུམ་ཕྲག་དགུ་བཅུ་རྩ་དགུས་ཡོངས་སུ་བསྐོར་བ་ཡིན་ཏེ། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་གི་ལུས་དང་སེམས་ཀྱི་བདེ་བ་གང་ཡིན་པ་དེ་ནི་དཔེ་བྱ་བར་སླ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་གི་ལྷའི་གནས་པ་དང་། ཁ་ཟས་ཀྱི་བདེ་བ་དེ་ནི་གཞན་
དང་མི་འདྲའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷའི་འདོད་པའི་ཡོན་ཏན་ལྔ་འབྱོར་པ་དངུལ་གྱི་ཚལ་དེའི་ནང་དུ་ཞུགས་ནས། ལྷའི་ཚོགས་དང་ལྷ་མོའི་ཚོགས་ཐམས་ཅད་དང་བཅས་པ་ཡུན་རིང་དུ་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། ཡུལ་གྱི་བདེ་བ་དེས་མཆོག་ཏུ་བདེའོ། །
དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་རྩེ་ཞིང་གནས་པའི་དོན་དུ་ཡང་ལྷ་མོའི་ཚོགས་ཐམས་ཅད་དང་། ཤིང་རྟ་དང་། གླང་པོ་ཆེ་རྣམས་དང་བཅས་པ་སྔ་མ་བཞིན་ཚལ་དེ་ག་ལ་བ་དེར་འདོང་ངོ་། །དེར་ཕྱིན་ནས་གསེར་གྱི་ཚལ་གཉིས་པ་གསེར་བཙོ་མའི་ཁ་དོག་ལྟ་བུ་དང་དེ་བཞིན་དུ་འབྲས་
བུ་རྣམས་ཀྱིས་མཛེས་པར་བྱས་པ་མཐོང་ངོ་། །མི་ལྔའི་ཞེང་གི་ཚད་ཙམ་གྱི་འབྲས་བུ་རོ་སྦྲང་རྩི་ལྟར་མངར་ལ་དྲིའི་རྣམ་པ་ཕུན་སུམ་ཚོགས་པའི་འབྲས་བུ་དེ་གང་ཟོས་ན། ཤིན་ཏུ་དྲེགས་པ་སྐྱེ་བར་འགྱུར་བ་མཐོང་ནས་ཡལ་ག་བཀུག་སྟེ་འབྲས་བུ་དེ་དག་གླང་པོ་ཆེ་རྣམས་ཀྱིས་ཟ་བར་
བྱེད་དོ། །དེ་ནས་འབྲས་བུ་ཟོས་པའི་གླང་པོ་ཆེ་དེ་དག་མྱོས་ཏེ་འགྱིང་ཞིང་འགྲོ་བ་རྣམས། ཇི་ལྟར་ལྷ་རྣམས་ཀྱང་། ཀྱེ་ཨེ་མ་གླང་པོ་ཆེ་མྱོས་ཤིང་འགྱིང་ལ་འགྲོ་བ་རྣམས་འབྲས་བུའི་རོ་ཐམས་ཅད་ཟོས་ནས་མྱོས་ཏེ། རབ་ཏུ་གར་བྱེད་པ་ངོ་མཚར་དུ་བྱེད་པ་དེ་ལྟར་སིལ་སྙན་གྱི་སྒྲ་དེས་ལྷན་ཅིག་

གར་བྱེད་དོ། །དེ་བཞིན་དུ་གསེར་གྱི་ཚལ་དེ་ན་བྱའི་ཚོགས་དུ་མ་སྒྲ་འབྱིན་ལ། ཚལ་དེ་ན་བྱ་དངུལ་གྱི་ཁ་དོག་ཅན་དེ་དག་དེ་རྣམས་ལ་ཆགས་ཤིང་འདུག་པས་ཤིན་ཏུ་མཛེས་པར་བྱས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷ་མོ་དེ་དག་དང་། ལྷན་ཅིག་ལྷ་དེ་དག་དང་ཡང་
ལྷན་ཅིག་ལྷའི་བུ་མོ་བདེ་སོགས་དང་ཡང་བདག་ཉིད་ལྷན་ཅིག་ཏུ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་རྩེ་བར་བྱེད་ཚིམ་པར་བྱེད་དོ། །ལྷ་དེ་དག་ཀྱང་རང་གི་སླས་རྣམས་ཀྱི་ནང་ན་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། གླུ་དབྱངས་ལེན། བྲོ་གར་བྱེད། དགོད་པར་བྱེད་དེ།
ལེགས་པ་བྱས་པའི་ལྷ་རྣམས་ཕན་ཚུན་ཕྲག་དོག་དང་། སེར་སྣ་དག་མེད་པར་རྩེད་མོ་བྱེད་དོ། །དེ་ནས་གསེར་གྱི་ཚལ་དེའི་ནང་ན་ཆུ་བསིལ་བ་ཞེས་བྱ་བའི་རྫིང་བུ་གཉིས་པ་ཡོད་དེ། དེ་ཡང་གསེར་དང་བཻ་ཌཱུརྱའི་པད་མ་རྣམས་ཀྱིས་བཀྲ་བར་བརྒྱན་པ་ཡིན་ལ། སུམ་ཅུ་རྩ་གསུམ་ན་གནས་
པའི་ལྷ་རྣམས་དང་། ལྷའི་འདུན་ས་ཆོས་བཟང་ན་གནས་པ་བརྒྱ་བྱིན་གྱི་སྔོན་དུ་འགྲོ་བ་གང་ཡིན་པ་དེ་དག་གིས་ཡོངས་སུ་བསྐོར་ཏེ། རྫིང་དེ་དག་གི་འགྲམ་ན་ལྷ་མོའི་ཚོགས་རྣམས་དང་ལྷན་ཅིག་སིལ་སྙན་ཡན་ལག་ལྔ་དང་ལྡན་པ་རྣམས་ཀྱིས་རྩེ་བར་བྱེད་དེ། ཡོངས་སུ་སྤྱོད་པར་
བྱེད་དོ། །དེ་ནས་ཡང་ཁང་པ་ཆོས་བཟང་གི་ནང་ན་ལྷ་འཁོད་པ་དེ་དག་ཚལ་ཀུན་དགའ་ག་ལ་བ་དེར་འདོང་ངོ་། །ཚལ་དེའི་ནང་ན་བཻ་ཌཱུརྱའི་ཤིང་ལྗོན་པས་མཛེས་པར་བྱས་ཤིང་། གསེར་གྱི་མདོག་གི་འབྲས་བུས་བརྒྱན་པ་ཡིན་ལ། ལྷའི་འབྲས་བུ་དེ་དག་གི་ནང་དུ་ཁུ་བ་ཞིམ་
པོས་ཇི་ལྟར་གང་བ་ནི་འཛམ་བུའི་གླིང་ན་ནཱ་ཌི་ཀེ་རྱ་དང་། པ་ནས་བཞིན་ནོ། །ཤུན་པ་སྲ་བའི་ནང་ན་འབྲས་བུ་མངར་བ་ཞེས་བྱ་བ་དྲི་ཞིམ་ལ། མདོག་བཟང་པོ་མང་བ་ཡོད་དེ། དེ་ནས་ལྷ་དེ་དག་གིས་འབྲས་བུ་དེ་བླངས་ནས་གཤགས་ཏེ་འཐུང་ངོ་། །སྦྲང་རྩི་བས་ལྷག་པའི་
རོ་ཡོད་པ་འཐུངས་ནས་ཀྱང་མྱོས་པའི་ཉེས་པ་དང་། འབྲེལ་བས་མྱོས་སོ། །དེ་ནས་ལྷ་དག་མྱོས་པ་རྣམ་པ་གསུམ་གྱིས་མྱོས་པར་འགྱུར་ཏེ། འདི་ལྟ་སྟེ། བུད་མེད་ཀྱིས་མྱོས་པ་དང་། འབྲས་བུའི་ཁུ་བས་མྱོས་པ་དང་། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱིས་

མྱོས་པ་ཡིན་ཏེ། དེ་ལྟར་ལྷ་རྣམས་ལྷ་མོའི་ཚོགས་དག་དང་ལྷན་ཅིག་མྱོས་པ་རྣམ་པ་གསུམ་གྱིས་མྱོས་སོ། །ལྷའི་དབང་པོ་བརྒྱ་བྱིན་ཡང་བརྒྱ་བྱིན་གྱི་འདུན་སར་འགྲོ་བ་དང་ལྷན་ཅིག་བདུད་རྩི་ལ་ཟ་སྟེ། རང་གི་ལས་ཀྱི་འབྲས་བུ་ཚོང་པ་ལྟ་བུས་བསྒྲུབས་པའི་བདུད་རྩི་དེ་བླངས་ནས་ཟ་
བར་བྱེད་དོ། །བརྒྱ་བྱིན་ལྷའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ནས་ཡུལ་ནས་ཡུལ། གནས་ནས་གནས་སུ་སོང་སྟེ། དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །བཻ་ཌཱུརྱའི་ཚལ་དེ་དག་ཐམས་ཅད་བྱ་དང་། བུང་བ་དང་། དྲིལ་
བུ་གཡེར་ཀ་དང་། རོ་སྣ་ཚོགས་དག་གིས་ཉམས་དགའ་བ་ཡིན་ཏེ། ཚལ་དེར་ཡུན་རིང་དུ་དགའ་བར་བྱས་སོ། །དེ་ནས་ཡང་ལྷའི་དབང་པོ་བརྒྱ་བྱིན་ལྷའི་ཚོགས་དེ་དག་ཉིད་དང་། ལྷའི་འདུན་ས་ཆོས་བཟང་དུ་འཇུག་པར་བྱེད་དོ། །དེ་ནས་ཡང་ལྷའི་འདུན་ས་ཆོས་བཟང་ན་ལྷའི་
ཚལ་གསུམ་པ་དཔེ་མེད་པ་ཞེས་བྱ་བ་ཡོད་དེ། ཚལ་ངོ་བོ་ཉིད་ཀྱིས་དཔེ་མེད་པ་གང་ཡིན་པ་དེར་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་བུ་ལྔ་བརྒྱ་རང་གི་སླས་ཀྱིས་ཡོངས་སུ་བསྐོར་ནས་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། འདི་དག་ནི་འབྱོར་པ་ཡིན་ནོ། །དེའི་འོག་ཏུ་རྒྱས་པ་ནི་འདི་
ལྟ་སྟེ། ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་དེ་དག་འདི་ལྟ་བུ་ཡིན་ཏེ། ཐམས་ཅད་ཆོས་དང་ལྡན་ཞིང་ཆོས་ཀྱི་རྗེས་སུ་འཇུག་པ་ཐམས་ཅད་ཡང་དག་པའི་ལྟ་བ་དང་ལྡན་པ། ཡང་དག་པའི་ལྟ་བ་སྔར་བླངས་པའི་ལྷ་རྣམས་ལྷ་དང་ལྷ་མ་ཡིན་ལས་རྣམ་པར་རྒྱལ་བ་འཐོབ་པ་ཐམས་ཅད་
མར་འཛིན་པ། ཕར་འཛིན་པ། དགེ་སྦྱོང་དུ་འཛིན་པ། བྲམ་ཟེར་འཛིན་པ། ཕན་ཚུན་ཀུན་ཡིད་འཐུན་པར་གྱུར་པ་ཡིན་ལ་དེ་དག་རེས་འགའ་འདི་སྙམ་དུ་འདི་ལྟར་བདག་ཅག་ངེས་པར་སྐྱེད་མོས་ཚལ་དཔེ་མེད་པ་ཞེས་བྱ་བ་དེར་དགའ་སྤྱོད་བྱེད་དུ་བདག་ཅག་ལྷ་མོའི་ཚོགས་དང་བཅས་
པས་ཡོངས་སུ་བསྐོར་ཏེ་འདོང་བར་བྱའོ་སྙམ་མོ། །དེ་ལྟར་དེ་དག་ཐམས་ཅད་བསམས་ནས་སྐྱེད་མོས་ཚལ་དཔེ་མེད་པ་ག་ལ་བ་དེར་འདོང་ངོ་། །དེ་ལྟར་ལྷའི་བུ་རེ་རེ་དག་གི་ལྷ་མོ་བྱེ་བ་ཡོད་པ་དེ་དག་གཟུགས་དང་། ལང་ཚོ་ཕུན་སུམ་ཚོགས་པའི་ཕན་ཚུན་གྱི་བྱ་བ་གཅིག་པུ་

ནི་རྒྱགས་པར་གནས་པ། རྒྱགས་པ་ལྷུར་བྱེད་པ་རྟག་ཏུ་འཐུན་པ་ཡིན་ཏེ། ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་དོང་ནས་ལྷ་འདི་ལྟར་བདག་ཅག་སྐྱེད་མོས་ཚལ་དེར་གནས་པར་བགྱི་བའི་སླད་དུ་སྐྱེད་མོས་ཚལ་དཔེ་མ་མཆིས་པར་མཆི་བར་བགྱིའོ། །ལྷ་སྐྱེད་
མོས་ཚལ་དཔེ་མ་མཆིས་པ་དེར་བདག་ཅག་དང་ལྷན་ཅིག་གནས་པར་མཛད་པའི་སླད་དུ་གཤེགས་པ་ནི་འོས་པ་ལགས་ན་དགོངས་སུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། དེ་ལྟ་མ་ཡིན་ནོ། །སྐྱེད་མོས་ཚལ་གྱི་དགའ་སྤྱོད་ནི་ངས་བྱས་ཟིན་ཏེ། ཆོས་ཀྱི་རྗེས་སུ་ཆོས་བསྒྲུབས་
པ་དང་། འདུན་པ་སྔོན་དུ་བཏང་བའི་ཕྱིར་བདག་ཅག་གི་དོན་རྗེས་སུ་བསྒྲུབ་པར་བྱའོ། །ངས་ནི་ལྷ་རྣམས་ཀྱི་བག་ཡོད་པས་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱས་ནས་སླར་འོངས་པ་ཡིན་ནོ། །ལྷ་རྣམས་ནི་བག་མེད་པའི་ཉེས་པས་ཉོན་མོངས་པ་ཡིན་ཏེ། དེ་ལྟར་བག་
ཡོད་པར་བྱ་ཞིང་དེ་ལྟ་བས་ན་བག་མེད་པའི་ཉེས་པའི་དུག་མི་བཟད་པ་སྤོངས་ཤིག་ཅེས་སྨྲས་སོ། །འདིར་ཚིགས་སུ་བཅད་པ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་འཆི་བའི་གནས་ཡིན་ནོ། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་
འཆི། །བག་ཡོད་འཆི་མེད་གཞི་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གཞི། །བུ་དག་བདག་ནི་བག་ཡོད་པས། །ལྷ་རྣམས་ཀྱི་ནི་གཙོ་བོར་གྱུར། །དེ་ནི་བདག་སྟེ་བདེ་གཤེགས་བཀའ། །བུ་དག་བདག་གིས་བསྒྲུབ་པར་བྱ། །བདག་གིས་སྡོམ་བརྩོན་ཅན་གྱི་བཀའ། །ནམས་
ཀྱང་འདའ་བ་མི་བྱ་སྟེ། །ཐུབ་པའི་བཀའ་ལས་འདའ་བ་གང་། །འདོད་པ་ཡིས་ནི་རྨོངས་པ་ཡིན། །སྡུག་བསྔལ་དེ་ལས་ཐར་མེད་དེ། །རྟག་ཏུ་སྡུག་བསྔལ་རྗེས་སུ་འགྲོ། །དེ་ལྟར་ལྷའི་དབང་པོ་དེས་བུ་དེ་དག་ལ་བསྒོ་ནས། རང་གི་གནས་ལྷའི་འདུན་ས་ཆོས་བཟང་
དུ་ཞུགས་སོ། །དེ་ནས་བརྒྱ་བྱིན་གྱི་བུ་ཡིད་རབ་ཏུ་དགའ་ཞིང་ཕན་ཚུན་ནང་འཐུན་པ་རྣམས་རང་གི་གནས་ལྷའི་གསེར་བཟང་པོ་ལས་བྱས་ཤིང་རྒྱན་གྱིས་བརྒྱན་པ། གླུ་དབྱངས་དང་། རོལ་མོའི་སྒྲ་འབྱིན་པ། རྣམ་པ་སྣ་ཚོགས་ཕན་ཚུན་བརྒྱན་པའི་བརྒྱ་བྱིན་གྱི་གནས་ག་

ལ་བ་དེར་འཇུག་གོ། །ཞུགས་ནས་ཀྱང་འདི་ལྟར་བདག་ཅག་ནི་སྐྱེད་མོས་ཚལ་དུ་དགའ་སྤྱོད་བྱ་བའི་ཕྱིར། སྐྱེད་མོས་ཚལ་དཔེ་མེད་པར་དགའ་སྤྱོད་བྱེད་དུ་འདོང་ངོ་ཞེས་སྨྲས་སོ། །དེ་ནས་ལྷའི་བུ་གཞོན་ནུ་བདུན་ཁྲི་དག་ཁ་ཅིག་ནི་གསེར་གྱི་ཤིང་རྟ་ལ་ཞོན། ཁ་ཅིག་ནི་ལྷའི་བྱའི་སྟེང་
དུ་ཞོན། ལྷ་མོ་དག་རྗེས་སུ་འགྲོ་ཞིང་ལྷ་མོ་ཁ་ཅིག་ནམ་མཁའ་ལ་འགྲོ་ཁ་ཅིག་ལྷ་མོ་དང་ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། པད་མ་མཆོག་གི་ནང་ནས་འགྲོ་ལ། བདེ་བ་མཆོག་རྗེས་སུ་མྱོང་ཞིང་། རོལ་མོ་དང་། གླུ་དབྱངས་ལེན་པ་དག་དང་ལྷན་ཅིག་ཚལ་དཔེ་མེད་པ་ག་ལ་བ་དེར་འདོང་
བར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱི་བུ་དེ་རྣམས་ཀྱི་ལུས་ལྷའི་ཕྲེང་བས་བརྒྱན་ཅིང་ལྷའི་ཙན་དན་གྱིས་བསྐུས་ཏེ། རང་གི་འོད་ཁ་ཅིག་ནི་ཉི་མའི་འོད་དང་འདྲ། ཁ་ཅིག་ནི་ཟླ་བའི་འོད་དང་འདྲ། ཁ་ཅིག་གཟའ་དང་སྐར་མའི་འོད་དང་འདྲ་སྟེ། ཇི་ལྟར་ལས་དག་བྱས་པ་བཞིན་མཛེས་ཤིང་། སྐྱེད་
མོས་ཚལ་ཤིན་ཏུ་གང་བ་དཔེ་མེད་པ་ག་ལ་བ་དེར་འདོང་བར་བྱེད་དེ། གཅིག་ལ་གཅིག་ལེགས་པར་བྱ་བ་ལ་གཞོལ་ཞིང་སྡུག་པ་ལྷའི་ཡུལ་དག་ཉེ་བར་སྤྱོད་བཞིན་དུ་ཚལ་དེར་ཞུགས་སོ། །ཚལ་དེ་ཡང་ངོ་བོ་ཉིད་ཀྱིས་དཔེ་མེད་པ་ཡིན་ཏེ། དེའི་ཕྱོགས་འགའ་ཁོ་ན་ཞིག་དཔེར་གཟུང་ཞིང་བྱ་ན་
ཚལ་དེར་ཞུགས་ན་དེའི་ཚེ་དྲིའི་རྣམ་པ་དཔེ་མེད་པ་རབ་ཏུ་ལྡང་སྟེ། གང་ཙན་དན་ས་མཆོག་གི་དྲི་གཞན་བཅུ་དྲུག་གི་ཆར་ཡང་མི་ཕོད་དོ། །དེ་ལྟར་དྲི་དེ་ཡིད་དུ་འོང་སྟེ། སྣོམས་པ་གང་ཡིན་པ་དེ་ཡང་བདེ་བ་དང་ལྡན་པའི་རྣམ་པ་དེ་ལྟ་བུ་ཡིན་ནོ། །དེར་དེ་དག་ཕན་ཚུན་ངོ་མཚར་སྐྱེ་བར་འགྱུར་ཏེ།
བདག་ཅག་གི་བདེ་བ་མ་ཡིན་ནོ་སྙམ་ནས། སྐོམ་འཐུངས་ཏེ་ཚལ་དེར་ཞུགས་སོ། །དེ་ནས་ཞུགས་པ་དང་ཚལ་དེ་དག་གི་དང་པོ་བསྟན་པ་ནི་དགེ་བའི་ལས་འབད་པ་དག་གིས་བསྐྱེད་པའི་ཤིང་ལྗོན་པའི་ཆ་སྡུག་པ་ཡིན་ཏེ། ཚལ་དེ་ན་ཤིང་ལྗོན་པའི་སྡོང་པོ་རྣམས་ཀྱི་ཆ་སྡུག་པར་བྱས་པ་ཡིན་ནོ། །
དེ་དག་བརྒྱ་ཙམ་ནི་བཻ་ཌཱུརྱ་ལས་བྱས། བརྒྱ་ཙམ་ནི་གསེར་ལས་བྱས། བརྒྱ་ཙམ་ནི་དངུལ་ལས་བྱས། བརྒྱ་ཙམ་ནི་ཤེལ་ལས་བྱས་པ་ཡིན་ཏེ། དེ་ལྟར་དེའི་ཚེ་ཤིང་ལྗོན་པ་རྣམས་ཀྱི་སྡོང་པོ་སྣ་ཚོགས་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་ན་རི་མོ་བྲིས་པའི་ངོས་སྡུག་པ་དེ་བཞིན་དུ་

ཤིང་ལྗོན་པ་སྣ་ཚོགས་དེ་དག་སྡུག་པ་ཡིན་ནོ། །ཤིང་ལྗོན་པ་སྡུག་པ་དེ་རྣམས་ཀྱི་རྣམ་པ་དུ་མ་དང་། ཁ་དོག་དུ་མ་དང་། གཟུགས་དུ་མ་དང་། དབྱིབས་དུ་མ་ཡོད་པ་དེ་དག་ལྷའི་བུ་མེ་ལོང་གི་ངོས་ལྟར་དྲི་མ་མེད་པ་དེ་དག་གིས་མཐོང་ནས། དེ་ནས་ཡང་ལྟ་བ་སྐྱེད་ཅིང་ཀུན་དུ་
རྒྱུ་བ་འབུམ་ཕྲག་དུ་མ་དག་ཀུན་ནས་རབ་ཏུ་དགའ་ཞིང་ལྷ་མོའི་ཚོགས་ཀྱིས་གང་བ། རོལ་མོ་དང་། སིལ་སྙན་གྱི་སྒྲ་འབྱིན་པའི་རྣམ་པ་རབ་ཏུ་དགའ་བའི་ཡིད་ཀྱིས་སྐྱེད་མོས་ཚལ་དུ་ཡུན་རིང་དུ་བདེ་བར་བྱ་བའི་ཕྱིར། ཚལ་དཔེ་མེད་པ་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ལྟར་དེར་ཞུགས་
པ་དང་ལྷའི་བྱའི་ཚོགས་དེ་དག་སྒྲོ་ནི་གསེར། ལྟོ་ནི་བཻ་ཌཱུརྱ། རྐང་པ་ནི་བྱི་རུ། རྒྱབ་ནི་དངུལ། མིག་ནི་རིན་པོ་ཆེ་ཀེ་ཀེ་རུ་སྟེ། ཤིན་ཏུ་རྣར་སྙན་པའི་རྣམ་པ་དེ་དག་གི་སྒྲ་འབྱིན་པར་བྱེད་དོ། །དེ་ནས་ལྷའི་བུ་རྣམས་ཀྱིས་བྱའི་ཚོགས་དེ་རྣམས་ཀྱང་མཐོང་ངོ་། །སྒྲ་མཆོག་ཏུ་སྙན་ཅིང་འཇེབས་
པ་འབྱིན་པ་ཡང་རྣར་ཐོས་ཤིང་། བྱ་དེ་དག་མཐོང་ནས། ལྷའི་བུ་དེ་རྣམས་རང་གི་བྱ་དག་ལ་ཕན་ཚུན་སྨོད་པར་བྱེད་དེ། འདི་ལྟར་ཁྱེད་ཀུན་གསོན་ཅིག །བྱ་སྒྲ་འབྱིན་པ་རྣམ་པ་དུ་མ་དང་། ཁ་དོག་དང་ལྡན་པ་དུ་མ་དང་། སྒྲ་རྣམ་པ་དུ་མས་ལྷ་མོའི་ཚོགས་དེ་རྣམས་ཀྱི་གླུ་དབྱངས་
དེ་དག་ཐམས་ཅད་ཀུན་ནས་མི་མངོན་པ་དེ་ལྟར་ཟིལ་གྱིས་ནོན་ཏོ། །དེ་ནས་བྱ་དེ་དག་གི་སྒྲ་ཐོས་ནས་དེ་ནས་ཡང་དེའི་འོག་ཏུ་སྐྱེད་མོས་ཚལ་དུ་རྩེ་བར་བྱ་བའི་ཕྱིར་ཚལ་དུ་འདོང་བར་བྱེད་དོ། །དེ་ནས་པད་མའི་རྫིང་པད་མའི་ཉི་མའི་འོད་ལྟ་བུ་ཞེས་བྱ་བ་ཐམས་ཅད་མཐོང་སྟེ། པད་མའི་འདབ་མ་ཉི་མ་
ལྟ་བུ་སྟོང་གིས་ཡོངས་སུ་བསྐོར་བ་དེ་དག་ལ་མངོན་པར་བརྟགས་ནས། ལྷའི་བུ་ཆ་བྱད་དང་། གཟུགས་སྣ་ཚོགས་འཆང་བ་དེ་དག་སྔ་མ་བཞིན་པད་མའི་རྫིང་དེ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷའི་བུ་དེ་དག་ལྷ་མོའི་ཚོགས་དང་བཅས་པས་ཡོངས་སུ་བསྐོར་ཅིང་པད་མའི་རྫིང་དེ་བསྐོར་
ནས། བྲོ་རྡུང་བར་བྱེད། གླུ་དབྱངས་ལེན། དགོད་པར་བྱེད། རྩེད་མོ་བྱེད། ཡོངས་སུ་སྤྱོད་པར་བྱེད་དེ། ལྷའི་བུ་དེ་དག་བདེ་བ་སྣ་ཚོགས་ཀྱི་རྒྱགས་པས་མྱོས་སོ། །དེ་ནས་ཡང་པད་མའི་ཚལ་གྱི་ཕྱོགས་དེ་ནས་དེ་དག་ཕན་ཚུན་ལྷན་ཅིག་ཏུ་ལྷའི་རྒྱགས་པས་མྱོས་ཤིང་། ལྷ་ཡུལ་གྱི་གནས་ཆེན་

པོ་ཚལ་དེའི་ནང་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་མོའི་ཚོགས་གར་བྱེད་ཅིང་། ལུས་ལ་ཆ་བྱད་དང་། རྒྱན་སྣ་ཚོགས་ཐོགས་པ་དེ་དག་ཐམས་ཅད་ཆུ་བོ་འབབ་པའི་ཚལ་དགའ་བ་ག་ལ་བ་དེར་འདོང་བར་བྱེད་དེ། ཚལ་དེ་ན་ཡང་ཆུ་བོ་འབབ་པའི་ཆུའི་རྣམ་པ་ནི་འདི་ལྟ་སྟེ། འོ་མའི་ཆུ་དང་།
ཆང་གི་རོའི་ཆུ་དང་། སྦྲང་རྩིའི་ཆུ་དང་། རྒུན་ཆང་གི་ཆུ་དང་། ལྷའི་བཏུང་བའི་ཆུ་དང་། བུང་བས་ཁེབས་པ་དང་། བྱའི་ཚོགས་བརྒྱས་ཡོངས་སུ་བསྐོར་བ་དང་། གསེར་གྱི་རྡོ་དང་། བྱི་རུའི་རྡོ་དང་། དངུལ་གྱི་རྡོ་དང་། རྡོ་སྣ་ཚོགས་འབབ་པ་དག་མཐོང་ངོ་། །དེ་ནས་ལྷའི་བུ་ལྷ་མོའི་ཚོགས་ཀྱིས་ཡོངས་
སུ་བསྐོར་བ་དེ་དག་དེར་རྩེས་ནས། ཚལ་ག་ལ་བ་དེར་ལྷ་མོ་རྣམས་དང་ལྷན་ཅིག་ཡུན་རིང་དུ་དགའ་བར་བྱེད་ཡོངས་སུ་སྤྱོད་པར་བྱེད་དོ། །དེ་ནས་ཆུ་བོ་འབབ་པའི་ཕྱོགས་དེ་ནས་ཀྱང་ལྷའི་མེ་ཏོག་གི་ཚལ་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ན་ལྷའི་མེ་ཏོག་མ་རྙིས་པ་དཔག་ཚད་བཅུར་དྲི་རྒྱ་ཆེར་འབྱུང་བ་དག་ཡོད་
དེ། འདི་ལྟ་སྟེ། མེ་ཏོག་ཟླ་བའི་འོད་ཅེས་བྱ་བ་ཟླ་བའི་མདོག་ལྟ་བུ་དང་། མེ་ཏོག་ཉི་མའི་འོད་ཅེས་བྱ་བ་ཉི་མའི་མདོག་ལྟ་བུ་ཡིན་ཡང་འོད་ཚ་བ་མེད་པ་དང་། གཟའ་དང་སྐར་མ་ལྟ་བུའི་འབྲས་བུའི་ཚལ་ཐམས་ཅད་དུ་ལྷའི་བུ་དེ་དག་འདོང་བར་བྱེད་དོ། །ཚལ་དེར་འབྲས་བུ་འབྱུང་བ་དག་ནི་འདི་ལྟ་སྟེ།
སྦྲང་རྩི་གོང་བུའི་འབྲས་བུ་དང་། འབྲས་བུ་རྣོ་བ་དང་། འཇམ་པ་ཞུ་བའི་འབྲས་བུ་དང་། དྲིའི་འབྲས་བུ་སྟེ། དྲི་གང་ཤིན་ཏུ་ཚིམ་པར་བྱེད་པ་ཉིད་དང་། རོ་དྲུག་པའི་འབྲས་བུ་དང་། ཇི་ལྟར་རོ་འདོད་པའི་འབྲས་བུ་དང་། རོ་མི་ངོམས་པའི་འབྲས་བུ་སྟེ། འབྲས་བུའི་རྣམ་པ་དེ་དག་ནི་ལྷ་རྣམས་
ཀྱིས་ལེགས་པར་བྱས་པའི་ལས་ཀྱི་སྤྲུལ་པའི་འབྲས་བུ་ཡིན་ཏེ། ཚལ་དཔེ་མེད་པ་དེར་འབྱུང་བར་འགྱུར་རོ། །ཚལ་དེར་ཡང་ལྷ་རྣམས་དགའ་བར་བྱེད། རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། ཟ་བར་བྱེད། འཆའ་བར་བྱེད། འཐོག་པར་བྱེད། འཐུང་བར་བྱེད། འཇིབ་པར་བྱེད། དེ་དག་
དེར་དགའ་བར་བྱས་ནས། ཚལ་བྱ་བྲོ་གར་བྱེད་པ་ཞེས་བྱ་བའི་ཕྱོགས་ག་ལ་བ་དེར་འདོང་བར་བྱེད་དེ། ཚལ་དེ་ན་བྱའི་ཚོགས་སྐད་འབྱིན་པ་དག་མཐོང་ཞིང་གླུ་དབྱངས་ཀྱི་སྒྲ་གཞན་འབྱིན་པ་དང་། གར་གཞན་བྱེད་པ་དང་། སྒྲ་སྙན་པ་གཞན་གྱིས་རྣ་ལམ་ཡོངས་སུ་གང་སྟེ། དེ་རྣམས་ཀྱིས་དེར་སྒྲ་སྙན་

པ་ཡིད་དུ་འོང་བ་དེ་དག་ཐོས་ནས་ཀྱང་རྩེ་བར་བྱེད་དོ། །དེ་ནས་འདྲེས་པའི་ཚལ་གཞན་དུ་འདོང་བར་བྱེད་དེ། ཚལ་དེ་ཐམས་ཅད་འདྲེས་པ་འདི་ལྟ་བུ་ཡིན་ཏེ། ཇི་ལྟར་ཐམས་ཅད་སྔར་བསྟན་པ་བཞིན་དུ་ཚལ་འབྲས་བུ་དང་། མེ་ཏོག་དང་། ཆུ་བོ་དང་། ཤིང་ལྗོན་པ་དང་། བྱའི་
ཚོགས་ཕུན་སུམ་ཚོགས་པ་ཡོད་དེ། དེས་ན་འདྲེས་པའི་ཚལ་ཞེས་བྱའོ། །དེ་དག་ཀྱང་འདྲེས་པའི་ཚལ་དེར་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཅིང་ལྡན་པར་གྱུར་པས་རྩེ་ཞིང་འོང་བའི་སྒྲས་དགའ་བར་བྱེད་དེ། དེ་ནས་དེ་དག་དེ་ན་གནས་ཤིང་ཤིན་ཏུ་ཡུན་རིང་བར་རྩེ་བར་བྱེད་དོ། །དེ་ནས་ལྷའི་
རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ་ལྷའི་བུ་བག་མེད་པ་ལ་གནས་པ་དེ་དག་གང་ཡིན་བདེ་བ་འདི་ཐམས་ཅད་ཀྱི་མཐའ་ཟད་པར་འགྱུར་བ་ཁོང་དུ་མ་ཆུད་དོ་སྙམ་མོ། །དེ་ནས་ལྷའི་བུ་དེ་དག་ཐམས་ཅད་ཀྱིས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་བསམ་པ་ཤེས་ནས། ཇི་ལྟར་དོང་དོང་བའི་ལམ་དེ་ཉིད་ནས་དེ་ལྟར་
སླར་འགྲོ་སྟེ། འདི་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་ལྷ་མོ་དེ་དག་ཀྱང་འགྲོས་མྱུར་བར་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་རྩེ་བའི་དོན་དུ་འཇུག་པར་བྱེད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷའི་བུ་དེ་རྣམས་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་
པ། སྲེད་དང་བཅས་པའི་ཡུལ་རྣམས་ལ། །ངོམས་པ་དག་ཏུ་ག་ལ་འགྱུར། །ངོམས་པ་སྲེད་བྲལ་གང་ཡིན་པ། །ལུས་ཅན་དེ་ནི་མྱ་ངན་བྲལ། །སྐྱེ་བོ་ཡུལ་ལ་མངོན་དགའ་བ། །ནམས་ཀྱང་བདེ་བར་མི་འགྱུར་ཏེ། །ཡུལ་ནི་དུག་དང་འདྲ་བར་མཐོང་། །ཡོངས་སུ་གྱུར་པ་མི་བཟད་དོ། །འདིར་ནི་ཡུལ་
ལ་འཇུག་བྱེད་པ། །ཐོག་མ་བར་དང་ཐ་མ་མེད། །འཇིག་རྟེན་འདི་མིན་ཕ་རོལ་མིན། །བདེ་བ་བྱེད་པ་གལ་ཡོད། །སྐྱེ་བ་རྟག་པ་ཤིན་ཏུ་ཟད། །ལང་ཚོ་དག་ནི་རིངས་པར་འགྲོ། །འདུ་བ་དང་ནི་འབྲལ་བ་དང་། །ལྷན་ཅིག་སྐྱེ་བར་ཡོངས་སུ་མཐོང་། །རབ་ཏུ་བསླུས་པ་དུ་མ་དག །བདེ་དང་སྡུག་པས་
རྟག་བསྒྲིབས་ཀྱང་། །སྲོག་ཆགས་རྨོངས་པས་བསླུས་པ་དག །ཡིད་ནི་འབྱུང་བར་མི་བྱེད་དོ། །འདི་ལྟར་བྱིས་པ་ཐམས་ཅད་ནི། །སྲེད་པ་དག་ལ་རྩེ་བར་བྱེད། །ཇི་ལྟར་ཤིང་ལ་མེ་འབར་བཞིན། །ཡུལ་རྣམས་ལ་ནི་ངོམས་པ་མེད། །སྐྱེ་བོ་ངོམས་མེད་འདི་དག་ཀུན། །ཡུལ་རྣམས་ཀྱིས་

ནི་ཡོངས་སུ་བསླུས། །འཆི་དང་ཉེ་བར་འགྲོ་བྱེད་ཀྱང་། །གཟུགས་རྣམས་དང་ནི་འབྲལ་མི་བྱེད། །ལམ་རྒྱགས་དག་ནི་མ་བསགས་པ། །ཡུལ་རྣམས་ཀྱིས་ནི་ཡོངས་སུ་བསླུས། །སྲེད་པས་ཡོངས་སུ་རྨོངས་པ་ཡི། །ལྷ་དག་དབང་མེད་འཆི་བར་འགྱུར། །འདོད་པས་རྨོངས་པ་ཁྱེད་ཀུན་ལ། །
ང་ཡིས་རྗེས་སུ་བསྟན་པ་ཡིན། །འདི་ལྟར་ཆོས་གནས་དམ་པ་སྟེ། །བདག་ལ་ཕན་པ་རྟག་ཏུ་གྱིས། །ཆོས་ལ་སྤྱོད་པའི་མི་དག་ནི། །བདེ་ལས་བདེ་བ་འཐོབ་འགྱུར་ཏེ། །མྱ་ངན་འདས་དང་གཞན་ཞི་བ། །མྱུར་བ་ཉིད་དུ་ཤིན་ཏུ་འགྲོ། །དེ་ལྟ་བས་ན་ཕ་རོལ་གྱི། །བསོད་ནམས་དག་གི་ཕུང་པོ་གྱིས། །
རྟག་ཏུ་བསོད་ནམས་བྱེད་པ་ནི། །དུལ་ཞིང་ཟག་མེད་གནས་སུ་འགྲོ། །དེ་ནས་བརྒྱ་བྱིན་ཚིག་ཐོས་ནས། །སེམས་བྱུང་བཟང་བ་ཞི་དང་དུལ། །བརྒྱ་བྱིན་བུ་སྟེ་དེ་དག་ཀུན། །ཕ་ཡིས་རྗེས་སུ་བསྟན་པ་ཡིན། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ལེགས་པར་བྱ་བའི་ལས་བྱེད་པ་ངན་སོང་གི་སྒོ་བཅད་
པས་བུ་དེ་དག་ལ་མངོན་པར་གཏམ་དེས་ལམ་བཟང་པོ་ལ་ཡང་དག་པར་བཙུད་ནས་ཚལ་སྣ་ཚོགས་ག་ལ་བ་དེར་བདག་ཉིད་བདེ་བར་གནས་པ་དང་། དགེ་བ་བྱ་བའི་ཕྱིར་འགྲོ་བར་བྱེད་དེ། དེ་ནས་ལེགས་པར་བྱས་པའི་ལས་སྣ་ཚོགས་བྱས་པའི་ཚལ་སྣ་ཚོགས་ན་ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་ཁང་པ་
བརྩེགས་པ་སྣ་ཚོགས་ལ་འདི་ལྟ་སྟེ། ཤེལ་ལས་བྱས་པ་དང་། བྱི་རུ་ལས་བྱས་པ་དང་། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། མཐོན་ཀ་ལས་བྱས་པ་དང་། མཐོན་ཀ་ཆེན་པོ་ལས་བྱས་པ་དང་། གསེར་བཙོ་མ་ལས་བྱས་པ་ལྔ་བརྒྱ་སྙེད་ཡོད་དོ། །དེ་ནས་བརྒྱ་བྱིན་གྱི་ཚལ་སྣ་
ཚོགས་དེ་ཤིང་ལྗོན་པ་འབུམ་ཕྲག་དུ་མ་སྙེད་ཀྱིས་མཛེས་ཤིང་། །པད་མ་ཉི་མ་འཆར་བའི་མདོག་ལྟ་བུ་རྣམས་ཀྱིས་མཛེས་པར་བྱས་པ་དེ་ལ་མངོན་པར་བརྟགས་ནས། འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། བསོད་ནམས་དག་གིས་དགའ་འགྱུར་ཏེ། །བརྒྱ་སྟོང་དག་ཏུ་བྱ་བ་ཡིན། །བསོད་ནམས་སྣ་
ཚོགས་བྱས་པ་ཡིས། །ཀུན་ནས་སྣ་ཚོགས་སྨིན་པར་འགྱུར། །ལེགས་བྱས་ལས་ནི་མ་བྱས་པ། །སེམས་ཀྱི་བྲན་དུ་སོང་བའི་མི། །སེམས་ཀྱི་དགྲ་ཡིས་ཡོངས་བསླུས་པ། །དབང་མེད་ངན་སོང་རྣམས་སུ་ལྟུང་། །ཁང་པ་བརྩེགས་པ་ཐམས་ཅད་དག །ཀུན་ཏུ་སྣ་ཚོགས་ལས་ཡིན་ཏེ། །ལྷ་རྣམས་

ནང་དུ་ལྷ་སྤྱོད་པ། །ལེགས་པར་བྱས་པས་མང་པོར་འཕེལ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་ཚིགས་སུ་བཅད་པ་དེ་དག་སྨྲས་ནས་ཁང་པ་བརྩེགས་པ་གཞན་ག་ལ་བ་དེར་འགྲོ་བར་བྱེད་དོ། །ལེགས་པར་བྱས་པའི་ལས་ཀྱིས་སྤྲུལ་པའི་ཁང་པ་བརྩེགས་པ་དེར་སྟན་ཁྲ་བོ་འཇམ་ཞིང་འཕར་ལ་ལྷོད་
པ་དག་ནི་བཏིང་། རིན་པོ་ཆེ་ལས་བྱས་པའི་སྟན་དུ་མས་ནི་མཛེས་པར་བྱས། འོད་ཀྱི་ཕྲེང་བ་རྣམ་པ་དུ་མ་ཡོད་པ་དེ་དག་ལ་མངོན་པར་བརྟགས་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་ནང་དུ་ཞུགས་སོ། །ཞུགས་ནས་དེ་ན་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ནང་དུ་ཞུགས་པའི་ཁང་པ་བརྩེགས་པ་དེ་རིན་པོ་ཆེ་ལས་
བྱས་པ་ཡིན་ཏེ། རིན་པོ་ཆེ་འབར་བ་དུ་མས་རྣམ་པར་བརྒྱན་པ། འོད་དུ་མ་འབྱུང་བ། མེ་ཏོག་རྣམ་པ་དུ་མས་མཛེས་པར་བྱས་པ། དེའི་ནང་དུ་ཞུགས་ནས་ཀྱང་ལྷ་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་ཏེ། དེ་ལྟར་དེ་རྣམས་གླུ་དབྱངས་ལེན་བཞིན་དུ་ཚལ་དེ་ན་རྩེ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །ཚལ་དེ་ན་
ཡང་མཐོ་ཞིང་དམའ་བའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང་། མེ་ཏོག་རྣམ་པ་སྣ་ཚོགས་ཀྱིས་ཁེབས་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང་། གསེར་གྱི་བྱ་རྣམ་པ་སྣ་ཚོགས་སྐད་འབྱིན་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དང་། ལ་ལ་དག་ཏུ་ཡང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་
རྣམས་ཀྱིས་མཛེས་པར་བྱས་པ་བྱ་དང་བུང་བ་སྣ་ཚོགས་སྒྲ་སྐད་སྙན་པ་འབྱིན་ཅིང་། ཁ་ཅིག་དག་ན་ཡང་དཔག་བསམ་གྱི་ཤིང་ལྗོན་པའི་ས་རིས་ལེགས་པར་རྣམ་པར་ཕྱེ་བ་དག་ལ་ལྷའི་དབང་པོ་བརྒྱ་བྱིན་དེ་ཀུན་དུ་མིག་གིས་རྟོག་པར་བྱེད་ཅིང་། ལྷའི་ཚོགས་ཀྱིས་གང་བ་ཟླ་བ་དང་ཉི་མ་བས་ལྷག་
པའི་འོད་དག་གི་གཟི་བརྗིད་འབར་བས་དགའ་བར་བྱེད་དོ། །གསེར་གྱི་ཤིང་ལྗོན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་། བཻ་ཌཱུརྱའི་ཁང་བཟངས་ཀྱིས་དཀྲིགས་པ། ཀུན་ནས་གསེར་དང་། དངུལ་གྱི་ཀ་བ་ཟུང་རྣམས་ཀྱིས་མཛེས་པར་བྱས་ཤིང་། བཻ་ཌཱུརྱ་སྔོན་པོའི་པད་མའི་མཚོ་རྣམས་ཀྱིས་མཛེས་པར་བྱས་པ་
དེ་མཐོང་ངོ་། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཁང་བཟངས་འདིར་བདག་གནས་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷ་རྣམས་ཀྱང་འདི་སྙམ་དུ་སེམས་ཏེ། ད་ནི་ལྷའི་རྒྱལ་པོ་བརྒྱ་བྱིན་ཁང་པ་བརྩེགས་པ་འདིར་འཇུག་པར་འགྱུར་ཏེ། དེར་བདག་ཅག་རང་གི་འཁོར་གྱིས་ཡོངས་སུ་བསྐོར་ཅིང་

ལྷ་མོའི་ཚོགས་ཀྱིས་ཉེ་བར་གླུ་ལེན་པ་དང་། ཚལ་དང་ཉེ་བའི་ཚལ་དུ་འཆག་ཅིང་རྩེད་མོ་བྱ་ཞིང་གླུ་དག་བླངས་ཏེ་བདེ་བ་ཉམས་སུ་མྱོང་བར་བྱའོ་སྙམ་མོ། །དེ་ནས་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། གལ་ཏེ་ལྷ་དང་ལྷ་མོ་དག་གིས་སྐབས་ཕྱེ་ན། བདག་ཁང་བཟངས་འདིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷ་དག་གིས་འཕྲལ་ལ་འདི་
སྐད་ཅེས་སྨྲས་སོ། །ཁྱོད་རང་གི་སྐྱེད་མོས་ཚལ་དག་ཏུ་གཤེགས་ལ་དགྱེས་པ་མཛད་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་ལྷ་དེ་དག་རང་གི་ཚལ་དང་། ཉེ་བའི་ཚལ་དང་སྐྱེད་མོས་ཚལ་དང་། པད་མའི་རྫིང་དང་། མཚེའུ་དང་། རང་གི་སླས་ག་ལ་ཡོད་པ་དེར་རྩེ་བའི་ཕྱིར་འགྲོ་བར་བྱེད་དོ། །དེ་ནས་ལྷའི་རྒྱལ་པོ་དབང་
པོ་ཁང་པ་བརྩེགས་པ་ག་ལ་བ་དེར་འགྲོ་བར་བྱེད་དེ། བཻ་ཌཱུརྱའི་ཚལ་དྲི་མ་མེད་པ་དེར་ཞུགས་ནས་ཐགས་སུ་བཏགས་པ་མ་ཡིན་པའི་ལྷའི་སྟན་ཁྲ་བོ་བཏིང་བའི་སྟེང་དུ་འདུག་གོ། །འདུག་ནས་དེའི་ལེགས་པར་བྱས་པའི་ལས་དང་། དགེ་བའི་ལས་དེས་བསྐུལ་ནས། རྩིག་ངོས་ཤིན་ཏུ་གསལ་བ་ལ་རྟོག་པར་བྱེད་དེ། བརྒྱ་བྱིན་གང་ཚེ་
འཕོས་པ་རི་མོར་བྲིས་པ་ལྟ་བུ་དེ་དག་ས་དེར་མཐོང་ངོ་། །དེ་དག་གི་མིང་དེར་བྲིས་པ་རྣམས་ལ་ཡང་རྟོག་པར་བྱེད་དེ་དེར་དབང་པོ་ཚེ་འཕོས་པ་ནི་འདི་རྣམས་ཡིན་ནོ། །འདི་ལྟ་སྟེ། ལེགས་འབྱོར་ཞེས་བྱ་བ་དང་། འབྱོར་པ་ཞེས་བྱ་བ་དང་། ལེགས་སྤྱོད་ལྡན་ཞེས་བྱ་བ་དང་། དཀར་པོ་ཞེས་བྱ་བ་དང་། བློ་གྲོས་བཟང་ཞེས་བྱ་བ་དང་། ཀུན་
བདེ་ཞེས་བྱ་བ་དང་། བརྟན་པ་ཞེས་བྱ་བ་དང་། ཀུན་ཏུ་མིག་ཅེས་བྱ་བ་དང་། མིག་སྟོང་ཞེས་བྱ་བ་དང་། ཐམས་ཅད་དགའ་ཞེས་བྱ་བ་དང་། སྟོང་སྣང་ཞེས་བྱ་བ་དང་། གཟི་བརྗིད་ཕྲེང་ལྡན་ཞེས་བྱ་བ་དང་། དཔལ་འཛིན་ཅེས་བྱ་བ་དང་། མདོག་སྔོན་ཞེས་བྱ་བ་དང་། མི་འཆི་ཞེས་བྱ་བ་དང་། མི་འགྱུར་ཞེས་བྱ་བ་དང་། བདེ་བྱེད་ཅེས་བྱ་
བ་དང་། མཆོག་སྦྱིན་འཛིན་ཅེས་བྱ་བ་དང་། བཀྲ་ཤིས་འཛིན་ཅེས་བྱ་བ་དང་། ཀུན་དགའ་ཞེས་བྱ་བ་དང་། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་དབང་པོ་སུམ་ཅུ་ལྷའི་འཇིག་རྟེན་ནས་ཚེ་འཕོས་པ་དང་། དགེ་བའི་ལས་ཀྱིས་དེར་སྐྱེས་པ་དང་། དེའི་དགེ་བའི་ལས་ཟད་ནས་ལྷའི་དབང་པོའི་གནས་དེ་ནས་ཚེ་འཕོས་ཏེ། དེ་ནས་ཡང་
སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་མཐོང་ཞིང་ལུས་སྡུག་བསྔལ་དུ་མས་མངོན་པར་ཉམས་པ་དག་མཐོང་ངོ་། །ཚེ་རབས་དེ་དག་གི་ནང་དུ་སྐྱེས་པ་དེ་དག་ཤིན་ཏུ་སྡུག་བསྔལ་ཞིང་སྡུག་བསྔལ་གྱིས་གནོད་པ་དེ་རྣམས་གཟུགས་བརྙན་ལྟ་བུར་གྱུར་པ་མཐོང་ངོ་།། །།

འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ། བམ་པོ་སུམ་ཅུ་གཅིག་པ། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་དག །ལུས་བཀྲེས་པ་དང་། སྐོམ་པས་གདུངས་ཤིང་ལུས་པགས་པ་དང་། རུས་པ་དང་། རྒྱུས་པས་སྦྲེལ་བ་ལྟ་བུ་གང་ཡིན་པ་དེ་དག་དང་། དུད་
འགྲོ་རྣམས་ཀྱི་ནང་དུ་སྐྱེས་པ། ཕན་ཚུན་ལུས་ལ་ཟ་བའི་སྡུག་བསྔལ་གྱིས་གདུངས་ཤིང་ཟ་བ་གང་ཡིན་པ་དེ་དག་དང་། མི་རྣམས་ཀྱི་ནང་དུ་སྐྱེས་པ་ཚོལ་བའི་སྡུག་བསྔལ་གྱིས་མངོན་པར་གདུངས་པ་གང་ཡིན་པ་དེ་དག་ཀྱང་མཐོང་སྟེ། དེ་ལྟར་དེ་དག་མཐོང་ནས་འཁོར་བ་མི་བཟད་པར་
བྱས་པ་ལ་བདེ་བ་འབྱུང་བ་མེད་ཅིང་། ཀྱེ་མ་འཁོར་བ་འདི་ཀུན་ནི་གནོད་པ་ཕལ་ཆེ་ཞིང་མང་བ་ཡིན། ཀུན་ནས་སྙིང་པོ་མེད་པ་ཡིན། འཁོར་བ་འདི་ལ་གང་རྟག་པའམ། བརྟན་པའམ། ཐེར་ཟུག་གམ། མི་འགྱུར་བའི་ཆོས་ཅན་སྐྲའི་རྩེ་མོ་ཙམ་ཡང་མེད་དོ། །ཀྱེ་མ་དབང་པོ་འདི་དག་རང་
གི་ལས་ཀྱི་འབྲས་བུ་ལ་ལོངས་སྤྱད་ནས་འདི་ནས་ཚེ་འཕོས་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེས་པ་རྣམས་བདེ་བའི་རྣམ་པ་འདི་ལྟ་བུའི་མཐའ་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་སྟེན་པར་ག་ལ་ནུས། ཀྱེ་མ་འཁོར་བ་འདི་ནི་ཤིན་ཏུ་མི་བཟད་པ་ཡིན་ཞིང་།
ཤིན་ཏུ་འཇིགས་པ་ཡིན་ལ། མཆོག་ཏུ་མི་དགའ་བར་བྱེད་པ་ཡིན་ནོ། །སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་ཅེས་བྱ་བ་ཤིན་ཏུ་བདེ་བའི་སྐལ་བ་ཅན་གང་ཡིན་པ་དེ་དག་ཀྱང་མཆོག་ཏུ་མི་བཟད་པའི་གནས་སྐབས་འདི་དག་ཏུ་སོང་བ་ལྟ་ཞིག་སྙམ་སེམས་སོ། །དེ་ལྟར་དེ་ཡིད་བྱུང་ནས་བདག་ཉིད་ལ་
རྟོག་པར་བྱེད་དེ། དེ་བདག་ཉིད་ཀྱི་ངན་སོང་གི་འགྲོ་བ་ནི་བཅད། ལྷ་དག་ལས་མི་རྣམས་ཀྱི་ནང་དུ་སྐྱེ་ཞིང་། མི་དག་ལས་ཚེ་འཕོས་ནས་དེ་ནས་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་མཐོང་ངོ་། །གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེའི་ཚེ་ཡུལ་བཟང་པོ་ཤིན་ཏུ་རྒྱས་པའི་
ལྗོངས་དང་། གྲོང་དང་། གྲོང་ཁྱེར་དང་། རིགས་བཟང་པོ་དང་། སྤྱོད་པ་བཟང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དང་། ལྟ་བ་ལོག་པ་དང་། ཁེངས་པ་དང་། རྒྱགས་པ་དང་། ང་རྒྱལ་དང་བྲལ་བའི་རིགས་བཟང་པོར་སྐྱེ་བར་འགྱུར་རོ། །གལ་ཏེ་ཡང་བདག་ཉིད་མི་རྣམས་ཀྱི་

ནང་དུ་སྐྱེས་ན་ཡང་དེ་རྒྱལ་པོའི་རིགས་སམ། གལ་ཏེ་བློན་པོ་རྟག་ཏུ་སྤྱོད་པ་གཙང་ཞིང་ཡོན་ཏན་ཕུན་སུམ་ཚོགས་པ་དབང་ཕྱུག་དམ་པ་མཐུ་ཆེན་པོར་འགྱུར་བ་མཐོང་ངོ་། །འདི་ལྟར་བདག་མི་ཡུལ་དེ་ནས་ཤི་ནས་ཡང་གར་སྐྱེ་བར་འགྱུར་ཞིག་གུ་སྙམ་མོ། །དེ་བདག་ཉིད་ལྷ་རྣམས་ཀྱི་ནང་
དུ་སྐྱེས་ཏེ། མཆོག་ཏུ་རྫུ་འཕྲུལ་ཆེ་ཞིང་ཤིན་ཏུ་མཐུ་ཆེ་བ་དང་། ངོ་ཚའི་ཁ་ན་ལས་པ་མེད་པར་འགྱུར་བ་མཐོང་ངོ་། །ལྷ་གཞན་རྣམས་ཁ་ཟས་ཟ་བའི་དུས་དེའི་ཚེ་ལྷ་རྣམས་བདག་ཉིད་ཀྱིས་སྡིག་པ་དང་འདྲེས་པའི་ཟས་ཀྱི་ལས་ངན་པ་བསྐྱེད་པ་དེས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །གང་གི་ཇི་
སྲིད་དུ་ལས་ཀྱི་རྣམ་པ་བྱས་པ་དེ་སྲིད་དུ་དེའི་ཟས་ཀྱི་རྣམ་པ་དེ་ལྟ་བུ་འབྱུང་བར་འགྱུར་ཏེ། ཟས་དེ་མངོན་པར་མཐོང་ནས་ལྷ་རྣམས་ཤིན་ཏུ་ངོ་ཚ་བར་འགྱུར་རོ། །དེ་ལྟར་བདག་གི་ཟས་ཤིན་ཏུ་ཆེ་བ་མཆོག་ཏུ་ཞིམ་པ། རབ་ཏུ་མང་བ་དེ་དག་བདག་ཉིད་ཀྱིས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ།
བདག་ཚེ་རབས་ཇི་སྙེད་ཅིག་ཏུ་འདི་ལྟར་འགྱུར་སྙམ་ནས་དེས་ཁང་པ་བརྩེགས་པའི་རྩིག་པ་དེ་ཉིད་ལ་བརྟགས་ན། དགེ་བའི་ལས་དེས་བདག་ལྷ་རྣམས་ཀྱི་ནང་དུ་ལན་བདུན་མི་རྣམས་ཀྱི་ནང་དུ་ལན་བདུན་ཕན་ཚུན་ཚེ་འཕོ་བ་ལན་བདུན་མཐོང་ནས། བདག་གི་ཚེ་འཕོ་བ་བརྒྱད་པ་ལྷ་རྣམས་དང་།
མི་རྣམས་དང་། སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེ་བ་མ་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་དག་གང་དུ་ཡང་བདག་ཉིད་མ་མཐོང་སྟེ། བདག་གང་དུ་ཇི་ལྟར་སྐྱེ་བར་འགྱུར་ཞིག་གུ་སྙམ་མོ། །དེ་བདག་ཉིད་གང་དུ་ཡང་
མ་མཐོང་ནས། དེ་ཤིན་ཏུ་ངོ་མཚར་ཆེར་སྐྱེས་ཏེ། ཀྱེ་མ་བདག་གི་ཚེ་བརྒྱད་པ་མ་མཐོང་ངོ་སྙམ་ནས་དེ་སེམས་ཤིང་འདུག་འདུག་པ་ལས་ཡུན་རིང་ཞིག་ལོན་པ་དང་དྲན་པ་རྙེད་དེ། བདག་གིས་བཅོམ་ལྡན་འདས་ལས་བདག་ཚེ་རབས་བདུན་རྗེས་ནས་རྒྱུན་དུ་ཞུགས་པར་འགྱུར་ལ། ཕྱིས་
ཕུང་པོའི་ལྷག་མ་མེད་པའི་དབྱིངས་ལ་འཇུག་པར་འགྱུར་རོ་ཞེས་ཐོས་སོ། །ད་ནི་བདག་སྐལ་བ་དེ་ལྟ་བུ་དང་ལྡན་པར་འགྱུར་རོ་སྙམ་སྟེ། དེ་ལྟར་བརྟགས་ནས། དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་འཚལ་བར་བྱེད་དེ། ཡིད་ཤིན་ཏུ་དང་ཞིང་རྙོག་པ་མེད་པས་བཅོམ་ལྡན་འདས་ལ་

ཕྱག་འཚལ་བར་བྱེད་དོ། །ཡིད་རབ་ཏུ་དགའ་བས་ཕྱག་བྱས་ནས། དེ་ནས་ཡང་གདིང་བ་ཤིན་ཏུ་འབྱོར་པ་བཏགས་པ་ལས་བྱས་པ་མ་ཡིན་པ་ཕུན་སུམ་ཚོགས་པ་དང་། འཛམ་བུ་ཆུ་བོའི་གསེར་བཟང་པོའི་སྟན་དེ་ཉིད་ལ་འདུག་པ་དང་། བརྒྱ་བྱིན་གྱི་གཟུགས་དེ་ཉིད་རྩིག་
པའི་ནང་ན་སྣང་བ་མཐོང་ངོ་། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ཡང་ལྷའི་འདུན་ས་ཆོས་བཟང་དུ་ལྷ་རྣམས་ཡང་དག་པར་བལྟ་བར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་མོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་སྟན་དེ་ལས་ལངས་ནས་ཚལ་སྣ་ཚོགས་ཀྱི་ཕྱོགས་
ག་ལ་བ་དེར་འགྲོ་བར་བྱེད་དེ། དེར་ཡང་ལྷ་དང་ལྷ་མོའི་ནང་ན་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ལ། ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །བྱ་དང་། ཤིང་ལྗོན་པ་དང་། པད་མའི་རྫིང་དང་། ལྟེང་
ཀ་དང་། ཉེ་བའི་ཚལ་གྱི་རྣམ་པས་མཛེས་པར་བྱས་པའི་ཚལ་སྣ་ཚོགས་སུ་དེ་དག་གིས་ལྷའི་རྒྱལ་པོ་བརྒྱ་བྱིན་དེ་མངོན་པར་མཐོང་ནས། དེ་དག་ཐམས་ཅད་ཀྱིས་སིལ་སྙན་དང་། རོལ་མོ་རྣམ་པ་སྣ་ཚོགས་དག་བླངས་ཏེ། ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །
དོང་ནས་ཀྱང་བརྒྱ་བྱིན་ལ་གསོང་པོར་སྨྲས་ཤིང་བརྒྱ་བྱིན་ཡོངས་སུ་བསྐོར་ནས། ལྷའི་ཚོགས་ཐམས་ཅད་བྲོ་རྡུང་བར་བྱེད། གླུ་དབྱངས་ལེན། དགོད་པར་བྱེད་དོ། །བརྒྱ་བྱིན་སྔར་འགྲོ་ལ། ལྷ་མོ་ཆ་བྱད་དང་། གཟུགས་སྣ་ཚོགས་དང་ལྡན་པ་དག་ཕྱི་བཞིན་འབྲང་ཞིང་རོལ་མོའི་སྒྲ་སྣ་
ཚོགས་ཀྱིས་ལྷའི་འདུན་ས་ཆོས་བཟང་དེར་འགྲོ་བར་བྱེད་དོ། །དེ་དག་ཐམས་ཅད་ཡིད་རབ་ཏུ་དགའ་བས་སིལ་སྙན་དང་། རོལ་མོ་སྣ་ཚོགས་དང་། གར་བྱས། གད་མོ་བགད། དགའ་བར་བྱས། རྩེད་མོ་རྩེས་ནས་ལྷན་ཅིག་ཏུ་འདོང་བར་བྱེད་དོ། །དེ་ནས་ཆོས་བཟང་ན་གནས་པའི་
ལྷ་བརྒྱ་བྱིན་ལ་རིམ་གྲོ་བྱེད་པར་འདོད་པ་རྣམས་ཀྱང་ལྷའི་རྒྱལ་པོ་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་སིལ་སྙན་དང་། གླུ་དབྱངས་ཀྱི་སྒྲ་སྣ་ཚོགས་འབྱིན་པའི་ལྷ་དེ་རྣམས་ཀྱང་ཕྱིར་བྱུང་ནས་དེ་དག་ཕན་ཚུན་འདུས་སོ། །ལྷའི་ཚོགས་འདུས་ཤིང་ཡང་དག་པར་དགའ་ལ།

མངོན་པར་མཐོང་བ་དེ་རྣམས་ཀྱི་བྲོ་གར་དང་། གླུའི་སྒྲ་ཤིན་ཏུ་སྙན་པ་སྲེད་པ་ཀུན་དུ་སྟོན་པའི་སྒྲ་དེས་ལྷའི་འཇིག་རྟེན་དང་བཅས་པ་ཐམས་ཅད་ཀུན་དུ་གང་ངོ་། །སྒྲ་དེ་དག་ཐོས་ནས་ལྷ་གང་ཚལ་དང་། ཉེ་བའི་ཚལ་གཞན་རྣམས་ཀྱི་ནང་ན་འཁོད་པ་དག་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་
འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེ་དག་ཀྱང་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དེ། དོང་ནས་ཀྱང་བརྒྱ་བྱིན་ལ་གསོང་པོར་སྨྲས་ཤིང་རྒྱལ་བར་སྤྱོན་ཅིག་ཅེས་བརྗོད་ནས། འབུམ་ཕྲག་དུ་མར་ཡོངས་སུ་བསྐོར་
ཏེ་ལྷའི་འདུན་ས་ཆོས་བཟང་ག་ལ་བ་དེར་འདོང་བར་བྱེད་དོ། །དགེ་བའི་ལས་སྣ་ཚོགས་ཀྱིས་གླུ་ལེན། བྲོ་རྡུང་ཞིང་ཆ་བྱད་དང་། རྒྱན་རྣམ་པ་བཞི་ཐོགས་པ་དེར་སྐྱེས་པ་དག་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལེགས་པར་བསྲུངས་ཤིང་བསྒོམས་པ་དེའི་འབྲས་བུའི་རྣམ་པ་ཡིན་ཏེ། དེ་ལ་
ཉེ་བར་སྤྱོད་པར་བྱེད་དོ། །ལྷའི་ཚོགས་ཐམས་ཅད་ཆོས་བཟང་དུ་ཞུགས་ཏེ། བརྒྱ་བྱིན་གྱི་གནས་དཔག་ཚད་ལྔ་བརྒྱར་རྒྱ་ཆེ་ཞིང་གསེར་བཙོ་མས་རྣམ་པར་བརྒྱན་པ། བཻ་ཌཱུརྱའི་ཤིང་ལྗོན་པས་ཉེ་བར་མཛེས་པར་བྱས་པ། ཤིང་ལྗོན་པ་གཞན་རྣམས་ཀྱིས་ཀྱང་མཛེས་པར་བྱས་པ། མེ་
ཏོག་འཇམ་པོས་རྒྱས་པ། ཤིན་ཏུ་དྲི་ཞིམ་ཞིང་དཔག་ཚད་ལྔའི་བར་དུ་དྲི་རབ་ཏུ་འབྱུང་བར་བྱེད་པ། ཡིད་དུ་འོང་བ་དགའ་བར་བྱེད་ལ། སྡུག་ཅིང་ཡིད་དུ་འཐད་པ་གཞན་གྱིས་མི་ཐུབ་པ་དག་ཡོད་དེ། དེ་དག་ཐམས་ཅད་ཀྱང་ལྷའི་འདུན་སར་བརྒྱ་བྱིན་གྱིས་ཡོངས་སུ་བསྐྱངས་པ་ཡིན་
ནོ། །དེ་དག་ལྷའི་དབང་པོ་བརྒྱ་བྱིན་དང་བཅས་ཤིང་ལྷ་མོའི་ཚོགས་བྱེ་བ་ཕྲག་དགུ་བཅུ་རྣམས་དང་ལྷན་ཅིག་ཏུ་འདོད་པའི་ཡོན་ཏན་ལྔ་པོ་དེ་རྣམས་ཀྱིས་དགའ་བར་བྱེད། རྩེ་བར་བྱེད་དོ། །དེར་ཞུགས་ནས་ཁང་བཟངས་རབ་ཏུ་དགའ་བར་གནས་པ་ཞེས་བྱ་བ་དེའི་ནང་དུ་འདོང་བར་བྱེད་
དོ། །བཻ་ཌཱུརྱ་དང་། གསེར་དང་། དངུལ་དང་། སྤུག་ལས་བྱས་པའི་ཀ་བ་རྣམས་དང་། གསེར་ལས་བྱས་པའི་སྟན་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། ཐགས་སུ་བཏགས་པ་མ་ཡིན་པའི་སྟན་ཁྲ་བོ་འཇམ་ལ་ནེམས་ཞེས་བྱེད་ཅིང་འཕར་ལ་ལྷོད་པ་རྣམས་བཏིང་བ། སྟེང་དུ་གདིང་

བ་ཡོན་ཏན་ཕུན་སུམ་ཚོགས་པའི་སྟན་རྣམས་ལ་ལྷའི་ཚོགས་ཐམས་ཅད་བརྒྱ་བྱིན་གྱིས་གནང་ནས་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་རྣམས་ལ་འདི་སྐད་སྨྲས་སོ། །བདག་ཅག་ལེགས་པར་བྱས་པའི་ལས་དེས་ལྷའི་འཇིག་རྟེན་འདིར་སྐྱེས་ལ། དེ་ཟད་ནས་ལྟུང་
བ་ནི་གདོན་མི་ཟའོ། །བདག་ཅག་ཐམས་ཅད་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་ཇི་ལྟར་སྤྱོད་པ་བཞིན་བདག་ཅག་ལྷ་རྣམས་ཀྱི་ནང་དུ་འོང་ལ། དེ་ནས་ཡང་བདག་ཅག་ལྟུང་བའི་མཐར་འགྱུར་ཏེ། དེ་ལྟ་བས་ན་ལྷ་དག་སྡུག་བསྔལ་དེ་དག་ཐམས་ཅད་མངོན་པར་ཤེས་པར་བྱོས་ལ་དགེ་བ་
ལ་འབད་པར་གྱིས་ཤིག །དེ་ནས་བརྒྱ་བྱིན་གྱི་ཚིག་དེ་ཐོས་ནས། དེ་དག་ཀུན་གྱིས་བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །བརྒྱ་བྱིན་ཁྱོད་ཀྱིས་དེ་ཇི་ལྟར་ཐུགས་སུ་ཆུད་པ་དེ་བཞིན་ལགས་ཏེ། བདག་ཅག་ཀུན་དེ་ལྟར་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་སྤྱོད་པ་ལྷའི་དགའ་བ་དང་བདེ་བ་དེ་
ལས་ལྟུང་བར་འགྱུར་ན། དེ་ལས་གཞན་པ་བདག་ཅག་རྒྱུ་གང་གིས་ལྟུང་བར་མི་འགྱུར་བ་བསྟན་དུ་གསོལ། དེ་ནས་བརྒྱ་བྱིན་གྱིས་ལྷ་དེ་རྣམས་ལ་འདི་སྐད་སྨྲས་སོ། །གང་འདུས་བྱས་ཀྱི་རྣམ་པ་འཇིག་པའི་མཐའ་ཅན་རྟག་པར་འགྱུར་བའམ། ཐེར་ཟུག་ཏུ་འགྱུར་བའམ། མི་འགྱུར་
བའི་ཆོས་ཅན་གྱི་གནས་དེ་ནི་འོག་གམ། ཐད་ཀའམ། དབུས་སམ། སྟེང་ན་ཡང་མེད་དོ། །ཀུན་ནས་ཉོན་མོངས་པ་ལ་རྟག་ཏུ་ཆགས་པའི་བློ་དེས་ནི་ཆོ་ག་འགྲངས་ཏེ། སྡུག་བསྔལ་ལ་མཐའ་མེད་ཅིང་ལེགས་པ་མེད། བདེ་བའི་རང་བཞིན་མ་ཡིན། རྒྱུ་དང་རྐྱེན་ཁོང་དུ་ཆུད་པ་
སྐྱེད་པ་མ་ཡིན། ཡང་དག་པར་སྐྱེད་པ་ཡིན། སྡུག་བསྔལ་གྱི་མཐའ་འདི་ལྟ་བུ་ལ་རྟོག་པར་མི་བྱེད་དེ། ཁྱེད་ཅག་ཕལ་ཆེར་མཐོ་རིས་ནས་ཚེ་འཕོས་ཏེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །དེ་ནས་ཡང་ལེགས་པར་བྱས་པའི་ལས་ཀྱིས་
འདིར་སྐྱེས་པ་རྣམས་རང་གི་ལས་ཀྱི་འབྲས་བུའི་བགོ་སྐལ་ལ་སྤྱོད་པ་མཐོ་རིས་ན་ལྷའི་བདེ་བ་དག་མྱོང་བར་འགྱུར་རོ། །དེ་ནས་ཡང་ལས་ཀྱིས་གཟིངས་པ་རྣམས་ལྟུང་བར་འགྱུར་ཏེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་ཀྱི་ནང་དུ་ཉེ་བར་སྤྱོད་པར་འགྱུར་གྱིས་ལྷ་

རྣམས་དེ་ལ་ཤིན་ཏུ་བག་ཡོད་པར་གྱིས་ཤིག །འདི་ལྟར་བདག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་མདོར་བསྡུས་ཏེ་གསུངས་པའི་ཆོས་དེ་ཁོ་ན་དང་། གཞན་གང་གིས་འཁོར་བ་ལས་ཐར་བར་འགྱུར་བ་བཤད་པར་བྱའོ། །འདི་ལྟ་སྟེ། མ་རིག་པའི་རྐྱེན་
གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་
པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་
པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་པར་འགྱུར་ལ། འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་
འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་
པས་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ། །དེ་ལྟར་ལྷ་དག་འཁོར་བ་
འདིའི་འཇུག་པ་དང་། ལྡོག་པ་ཞེས་བྱ་བ་མཐོང་ཞིང་ཤེས་ན་ཉོན་མོངས་པ་ཟད་ནས་ཐར་བར་འགྱུར་ཏེ། མྱ་ངན་ལས་འདས་པ་ཞེས་བྱ་བ། འཇིག་པ་མེད་པ། རྟག་པ། རྒ་བ་མེད་པ། འཆི་བ་མེད་པ། ཟག་པ་མེད་པ་འཐོབ་སྟེ། དེ་ལྟར་ལྷ་དག་སྲོག་ཆགས་རྣམས་

འཁོར་བ་འདི་ལས་ཐར་བར་འགྱུར་རོ། །གང་འདུས་བྱས་ཀྱི་རྣམ་པ་འཇིག་པ་མེད་པའི་མཐའ་འམ། ཟད་པ་མེད་པའི་མཐའ་འམ། ཆུད་ཟ་བ་མེད་པའི་མཐའ་འམ། ཚེ་རབས་སུ་འགག་པ་མེད་པའི་ཆོས་ཞེས་བྱ་བའི་གནས་གཞན་འཁོར་བ་ན་མེད་དོ། །གང་ན་
གཏན་དུ་བདེ་བར་འགྱུར་བ་དང་། ལྟུང་བའི་མཐའ་མེད་པ་དང་། ཟད་པ་དང་འཇིག་པའི་མཐའ་མེད་པ་དང་། འབྱུང་བ་དང་འཇིག་པར་འགྱུར་བའི་ཆོས་ཅན་མ་ཡིན་པ་མེད་དོ། །དེ་ནས་བརྒྱ་བྱིན་གྱི་ཁ་ནས་ཚིག་དེ་དག་ཐོས་ནས། ལྷ་གང་ཚེ་རབས་གཞན་དག་ཏུ་
སེམས་བསྒོམས་པ་དམ་པའི་ཆོས་ལ་མངོན་པར་དགའ་ཞིང་། བློ་ཤིན་ཏུ་ཞན་པ་དེ་དག་ནི་ཡིད་ལ་བག་ཡོད་པར་འགྱུར་ཞིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྣམས་ལ་གཅིག་ཏུ་དད་ལ། མྱ་ངན་ལས་འདས་པའི་ས་བོན་བདེ་བའི་ལས་འཕེན་པར་བྱེད་དོ། །
ཡིད་མ་བསྒོམས་པ་གང་ཡིན་པ་དེ་དག་ནི། དེ་ནས་ཡང་བག་མེད་ཅིང་སེམས་འཁྲུགས་པར་འགྱུར་ལ། སྲེད་པས་བསླུས་པ་རྣམས་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད་དོ། །དེ་ནས་ཡང་དེས་བསླུས་པ་རྣམས་རྩེ་བ་དོན་དུ་བྱེད་ཅིང་།
དགའ་བར་བྱེད་དེ། དེ་ལྟར་དེ་དག་གི་འཁོར་བའི་སྡུག་བསྔལ་མཐའ་མེད་པར་འགྱུར་རོ། །དེ་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་དེས་ཆོས་བཤད་པ་ན། འཇིག་རྟེན་སྐྱོང་བ་བཞི་རྣམས་ལྷའི་འདུན་ས་ཆོས་བཟང་དག་ཏུ་སོ་སོར་འཁོད་དེ། འདི་ལྟར་ལྷའི་རྒྱལ་པོ་བརྒྱ་བྱིན་ལྷ་རྣམས་
དང་ལྷན་ཅིག་གང་ན་བཞུགས་ཞེས་དཔྱོད་པར་བྱེད་དོ། །དེ་ནས་དེ་ལྟར་བརྒྱ་བྱིན་ལྷའི་སྟན་ལ་འདུག་ཅིང་། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་ལ་གཟི་བརྗིད་འབར་བ་ན། ལྷ་ཡུལ་གྱི་བདེ་བ་དཔེ་མེད་པ་དུ་མ་དང་ལྡན་པ་རྒྱང་རིང་པོ་ནས་མཐོང་ངོ་། །དེ་མཐོང་ནས་འཇིག་རྟེན་
སྐྱོང་བ་བཞི་རྣམས་བརྒྱ་བྱིན་ག་ལ་བ་དེར་འདོང་བར་བྱེད་དོ། །དོང་ནས་བརྒྱ་བྱིན་ལ་གསོང་པོར་སྨྲ་སྟེ། ལྷའི་སྟན་མཆོག་ཏུ་ཉམས་དགའ་བ་བཟང་པོ་ལ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཡང་སྟན་མཆོག་ཏུ་ཉམས་དགའ་བ་བཟང་པོ་དེ་དག་ལས་ལངས་ཏེ། བརྒྱ་བྱིན་

ག་ལ་བ་དེ་ལོགས་སུ་ཕྱོགས་ནས་འདུག་སྟེ། བརྒྱ་བྱིན་ལ་འདི་སྐད་སྨྲས་སོ། །ལྷའི་དབང་པོ་འདི་ལྟར་འཛམ་བུའི་གླིང་གི་མི་རྣམས་ནི་དགེ་བ་བཅུའི་ལས་ཀྱི་ལམ་ལ་མངོན་པར་བརྩོན་ཞིང་ཆོས་ལ་དགའ་བ། མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་
དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་རྒན་རབས་ལ་གུས་པར་བགྱིད་ཀྱིས། ལྷའི་དབང་པོ་ཁྱོད་དགྱེས་པར་མཛད་དུ་གསོལ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་དག་ཐོས་ནས་འདི་སྐད་སྨྲས་སོ། །ལྷ་དག་བདག་ནི་དགའོ། །རྒྱལ་པོ་ཆེན་པོ་ཁྱེད་ཅག་
ནི་འཇིག་རྟེན་སྐྱོང་ཞིང་། འཇིག་རྟེན་ལ་ཕན་པར་འདོད་པ་ཕན་གདགས་པར་རབ་ཏུ་ཞུགས་པ་ཡིན་ཏེ། བདག་གི་དགའ་བ་ཡང་ཐོས་ནས། ཁྱེད་བདེ་ལེགས་སུ་གྱུར་ཅིག །དེ་ནས་འཛམ་བུའི་གླིང་དུ་ཆོས་དང་མི་ལྡན་ཞིང་། ཆོས་མ་ཡིན་པའི་རྗེས་སུ་ཞུགས་པའི་མི་དེ་དག་
དེ་བཞིན་དུ་འཇིག་རྟེན་སྐྱོང་བ་རྣམས་བརྒྱ་བྱིན་ལ་སྨྲ་བར་བྱེད་དེ། འཛམ་བུའི་གླིང་ན་མི་ཆོས་དང་མི་ལྡན་ཞིང་། ཆོས་མ་ཡིན་པའི་རྗེས་སུ་འཇུག་པ། མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་རྒན་
རབས་ཀྱི་རྗེས་སུ་མི་འཇུག་པ་དག་མཆིས་ཏེ། བདུད་ཀྱི་ཕྱོགས་ནི་འཕེལ་ལོ། །དམ་པའི་ཆོས་ཀྱི་ཕྱོགས་ནི་འགྲིབ་པོ་ཞེས་བསྙད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས་རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་ཅུ་རྩ་གསུམ་པ་ཇི་ལྟར་ཕྱོགས་པ་རྣམས་ལ་བོས་ནས་སྨྲས་པ། ལྷ་
མ་ཡིན་བརྟན་པ་དང་། རབ་སྤྲོ་ལ་སོགས་པ། ཀླུ་ཆོས་མ་ཡིན་པ་དང་ལྡན་པ་རབ་འཇོམས་ལ་སོགས་པ་སའི་འོག་ནས་ལངས་ཏེ། བདག་ཅག་ལ་གཡུལ་འགྱེད་དུ་འོང་གིས། ལྷ་ཁྱེད་རྣམས་ཆོས་ཤིག །དེ་ནས་བརྒྱ་བྱིན་གྱི་བཀའ་དེ་མནོས་ནས། གང་རྒྱལ་ཆེན་བཞིའི་
ལྷ་རྣམས་བརྒྱ་བྱིན་གྱི་བཀས་ཤིན་ཏུ་རིངས་པར་ལག་ཆ་དང་། མཚོན་ཆ་སྣ་ཚོགས་སྔ་མ་བཞིན་ཐོགས་ཏེ། རི་བོ་ཟླ་བ་ཞེས་བྱ་བའི་རི་ག་ལ་བ་དེར་འདོང་བར་བྱེད་དོ། །དེ་ནས་འཇིག་རྟེན་སྐྱོང་བ་དེ་རྣམས་དོང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་ཡང་ལྷའི་ཚོགས་སྣ་ཚོགས་

ཀྱིས་ནི་བསྐོར། ལྷའི་ཕྲེང་བ་དང་གོས་ནི་གྱོན། ལང་ཚོ་ལ་བབ་པའི་གཟུགས་རྒྱན་སྣ་ཚོགས་ཀྱིས་ནི་བརྒྱན། ལྷ་མོ་རྣམས་ནི་རྗེས་སུ་འབྲང་ཞིང་། ལྷའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་དང་ལྷན་ཅིག་ཐམས་ཅད་མངོན་པར་འབྱོར་ཅེས་བྱ་བ་ག་ལ་བ་དེར་
འདོང་བར་བྱེད་དེ། སྐྱེད་མོས་ཚལ་གང་ཡིན་པ་དེ་རི་རབ་དང་སྐྲ་ལྟ་བུར་ཆུང་ཟད་འདྲ་བའི་དཔེར་བྱ་ན། འདི་ལྟར། ཟླ་བ་རྒྱུ་སྐར་གྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟ་བུ་དང་། ཉི་མ་གཟའི་ཚོགས་ཀྱིས་བསྐོར་བ་མི་འཐུན་པར་མཐོང་བ་ལྟ་བུ་དང་། རི་རབ་གསེར་གྱི་རི་སྟོང་
གིས་བསྐོར་བ་ལྟ་བུ་དང་། ཤིང་ལྗོན་པ་ལྷའི་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་། མཐོན་ཀ་དང་། པད་མ་རཱ་གའི་མདོག་ལྟ་བུ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་སྐྱེད་མོས་ཚལ་དེ་ལྷའི་མེ་ཏོག་གིས་མཛེས་པར་བྱས་ཤིང་། བྱའི་ཚོགས་ཀྱིས་ཡོངས་སུ་
བསྐོར་ལ་སྒྲ་སྐད་སྙན་པ་འབྱིན་པ། ལྷའི་པད་མའི་རྫིང་རྣམས་ཀྱིས་མཛེས་པར་བྱས་པ་ཡིན་ནོ། །ལྷའི་རྒྱལ་པོ་བརྒྱ་བྱིན་གྱི་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུ་ཞེས་བྱ་བ་སྐྱེད་མོས་ཚལ་ཆེན་པོ་དེ་ན་རྫིང་དེ་དག་སྔ་མ་བཞིན་ཡོད་པའི་ནང་ན་བལ་གླང་མོ་དང་ལྷན་ཅིག་རྩེ་བར་བྱེད།
གསེར་དང་། བཻ་ཌཱུརྱའི་པད་མའི་འདམ་བུའི་ནང་ན་བལ་གླང་མོ་དང་ལྷན་ཅིག་རྩེ་ཞིང་ཡུལ་དེར་འགྲོ་བར་བྱེད་དོ། །ལྷའི་རྒྱལ་པོ་བརྒྱ་བྱིན་ལྷའི་ཚོགས་དང་། ལྷ་མོའི་ཚོགས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་བ་ལྟར། གླང་པོ་ཆེའི་རྒྱལ་པོ་དེ་ཡང་དེ་ལྟ་བུ་ཡིན་ལ། པད་མ་
གསེར་བཙོ་མ་ལྟ་བུ་དང་། ནམ་མཁའ་ལ་ཉི་མ་འབུམ་ཕྲག་འཆར་བ། དེ་ལྟ་བུའི་འོད་བཟང་པོ་འཆར་བ་དང་ལྡན་པ་རྣམས་ཀྱིས་མཛེས་པར་བྱས་པ་དེར་དེ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད། རྩེད་མོ་བྱེད། དུད་འགྲོར་གྱུར་ཀྱང་ལྷའི་བདེ་བ་མྱོང་བ་
ཡིན་ནོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་དེར་སོང་ནས། ལག་པ་གཉིས་ཀྱིས་བྱུགས་ཤིང་ཕྱི་བདར་བྱེད་ལ། ཀྱེ་བདག་གི་གླང་པོ་ཆེའི་རྒྱལ་པོ་འདི་ནི་གཡུལ་འགྱེད་པ་ལ་དགོས་པ་ཡིན་ཏེ། ལྷ་དང་ལྷ་མ་ཡིན་འཐབ་པའི་ཚེ། འདིའི་སྟེང་ནས་བདག་རྒྱལ་བ་ཐོབ་

བོ། །དེ་ནས་གླང་པོ་ཆེ་མཆོག་ཕྱི་བདར་བྱས་ནས། སྐྱེད་མོས་ཚལ་ཐམས་ཅད་འབྱོར་ལྡན་ན་ཁང་བཟངས་མྱ་ངན་བྲལ་ཞེས་བྱ་བ་ག་ལ་བ་དེར་འགྲོ་བར་བྱེད་དེ། ཆུའི་ཟམ་པ་ལྟ་བུའི་སྐས་དེ་ལས་འཛེགས་ནས། དེར་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ་
འཇུག་པར་བྱེད་དོ། །དེར་ཞུགས་ནས་ལྷའི་རྒྱལ་པོ་དེ་ལྷ་མོ་བྱེ་བ་ཕྲག་དགུའི་མདུན་ན་རྩེ་བར་བྱེད། དགའ་བར་བྱེད་དོ། །ལྷའི་རྒྱལ་པོ་དེ་རྣམས་དང་ལྷན་ཅིག་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་རྩེ་བར་བྱེད། དགའ་བར་བྱེད། ཡོངས་
སུ་སྤྱོད་པར་བྱེད་དོ། །ལྷའི་རྒྱལ་པོ་རང་གི་ལས་དང་འཐུན་པར་ལོངས་སྤྱོད་འབྱོར་ཏེ། ལྷ་དེ་དག་དང་ལྷའི་རྒྱལ་པོ་དེ་ཇི་སྲིད་དུ་འདོད་པ་སྡུག་པ། ཡིད་དུ་འོང་བ་བྱས་ཤིང་བསགས་པ་དང་། སོ་སོ་ཡང་དག་པར་མྱོང་བར་འགྱུར་བ་བདེ་བའི་རྣམ་པར་སྨིན་པ། བདེ་བ་སོ་
སོར་ཡང་དག་པར་མྱོང་བར་འགྱུར་བའི་ལས་ཟད་པར་མ་གྱུར་པ་དེ་སྲིད་དུ་འདི་ལྟར། སྐྱེད་མོས་ཚལ་བརྒྱ་སྙེད་ཀྱིས་བརྒྱན་པའི་ལྷའི་འདུན་ས་ཆོས་བཟང་གི་སྐྱེད་མོས་ཚལ་དེ་ན་བདེ་བ་ཀུན་དང་ལྡན་ཞིང་། ལྷའི་ཚོགས་ཐམས་ཅད་དང་བཅས་པས་ཡན་ལག་ལྔ་དང་ལྡན་པའི་
རོལ་མོ་རྣམས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད་དོ། །དེ་དག་ཕྱིས་ལྷའི་འདུན་ས་ཆོས་བཟང་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ཇི་ལྟར་ལས་དེ་དང་ཉེ་བར་འགྲོ་ཞིང་། མྱོང་བར་འགྱུར་བ་བཞིན་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་ཀྱི་
ནང་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་མཆོག་ཏུ་བདེ་བ་དང་། རིག་པའི་བློ་དྲི་མ་མེད་པ་དང་། ཕན་ཚུན་གྱི་གཙོ་བོའམ། གྲོང་གི་གཙོ་བོའམ། ཡུལ་གྱི་གཙོ་བོའམ། གྲོང་ཁྱེར་
གྱི་གཙོ་བོའམ། ཕན་ཚུན་གྱི་གཉེན་འདབ་དང་། རྩ་ལག་དང་། བདེ་བར་ལྷན་ཅིག་འཁོད་པར་འགྱུར་རོ། །ལྷའི་རྒྱལ་པོ་དེ་ནི་ངན་སོང་གི་སྒོ་བཅད་པ་ཡིན་ཏེ། ལྷ་དེ་དག་གི་འཆི་འཕོ་བ་ལ་མངོན་པར་བརྟགས་ནས་འདི་ལྟར་ཚིགས་སུ་བཅད་དེ་སྨྲས་པ། ས་གང་

ཡིན་པ་དེ་དག་གི། །ཚལ་ནི་པད་མ་སྣ་ཚོགས་དང་། །རྩེ་མོ་མཆོག་སྟེ་ཉམས་དགའ་དང་། །རིན་པོ་ཆེ་དང་ལྡན་པ་དང་། །མཚོ་དང་འབབ་ཆུ་རིན་པོ་ཆེའི། །རྡོ་བ་སྣ་ཚོགས་རྣམས་ཀྱིས་བརྒྱན། །ལྗོན་ཤིང་མེ་ཏོག་སྣ་ཚོགས་དང་། །བྱ་ནི་སྣ་ཚོགས་དག་
གིས་ཁེབས། །གསེར་ལས་བྱས་པའི་དཔག་བསམ་ཤིང་། །ཁ་ཅིག་དྲི་མེད་བཻ་ཌཱུརྱ། །དངུལ་དང་གསེར་ནི་བཙོ་མ་ཡིན། །ཚལ་ནི་རྣམ་པར་འདྲེས་པ་བསྐྱེད། །བུང་བ་རྣམས་ནི་སྒྲ་འབྱིན་པས། །པད་མའི་རྫིང་ནི་རྣམ་པར་མཛེས། །ཁང་བཟངས་མཆོག་ནི་ཉམས་
དགའ་ཞིང་། །རིན་པོ་ཆེ་ནི་ཆེ་དང་ལྡན། །རྣམ་པར་བརྒྱན་པ་ཉམས་དགའ་སྟེ། །ལྷ་ལ་འོས་པ་ཐམས་ཅད་ཡོད། །དེ་དག་ཐམས་ཅད་དེ་བཞིན་འཇུག །སྐྱེ་བོ་རྣམས་ནི་ཡོངས་སུ་འགྱུར། །ཀྱེ་མ་སྲེད་པས་བསླུས་པ་ཡི། །ལྷ་རྣམས་ཀུན་གྱི་བདེ་བ་ནི། །སྒྱུ་མ་ཆུ་བུར་
དབུ་བ་དང་། །དྲི་ཟའི་གྲོང་ཁྱེར་ལྟ་བུ་ཡིན། །སྲེད་པ་དུག་དང་མེ་འདྲ་བ། །འཇིག་རྟེན་འཇིག་པའི་ཕྱིར་གནས་ཏེ། །སྲེད་པའི་མཚོར་ནི་འཁྱམ་བྱེད་ཅིང་། །སྐྱེ་བོ་དེ་ཀུན་འཇིག་པར་བྱེད། །འདོད་པ་ལོངས་པས་ཆོག་མི་ཤེས། །བདེ་བ་འདོད་པས་ཆོག་མི་ཤེས། །
འཆི་བའི་མེ་ཡིས་རྣམ་བསྲེགས་པ། །ལྷ་ཚོགས་དེ་དག་ག་ལས་འོངས། །སྲེད་འདིས་འཇིག་རྟེན་གཟེངས་པ་རྣམས། །ཡེ་ནས་ངན་ཏེ་འཕགས་པ་མིན། །གང་གིས་རྣམ་པར་རྨོངས་པའི་ལྷ། །འཆི་བ་ཡི་ནི་དབང་དུ་སོང་། །ལྷ་དང་མི་དང་ལྷ་མ་ཡིན། །གནོད་སྦྱིན་སེམས་ཅན་
དམྱལ་བ་ཀླུ། །འཆི་བའི་ཞགས་པ་མི་བཟད་པས། །ཐམས་ཅད་དབང་མེད་འགྲོ་བར་འགྱུར། །ཁམས་གསུམ་པ་སྟེ་འདི་དག་ཀུན། །འཆི་བའི་ཞགས་པས་སྦྲེལ་གྱུར་ཀྱང་། །སྲེད་པའི་རྨོངས་པས་རྨོངས་པ་རྣམས། །དབང་མེད་མཐོང་བར་མི་འགྱུར་རོ། །དེ་ལྟར་བརྒྱ་བྱིན་
གྱིས་རྟག་ཏུ་ལྷ་དེ་རྣམས་ཀྱི་སྐྱེ་བ་དང་། གཞན་མི་རྟག་པ་འཆི་བ་དག་མཐོང་ནས། ལྷ་དག་ཤིན་ཏུ་གོ་བར་བྱ་བའི་ཚིགས་སུ་བཅད་དེ་སྨྲས་པ། འབྱུང་པོ་ཀུན་ལ་ཕན་བཞེད་པ། །བཅོམ་ལྡན་དེ་ལ་ཕྱག་འཚལ་ལོ། །གང་གིས་སྲེད་པ་དུག་འདྲ་འདི། །འཇིག་རྟེན་པ་

ལ་མང་དུ་གསུངས། །མདོར་ན་ཤེས་དང་ཤེས་བྱ་དག །དེ་ཡིས་འདི་ཀུན་ཐུགས་སུ་ཆུད། །ཤེས་དང་ཤེས་བྱ་མ་གཏོགས་པར། །གསུམ་པ་དམིགས་པར་མི་འགྱུར་རོ། །འདི་ནི་མི་རྟག་སྡུག་བསྔལ་སྟོང་། །བྱེད་པ་པོ་ཡང་སྤངས་པ་ཡིན། །དེ་ཉིད་ལམ་ནི་རྣམ་
སྟོན་པ། །སངས་རྒྱས་ཀྱིས་ནི་འཁོར་བར་གསུངས། །དེ་ལྟར་དབང་པོ་དེ་ཕྱག་རྒྱ་འདིས་བཏབ་པའི་ཡིད་དྲི་མ་མེད་པས་བཅོམ་ལྡན་འདས་ལ་བསྟོད་དོ། །བསྟོད་ནས་དེ་ནས་ཡང་ལྷའི་བདེ་བ་ཡང་ཉམས་སུ་མྱོང་བར་བྱེད་དེ། དེ་ལྟར་དེ་ལྷའི་བདེ་བ་ཐམས་ཅད་མྱོང་བ་ཡིན་ནོ། །
དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་མཐོ་བ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །སེམས་
ཅན་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན་འདི་ལྟར་གང་གཞན་གྱིས་གསོད་པ་པོ་དག་ཉི་མ་གཅིག་ཙམ་དུ་སྲོག་གཅོད་པ་སྤོང་བའི་ཚུལ་ཁྲིམས་སྲུང་དུ་བཅུག་ལ། འཁོར་བ་ལས་ཐར་པ་འདོད་པ་རྣམས་མ་བྱིན་
པར་ལེན་པ་དང་། རྒྱལ་པོའི་ཆད་པས་འཇིགས་ནས་འབྲས་བུ་ཆུང་ངུར་འགྱུར་བ་ཡང་སྤོང་དུ་འཇུག་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་ན་མཐོ་བའི་གནས་སུ་སྐྱེ་བར་འགྱུར་རོ། །གནས་མཐོ་བ་དེ་ཡང་རི་རབ་ཀྱི་སྟེང་ན་མཐོ་བ་ཡིན་
ལ། ཁྱེད་ཅག་གི་ལས་སྣ་ཚོགས་སྣང་བ་བཞིན་གསེར་དང་དངུལ་གྱི་བཀྲ་བས་ཕྱེ་བ་ཡིན་ནོ། །ལྷ་རྣམས་མཐོ་བའི་གནས་དེར་འཛེགས་ནས། རི་རབ་ཀྱི་དྲུང་ཐམས་ཅད་ལྟ་བར་བྱེད་དེ། གསེར་དང་དངུལ་ལས་བྱས་ཤིང་། བཻ་ཌཱུརྱ་བཀྲ་བས་རྣམ་པར་ཕྱེ་བ་རྣམ་པ་དུ་
མ་ལ་ལྟ་བར་བྱེད་དོ། །ལྷའི་ཕྲེང་བ་དང་གོས་གྱོན་པ་རྣམས་གསེར་གྱིས་བརྒྱན་པའི་ས་གཞི་རྣམས་ལ་དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་ལ། ལྷ་མོའི་ཚོགས་སྣ་ཚོགས་ཀྱིས་ཡོངས་སུ་བསྐོར་ཅིང་སྡུག་པ་དང་། ལྷན་ཅིག་བཻ་ཌཱུརྱའི་ཚལ་དང་ཉེ་བའི་ཚལ་རྣམས་སུ་

དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེར་དེ་དག་གི་རྟག་ཏུ་བཟའ་བ་དང་། བཏུང་བ་ཆུ་བོ་ལྟར་འབབ་སྟེ། འདི་ལྟ་སྟེ། ཆུ་བོ་རོ་ཞིམ་ཞེས་བྱ་བ་དང་། ཆུ་བོ་ཤུགས་ཆེན་འབབ་ཅེས་བྱ་བ་དང་། ཆུ་བོ་དགའ་བཅས་ཞེས་བྱ་བ་དང་། ཆུ་བོ་
དགའ་བཅས་ཆེ་ཞེས་བྱ་བ་དང་། ཆུ་བོ་བརྩེགས་འབབ་ཅེས་བྱ་བ་དང་། ཆུ་བོ་ཤུགས་ཕྲེང་ཞེས་བྱ་བ་དང་། ཆུ་བོ་སྟོང་འབབ་ཅེས་བྱ་བ་དང་། ཆུ་བོ་གར་དགར་འབབ་ཅེས་བྱ་བ་སྟེ། ཆུ་བོ་དེ་དག་ནི་མྱོས་པའི་སྐྱོན་དང་བྲལ་ཞིང་། བཏུང་བ་རྣམ་པ་སྣ་ཚོགས་ཐམས་ཅད་རབ་
ཏུ་འབབ་པ་ཡིན་ནོ། །རོ་སྣ་ཚོགས་དང་མདོག་སྣ་ཚོགས་ཡོད་པ་ཡིན་ཏེ། འདི་ལྟ་སྟེ། འོ་མའི་མདོག་དང་། པད་མ་རཱ་གའི་མདོག་དང་། ཨན་ད་རྙིལ་གྱི་མདོག་དང་འཐུན་པ་དང་། བཻ་ཌཱུརྱའི་མདོག་དང་། གསེར་གྱི་མདོག་ལྟར་སེར་བ་དང་། ཁ་ཅིག་མདོག་
འདྲེས་པ་དང་། ཆུ་ཤིན་ཏུ་དྲི་ཞིམ་ཞིང་བརྟན་པ་དག་ཏུ་ཁྱད་པར་འཕགས་པ་ཡང་འབབ་བོ། །གཞན་ཡང་བཟའ་བ་རོ་དང་། དྲི་དང་མདོག་སྣ་ཚོགས་སུ་འབྱུང་སྟེ། འདི་ལྟ་སྟེ། རོ་ཤ་ཁ་ར་འདྲ་བ་དང་། ལྷའི་དྲི་དང་། མདོག་དང་མདོག་སྐྱ་བོ་དང་། རོ་ཇི་ལྟར་འདོད་
པ་དག་སྟེ། ལྷ་རྣམས་ཇི་ལྟར་འདོད་པ་དེ་བཞིན་དུ་བཟའ་བ་རྣམས་ཀྱི་རོ་དེ་དག་ཀྱང་དེ་ལྟར་འགྱུར་རོ། །ཚལ་དང་ནགས་ཚལ་སྣ་ཚོགས་དག་མེ་ཏོག་དྲི་ཞིམ་པོ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ཤིང་། བྱ་ཁ་དོག་སྣ་ཚོགས་དང་། རྣམ་པ་སྣ་ཚོགས་རྣམས་ཀྱིས་མཛེས་པར་བྱས་
པ་ཡིན་ཏེ། དེ་དག་སའི་ཕྱོགས་ཉམས་དགའ་བ་དེར་ལྷ་དང་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སིལ་སྙན་དང་། གླུ་དབྱངས་དང་། བྲོ་གར་སྣ་ཚོགས་ཀྱིས་རྩེ་བར་བྱེད། དགའ་བར་བྱེད། ཡོངས་སུ་སྤྱོད་པར་བྱེད་དོ། །དེར་ཚལ་འདི་དག་འབྱུང་བར་འགྱུར་ཏེ། འདི་
ལྟ་སྟེ། ཤིང་སཱ་ལའི་ཚལ་དང་། ཤིང་སཱ་ལ་ཆེན་པོའི་ཚལ་དང་། ཇི་ལྟར་འདོད་པའི་ཤིང་ལྗོན་པའི་ཚལ་དང་། མེ་ཏོག་རྟག་ཏུ་ཡོད་པའི་ཚལ་དང་། རླུང་ཇི་ལྟར་འདོད་པ་བཞིན་བདེ་བར་འབབ་པའི་ཚལ་ཏེ། ཚལ་དགའ་བ་དེ་རྣམས་ན་གསེར་གྱི་ལྕུག་མ་འཕྱངས་པས་

ནི་མཛེས། དྲིལ་བུ་གཡེར་ཀའི་དྲ་བས་ནི་དཀྲིགས། བྱ་འབུམ་སྙེད་སྒྲ་འབྱིན་པ་དགའ་བ་ལྷའི་དབང་པོ་འདོད་པའི་ཡོན་ཏན་ལྔའི་བདེ་བ་དག་གིས་ལྷ་རྣམས་ཉེ་བར་འཚོ་བར་བྱེད་དོ། །ཕན་ཚུན་གྲོགས་སུ་གྱུར་ཅིང་ཕན་ཚུན་ལོངས་སྤྱོད་པ་གཅིག་པུ་དོན་དུ་བྱེད་པ། ནད་དང་མྱ་ངན་
དང་བྲལ་བ། བཀྲེས་པ་དང་སྐོམ་པ་དང་བྲལ་བ། ལུས་ངལ་བ་དང་བྲལ་བ། ཚོལ་བའི་ཉོན་མོངས་པ་དང་བྲལ་བ། ཅི་དགར་སྤྱོད་པ་ལ་བརྩོན་པ། ཅི་དགར་རྒྱུ་བ། ཅི་དགར་གནས་པ་དག་ཚལ་གྱི་ནང་དང་། སྐྱེད་མོས་ཚལ་དང་། པད་མའི་ཚལ་དང་། མཐོང་ན་ཡིད་
འཕྲོག་རྣམས་སུ་དགའ་བར་བྱེད་དོ། །མཐོ་བ་ན་གནས་པ་འདོད་པའི་ཡོན་ཏན་ལྔས་ཚིམ་པའི་ལྷ་རྣམས་འོད་ནི་རང་གི་འོད་ལ་ལུས་ནི་ཇི་ལྟར་འདོད་པ་བཞིན། ཕྲ་བ་དང་། སྦོམ་པ་དང་། ཡང་བར་སྒྱུར་བ། ཅི་དགར་འགྲོ་བ། གར་དགར་འགྲོ་བ། རང་དགར་འགྲོ་བ། གང་
ཐོབ་པར་འདོད་པ་དེ་ཐོབ་པར་འགྱུར་ཞིང་། ཐོབ་ནས་སུས་ཀྱང་མི་འཕྲོགས་ལ་ཐོབ་ནས་དེའི་དབང་དུ་འགྱུར་རོ། །མཐོ་བའི་གནས་ན་གནས་པར་གྱུར་པའི་ལྷ་དེ་རྣམས་ལ་བདེ་བའི་རྣམ་པ་གཞན་ཡང་ཡོད་དེ། རང་གིས་ལེགས་པར་བྱས་པའི་ལས་རྒྱུ་དང་འབྲས་བུས་ཀུན་ནས་བསླང་
བས། ཇི་སྲིད་དུ་འདོད་ཅིང་སྡུག་ལ་ཡིད་དུ་འོང་བ་ལེགས་པར་བསྲུངས་པའི་ཚུལ་ཁྲིམས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་སྤངས་པ་ཟད་པར་མ་གྱུར་པ་དེ་སྲིད་དུ་ལྷ་མོའི་ཚོགས་རྣམས་དང་དགའ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ལས་ཟད་ནས་ལྷའི་རིས་
དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ལས་ཀྱིས་འགྲོ་བ་ཇི་ལྟ་བ་དང་ལས་ལ་རྟོན་པ་དང་། འགྲོ་བ་ཇི་ལྟ་བ་བཞིན་སྐྱེ་བར་འགྱུར་ཏེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་རྣམས་ཀྱི་ནང་ན་སྐྱེ་བར་འགྱུར་རོ། །གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་
དུ་སྐྱེས་ན། དེ་ལས་དེ་དང་རྒྱུ་འཐུན་པར་རི་ལ་གནས་པ་རྟག་ཏུ་བདེ་བར་འགྱུར་ཞིང་། ནོར་དང་ཤིན་ཏུ་ལྡན་པ་དང་། རབ་ཏུ་བདེ་བ་དང་། མཆོག་ཏུ་གཟུགས་བཟང་བ་དང་། འཇིག་རྟེན་གྱི་བར་བཟང་པོར་དྲོ་བ་དང་། བསིལ་བའི་ཉེ་བའི་ཚལ་རྣམས་ཀྱི་ནང་དུ་སྐྱེ་བར་

འགྱུར་བ་མཐོང་ངོ་། །དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་རྣམས་ཀྱི་གནས་རི་རྩེ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་
མཐོང་ངོ་། །དེར་སེམས་ཅན་དག་ལས་གང་གིས་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། གང་གིས་ལུས་ཀྱི་ཚུལ་ཁྲིམས་རྣམ་གཉིས་བསྲུངས་པ་ཡིན་ཏེ། སྲོག་ཆགས་གསད་པར་ཆད་པ་དང་། བཅིངས་པ་ཐར་བར་བྱས་
ཤིང་། མཐུ་རབ་ཏུ་ཆེ་བར་གྱུར་ལ་ནུས་པར་ལྡན་པ་ཞིག་ལམ་དུ་ཞུགས་ཏེ། བཀྲེས་ཤིང་སྐོམ་བཞིན་དུ་བུ་རམ་ཤིང་ངམ། ལྡུམ་ར་འམ། རྫིའུའི་གྲོང་དག་ཏུ་བའི་བཅུད་དམ། བུ་རམ་ཤིང་གི་བཅུད་མ་བྱིན་པར་མ་བླངས། སེམས་ཅན་གསད་པར་བྱ་བ་དང་། མ་
བྱིན་པར་བླངས་ནས་འཇིགས་ཏེ་འགྲོ་བ་ཐར་བར་བྱས་པའི་སྐྱེས་བུ་དམ་པ་དེ་ལུས་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་སུམ་ཅུ་རྩ་གསུམ་གྱི་གནས། རི་རྩེར་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཀྱང་དེ་བདེ་བའི་ལོངས་སྤྱོད་དུ་མ་དང་
ལྡན་ཞིང་། དེ་ཡུལ་ཆུ་བོ་ལྟ་བུ་དུ་མས་བདས་པ་ཡིན་ལ། དེ་ཡང་འདོད་ཆགས་ཆུ་བོ་ལྟ་བུ་ཡིན། འདི་ལྟ་སྟེ། འདོད་ཆགས་ཀྱི་ཆུ་བོ་དང་། རྒྱགས་པའི་གློང་དང་། མགུ་བའི་གླིང་དུ་ཆགས་པ་དང་། ཀུན་དགའི་ཆུ་མིག་དང་། ཀུན་དུ་རྟོག་པའི་རླབས་དང་།
གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྡུག་པའི་བྱ་དང་། ལྟ་བ་ཆུ་སྲིན་འཛིན་ཁྲི་ཀུན་དུ་འཁྲུགས་པ་དང་། རབ་ཏུ་ཐོགས་པ་དུ་མ་ཡ་ཡོར་འགྲོ་བ་དང་། ཚལ་དང་། ཉེ་བའི་ཚལ་ཆུ་ཡིས་བར་བུར་དེད་པ་དང་། ཕྲ་དོག་གི་ཉ་དང་། སྤྲོ་བ་ཆུ་ལས་
བརྒལ་བ་དང་། ཡུལ་དུ་མའི་རི་ཁྲོད་ནས་ཆུ་འབབ་སྟེ། སྲེད་པའི་ཆུ་བོ་འདམ་རྫབ་ལ་སོགས་པ་རྣམ་པ་དེ་ལྟ་བུ་དག་ལས་ལྷ་རྣམས་འབྱུང་བར་མི་ནུས་སོ། །གཞན་ཡང་ཆུ་བོ་གང་གཱའི་ཕ་རོལ་གྱི་འགྲམ་གྱི་རླབས་མི་མངོན་པ་ལྟར། ཐོག་མ་མེད་པའི་དུས་ནས་རྒྱུན་དུ་ཤིན་ཏུ་

ཟབ་མོར་རབ་ཏུ་ཞུགས་པ། འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རླབས་ལྟ་བུས་ཁྱབ་ཅིང་།
མྱུར་དུ་འགྲོ་བའི་སྲེད་པ་ཆུ་ཀླུང་ལྟ་བུ་དེ་སེམས་ཅན་དམྱལ་བའི་རྒྱུ་ཡང་ཡིན་ལ། མི་རྣམས་ཀྱིས་ཀྱང་ཆོག་པར་འཛིན་མི་ནུས་ཏེ། དེ་ལྟར་སྲེད་པའི་རྣམ་པ་ཆུ་བོ་ལྟ་བུས་རི་རྩེ་ན་གནས་པའི་ལྷ་རྣམས་རབ་ཏུ་བདས་སོ། །དེར་ལྷ་དེ་དག་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ།
ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་འབྱོར་ཅིང་ལྡན་པར་གྱུར་པས་དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །དེར་ཚལ་འདི་ལྟ་བུ་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། ཚལ་རྟག་ཏུ་རབ་དགའ་ཞེས་བྱ་བ་དང་། ཚལ་རྟག་ཏུ་མངོན་དགའ་ཞེས་བྱ་བ་
དང་། ཚལ་སྤྲིན་ལྟར་དཀར་བརྩེགས་ཞེས་བྱ་བ་དང་། ཚལ་ཀུན་ནས་མངོན་དགའ་ཞེས་བྱ་བ་དང་། ཚལ་ཟླ་བ་འདྲ་ཞེས་བྱ་བ་དང་། ཚལ་གང་གཱའི་སྟེང་དུ་རྒྱུ་ཞེས་བྱ་བ་སྟེ། ཚལ་འདི་དག་ནི་རི་རྩེ་ན་གནས་པའི་ལྷ་རྣམས་ཀྱི་ཡིན་ནོ། །ཚལ་དེ་རྣམས་ཀྱི་ནང་དུ་ལྷ་
དག་བདེ་བ་དུ་མ་དང་ལྡན་ཞིང་། བུད་མེད་ཀྱི་དགའ་བ་རྣམས་དང་ལྷན་ཅིག་རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་དོ། །བཏུང་བའི་ཆུ་བོ་རྣམས་ཀྱང་འདི་ལྟ་སྟེ། ཆུ་བོ་སྣ་ཚོགས་ཞེས་བྱ་བ་དང་། ཆུ་བོ་ལག་མཐིལ་གྱིས་བྱུག་ཅིང་རེག་པ་ཞེས་བྱ་བ་དང་། ཆུ་བོ་
ངོམས་མི་མྱོང་ཞེས་བྱ་བ་དང་། ཆུ་བོ་མེ་ཏོག་ཀུ་མུ་ད་དང་། ཨུད་པ་ལ་སྐྱེ་ཞེས་བྱ་བ་སྟེ། ཆུ་བོ་དེ་དག་གི་འགྲམ་གཉི་ག་རིལ་ཁེབས་པ་ཡིན་ནོ། །དངུལ་དང་། ཤེལ་དང་། གསེར་གྱི་ཤིང་ལྗོན་པ་འབྲས་བུ་དང་ལྡན་ཞིང་། མེ་ཏོག་དང་ལྡན་པ་རྣམས་ཀྱིས་ལྷའི་ས་
གཞི་དེ་དག་ཉམས་དགའ་བར་བརྒྱན་པའི་ས་གཞི་དེར་ད