Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 065_མདོ་སྡེ།_ཞ

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
ིང་ཁྱེད་ཅི་ནས་ཀྱང་བུད་མེད་ཀྱི་དངོས་པོ་ནི་དོན་དུ་མི་གཉེར་ལ། སངས་རྒྱས་ཀྱི་ཆོས་རྣམས་ནི་དོན་དུ་གཉེར་བའི་ཕྱིར་བརྩོན་འགྲུས་ཆེན་པོ་འདི་བརྩམས་པ་ལེགས་
སོ་ལེགས་སོ། །དེ་བས་ན་ཁྱོད་ཆོས་ཀྱི་རྣམ་གྲངས་འདི་གཟུང་བའི་ཕྱིར་བརྩོན་འགྲུས་དེ་བས་ཀྱང་རྩོམས་ཤིག །དེ་ནས་དགེ་སློང་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ནས་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། སོ་ས་ནས་བླ་གོས་བཅོམ་ལྡན་འདས་ཀྱི་ཞབས་ལ་
བཀབ་བོ། །བཀབ་ནས་ཀྱང་ཚིགས་སུ་བཅད་པ་འདི་སྨྲས་སོ། །སྐྱེས་པའི་དངོས་པོའི་ཆེད་དུ་ནི། །དེ་རིང་བདག་ཅག་དབུགས་རྙེད་དོ། །རྒྱལ་བ་གཞན་དུ་མི་གསུང་བས། །བདག་ཅག་འཇིག་རྟེན་མཆོག་ཏུ་འགྱུར། དེ་ནས་ཁྱིམ་བདག་གི་ཆུང་མ་ལྔ་བརྒྱས་དགེ་སློང་མ་དེ་དག་གི་

ཚིགས་སུ་བཅད་པ་འདི་ཐོས་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེང་སླན་ཅད་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་བགྱིད། ཀུན་ཆུབ་པར་བགྱིད། འདོན་པར་
བགྱིད། འཆང་བར་བགྱིད། ཀློག་པར་བགྱིད། ཁ་ཏོན་དུ་བགྱིད་དོ། །བདག་ཅག་སླན་ཅད་གཞན་གྱི་དབང་དུ་འགྱུར་བ་དང་། གཞན་གྱི་གདོང་དུ་བལྟ་བར་འགྱུར་བ་དང་། མཇལ་བར་མ་གྱུར་ཅིག །དགུང་ཟླ་དགུའམ་བཅུར་མངལ་ན་འཛིན་པར་མ་གྱུར་ཅིག །དེ་ཅིའི་སླད་དུ་ཞེ་ན། བཅོམ་
ལྡན་འདས་བུད་མེད་དུ་གྱུར་པ་སླན་ཅད་རྒྱལ་པོའི་ཁྱིམ་དུ་སྐྱེས་ཀྱང་། གཞན་གྱི་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཁྱིམ་ཐབ་ལ་བསྙེན་བཀུར་བགྱི་འཚལ་ལོ། །བཅོམ་ལྡན་འདས་བདག་ཅག་དེང་སླན་ཅད་མ་གུམ་གྱི་བར་དུ་བརྩོན་འགྲུས་བརྩམ་པར་བགྱིའོ། །ཟ་གཅིག་ཏུ་
འཚལ་བར་ཡང་དག་པ་བླང་བར་བགྱིའོ། །བློས་དབབ་པར་མི་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ལུས་ལ་གནས་པར་བགྱིས་པར་མ་གྱུར་གྱི་བར་དུ་ཁྱིམ་ཐབ་ཀྱང་སུག་པ་ནས་འཛིན་དུ་མི་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མོ་ཁྱེད་ཀྱིས་ཚིག་འདི་ལེགས་
པར་སྨྲ་བ་ལེགས་སོ་ལེགས་སོ། །ད་ནི་ཁྱེད་གཞན་གྱི་དབང་དུ་མི་འགྱུར་རོ། །གཞན་གྱི་ངོར་བལྟ་བར་མི་འགྱུར་རོ། །ཟླ་བ་དགུའམ་བཅུར་མངལ་ན་འཛིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བུད་མེད་མེད་པར་སྐྱེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་
འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྲིང་མོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་དག་གང་དུ་སྐྱེ་བར་འགྱུར་བའི་འཇིག་རྟེན་གྱི་ཁམས་དེའི་མིང་ནི་རིན་པོ་ཆེའི་པད་མ་ལྟ་བུར་སྣང་བ་ཞེས་བྱའོ། །དེ་
ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་མཚན་ཇི་སྐད་ཅེས་བགྱི་བ་ཞིག་བཞུགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ན་དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་

ནོར་བུ་རིན་པོ་ཆེ་རྣམ་པར་འཐོར་བར་སྣང་བ་ཞེས་བྱ་བ་བཞུགས་ཤིང་ཆོས་ཀྱང་སྟོན་ཏེ། ཁྱིམ་བདག་གི་ཆུང་མ་འདི་དག་གིས་ཆོས་ཀྱི་རྣམ་གྲངས་འདི་འདོན་བཞིན་དུ་དེ་མཐོང་བར་འགྱུར་རོ། །དེ་ནས་ཁྱིམ་བདག་གི་ཆུང་མ་དགེ་བསྙེན་མ་དེ་དག་གིས་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཏེ།
རབ་ཏུ་དགའ་ནས་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། མུ་ཏིག་གི་དོ་ཤལ་ནོར་བུ་རིན་པོ་ཆེས་སྤྲས་པ་ཁྲི་མགུལ་ནས་བཀྲོལ་ཏེ། དེ་བཞིན་གཤེགས་པ་ལ་གཏོར། མངོན་པར་གཏོར་ཏོ། །གཏོར་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བུ་མེད་དངོས་པོ་བསྒྱུར་བ་ལ། །དེ་རིང་བདག་ཅག་
དབུགས་རྙེད་དོ། །སངས་རྒྱས་གཞན་དུ་མི་གསུང་སྟེ། །བདེན་པའི་གསུང་དུ་བཀའ་སྩལ་པ། །ཉོན་མོངས་ཤིན་ཏུ་སྡིག་པའི་ལུས། །བུད་མེད་ལུས་ནི་སྤང་བར་བགྱི། །ཡང་དག་ཇི་བཞིན་མ་འཚལ་བས། །བྱིས་པ་དག་ནི་མཁས་ལ་རྨོངས། །བདག་ཅག་སླན་ཆད་མངལ་གྱི་གནས། །འཇིགས་པ་ཆེན་
པོར་མི་འགྱུར་རོ། །དགེ་བ་དམ་པ་ཐོབ་པས་ན། །བདག་ཅག་མངལ་གྱི་གནས་དང་བྲལ། །དེ་ནས་ཁྱིམ་བདག་གི་ཆུང་མ་དེ་དག་གིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས་མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་ལྟ་ཞིང་ཕྱག་འཚལ་ལོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་
ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཆུབ་པར་བགྱིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ད་ཕྱིན་ཆད་ལྷ་དང་ལྷ་མ་ཡིན་གྱི་གཡུལ་ངོར་འཇུག་པར་མི་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་སྲོག་ཆགས་བརྒྱ་སྟོང་མང་པོའི་དགེ་བའི་རྩ་བ་ཡང་དག་པར་བསྒྲུབ་པའི་ཕྱིར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཚུན་ཆད་བདག་
གིས་ཆོས་ཀྱི་རྣམ་གྲངས་འདི་མ་བསྐོར་བ་དེ་སྲིད་དུ། དེ་བཞིན་གཤེགས་པས་བྱང་ཆུབ་ཏུ་ཐུགས་མ་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་དེའི་ཕྱིར་ཕྱོགས་བཅུར་སྣང་བས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་མང་པོ་རྣམས་ཀྱི་མཆོག་ཏུ་གྱུར་ཏེ། འདི་ལྟ་སྟེ། དཔེར་ན་ཉི་

མའི་དཀྱིལ་འཁོར་བཞིན་ནོ། །དེ་ནས་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་གཡོས་ཏེ་ལྷའི་མེ་ཏོག་རྣམས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཀུན་དུ་པུས་མོ་ནུབ་ཙམ་དུ་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ས་ཆེན་པོ་གཡོས་
པ་འཇིག་རྟེན་དུ་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། མེ་ཏོག་འདི་དག་ནི་སུས་གཏོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་མང་པོས་འཇམ་དཔལ་གཞོན་ནུར་གྱུར་པས་བཤད་པ་ཐོས་ནས་དགའ་བའི་སེམས་ཀྱིས་མེ་ཏོག་འདི་དག་གཏོར་ཏེ། གཏོར་
ནས་ཀྱང་ཚིག་འདི་སྐད་དུ་བདག་ཅག་ཀྱང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏོ། །ཀུན་ཆུབ་པར་བྱེད་དོ། །འདོན་ཏོ། །བཅང་ངོ་། །བདག་ཅག་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་ཏེ། ཚིག་འདི་སྨྲས་མ་ཐག་ཏུ་དེ་དག་ལ་ཆོས་ཀྱི་རྣམ་གྲངས་འདི་མངོན་དུ་གྱུར་ནས་དེ་དག་
ཐམས་ཅད་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། ང་དང་འཇམ་དཔལ་གཞོན་ནུར་གྱུར་པའི་རྐང་པ་ལ་ཕྱག་འཚལ་ཏོ། །དེ་ནས་ས་གཡོས་པ་འདི་ལྟ་བུ་འདི་བྱུང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་
གྲངས་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་དང་ལྡན་པ་ལགས་སོ། །བཅོམ་ལྡན་འདས་སེམས་ཅན་གང་དག་གི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་འགྱུར་བ་དེ་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་
ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་ལ་ཐོས་ནས་ཀྱང་མོས་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་
སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་ནོ། །དེ་དག་ནི་ངན་སོང་ངན་འགྲོར་རྣམ་པར་ལྟུང་བ་ཐམས་ཅད་དང་། མི་ཁོམ་པར་སྐྱེ་བ་ཐམས་ཅད་ལས་གྲོལ་བའོ། །དེ་དག་གིས་བདུད་སྡིག་ཅན་བཅོམ་མོ། །དེ་དག་གིས་ཆོས་ཀྱི་ཏོག་བསྒྲེང་ངོ་། །དེ་དག་གིས་ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་བྱས་སོ། །དེ་དག་

གིས་མུན་པ་མུན་ནག་བསལ་ཏོ། །དེ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་ཕྱིན་ཏོ། །ཀུན་དགའ་བོ་གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་མ་ཐག་ཏུ་མོས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དེ་དག་ང་དང་ཉེ་བ་ཡིན་ནོ། །ཀུན་དགའ་བོ་གང་དག་ཆོས་ཀྱི་རྣམ་
གྲངས་འདི་འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འདོན་པ་དང་། འཆང་བ་དང་། ཀློག་པ་དེ་དག་ནི་ངའི་བུ་ཆོས་ཀྱི་སྐུ་ལས་སྐྱེས་པ་དག་གོ། །དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་ཟས་ཟ་བར་འདོད་པ་དག་གོ། །དེ་དང་དེ་དག་ནི་ཇི་ལྟར་ད་ལྟ་ནང་འདུག་པ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་འདུག་
པར་འདོད་པ་དག་གོ། །དེ་དང་དེ་དག་ནི་ཇི་ལྟར་ད་ལྟ་ན་ང་སྟོན་པ་དེ་བཞིན་དུ་ཆོས་སྟོན་པར་འདོད་པ་དག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་ཁ་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་
པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བགྱིད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དག་ད་ལྟ་ན་མོས་པ་དེ་དག་ཕྱི་མའི་དུས་
ན་མོས་པར་འགྱུར་རོ། །གང་དག་ད་ལྟ་ན་འཛིན་པ་དེ་དག་ཕྱི་མའི་དུས་ན་འཛིན་པར་འགྱུར་རོ། །གང་དག་ད་ལྟ་ན་ཀློག་པ་དེ་དག་ཕྱི་མའི་དུས་ན་ཀློག་པར་འགྱུར་རོ། །ཀུན་དགའ་བོ་གང་གིས་ད་ལྟར་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས་པ་དེ་ཕྱི་མའི་དུས་ན་འདི་ཐོས་པར་འགྱུར་བ་དེ་ནི་ངས་ལྷ་དང་བཅས་པ་དང་། བདུད་དང་
བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་མ་མཐོང་སྟེ་དེ་ནི་གནས་མ་ཡིན་ནོ། །ཀུན་དགའ་བོ་འདི་ད་ལྟར་གང་དག་གི་ནོར་ཡིན་པ་ཕྱི་མའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་རོ། །ཀུན་དགའ་བོ་འདི་ལྟ་སྟེ་དཔེར་ན་འདིར་ཁྱིམ་བདག་གམ་ཁྱིམ་བདག་གི་བུ་
འགའ་ཞིག་ཕྱུག་ཅིང་ནོར་ཆེ་ལ་ལོངས་སྤྱོད་ཆེ་ཞིང་ནོར་དང་ཡོ་བྱད་མང་བར་གྱུར་ལ། དེས་གཏེར་དག་གཏེར་དུ་བཅུག་ནས་ཡུལ་གཞན་དུ་སོང་ན་ཀུན་དགའ་བོ་དེ་ལ་ཇི་སྙམ་དུ་སེམས། དེ་སླར་འོངས་མ་ཐག་ཏུ་དེས་གང་གཏེར་དུ་བཅུག་པ་དེ་རྙེད་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས་རྙེད་ལགས་སོ། །དེ་ཅིའི་

སླད་དུ་ཞེ་ན། ནོར་དེ་དེ་ཉིད་ཀྱི་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་དུ་འདི་ད་ལྟར་གང་དག་གི་ནོར་ཡིན་པ་མ་འོངས་པའི་དུས་ན་ཡང་དེ་དག་གི་ནོར་དུ་འགྱུར་ཏེ། དེ་དག་ཇི་ལྟར་ད་ལྟ་ནང་ཡང་དག་པར་བགེད་པ་བཞིན་དུ་ཆོས་ཀྱི་ནོར་བླ་ན་མེད་པ་འདི་གཞན་དག་
དང་ཡང་དག་པར་བགེད་པར་འགྱུར་རོ། །ཀུན་དགའ་བོ་གང་དག་ཕྱི་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བྱེད་པར་འགྱུར་བ་དང་། འདོན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། ཀློག་པར་འགྱུར་བ་རྣམས་ཀྱང་ངས་སངས་རྒྱས་ཀྱི་སྤྱན་
གྱིས་དཔེར་ན་ད་ལྟར་དེ་བཞིན་དུ་མཐོང་ངོ་། །གང་དག་སྤོང་བར་འགྱུར་བ་དེ་དག་ཀྱང་མཐོང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་མོས་པར་མི་འགྱུར་བ་དང་། སྤོང་བ་དང་། མི་སྙན་པ་བརྗོད་
པ་དང་། སུན་འབྱིན་པ་དེ་དག་གི་འགྲོ་བ་ཅི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་འདི་དྲིས་པས་ཅི་ཞིག་བྱ་ཁ་རོག་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བཤད་དུ་གསོལ། གང་དག་མོས་པར་མི་འགྱུར་བ་དང་། ཡིད་ཆེས་པར་
མི་འགྱུར་བ་དེ་དག་ཀྱང་མོས་པར་འགྱུར་ཞིང་རྟོགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་མཚམས་མེད་པ་ལྔ་དང་ལྡན་པའི་འགྲོ་བ་གང་ཡིན་པ་དེ་དེ་དག་གི་འགྲོ་བར་འགྱུར་རོ། །ཀུན་དགའ་བོ་འདི་ལ་ཇི་སྙམ་དུ་སེམས། གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་ན་དེའི་འགྲོ་བ་ཅི་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་པ་ཅན་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་གང་ཞིག་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་
ལས་འདས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཆོད་རྟེན་བཤིག་སྟེ་མེས་ཀྱང་བཏང་ན། ཅི་དེ་གཞི་དེ་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །དེ་གཞི་དེ་ལས་བསོད་ནམས་མ་ལགས་པ་མང་

དུ་སྐྱེད་པར་འགྱུར་ཏེ། དེ་ནི་མཉམ་པར་མི་བགྱིའོ། །བལྟ་བར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཀུན་དགའ་བོ་གང་ཞིག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་
འགག་པར་བྱེད་ན་དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འགྱུར། གསོལ་པ། བཅོམ་ལྡན་འདས་སྡིག་པ་ཅན་ལགས་ཏེ། །དེ་ནི་ཚིག་ཏུ་བརྗོད་པར་སླ་བ་མ་ལགས་སོ། །བཀའ་སྩལ་པ། དེ་ནི་དེའི་འགྲོ་བ་ཡིན་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཡང་གང་ཞིག་
སེམས་ཅན་གཞན་ཡང་ཟློག་པར་བགྱིད་ན། དེའི་འགྲོ་བ་ཇི་ལྟ་བུ་ཞིག་ཏུ་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་མིག་ཕྱུང་ན་དེའི་འགྲོ་བ་ཅི་འདྲ་བ་ཞིག་ཏུ་འགྱུར། གསོལ་པ། བསྐལ་པ་མང་པོར་དམུས་ལོང་དུ་འགྱུར་ཞིང་སེམས་ཅན་དམྱལ་བ་པའི་ཞུགས་ཀྱིས་སྲེག་པའི་སྡུག་བསྔལ་གྱི་ཚོར་བ་ཡང་མྱོང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀུན་དགའ་བོ་ངས་ཁྱོད་ལ་བསྒོའོ་ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གིས་སེམས་ཅན་གཅིག་ཅིག་ཆོས་ཀྱི་རྣམ་གྲངས་འདི་ལས་བཟློག་ན་དེའི་འགྲོ་བ་ནི་དེ་ཡིན་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལ་ཞུགས་པ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་ཐེ་ཙོམ་ནི་འཚལ་ལ་མི་སྤོང་ན་དེ་ཇི་ལྟ་བུ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཇི་སྙེད་དུ་ཐེ་ཙོམ་གྱི་སེམས་བསྐྱེད་པ་དེ་ཙམ་དུ་སངས་རྒྱས་མཉེས་པར་བྱེད་པར་མི་འགྱུར་རོ། །དེ་བསྐལ་པ་དེ་སྙེད་དུ་བྱང་ཆུབ་རིང་དུ་བྱེད་དོ། །
གསོལ་པ། བཅོམ་ལྡན་འདས་ཡང་གང་ཞིག་མོས་ཤིང་རྟོགས་ལ་ཐེ་ཙོམ་འཚལ་བར་གྱུར་ན་དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ཅི་ཙམ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་དེའི་ལུས་དྲིས་པས་ཅི་ཞིག་བྱ་ཁ་རོག་ཤིག །གསོལ་པ། བཅོམ་

ལྡན་འདས་འཁོར་བཞི་པོ་འདི་དག་ཀྱང་སྐྲག་པར་འགྱུར། སླད་མའི་སྐྱེ་བོ་རྣམས་ཀྱིས་ཐོས་ན་ཡང་སྐྲག་པར་འགྱུར་ལགས་ཀྱིས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ལུས་གང་གིས་སྡུག་བསྔལ་མྱོང་བར་འགྱུར་བ་ནི་དཔག་ཚད་ཁྲིར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་
པ། གང་དེས་ཚིག་མ་བསྲུངས་པའི་དེའི་ལྕེ་ཅི་འདྲ་བ་ཞིག་ཏུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ལྕེ་ནི་དཔག་ཚད་སྟོང་ཡོད་པར་འགྱུར་ཏེ། དེ་ལ་ཐོང་གཤོལ་ས་ཡ་ཕྲག་བརྒྱས་རྨོད་པར་འགྱུར། ལྕགས་ཀྱི་ཐུ་ལུམ་འབར་བ་རབ་ཏུ་འབར་བ་ས་ཡ་ཕྲག་བརྒྱ་འབར་
བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཅི་ནས་ཚིག་འདི་མ་བསྲུངས་པའི་ཕྱིར་རོ། །དེ་ནས་འཁོར་བཞི་པོ་དེ་དག་དངངས་ཤིང་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། གདོང་ནས་མཆི་མ་ཟག་པར་ངུ་བའི་བཞིན་གྱིས་དེའི་ཚེ་ས་ལ་འགྱེལ་ཏེ། འགྱེལ་ནས་ཀྱང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ཚིག་ཏུ་སྨྲས་
པ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་འདྲ་བའི་ཚིག་སྨྲས་པས་ལུས་དེ་འདྲ་བའི་རྣམ་པ་དེ་ལྟ་བུ་མྱོང་བར་འགྱུར་བ་དེའི་ཆེད་དུ་བདག་ཅག་འགྱོད་ཚངས་འཚལ་ལོ། །དེ་ནས་དེར་སེམས་ཅན་གཞན་དག་གཅིག་གདོང་ལས་མཆི་མ་ཟག་པར་ངུ་ཞིང་ཚིག་འདི་སྐད་ཅེས་སྨྲས་
སོ། །བཅོམ་ལྡན་འདས་བདག་ཅག་གིས་ཚེ་འདི་དང་སྐྱེ་བ་གཞན་དག་ཏུ་ཐེ་ཙོམ་གང་བསྐྱེད་པར་འགྱུར་བ་དེ་དག་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེགས་པ་གཞན་གང་དག་མཐོང་བ་དེ་དག་ཀྱང་དཔང་དུ་གསོལ་ཏེ། བདག་ཅག་གིས་ལས་ཀྱི་སྒྲིབ་པ་དེ་དེ་བཞིན་གཤེགས་པའི་སྤྱན་
སྔར་སོ་སོར་བཤགས་པར་འཚལ་ལོ། །སོ་སོར་དོར་བར་འཚལ་ལོ། །ནོངས་པ་ལ་ནོངས་པར་སོ་སོར་བཤགས་ཤིང་ནོངས་པ་ལ་ནོངས་པར་མཐོང་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ཅག་གི་ནོངས་པ་ཡོངས་སུ་གཟུང་དུ་གསོལ། །
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཁྱེད་གང་གི་ཕྱིར་ཉེས་པ་ལ་ཉེས་པར་མཐོང་སྟེ། ས་སོར་འཆགས་པ་དང་། སོ་སོར་འདོར་བ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དག་གང་ཉེས་པ་ལ་ཉེས་པར་མཐོང་ནས་སོ་སོར་འཆགས་པ་འདི་ནི་འཕགས་པའི་ཆོས་འདུལ་བ་ལ་ནི་འཕེལ་བར་འགྱུར་

རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཁོར་འདིའི་ནང་ནས་གང་དག་གིས་ཐེ་ཙོམ་བསྐྱེད་པ་དེ་དག་ཀྱང་། བཅོམ་ལྡན་འདས་འདི་འདྲ་བའི་སེམས་ཅན་དམྱལ་བར་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཀུན་དགའ་བོ་འདིའི་ནང་ནས་གང་དག་གིས་ཐེ་ཙོམ་བསྐྱེད་པ་དེ་དག་གིས་ཀྱང་སོ་སོར་བཤགས་ཤིང་སོ་སོར་བོར་བས་དེ་དག་གིས་མྱོང་བར་འགྱུར་བ་ཆུང་བར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་མྱོང་བར་འགྱུར་བ་ཇི་ཙམ་ཞིག་ཏུ་ཆུང་བར་འགྱུར། །བཅོམ་ལྡན་འདས་
ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དག་འཆི་བའི་དུས་ཀྱི་ཚེ་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །སྤུའི་ཁུང་བུ་རེ་རེ་ནས་ཀྱང་ཚོར་བ་གྲངས་མེད་དཔག་ཏུ་མེད་པ་འབྱུང་བར་འགྱུར་ཏེ། འདི་ནི་མདོར་བསྡུས་ཏེ་སྨྲས་པའོ། །དེ་ཅིའི་ཕྱིར་ཞེ་ན། ང་དང་སངས་རྒྱས་བཅོམ་ལྡན་འདས་གྲངས་
མེད་པ་གཞན་དག་ལ་ཡང་ཅི་ནས་སོ་སོར་བཤགས་པའི་ཕྱིར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་བདག་གི་ལུས་འདི་ལྟ་བུར་འགྱུར་དུ་འོང་ངོ་། །བདག་གི་ཚོར་བ་འདི་ལྟ་བུ་མྱོང་བར་འགྱུར་དུ་འོང་ངོ་ཞེས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་བསྐྱེད་པར་བྱའོ། །མོས་ནས་ཀྱང་སོམ་ཉི་
མེད་པ་དང་། ཐེ་ཙོམ་མེད་པར་བྱའོ། །གང་གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་བཏང་བ་དང་། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མ་བཏང་བ་དང་། ཆོས་ཡོངས་སུ་མ་བཏང་བ་དང་། དགེ་འདུན་ཡོངས་སུ་མ་བཏང་བ་དང་། འདས་པ་དང་། མ་
བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་མ་བཏང་བ་དེས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། གདོན་པར་བྱ། བཅང་བར་བྱ། བཀླག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་
བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱིར་མི་ལྡོག་པའི་འཁོར་ལོའི་ཆོས་བསྟན་པ་མཛད་པ་ནི། གང་གིས་དགེ་འདུན་ཡོངས་སུ་མ་བཏང་བ་ཞེས་བགྱི་བ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ་དེ་སྐད་བཀའ་སྩལ། དེ་

བཞིན་གཤེགས་པས་དགེ་འདུན་དུ་ཡོངས་སུ་བསྟན་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པས་ཕྱིར་མི་ལྡོག་པ་ལ་དགེ་འདུན་དུ་ཡོངས་སུ་བསྟན་ཏོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་དེ་དག་ནི་ཕྱིར་མི་
ལྡོག་པའི་དགེ་འདུན་ལ་ཡང་དག་པར་གཞོལ་བ་མ་ལགས། གྲངས་སུ་མཆི་བ་ཡང་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་དག་བསམ་པ་ཐག་པ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སེམས་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་དག་ཐམས་ཅད་ཕྱིར་མི་ལྡོག་
པའི་དགེ་འདུན་ལ་ཡང་དག་པར་གཞོལ་བའོ། །དེ་དག་ཐམས་ཅད་ཕྱིར་མི་ལྡོག་པའི་དགེ་འདུན་གྱི་གྲངས་སུ་འགྲོ་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐབས་མཁས་པ་དང་ལྡན་ཏེ། ཐབས་མཁས་པས་དོན་འདི་ཡོངས་
སུ་བསྟན་པ་ངོ་མཚར་ཏོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་མེ་ཏོག་མན་དཱ་ར་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། མངོན་པར་གཏོར་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱང་ཐབས་མཁས་པ་འདིས་ཆོས་སྟོན་
པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པར་འགྱུར་བ་དེ་དག་ཐམས་ཅད་ཇི་ལྟར་ད་ལྟ་ན་ང་བཞིན་དུ་ཐབས་མཁས་པ་འདིས་ཆོས་སྟོན་པར་འགྱུར་རོ། །དེ་ནས་ལྷའི་བུ་སྟོང་ཕྲག་མང་པོས་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་རྣམས་ཀྱིས་གཏོར་
ཏེ། ཚིག་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོབ་པར་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །སླད་མའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་
བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྒྱ་མཚོའི་དབུས་སུ་སོན་པར་གྱུར་པ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་མཉན་ན་ཡང་། དེས་གདོན་མི་ཟ་བར་ཐོས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ཆོས་ཀྱི་

རྣམ་གྲངས་འདི་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་སུ་ལགས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱིས་ཀྱང་ད་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་ས་ཆེན་པོ་རྣམ་པ་དྲུག་ཏུ་
གཡོས་ཏེ། གཡོས། རབ་ཏུ་གཡོས་སོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཛམ་བུའི་ཀླུང་གི་གསེར་གྱི་པད་མ་ཆེན་པོ་འདབ་མ་བྱེ་བ་བརྒྱ་སྟོང་དུ་མ་ཡོད་པ། འོད་ཀྱིས་ཕྱོགས་བཅུ་ཀུན་དུ་སྣང་བར་བྱེད་པ་མངོན་དུ་བྱུང་ངོ་། །འོད་དེས་ཀྱང་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྣང་བར་བྱས་
སོ། །དེ་ནས་འཁོར་བཞི་པོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱི་སྤྱན་སྔ་ན། འཛམ་བུའི་ཀླུང་གི་གསེར་གྱི་པད་མ་ཆེན་པོ་འདབ་མ་བརྒྱ་སྟོང་དུ་མ་ཡོད་པ་འོད་ཀྱིས་ཕྱོགས་བཅུ་ཀུན་དུ་སྣང་བར་བྱེད་པ་མངོན་དུ་བྱུང་བ་མཐོང་ངོ་། །དེ་
ནས་ལྷའི་དབང་པོ་བརྒྱ་བྱིན་ཁྱིམ་བདག་གི་ཆ་བྱད་ཀྱིས་མེ་ཏོག་རྣམ་པ་སྣ་ཚོགས་འཁོར་བཞི་པོ་དེ་དག་ལ་བྱིན་ཏེ། ཚིག་འདི་སྐད་དུ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ཕྱིར་མངོན་པར་གཏོར་ཅིག །མངོན་
པར་གཏོར་ཅིག་ཅེས་སྨྲས་སོ། །དེ་ནས་འཁོར་བཞི་པོ་དེ་དག་གིས་མེ་ཏོག་དེ་དག་བླངས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་གཏོར་བ་དང་། མེ་ཏོག་དེ་དག་དེ་བཞིན་གཤེགས་པ་དེ་དག་གི་དབུའི་སྟེང་གི་དྲང་ཐད་ན་གདུགས་སུ་འདུག་པར་མཐོང་ངོ་། །དེ་
ནས་འཁོར་བཞི་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་ས་ཆེན་པོ་གཡོས་པ་འདི་བྱུང་བ་དང་། བཅོམ་ལྡན་འདས་དང་། དེ་བཞིན་གཤེགས་པ་འདི་དག་གི་སྤྱན་སྔར་འདི་ལྟ་བུའི་པད་མ་ཆེན་པོ་འདི་བྱུང་བ་འདི་སུའི་སྔ་ལྟས་ལགས། བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་འདི་ནི་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པའི་ལྟས་ཏེ། ལྟས་འདིས་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་རློབ་པར་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་བྱིན་གྱིས་བརླབས་

ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཉག་གཅིག་གིས་བྱིན་གྱིས་བརླབས་སམ། འོན་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་འདི་དག་གིས་ཀྱང་བྱིན་གྱིས་བརླབས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་
ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འབྲས་བུ་ལ་མངོན་པར་ཞེན་པ་མེད་པ་ཞེས་བྱ་བར་ཟུང་ཤིག །འདི་
འབྲས་བུ་སྣ་ཚོགས་དང་བྲལ་བ་ཞེས་བྱ་བར་ཡང་ཟུང་ཤིག །འདི་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རིགས་ཀྱིས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་
རྒྱས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་བདུད་སླར་བཏང་བ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་དེ་བཞིན་གཤེགས་པ་དང་། བཅོམ་ལྡན་འདས་དང་། སངས་རྒྱས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་ཅིའི་ཕྱིར་ཞེ་
ན། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་སམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བྱེད་ན་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་སམ། འཛིན་ཏམ། ཀློག་གམ། ཀུན་ཆུབ་པར་བགྱིད་པའི་ཕ་
རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཇི་ལྟར་ཡོངས་སུ་རྫོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གི་ཚེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དེ་ནི་དེའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཐེ་ཙོམ་མི་ཟ་བ་དེ་ནི་དེའི་

ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་ཅིང་འདོད་པ་དེ་ནི་དེའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་མ་ཞུམ་པ་དེ་ནི་དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་སེམས་ཡེང་ཡེང་
པོར་མི་འགྱུར་བ་དེ་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་རྣམ་པར་མི་རྟོག་ཅིང་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ནི་དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཀུན་དགའ་བོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་
ལྡན་པ་ཞེས་བྱ་བར་ཟུང་ཤིག །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །འདི་ཕྱིར་མི་ལྡོག་པའི་འཁོར་ལོ་ཡེ་ཤེས་ཆེན་པོ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །
བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཡང་མཉན་པར་བགྱི་ན་ཐོག་མ་དང་། བར་མ་དང་། ཐ་མ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་ལྟའོ། །ཀུན་དགའ་བོ་དེ་དེ་ལྟའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གང་ཞིག་
ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་པ་དེས་འཁོར་བ་ལས་བསྐལ་པ་དུ་ཞིག་བསྙིལ་བར་བགྱིས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཕྱིར་མི་ལྡོག་པའི་འཁོར་ལོ་ཡེ་ཤེས་ཆེན་པོ་བསྟན་པ་ཞེས་བྱ་བ་ཐོས་ལ། ཐོས་ནས་ཀྱང་མོས་
པར་འགྱུར་བ་དེས་འཁོར་བ་ལས་བསྐལ་པ་སྟོང་བསྙིལ་བར་བྱས་པར་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་
དགའ་བོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ་དེ་ཉིད་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའོ། །དེ་ནས་འཁོར་བཞི་པོ་དེ་དག་གི་མདུན་དུ་པད་མ་ཁ་དོག་སྣ་ཚོགས་པ། ཁ་དོག་དུ་མ་ཡོད་པ། ཁ་དོག་དཔག་ཏུ་མེད། འདབ་

མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་ཡོད་པ་སོ་སོར་བྱུང་ངོ་། །དེ་ནས་འཁོར་བཞི་པོ་དེ་དག་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། པད་མ་དེ་དག་བླངས་ནས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །མངོན་པར་གཏོར་ནས་ཀྱང་ཚིག་འདི་སྐད་དུ་བདག་
ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་དེ་ལྟར་བསྟན་པར་བགྱིའོ། །དེ་ལྟར་རབ་ཏུ་དབྱེ་བར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་མ་ཐག་ཏུ་དེ་ནས་སིལ་སྙན་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་བྱུང་ངོ་། །
སྤོས་ཐམས་ཅད་ཀྱི་ངད་ཀྱང་ལངས་སོ། །ལྷ་བརྒྱ་སྟོང་མང་པོ་དག་གིས་ཀྱང་ལྷའི་ཙན་དན་གྱི་ཕྱེ་མ་དང་། ལྷའི་འཛམ་བུའི་ཀླུང་གི་གསེར་ཕྱེ་དང་། ལྷའི་མེ་ཏོག་མན་དཱ་ར་བ་དང་། ལྷའི་ན་བཟའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་
པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་རྣམས་ནི་རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འཁོར་བཞི་པོ་
འདི་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང་། གང་དག་ཕྱི་མའི་དུས་ན་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་ཇི་ལྟར་ད་ལྟ་ན་ང་སྟོན་པ་དེ་བཞིན་དུ་ཆོས་ཀྱི་རྣམ་གྲངས་འདི་ལྷག་ཆད་མེད་པར་སྟོན་པར་འགྱུར་རོ། །བཅོམ་
ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་བཞི་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་ཕྱིར་མི་ལྡོག་
པའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ད་ན་ཤཱི་ལ་དང་། མུ་ནེ་བར་མ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ས་མཱ་དྷི་ཙཀྲ་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཏིང་ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་
ཀྱི་ཕུང་པོའི་རི་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་སྟོང་ཉིས་བརྒྱ་ལྔ་བཅུ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཚད་མེད་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པའི་འཁོར་སྣ་ཚོགས་པས་བསྐོར་ནས་ཆོས་སྟོན་པར་གྱུར་ཏེ། དེའི་ཚེ་བཅོམ་ལྡན་འདས་ཏིང་
ངེ་འཛིན་གྱི་འཁོར་ལོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཏིང་ངེ་འཛིན་དེའི་མཐུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་རབ་ཏུ་གཡོས་པར་གྱུར་ཏོ། །སྣང་བ་ཆེན་པོས་ཀྱང་ཐམས་ཅད་གསལ་བར་གྱུར་ཏེ། དེ་ནས་འཁོར་དེར་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་འདུག་པར་གྱུར་ཏེ། སྟན་ལས་
ལངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་གྱི་འཁོར་ལོ་ལ་སྙོམས་པར་ཞུགས་པ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་ཡང་དག་པའི་མཐའ་
ཤེས་སམ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཡང་དག་པའི་མཐའ་གང་ན་འདུག །གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་ནི་གང་ན་མ་མཆིས་པ་དེ་ན་མཆིས་ལགས་སོ། །བཀའ་
སྩལ་པ། འཇམ་དཔལ་གང་ན་མེད་པ་དེ་གང་ཡིན། གསོལ་པ། བཅོམ་ལྡན་འདས་ཡུལ་ཐམས་ཅད་དང་བྲལ་བའོ། །བཀའ་སྩལ་པ། འཇམ་དཔལ་སྒོམ་པ་གང་ཡིན། བཅོམ་ལྡན་འདས་སྒོམ་པ་ནི་སྒོམ་པ་མ་མཆིས་པའི་དོན་ཏོ། །འཇམ་དཔལ་གྱིས་གསོལ་པ། དེ་བཞིན་གཤེགས་པས་ཆོས་ཇི་ལྟར་
སྟོན་པར་མཛད། བཀའ་སྩལ་པ། འཇམ་དཔལ་ང་ནི་གཟུགས་རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་མེད་པར་ཆོས་སྟོན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་མེད་པར་ཆོས་སྟོན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་

རྣམ་པར་འཇིག་པ་མེད་པ་དང་། སྐྱེ་བ་མེད་པའི་ཆོས་ཀྱི་འཁོར་ལོ་སྐོར་རོ། །ངས་ནི་འདི་ལྟར་ཆོས་གང་ཡང་མ་བཤིག །མ་བསྐྱེད་པ་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་
སྩལ་ཏོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་ཀྱི་དབྱིངས་ཤེས་སམ། གསོལ་པ། གལ་ཏེ་བདག་གིས་དམིགས་ན་འཚལ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱིས་འཇིག་རྟེན་གང་ལ་སྤྱོད་པ་ཤེས་སམ། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་ན་སྒྱུ་མ་སྤྲུལ་པའི་མི་གང་ཁོ་ན་ལ་སྤྱོད་པ་དེ་ལ་
སྤྱོད་པས་སོ། །བཅོམ་ལྡན་འདས་འཇིག་རྟེན་ཞེས་བགྱི་བ་ནི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཆོས་གསན་པར་ནི་བཞེད་ཀྱི། ཁྱོད་སྤོབས་པར་གྱིས་ཤིག །གསོལ་པ། ཅི་ལས་བརྩམས་ཏེ་སྤོབས་པར་བགྱིད་པ་ལགས།
བཀའ་སྩལ་པ། འཇམ་དཔལ་ཁྱོད་ཆོས་ཀྱི་དབྱིངས་ལས་རྩོམས་ཤིག །གསོལ་པ། བཅོམ་ལྡན་འདས་གང་བདག་གིས་ཆོས་ཀྱི་དབྱིངས་མ་ལགས་པའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ལགས་སོ། །བཀའ་སྩལ་པ། མངོན་པའི་ང་རྒྱལ་ཅན་རྣམས་རབ་ཏུ་སྐྲག་པར་འགྱུར་རོ། །
གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་སྐྲག་པར་གྱུར་ན། དེའི་སླད་དུ་མངོན་པའི་ང་རྒྱལ་ཅན་སྐྲག་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། ཡང་དག་པའི་མཐའ་དང་། མངོན་པའི་ང་རྒྱལ་ཅན་གཉིས་གཅིག་ཅིང་དབྱེར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
འཇམ་དཔལ་ཁྱོད་ནི་རྡོ་རྗེའི་གཞི་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཐམས་ཅད་མི་ཕྱེད་ཅིང་བསམ་གྱིས་མི་ཁྱབ་པས་ན་རྡོ་རྗེའི་གཞི་ལགས་སོ། །དེ་ཅིའི་སླད་དུ་རྡོ་རྗེའི་གཞི་ཞེས་བགྱི་ན་སེམས་ཅན་མ་མཆིས་པ་དང་། དངོས་པོ་མ་མཆིས་པའི་སླད་དུ་རྡོ་རྗེའི་གཞི་ལགས་སོ། །
གསོལ་པ། བཅོམ་ལྡན་འདས་དེ་ལྟར་ལགས་པའི་ཡང་དག་པའི་མཐའ་ནི་མ་མཆིས་པ་ལགས་ཏེ། དེ་ལྟ་བུའི་མཐའ་གང་ལགས་པ་དེ་ནི་ཚུར་མཆི་བ་དང་། ཕར་མཆི་བ་མ་མཆིས་ཏེ། བཅོམ་ལྡན་འདས་དེ་ལྟ་བུའི་མཐའ་ཅན་གྱི་དོན་ལ་གནས་ནས་རང་བཞིན་མེད་པའི་དོན་སྒོམ་པར་བྱེད་དོ། །དབེན་པ་སྟེན་

པར་ཡང་བྱེད་དོ། །འདུ་འཛི་སྤོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་ཆོས་བསྟན་པ་ནི་རབ་ཏུ་ངོ་མཚར་ཏོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ངོ་མཚར་མི་ཆེ་སྟེ། དགྲ་བཅོམ་པ་ཟག་པ་
མེད་པ་ནི་ཆོས་སྟོན་པའི་སྣོད་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་བསྟན་པ་འདི་ནི་སོ་སོའི་སྐྱེ་བོའི་ཆོས་ལ་ཞུགས་པ་མ་ཡིན། དགྲ་བཅོམ་པའི་ཆོས་ལ་ཞུགས་པ་མ་ཡིན། རང་སངས་རྒྱས་ཀྱི་ཆོས་ལ་ཞུགས་པ་མ་ཡིན། དེ་བཞིན་གཤེགས་པའི་ཆོས་ལ་ཞུགས་པ་མ་ཡིན་པའི་ཕྱིར་ཏེ། འདི་
ནི་ཆོས་དམིགས་པའི་ཕྱིར་ཡང་ཞུགས་པ་མ་ཡིན་ནོ། །འདི་ནི་གང་དུ་ཡང་ཞུགས་པ་དང་ལྡོག་པ་མེད་པའི་ཕྱིར་རོ། །ཆོས་ཐམས་ཅད་ཤིན་ཏུ་དབེན་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་ཅི་ལ་བསམས་ཏེ་སྨྲ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དགྲ་བཅོམ་པ་ཉིད་ནི་འདོད་ཆགས་དང་།
ཞེ་སྡང་དང་། གཏི་མུག་ཟད་པ་ཡིན་ན་དེ་དག་གང་གི་སྣོད་ཡིན་ཞིང་དེ་གང་ཇི་ལྟ་བུ་ཞིག་གི་སྣོད་དུ་འགྱུར་སྙམ་སྟེ། དེ་ལས་བསམས་ནས་དགྲ་བཅོམ་པ། ཟག་པ་ཟད་པ། ཆོས་བསྟན་པའི་སྣོད་མ་ཡིན་པར་ཁོ་བོ་དེ་སྐད་སྨྲའོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཁྱོད་འཆི་འཕོ་བ་དང་། སྐྱེ་བ་མེད་པའི་ཆོས་ཡིན་
པར་མོས་སམ། སྨྲས་པ། འཇམ་དཔལ་བདག་མོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ། །ཆོས་ཟབ་མོའི་དོན་ལ་ཁྱོད་རབ་ཏུ་མཁས་པར་བསྔགས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་
བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཏིང་ངེ་འཛིན་གྱི་
འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་པ་རི་ཎ་ཏ་ཙཀྲ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ནོར་བུ་རིན་པོ་ཆེ་རྡོ་རྗེའི་རིའི་ཟོམ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་རིན་པོ་ཆེ་ལ་བཀའ་
སྩལ་པ། རིགས་ཀྱི་བུ་གང་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཆེན་པོ་དོན་དུ་གཉེར་བར་འདོད་པ་དང་། སེམས་ཅན་ཐམས་ཅད་སྒྲོལ་བར་འདོད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་འཛིན་པར་འདོད་པ་དང་། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ཅིང་སྙིང་རྗེ་ཆེན་པོ་དང་ལྡན་པས་དེ་བཞིན་གཤེགས་པ་ཐམས་ཅད་
ལ་རིམ་གྲོ་དང་བཀུར་སྟི་བྱ་བར་འདོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ཡངས་ཤིང་རྒྱ་ཆེ་བ་སོགས་པར་འདོད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པར་འདོད་པ་དང་། ཐོགས་པ་མེད་པའི་གཟུངས་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པའི་སྒོ་དང་། རྫུ་འཕྲུལ་དང་།
མངོན་པར་ཤེས་པས་རྣམ་པར་རོལ་པར་འདོད་པ་དང་། ནམ་མཁའ་ལ་བང་བ་དང་མཛོད་ཆེན་པོ་བསྒྲུབ་པར་འདོད་པ་དང་། རང་གི་ལག་ནས་ཡིད་བཞིན་གྱི་ནོར་བུ་བཞིན་དུ་གཏོང་ཞིང་འབུལ་བར་འདོད་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་
འདས་ཐམས་ཅད་དང་། ས་བཅུ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། རྡོ་རྗེ་འཛིན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཡང་དག་པའི་ལམ་ལ་བདེ་བར་གནས་པ་མ་ཐོབ་པས་དེང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བདག་གི་ལུས་དང་སེམས་འདི་དུས་
ཐམས་ཅད་དང་། རྣམ་པ་ཐམས་ཅད་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ལུས་འབུལ་གྱིས། མཐུ་ཆེན་པོ་མངའ་བའི་དེ་བཞིན་གཤེགས་པ་རྣམས་དང་། ས་ཆེན་པོ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་བཞེས་སུ་
གསོལ། བདག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་། བརྩོན་འགྲུས་བརྩམས་པ་དང་། སེམས་ཀྱི་རྒྱ་བསྐྱེད་པ་དང་། རབ་ཏུ་ཞི་ཞིང་དུལ་བ་དང་། དབང་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མྱུར་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ཡང་བཅོམ་ལྡན་འདས་

ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་འཁོར་བ་ན་འཁོར་ཞིང་བཅིང་བ་ཆེན་པོས་བཅིངས་པར་གྱུར་པ། བཙོན་ར་ན་གནས་པ། ཡང་དག་པའི་ལམ་དང་བྲལ་བ། ཉོན་མོངས་པའི་དགྲའི་དབང་དུ་གྱུར་པ། མགོན་མེད་པ། སྐྱབས་མེད་པ།
མིག་མེད་པ། རྟེན་མེད་པ། གཙོ་བོ་མེད་པ། འདྲེན་པ་མེད་པར་གྱུར་པ། ལམ་གོལ་བར་སོང་བ། འཁོར་བ་ལ་གཞོལ་བ། མྱ་ངན་ལས་འདས་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་པ། ངན་འགྲོ་ལ་ཕྱོགས་པ། ལམ་ངན་པ་ལ་བསྟེན་པ། ལམ་ངན་པར་ལྷུང་བར་གྱུར་པ། རྟག་ཏུ་བཤེས་གཉེན་ངན་པས་
ཟིན་ཅིང་དགེ་བའི་བཤེས་གཉེན་དང་བྲལ་བ། ཡང་དག་པ་དང་ཡང་དག་པ་མ་ཡིན་པ་དང་། ཕན་པར་འགྱུར་བ་དང་། ཕན་པ་མེད་པ་དང་། དོན་ཡོད་པ་དང་དོན་མེད་པ་ལ་རྨོངས་པར་གྱུར་པ། དགེ་བའི་ཆོས་དང་བྲལ་ཞིང་མི་དགེ་བ་ཆེན་པོ་བསྒྲུབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
དང་འཕགས་པ་རྣམས་ལ་རྟག་ཏུ་རྒྱབ་ཀྱིས་ཕྱོགས་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་ཅིང་མི་བདེ་བ་ཆེན་པོ་བསྒྲུབས་པ། འཇིགས་པ་མེད་པ། བག་ཚ་བ་མེད་པ། སེམས་རྟག་ཏུ་གཡེངས་པར་གྱུར་པ། སྦྱིན་པ་དང་། ཚུལ་ཁྲིམས་དང་། ཞི་ཞིང་དབེན་པ་དང་བསྒྲུབས་པ་དང་
བག་ཡོད་པ་དང་བྲལ་བར་གྱུར་པ། གཟུངས་དང་། ཏིང་ངེ་འཛིན་གྱི་སྒོ་དང་། ས་བཅུའི་ཆོས་ཀྱི་བཟོད་པ་ལ་བདེ་བར་གནས་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་དང་མཉམ་པ་ཉིད་ལས་རིང་དུ་གྱུར་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་པ་བཞི་མི་སྒྲུབ་པ་དང་།
བྱང་ཆུབ་སེམས་དཔའ་ལྷག་པའི་ཚུལ་ཁྲིམས་དང་མི་ལྡན་པར་གྱུར་པ་དང་། ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཆེན་པོ་ལས་རིང་དུ་གྱུར་པ་དང་། མྱ་ངན་ལས་འདས་པའི་རྒྱུ་དགེ་བའི་ཆོས་སྒྲུབ་པ་ལ་བདེ་བར་གནས་པ་མ་ཐོབ་པ་དང་། རྫུ་འཕྲུལ་དང་། སྟོབས་དང་། མི་འཇིགས་པ་དང་
བྲལ་བར་གྱུར་པ་དང་། ཡང་དག་པའི་དྲན་པ་ལ་མི་གནས་པ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་ལ་སྤྱོད་ཅིང་གཞོལ་བར་འཇུག་པ་མི་འགྲུབ་པ་དང་། བསོད་ནམས་བྱེད་པ་ལ་གཡེལ་ཞིང་ལྟ་བ་སྙེམས་པ་དང་ཐེ་ཙོམ་གྱི་སྒྲིབ་པས་བྱང་ཆུབ་ཀྱི་ཡན་ལག་བདུན་མངོན་པར་མི་རྟོགས་པ་དང་། དེ་བཞིན་དུ་

འཕགས་པའི་ལམ་ཡན་ལག་བརྒྱད་མི་སྒྲུབ་པ་དང་། ཉོན་མོངས་པ་བརྒྱ་སྟོང་ཚད་མེད་པས་ཟིལ་གྱིས་ནོན་ཅིང་སྡུག་བསྔལ་རྣམ་པ་མང་པོས་སྡུག་བསྔལ་ཞིང་ཡོངས་སུ་མནར་ཏེ། རྟག་ཏུ་གདུང་བ་བསམ་པ་ཞན་པས་ཁྲོ་ཞིང་རྟག་ཏུ་གཡེང་བ། ཉོན་མོངས་པ་བརྒྱ་སྟོང་ལ་རྒྱུན་དུ་གཞོལ་བར་གྱུར་པ་དེ་བཞིན་
གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ལ་གནས་པ་རྣམས་ཀྱིས་བདག་གི་སྐྱབས་མཛད་པར་གསོལ། བདག་གི་རྟེན་མཛད་པར་གསོལ། བདག་གི་འདྲེན་པ་མཛད་པར་གསོལ། བདག་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་
དཔའ་ཆེན་པོའི་ལམ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས་སོགས་པ་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་མྱུར་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། དེ་བཞིན་གཤེགས་པའི་ཆོས་སྤོབས་པ་ཐོགས་པ་
མེད་པ་དང་། ཏིང་ངེ་འཛིན་དང་། གཟུངས་དང་། རྣམ་པར་གྲོལ་བའི་ཡོན་ཏན་དང་། རྫུ་འཕྲུལ་དང་། མངོན་པར་ཤེས་པ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཅིག །ཡང་བདག་བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག །མཆོད་པ་རྒྱ་ཆེན་པོ་བྱེད་པའི་དུས་སུ་
ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཡང་སངས་རྒྱས་བཅོམ་ལྡན་འདས་མཐུ་ཆེན་པོ་མངའ་བ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། དེང་བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པ་དང་། རིམ་གྲོ་ཆེན་པོ་བགྱིས་ཏེ་ལུས་
འབུལ་ལོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཇི་སྙེད་རྒྱན་དང་། ཡོ་བྱད་བཟང་པོ་ཐམས་ཅད་རིན་པོ་ཆེའི་གཞལ་མེད་ཁང་རྣམ་པ་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་ཐམས་ཅད་དང་། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་རི་དང་། རིན་པོ་ཆེའི་བ་དན་དང་། རིན་པོ་ཆེའི་དཀྱིལ་འཁོར་དང་། རིན་པོ་ཆེའི་
དབྱིག་རྣམ་པར་བཀྲམ་པ་དང་། རིན་པོ་ཆེའི་གདུགས་དང་། རིན་པོ་ཆེའི་རྒྱལ་མཚན་དང་། རིན་པོ་ཆེའི་དོ་ཤལ་གྱི་རྒྱན་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེའི་སྣོད་དང་། རིན་པོ་ཆེའི་ཕུང་པོ་དང་། རིན་པོ་ཆེའི་འོད་འཕྲོ་བ་དང་། རིན་པོ་ཆེའི་གླིང་དག་ན་ནོར་བུ་རིན་པོ་ཆེ་ཆེན་པོ་རྣམ་པར་དག་པའི་མར་མེའི་སྡོང་

བུ་དང་། རིན་པོ་ཆེ་དྲིལ་བུའི་སྒྲ་འཁྲོལ་བ་ལ་ནོར་བུ་རིན་པོ་ཆེ་འོད་འཕྲོ་བ་གསེར་བཙོ་མའི་སྤར་ཁབ་ཅན་གྱི་དོམ་དོམ་ཕོ་ལོང་དཔྱངས་པས་ཡོངས་སུ་ཁེབས་པ། གསེར་བཙོ་མའི་མེ་ཏོག་འཛམ་བུའི་གསེར་གྱི་ཟེ་བ་ཅན། གསེར་གྱི་ཤིང་ལྗོན་པས་དཀྲིས་པ། གསེར་གྱི་ཕོ་བྲང་སྣ་ཚོགས་རིན་པོ་ཆེའི་
སྤྲིན་ཆགས་པ། རིན་པོ་ཆེའི་ཐིགས་པ་ཆར་དུ་འབབ་པ། རིན་པོ་ཆེ་རྣམ་པ་མང་པོའི་མཛོད་ཀྱི་ཕོ་བྲང་། ལྷ་རྫས་ཀྱི་ནོར་བུས་རྩིག་ངོས་སྤྲས་པ། རིན་པོ་ཆེའི་ཤིང་ཐམས་ཅད་རིག་འཛིན་ཆེན་པོའི་སྐྱེད་མོས་ཚལ་གྱི་ར་བ་ཡིད་དུ་འོང་བ། རིན་པོ་ཆེའི་ཕོ་བྲང་དང་། གནས་དང་། ཤིང་དང་། ནགས་ཚལ་ལ་
སོགས་པ་ཐམས་ཅད་ཀྱང་ཡིད་དུ་འོང་བ་དེ་ལྟ་བུ་བདག་པོ་མེད་པ་འཛིན་པ་མེད་པ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡོངས་སུ་བསྔོ་ཞིང་དབུལ་ལོ། །འཛམ་བུའི་གླིང་ན་སྨན་བཟང་པོ་རིང་དུ་འཚོ་བར་བྱེད་པ་ལ་སོགས་པའི་རྣམ་པ་ཇི་སྙེད་ཡོད་པ་དང་། ནོར་བུ་རིན་པོ་ཆེ་སེམས་
ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བ་དང་། མ་གཡོས་པར་རང་བཞིན་གྱིས་བདའ་བའི་ཞལ་ཟས་བཟང་པོ་དང་། སྤོས་ཀྱི་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་དང་། ཙན་དན་གྱི་ཤིང་དང་། ཨ་ག་རུ་དང་། ཙན་དན་དམར་པོ་དང་། ལོ་མ་ཆེ་ཞིང་མེ་ཏོག་རྟག་པར་བསུང་གིས་གཟི་བར་བྱེད་པའི་ཤིང་
རྣམ་པ་སྣ་ཚོགས་པ་དང་། ཡིད་དུ་འོང་བའི་ལྷ་རྫས་ཀྱི་སྤོས་མ་བཟུང་བ་ཡོངས་སུ་མ་བཟུང་བ་དང་། དཔག་བསམ་གྱི་ཤིང་རྣམ་པ་སྣ་ཚོགས་པ་དང་། རྒྱ་མཚོ་ཆེན་པོའི་ནང་ནས་འབྱུང་བ་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པ་དང་། རི་རབ་ལྷུན་པོ་དང་།
རི་ཏི་སེ་དང་། སྤོས་ཀྱི་རི་དང་། རི་མ་ལ་ཡ་དང་། རི་བཏང་བཟུང་དང་། རི་མ་ཧ་ལ་དང་། རྡོ་རྗེའི་རི་ལ་སོགས་ཏེ་རི་ཆེན་པོ་རྣམ་པ་དེ་དག་གི་རིན་པོ་ཆེའི་ཟོམ་སྣ་ཚོགས་དང་། རིན་པོ་ཆེའི་སྟེགས་དང་། རྡོ་བ་རིན་པོ་ཆེ་དང་། རིན་པོ་ཆེའི་ཕུག་དང་། རིན་པོ་ཆེའི་ཕོ་བྲང་དང་། རིན་པོ་ཆེའི་རྒྱན་དང་། རིན་པོ་
ཆེའི་ཞོགས་མ་དང་། རིན་པོ་ཆེའི་ལམ་སྲང་མང་པོ་དང་། ནོར་བུ་རིན་པོ་ཆེའི་ཀ་བ་མང་པོ་དང་། རིན་པོ་ཆེའི་སྒྲོན་མེའི་འཁོར་ལོ་མང་པོ་དང་། བཻ་དཱུརྱ་ལ་སོགས་ཏེ། ནོར་བུའི་རིགས་རྣམ་པ་མང་པོ་དང་། ཇི་ཙམ་དུ་གནམ་གྱི་སྟེང་ན་བདག་པོ་མེད་པའི་ལྷའི་ཕོ་བྲང་དང་ལྷའི་ནོར་རྣམ་པ་མང་པོ་

ཡིད་དུ་འོང་ཞིང་བལྟ་བར་འོས་པ་དང་། ལྷའི་རོལ་མོའི་ཡོ་བྱད་རྣམ་པ་མང་པོ་རླུང་གི་ངད་ཀྱིས་བསྐྱོད་པ་ཙམ་གྱིས་སྒྲ་སྙན་པ་འབྱིན་པ་དང་། ནམ་མཁའ་ལ་གནས་པའི་ཕོ་བྲང་ནས་རོལ་མོའི་སྒྲ་སྙན་པ་འབྱིན་པ་དང་། ལྷའི་རོལ་མོ་རྣམ་པ་མང་པོ་མ་བསྐྱོད་པར་སྒྲ་སྙན་པར་འབྱིན་པ་དང་། ལྷའི་བྱ་སྣ་ཚོགས་ནམ་མཁའི་ཕོ་
བྲང་ནས་སྙན་པའི་སྒྲ་སྣ་ཚོགས་འབྱིན་པ་དང་། རིན་པོ་ཆེའི་སྤྲིན་སྣ་ཚོགས་ལས་སྒྲ་སྙན་པ་ཆེན་པོ་འབྱུང་བ་དང་། ལྷའི་ནོར་བུ་རིན་པོ་ཆེ་དབྱངས་སྙན་པའི་སྒྲ་སྒྲོགས་པ་དང་། གཞན་ཡང་ལྷའི་དྲིའི་ཤིང་དང་། མེ་ཏོག་གི་ཤིང་མང་པོ་དང་། ཕྲེང་བའི་ཤིང་དང་། བྱུག་པ་མང་པོ་དང་། བདུག་པའི་སྤོས་ཀྱི་ཤིང་
དང་། སྒྲོན་མའི་ཤིང་དང་། རྒྱལ་མཚན་གྱི་ཤིང་དང་། བ་དན་གྱི་ཤིང་དང་། རིན་པོ་ཆེའི་ཤིང་ལ་སོགས་པ་དེ་དག་ཐམས་ཅད་མ་བཟུང་བ་ཡོངས་སུ་མ་བཟུང་བ་དེ་དག་ཐམས་ཅད་ཀུན་ཀྱང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབུལ་ལོ། །ཇི་ཙམ་དུ་དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་སྤྱན་གྱིས་གཟིགས་པའི་སངས་རྒྱས་ཀྱི་ཞིང་དག་ན་མཆོད་པའི་སྤྲིན་ཆེན་པོ་མེ་ཏོག་གི་སྤྲིན་དང་། སྤོས་ཀྱི་སྤྲིན་དང་། ཕྲེང་བའི་སྤྲིན་དང་། བདུག་སྤོས་ཀྱི་སྤྲིན་དང་། བྱུག་སྤོས་ཀྱི་སྤྲིན་དང་། རིན་པོ་ཆེའི་གདུགས་ཀྱི་སྤྲིན་དང་། རིན་པོ་ཆེའི་རྒྱལ་མཚན་གྱི་སྤྲིན་དང་། རིན་པོ་ཆེའི་བ་དན་གྱི་སྤྲིན་དང་། རིན་པོ་ཆེའི་གོས་ཀྱི་
སྤྲིན་དང་། རིན་པོ་ཆེའི་རྣམ་པའི་སྤྲིན་དང་། རིན་པོ་ཆེའི་ཕུང་པོའི་སྤྲིན་ལ་སོགས་ཏེ། རིན་པོ་ཆེ་ཆེན་པོའི་སྤྲིན་རྣམ་པ་དེ་དག་དང་། གཞན་ཡང་སྤོས་ཀྱི་འབྲུ་མར་གྱིས་མར་མེའི་སྣོད་ཆེན་པོ་བཀང་བ་སྟོང་གི་འཇིག་རྟེན་གྱི་ཚད་དང་མཉམ་པ། མར་མེའི་སྙིང་པོ་རི་རབ་ཀྱི་ཚད་ཙམ་པ་སྒྲོན་མར་བྱས་ཏེ། སངས་རྒྱས་བཅོམ་ལྡན་
འདས་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་མཆོད་ཅིང་དབུལ་ལོ། །དེ་བཞིན་དུ་མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པའི་བསོད་ནམས་དམ་པ་ཇི་ཙམ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །གང་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་
དགེ་བ་མང་པོ་བརྩམས་ཏེ། དམིགས་སུ་མེད་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་བསོད་ནམས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །ཡང་སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་

རྒྱས་ནས་ཆོས་ཀྱི་འཁོར་ལོ་ཆེན་པོ་ནི་བསྐོར། བདུད་ཀྱི་སྡེ་རྣམས་ནི་ཕམ་པར་བྱས་ནས་མྱ་ངན་ལས་འདའ་བར་གཤེགས་པར་དགོངས་པ་ལ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བསྐལ་པ་ཆེན་པོ་གཅིག་ཚང་བར་བཞུགས་པར་གསོལ་ཞེས་གསོལ་བ་གདབ་བོ། །སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་བསོད་ནམས་ཅི་བསྒྲུབས་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དུས་གསུམ་གྱི་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡིག་པ་དང་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བཤགས་པ་དེ་བཞིན་དུ་བདག་
གིས་ཀྱང་ཡོངས་སུ་བཤགས་ཤིང་ཡོངས་སུ་སྦྱོང་ངོ་། །དེ་བཞིན་དུ་མཆོད་པ་དང་བཤགས་པ་ལ་སོགས་པ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་དུ་དམིགས་པའི་སྤྱན་སྔར་གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་སོ། །ཨོཾ་སམྦྷ་ར་སམྦྷ་ར། བྷི་མ་ན་ས་ར། མ་ཧཱ་ཛཱ་བཱ་ཧཱུཾ།
གང་གསང་སྔགས་དེ་བཟླས་པས་ཅི་དང་ཅི་འདོད་པ་དེ་ཐམས་ཅད་འགྲུབ་ཅིང་ལྷའི་མཆོད་པའི་སྤྲིན་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་མངོན་དུ་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་ཅིང་ཉིན་མོ་ཡང་རུང་མཚན་མོ་ཡང་རུང་
ཡོངས་སུ་བསྔོ་བའི་འཁོར་ལོ་ཆེན་པོ་འདི་ཀློག་ཅིང་འདོན་ན། དེའི་སྡིག་པ་མི་དགེ་བའི་ལས་འབྱང་ཞིང་ཉོན་མོངས་པ་ཐམས་ཅད་ཁད་ཀྱིས་སྦྱོང་བར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་སྔ་མ་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །ལན་ཅིག་བཀླགས་པ་ཙམ་གྱིས་ཀྱང་ཚངས་པ་བརྒྱའི་དཔལ་དང་ལྡན་
ཞིང་རྨི་ལམ་ན་ཡང་རྟག་ཏུ་སངས་རྒྱས་མཐོང་བར་འགྱུར་རོ། །ཚེ་འདས་ནས་ཀྱང་ཡོངས་སུ་དག་པའི་ཞིང་དུ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའི་ཚོགས་མང་པོ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
ཡོངས་སུ་བསྔོ་བའི་འཁོར་ལོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ལིའི་དགེ་སློང་སྡེ་སྣོད་གསུམ་དང་ལྡན་པ་ཤཱི་ལ་དྷརྨས། རྒྱ་གར་གྱི་དྷརྨ་རྒྱའི་ཡི་གེ་ལས་བན་དེ་རྣམ་པར་མི་རྟོག་གིས་བསྒྱུར་བ།། །།མངྒ་ལཾ།། །།