Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 060_མདོ་སྡེ།_མ

Văn bản gốc(Tây Tạng)

Trang 3 / 19 (50.000 ký tự/trang)
། ཅིས་བཅིངས་པ་མི་ཤེས་པའི་
ཕྱིར་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། ལྷ་དང་མིར་ཡང་དང་ཡང་དུ་སྐྱེ་ཞིང་འཁོར་ཏེ། འཁོར་བས་རྣམ་པར་བཅིངས་པས་འཁོར་བ་ལ་གནས་ཤིང་ཆགས་ཏེ་མི་གཏོང་། མི་སྤོང་། མི་གཅོད་དོ། །ཕུང་པོ་ལྔའི་ཡང་དག་པ་ཇི་ལྟ་བའང་མི་ཤེས་སོ། །
ཡང་དག་པ་ཇི་ལྟ་བའི་མཚན་ཉིད་མི་ཤེས་པའི་ཕྱིར་སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་གཙེས་ཏེ། ཡང་དག་པ་མ་ཡིན་པའི་དོང་དུ་ལྷུང་ནས་འབྱུང་བའི་ལམ་མི་ཤེས་སོ། །གང་ཟག་དེས་དེ་ལྟར་འབྱུང་བའི་ལམ་མི་ཤེས་པས་ཐོག་མ་མེད་པའི་དུས་ནས་འཁོར་བའི་རྒྱུད་དུ་འཁོར་
བ་ལེན་ཏོ། །དེ་བས་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། ཤི་བ་དང་། སྨྲེ་སྔགས་འདོན་པ་དང་། སློས་པའི་མྱ་ངན་དང་། སྡུག་བསྔལ་ལས་རྣམ་པར་མ་གྲོལ། ཚད་མེད་པའི་འཁོར་བའི་གཡངས་ལས་རྣམ་པར་མ་གྲོལ། སྡུག་བསྔལ་ཆེན་པོའི་ཕུང་པོ་ལས་
རྣམ་པར་མ་གྲོལ་ཏེ། ཕྱིར་ཡང་སྡུག་བསྔལ་ལ་གནས་ཤིང་ཆགས། སྡུག་བསྔལ་ལ་མངོན་པར་ཆགས་ཏེ། སྡུག་བསྔལ་གྱིས་བཀོལ་བར་གྱུར་ཏོ། །སྡུག་བསྔལ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡིན་ཏེ། སྐྱེ་བའི་ཚེ་ན་སྡུག་བསྔལ་སྐྱེ་ལ། འགོག་པའི་
ཚེ་ན་ཡང་སྡུག་བསྔལ་འགོག་གོ། །འཇིག་རྟེན་འཛིན་ངས་དེའི་རྒྱུ་དེའི་རྐྱེན་གྱིས་སློབ་མ་རྣམས་ལ་འདི་སྐད་དུ་ཆོས་བསྟན་ཏོ། །དགེ་སློང་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་ཀྱི་ཕུང་པོ་ལ་བརྟག་གོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་གཟུགས་མི་རྟག་པའི་མཚན་ཉིད་ཤེས་པར་བྱའོ། །
ཁྱེད་ཅི་སྟེ་གཟུགས་ལ་ཆགས་པར་གྱུར་ན་དེ་མ་ཐག་ཏུ་བསལ་ཅིང་གཅད་པར་བྱའོ། །ཁྱེད་ལ་སོགས་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་བརྟག་པར་བྱའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།

འདུ་བྱེད་དང་། རྣམ་པར་ཤེས་པའི་མི་རྟག་པའི་མཚན་ཉིད་ཤེས་པར་བྱའོ། །ཅི་སྟེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་ཆགས་པར་གྱུར་ན། དེ་མ་ཐག་ཏུ་བསལ་ཅིང་གཅད་པར་བྱའོ། །ཆགས་པ་བསལ་ཅིང་གཅད་པས་སེམས་ཡང་དག་པར་རྣམ་པར་གྲོལ་
བར་འགྱུར་རོ། །འཇིག་རྟེན་འཛིན་གང་ཟག་སུ་ཞིག་ངས་གསུངས་པའི་ཆོས་ཀྱི་དོན་ཤེས་ཤིང་ཇི་ལྟར་གསུངས་པ་བཞིན་དུ་ནན་ཏན་བྱེད་ན་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། སྨྲེ་སྔགས་འདོན་པ་དང་། ཡིད་བློང་བ་དང་། སྡུག་བསྔལ་ལས་རྣམ་པར་གྲོལ་བར་འགྱུར་རོ། །གང་
ཟག་སུ་ཞིག་ངས་གསུངས་པ་བཞིན་དུ་མི་སྤྱོད་མི་སྒོམ་ན་གཟུགས་ཀྱི་འཆིང་བས་རྣམ་པར་བཅིངས། སྲེད་པའི་འཆིང་བས་རྣམ་པར་བཅིངས་པ་ཡིན་ཏེ། མ་རིག་པས་ལྡོངས་པས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་སོ། །གང་ཟག་དེ་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པས་འཁོར་བའི་
གཡངས་ལས་རྣམ་པར་མ་གྲོལ་ཏོ། །འཇིག་རྟེན་འཛིན་དེ་ལྟ་བས་ན་འཇིག་རྟེན་པ་དག་ནི་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་པ་དག་དང་མི་རྩོད་དོ་ཞེས་གསུངས་སོ། །འཇིག་རྟེན་ཞེས་བྱ་བ་གང་ཞེ་ན། འདི་ལྟ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་པ་ནི་འཇིག་རྟེན་ཞེས་བྱའོ། །གང་
ཟག་དེ་ཕུང་པོ་ལྔ་ལ་ཆགས་ཏེ་ཕུང་པོ་ལྔས་རྣམ་པར་བཅིངས་པས་ཕུང་པོ་ལྔའི་རང་བཞིན་མི་ཤེས། ཕུང་པོ་ལྔའི་མཚན་ཉིད་སྟོང་པ་ཉིད་དུ་མི་ཤེས་ཏེ་ང་དང་རྩོད་དོ། །གང་ཟག་དེ་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་བྱེད་དེ། སངས་རྒྱས་དང་རྩོད་པས་ཤིན་ཏུ་ཉམ་ང་བ་ཆེན་པོར་ལྷུང་ངོ་། །
གང་ཟག་སུ་ཞིག་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་། དེ་ལྟར་ཕུང་པོ་ལྔ་ལ་ཡང་དག་པ་མ་ཡིན་པ་དང་སྟོང་པ་ཅི་ཡང་མེད་དེ། ཕྱིན་ཅི་ལོག་དང་། མ་རིག་པ་དང་། ཡང་དག་པ་མ་ཡིན་པའི་ཀུན་ཏུ་བརྟགས་པ་ལས་སྐྱེས་ཏེ་བུས་
པ་སོ་སོའི་སྐྱེ་བོ་དག་བསླུས་པ་ཡིན་པར་རྟོགས་ན་ཕུང་པོ་མ་ཡིན་པ་ལ་ཕུང་པོ་ལྔ་དང་འདྲ་བར་ཤེས་སོ། །གང་ཟག་དེ་ནི་སངས་རྒྱས་དང་ཡང་མི་རྩོད་པ་སྟེ། སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་མི་བྱེད་པས་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཀྱི་སྡུག་བསྔལ་

ལས་རྣམ་པར་གྲོལ་བར་འགྱུར་རོ། །འཇིག་རྟེན་འཛིན་སངས་རྒྱས་བཅོམ་ལྡན་འདས་ནི་གང་ཟག་དང་མི་རྩོད་དོ། །རྩོད་པ་ཐམས་ཅད་ཡོངས་སུ་བཅད་པས་སངས་རྒྱས་ཞེས་བྱ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་དག་པའི་ཆོས་སྟོན་ཏོ། །འདི་ལྟ་སྟེ། ཁྱེད་ཀྱིས་སྔོན་
བླངས་པ་ནི་ཐམས་ཅད་ཀྱང་ཕྱིན་ཅི་ལོག་ཡིན་ཏེ། སེམས་ཅན་ཐམས་ཅད་ཕྱིན་ཅི་ལོག་གི་དབང་གིས་ཕུང་པོ་ལ་ཆགས་ཤིང་གནས་ནས་འཇིག་རྟེན་དུ་ཡང་དང་ཡང་འཁོར་བར་གྱུར་ཏོ། །དེ་ལྟར་གང་ཟག་དག་ཕུང་པོ་ལྔ་ལ་ཆགས་ཤིང་གནས་པས་ངན་པར་ལྟ་བ་རྣམ་པ་སྣ་ཚོགས་ལ་ཞེན་
ཅིང་བསྐྱེད་དོ། །མིང་དང་ཚིག་རྣམ་པ་སྣ་ཚོགས་ལ་ཆགས་ཤིང་གནས། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་ཐམས་ཅད་ལ་ཆགས་ཤིང་གནས་སོ། །དེ་ལྟར་གང་ཟག་དག་ངན་པར་ལྟ་བ་རྣམ་པ་སྣ་ཚོགས་ཀྱིས་ཉོན་མོངས། སྡུག་བསྔལ་རྣམ་པ་སྣ་
ཚོགས་ཡོངས་སུ་གཙེས་ཀྱང་དེའི་མགོན་བྱེད་པའམ། སྐྱབས་བྱེད་པའམ། གནས་དང་རྟེན་དུ་འགྱུར་བ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་ཉག་གཅིག་ནི་མགོན་དང་སྐྱབས་སུ་འགྱུར་རོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་སེམས་ཆུང་ཤེས་པ་ཆུང་བས་འདོད་པ་ལྔ་ལ་ཆགས།
ཉེས་པའི་སྐྱོན་མང་པོའི་ཕུང་པོ་ལྔ་ལ་ཆགས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ནི་མགོན་དུ་འགྱུར་བ་དང་། སྐྱབས་སུ་འགྱུར་བ་དང་། གནས་དང་རྟེན་དུ་འགྱུར་བ་དང་། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བར་བྱེད་པ་དང་རྩོད་པར་བྱེད་དོ། །འཇིག་རྟེན་འཛིན་ངས་ཕྱག་བཏེག་
པ་ཡིན་ནོ། །གང་ཞིག་ཕུང་པོ་ལྔར་བལྟ་བ་དང་། ཕུང་པོ་ལྔ་ལ་མཚན་མར་ལྟ་བ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་ན་ང་ཡང་དེའི་སྟོན་པ་མ་ཡིན་ལ། དེ་ཡང་ངའི་སློབ་མ་མ་ཡིན་ཏེ། ངའི་རྗེས་སུ་རབ་ཏུ་བྱུང་བ་མ་ཡིན། ངའི་རྗེས་སུ་སྦྱོར་བ་མ་ཡིན། ང་ལ་སྐྱབས་སུ་སོང་བ་
མ་ཡིན་གྱི་གང་ཟག་དེ་ནི་ངན་པར་འགྲོ་བའི་ལམ་དུ་སོང་བ། ཡང་དག་པ་མ་ཡིན་པའི་ལམ་ལ་ཞུགས་པའོ། །ཡང་དག་པ་ལེན་པ་མ་ཡིན་ཏེ་ཕྱིན་ཅི་ལོག་པའོ། །སངས་རྒྱས་ཀྱིས་དགོངས་ཏེ་གསུངས་པ་མི་ཤེས། སངས་རྒྱས་ཀྱིས་ཕུང་པོ་ལྔ་ཅི་ལ་དགོངས་ཏེ་གསུངས་པ་

མི་ཤེས། སངས་རྒྱས་ཀྱི་དོན་དམ་པ་གསུངས་པ་མི་ཤེས་སོ། །གང་ཟག་དེ་ལྟར་སངས་རྒྱས་ཀྱིས་བསྟན་པའི་རྗེས་སུ་མི་འཇུག་པས་མཆོད་པ་དང་རྙེད་པ་བླང་བར་མི་བྱའོ། །གང་ཟག་དེ་ནི་རབ་ཏུ་འབྱུང་བར་ངས་མ་གནང་ན་གཞན་གྱི་མཆོད་པ་དང་རྙེད་པའི་བཀུར་སྟི་ལེན་པ་ལྟ་ཅི་སྨོས། དེ་
ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་མུ་སྟེགས་ཅན་གྱི་སྡེར་གཏོགས་པ་ཡིན་ནོ། །འདི་ལྟ་སྟེ། གང་ཕུང་པོ་ལྔ་ལ་མཚན་མ་སྐྱེད་པ་ནི་ཕུང་པོ་ལྔ་ལ་ཆགས་ཤིང་འཛིན་པ་ཞེས་བྱའོ། །འཇིག་རྟེན་འཛིན་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ་ངའི་ཆོས་ལ་རབ་ཏུ་
བྱུང་བ་རྣམས་མང་དུ་ཕུང་པོ་ལྔ་ལ་མཚན་མ་སྐྱེད་པ་དང་། ཕུང་པོ་ལྔའི་མཚན་མ་ལ་ངེས་པར་གཅད་པ་དང་། ཕུང་པོ་ལྔ་ལ་རབ་ཏུ་ཆགས་ཏེ། ཡང་དག་པ་མ་ཡིན་པའི་ལམ་ངན་པར་ཞུགས་པས་ངའི་ཆོས་ལ་རབ་ཏུ་བྱུང་བས་ཆོས་གོས་གཉའ་བ་ལ་བཀལ་ཏེ་རྟག་ཏུ་ཁྱིམ་པའི་ཁྱིམ་དུ་འགྲོ་
བ་ལ་དགའ་བར་བྱེད་དོ། །གང་ཟག་དེ་ནི་མུ་སྟེགས་ཅན་དང་ཐ་མི་དད་ཀྱང་ངའི་ཆོས་ཀྱི་བྱིན་གྱིས་དེ་ལ་མཆོད་པ་དང་སྦྱིན་པ་མང་བར་རིག་པར་བྱའོ། །འཇིག་རྟེན་འཛིན་གང་ཕུང་པོ་ལྔར་ལྟ་བ་དང་། ཕུང་པོ་ལྔ་ལ་ངེས་པའི་འཆད་པ་དང་། ཕུང་པོ་ལྔ་ལ་ཆགས་པར་བྱེད་པ་དེ་ནི་གཞན་
དག་གི་ཆུ་ཕོར་གང་ཙམ་ཡང་ལེན་དུ་མི་དབང་བར་ངས་བཤད་དོ། །དེ་ཅི་སྟེ་ཞེ་ན། གང་ཟག་དེས་ངའི་ཆོས་ལ་འཐུན་པའི་ཆོས་ཀྱི་བཟོད་པ་ཙམ་ཡང་མེད་པས་གང་ཟག་དེ་ནི་ངའི་ཆོས་དང་འགལ་བར་བྱེད་པ། འཕགས་པའི་ཆོས་ཡོངས་སུ་སྤོང་བའོ། །འཇིག་རྟེན་འཛིན་དེ་བས་ན་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མ་འོངས་པའི་དུས་ངན་པར་དེ་ལྟ་བུའི་དམ་བཅས་ཏེ་སྨོན་ལམ་ཆེན་པོ་བཏབ་སྟེ། ངའི་ཤིན་ཏུ་ཟབ་མོའི་མདོ་སྡེ་དག་བཟུང་ཞིང་བསྲུང་བ་དང་། སེམས་ཅན་དག་ཕུང་པོ་ལྔར་ལྟ་བ་གཅད་པའི་ཕྱིར་ཆོས་བསྟན་པར་བྱའོ། །འཇིག་རྟེན་
འཛིན་དེ་བས་ན་ངས་མདོ་སྡེ་ཀུན་ལས་ཕུང་པོའི་མཚན་མ་ཐམས་ཅད་གཞིག་པ་དང་། ཕུང་པོ་ལ་ཆགས་པ་སྤང་བ་བཤད་དེ་དེའི་ཚེ་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་དག་མང་དུ་མདོ་སྡེ་འདི་ལ་རྩོད་པ་བྱུང་སྟེ། ཡང་དག་པ་ཉིད་དུ་འདུ་ཤེས་མ་སྐྱེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་འདི་ལྟར་ཡི་དམ་དང་སྨོན་ལམ་ཆེན་པོ་གདབ་པར་བྱའོ། །བདག་ཅག་གིས་མ་འོངས་པའི་དུས་ངན་པའི་སེམས་ཅན་ཕུང་པོ་ལ་ཆགས་ཤིང་ངན་པར་ལྟ་བ་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་ཕུང་པོ་ལྔ་ལ་ཆགས་པ་བསལ་བའི་ཕྱིར་ཇི་ལྟ་ཇི་ལྟ་བུར་འདུལ་བ་དེ་ལྟ་དེ་
ལྟ་བུའི་ཆོས་ཀྱིས་ཕན་པ་དང་བདེ་བའི་དོན་བྱེད་དོ། །དེ་བས་ན་འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཞིག་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཤེས་པར་འདོད་པ་དང་། ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་མཁས་པར་འདོད་པ་དང་། དྲན་པའི་མཐུ་
ཐོབ་པར་འདོད་པ་དང་། ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་པའི་ཤེས་རབ་འདོད་པ་དང་། ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་ཐོབ་པར་འདོད་པ་དག་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པའི་
མཚན་ཉིད་དང་། སྡུག་བསྔལ་བའི་མཚན་ཉིད་དང་། བདག་མེད་པའི་མཚན་ཉིད་དང་། ཡང་དག་པ་མ་ཡིན་པའི་མཚན་ཉིད་དང་། སྙིང་པོ་མེད་པའི་མཚན་ཉིད་དང་། མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་དང་། ཐོག་མ་མེད་པའི་དུས་ནས་མ་སྐྱེས་པའི་མཚན་ཉིད་དུ་བརྟག་པར་བྱའོ། །
རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོག་པ་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་ཆགས་ཤིང་ཞེན་པ་ཡོངས་སུ་སེལ་བར་འགྱུར་རོ། །གཞན་ཡང་དེ་ལྟ་བུའི་ཤིན་ཏུ་ཟབ་མོའི་ཆོས་ལ་སྦྱོར་བ་ཡང་ཐོབ་པར་འགྱུར་རོ། །འཇིག་རྟེན་འཛིན་སྔོན་བསྐལ་པ་ཚད་མེད་གྲངས་མེད་པ་འདས་པ་དེའི་
ཚེ་དེའི་དུས་ན་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། བླ་ན་མེད་པ་སྐྱེས་བུ་འདུལ་ཞིང་ཁ་ལོ་སྒྱུར་བ། ལྷ་དང་མིའི་སྟོན་པ་སངས་
རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེ་ལ་ཉན་ཐོས་ཀྱི་དགེ་འདུན་ཁྲག་ཁྲིག་ཕྲག་བརྒྱད་ཅུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ། །གཞན་ཡང་སློབ་པའི་ས་ལ་གནས་པ་ཕྱིར་

མི་ལྡོག་པ་ཡང་ཁྲག་ཁྲིག་ཁྲི་ཕྲག་བརྒྱད་ཅུ་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ནི་ཁྲག་ཁྲིག་ཁྲི་ཕྲག་བརྒྱ་སྟོང་ཡོད་དོ། །བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེའི་ཚེའི་ཚད་ནི་ལོ་བརྒྱད་ཁྲི་སྙེད་དོ། །འཇིག་རྟེན་འཛིན་དེའི་ཚེ་ན་རྒྱལ་པོ་ཕན་པར་འགྱུར་བ་
ཞེས་བྱ་བ་ཡོད་དེ། རྒྱལ་པོ་ཕན་པར་འགྱུར་བ་ཞེས་བྱ་བ་དེ་ལ་གྲོང་ཁྱེར་ཆེན་པོ་ཉི་ཁྲི་སྙེད་དེ་རབ་ཏུ་བདེ་སྐྱིད་པ་དང་ལྡན་པའི་འགྲོ་བས་ཡོངས་སུ་གང་ངོ་། །གྲོང་ཁྱེར་དེ་དག་ཀྱང་ར་བ་རིམ་པ་བདུན་བདུན་གྱིས་བསྐོར་ཏེ། ཆུ་ཞེང་གབ་པར་དཔག་ཚད་བཅུ་གཉིས་ཡོད་དོ། །དེ་དག་ཀྱང་རིན་པོ་ཆེ་སྣ་
བཞི་ལས་བྱས་ཏེ། འོབས་ཀྱང་རིམ་པ་བདུན་དང་། བད་ཀྱང་རིམ་པ་བདུན་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་སྟེང་གི་ཕྱོགས་ཡོངས་སུ་བཀབ་བོ། །གྲོང་ཁྱེར་དང་། འོབས་དང་། ཤིང་དང་། ར་བ་དང་། སྟེང་གི་དྲ་བ་རྣམས་ཀྱང་གསེར་དང་། བཻ་དཱུརྱ་དང་། ཤེལ་དང་། མུ་
ས་ར་གར་བ་སྟེ་རིན་པོ་ཆེ་བཞི་ལས་བྱས་པའོ། །གྲོང་ཁྱེར་ཆེན་པོ་དེ་རེ་རེ་ལ་སྐྱེད་མོས་ཚལ་ལྔ་བརྒྱ་ལྔ་བརྒྱ་སྙེད་ཡོད་དེ། དེའི་ནང་གི་ཤིང་ཡང་རིན་པོ་ཆེ་བདུན་གྱི་ཤིང་གིས་ཡོངས་སུ་གང་ངོ་། །ཤིང་དེ་དག་ཀྱང་རིན་པོ་ཆེའི་གོས་ཀྱི་ཤིང་ཤ་སྟག་གོ། །སྐྱེད་མོས་ཚལ་དེ་དག་རེ་རེ་ན་
ཡང་རིན་པོ་ཆེའི་རྫིང་ལྔ་བརྒྱ་ལྔ་བརྒྱ་ཡོད་དེ་ཡོན་ཏན་བརྒྱད་ཀྱི་ཆུས་ཡོངས་སུ་གང་ངོ་། །འཇིག་རྟེན་འཛིན་རྒྱལ་པོ་ཕན་པར་འགྱུར་བ་དེ་ལ་བཙུན་མོ་དང་། ཕོ་བྲང་གི་སླས་བརྒྱད་ཁྲི་སྙེད་ཡོད་དེ། དེའི་ཚེ་བཙུན་མོ་ཆེན་མོ་དེ་ལ་སྲས་གཉིས་ཡོད་དོ། །གཅིག་ནི་ཚད་མེད་བློ་གྲོས་
ཞེས་བྱ། གཅིག་ནི་ཚད་མེད་སྟོབས་ཞེས་བྱ། འཇིག་རྟེན་འཛིན་རྒྱལ་བུ་དེ་གཉིས་ལོ་བཅུ་དྲུག་ལོན་པ་དང་རྨི་ལམ་དུ་དེ་བཞིན་གཤེགས་པ་མཐོང་སྟེ། ཤིན་ཏུ་མཛེས་པ་དཔེ་ཟླ་མེད་པས་ན། འཛམ་བུ་ཆུ་ཀླུང་གི་གསེར་གྱི་རྒྱལ་མཚན་ལྟ་བུ་མཐོང་ནས་རབ་ཏུ་དགའ་སྟེ་སད་པ་དང་།
སོ་སོ་ནས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཕོ་བོས་སྨྲས་པ། བདག་གིས་རྐང་གཉིས་མཆོག་ནི་མཐོང་བར་རྨིས། །གསེར་མདོག་བསོད་ནམས་བརྒྱ་ཡི་མཚན་གྱིས་བརྒྱན། །ཚད་མེད་པ་ཡི་ཡོན་ཏན་ཡོངས་རྫོགས་པ། །མཐོང་བས་སེམས་ནི་རབ་ཏུ་དགའ་བར་འགྱུར། །

ནུ་བོས་སྨྲས་པ། བདག་གིས་སངས་རྒྱས་ཉི་ལྟར་ལྡན་པ་རྨིས། །ཤིན་ཏུ་བཟང་ཞིང་མཛེས་པ་ཕུལ་གྱི་མཆོག །རི་ཡི་རྒྱལ་པོ་རི་རབ་ཇི་བཞིན་ཏེ། །ལྷང་ངེར་གསལ་བར་མཐོང་བས་ཤིན་ཏུ་དགའ། །འཇིག་རྟེན་འཛིན་དེའི་ཚེ་ན་རྒྱལ་བུ་ཚད་མེད་བློ་གྲོས་དང་།
ཚད་མེད་སྟོབས་གཉིས་ཕ་མ་གང་ན་བར་སོང་ནས་འདི་སྐད་དུ་བདག་ཅག་གིས་འདི་ལྟ་བུ་དག་རྨི་ལམ་དུ་མཐོང་ངོ་ཞེས་རྨི་ལམ་གྱི་གཏམ་ཕ་མ་ལ་བཟླས་སོ། །བདག་ཅག་གཉིས་ཀྱིས་སངས་རྒྱས་མཐོང་བར་རྨིས་ཀྱིས་བདག་ཅག་གཉིས་བཅོམ་ལྡན་འདས་གང་ན་བར་མཆི་བར་གསོལ། དེ་
བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བའང་ཤིན་ཏུ་དཀའ་སྟེ། བདག་ཅག་བག་མེད་པས་མ་ཚོར་མ་འཚལ་ནས་འདོད་པ་ལྔའི་འདམ་དུ་ལྟུང་སྟེ་གཟུགས་ཀྱི་འཆིང་བས་རྣམ་པར་བཅིངས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་འཆིང་བས་རྣམ་པར་
བཅིངས་སོ། །བདག་ཅག་ཁྱིམ་ན་གནས་པས་བག་མེད་པའི་ཕྱིར་སངས་རྒྱས་མ་མཐོང་ངོ་ཞེས་གསོལ་ཏོ། །འཇིག་རྟེན་འཛིན་རྒྱལ་བུ་དེ་གཉིས་ཀྱིས་ཕ་མ་ལ་དེ་སྐད་ཅེས་སྨྲས་ནས་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་གང་ན་བ་དེར་སོང་ངོ་། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་
ནས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། སངས་རྒྱས་དང་། དགེ་སློང་གི་དགེ་འདུན་རྣམས་ལ་ཟླ་བ་གསུམ་གྱི་བར་དུ་མཆོད་པ་རྣམ་བཞི་འབུལ་བར་སྤྱན་དྲངས་སོ། །ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཆ་དང་། སྙུན་གྱི་རྐྱེན་སྨན་དག་གིས་མཆོད་ཅིང་ཕུལ་ཏེ། གྲོང་ཁྱེར་
ཆེན་པོའི་མཐའ་རྒྱལ་པོ་ཕན་པར་འགྱུར་བའི་སྐྱེད་མོས་ཚལ་གཅིག་ཏུ་བ་དན་དཔྱངས། གདུགས་བྲེས། རིན་པོ་ཆེའི་པད་མོ་བཀོད་དེ། སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་ཕུལ་ནས་བཞུགས་སུ་གསོལ་ཏོ། །རྒྱལ་བུ་དེ་གཉིས་ཀྱིས་ཟླ་བ་གསུམ་གྱི་བར་དུ་མཆོད་པའི་ཡོ་བྱད་
ཐམས་ཅད་ཀྱིས་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་ལ་མཆོད་ནས་བཅོམ་ལྡན་འདས་དེའི་བསྟན་པ་ལ་ཁྱིམ་ནས་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ངོ་། །འཇིག་རྟེན་འཛིན་བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོ་དེས་རྒྱལ་བུ་དེ་གཉིས་ཀྱི་ལྷག་པའི་བསམ་པ་དང་སྨན་པ་མཁྱེན་

ནས་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ཐབས་ཞེས་བྱ་བའི་མདོ་རྒྱས་པར་བཤད་དོ། །ལོ་བཞི་ཁྲིའི་བར་དུ་གཉིད་ཀྱང་མ་ལོག །ཟས་ཀྱང་ཆོག་པར་མ་ཟོས། བསྙེས་ཏེ་འཕྲེས་ཀྱང་མ་མྱོང་བར་གལ་ཏེ་འདུག་གམ་འཆག་
ཅིང་སོང་ཡང་མ་མྱོང་ངོ་། །དེ་ནས་ཡང་ལོ་བཞི་ཁྲིའི་བར་དུ་གཞན་ཅི་ཡང་མི་སེམས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་དག་པ་མ་ཡིན་པ་དང་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་སེམས་སོ། །དེ་ལྟར་ཕུང་པོ་ལྔ་ཕྱིན་ཅི་ལོག་ལས་བྱུང་བར་ཤེས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཁོང་
དུ་ཆུད་ཅིང་རྟོགས་པར་བྱ་བ་ལ་བརྩམས་བཞིན་དུ་ཚེ་ལ་ཐུག་གི་བར་དུ་ཚངས་པར་སྤྱད་པ་སྤྱོད་དོ། །དེ་ནས་ཚེ་འཕོས་ནས་དགའ་ལྡན་གནས་སུ་སྐྱེས་སོ། །བཅོམ་ལྡན་འདས་དེ་མྱ་ངན་ལས་འདས་པའི་འོག་ཏུ་ཕྱིར་ཡང་འཛམ་བུ་གླིང་འདིར་ཁྱིམ་བདག་ཆེན་པོ་ཞིག་གི་ཁྱིམ་དུ་སྐྱེས་
ནས་ལོ་བཅུ་དྲུག་ལོན་པ་དང་། ཡང་རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་སྟེ། ཕུང་པོ་ལྔ་དང་ཁམས་བཅྭ་བརྒྱད་བཤད་པའི་བྱང་ཆུབ་སེམས་དཔའི་ཐབས་ཀྱི་མདོ་སྡེ་བསྟན་པར་རྨིས་སོ། །རྨི་ལམ་ན་ཆོས་འདི་ཐོས་ནས་སད་པ་དང་། དངངས་སྐྲག་སྟེ། བཅོམ་ལྡན་འདས་
དེའི་བསྟན་པ་ལ་ལོ་ཁྲི་ཚང་བར་ཚངས་པར་སྤྱད་པ་སྤྱོད་ཅིང་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་བཤད་པ་བྱང་ཆུབ་སེམས་དཔའི་སྤྱོད་པའི་ཐབས་ཀྱི་མདོ་སྡེ་ཞིབ་ཏུ་བརྟགས་ནས་དེ་ནས་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གནམ་དུ་སྐྱེས་སོ། །ལྷའི་ཚེ་ཟད་ནས་
ཕྱིར་ཡང་འཛམ་བུའི་གླིང་དུ་རིགས་མཐོ་ཞིང་ཆེ་བའི་བྲམ་ཟེའི་ཁྱིམ་དུ་སྐྱེས་སོ། །བཅོམ་ལྡན་འདས་བློ་གྲོས་ཆེན་པོ་རིའི་རྒྱལ་པོའི་ཆོས་རྣམ་པར་ཞིག་ནས་ལོ་སྟོང་ལོན་ཏེ་རྒྱལ་བུ་དེ་གཉིས་སྔོན་གྱི་རྒྱུ་དང་རྐྱེན་གྱིས་དེར་ཡང་རབ་ཏུ་བྱུང་ནས་ཤེས་རབ་རྒྱ་མཚོ་དང་འདྲ་བར་ཤེས་པར་ཤིན་ཏུ་རྒྱ་
ཆེ་བར་གྱུར་ཏེ་ཕུང་པོའི་མཚན་ཉིད་རྣམ་པར་འབྱེད་ཅིང་ཤིན་ཏུ་རྟོག་པ་ལ་མཁས་པ་དང་། ཡང་དག་པ་ཇི་ལྟ་བ་བཞིན་མངོན་སུམ་དུ་རྟོགས་པར་གྱུར་ཏོ། །འཇིག་རྟེན་འཛིན་དེ་ན་མི་ཉི་ཁྲི་སྙེད་དང་། ལྷ་ཁྲི་ཕྲག་ཉི་ཤུ་སྙེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །

འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་དེ་ནས་གང་ནས་གང་དུ་སྐྱེ་བའི་གནས་ཐམས་ཅད་དུ་སེམས་ཅན་འཐུན་པར་གྱུར་ནས་སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་བཅུ་དང་ཕྲད་དེ་བསྙེན་བཀུར་བྱས་པར་གྱུར་ཏོ། །དེ་ནས་གདོད་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་པར་གྱུར་
ཏོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཐོབ་ནས་གཞན་ཡང་སངས་རྒྱས་ཁྲག་ཁྲིག་ཁྲི་ཕྲག་གཅིག་དང་ཕྲད་དེ། དེ་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་གཉིས་ཀྱང་བསྐལ་པ་གཅིག་ཏུ་རིམ་གྱིས་འཚང་རྒྱ་སྟེ། གཅིག་ནི་ཚད་མེད་དབྱངས་ཞེས་
བྱ། གཅིག་ནི་ཚད་མེད་འོད་ཅེས་བྱའོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དག་རྣམ་པར་དག་ཅིང་ཤིན་ཏུ་བྱང་བའི་ཆོས་བསྒོམ་པ་ལ་ཤིན་ཏུ་བརྩོན་པར་བྱའོ། །
གཞན་ཡང་ཕུང་པོའི་མཚན་ཉིད་ལ་འཇུག་པར་དང་། འདུས་བྱས་ཀྱི་ཆོས་ཀྱི་ཡང་དག་པའི་མཚན་ཉིད་ལ་མཁས་པར་བྱའོ། །ཕུང་པོ་ལྔ་ལ་བརྟགས་པའི་ལེའུ་སྟེ་གཉིས་སོ།། །།འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཁམས་བཅྭ་བརྒྱད་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་བཅྭ་བརྒྱད་ལ་ཡང་དག་པར་རྟོག་པར་སྦྱོར་བ་ན་འདི་སྙམ་དུ་མིག་གི་ཁམས་ཞེས་བྱ་བ་མིག་གི་ཁམས་སུ་དམིགས་སུ་མེད། མིག་གི་ཁམས་ལ་བདག་དང་བདག་
གི་བ་མེད་པ། མི་རྟག་པ། སྙིང་པོ་མེད་པ། རང་བཞིན་གྱིས་སྟོང་པའི་ཕྱིར་མིག་གི་ཁམས་ལ་མིག་གི་མཚན་ཉིད་དུ་བཏགས་པ་མི་དམིགས། མིག་གི་ཁམས་ནི་ཡང་དག་པ་མ་ཡིན་པ་ཇི་ཡང་མེད་པ་སྟེ། རྣམ་པར་རྟོག་པ་ལས་སྐྱེས་སོ། །མིག་གི་ཁམས་ལ་ངེས་པའི་མཚན་ཉིད་
མེད་དེ། ནམ་མཁའི་ཁམས་ནི་མིག་གི་ཁམས་ཡིན་ནོ། །དཔེར་ན་ནམ་མཁའི་ཁམས་ལ་ངེས་པའི་མཚན་ཉིད་མེད་དེ། དངོས་པོ་མེད་པ་བཞིན་མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་པ་དང་རང་དངོས་པོ་མེད་པ་ཡང་དེ་དང་འདྲའོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་ཁམས་ལ་

ཡང་དག་པའི་དངོས་པོ་མི་རྙེད་པའི་ཕྱིར་མིག་གི་ཁམས་ཡུལ་ན་ཡང་མི་གནས། ཕྱོགས་ན་ཡང་མི་གནས། ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་མི་གནས་པའི་ཕྱིར་རོ། །མིག་གི་ཁམས་ལ་ངེས་པའི་མཚན་ཉིད་མེད་པ། དངོས་པོ་མེད་པས་
མིག་གི་ཁམས་ཀྱི་དངོས་པོ་དམིགས་སུ་མེད་དེ། རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་སོ། །མིག་གི་ཁམས་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་ཏེ། མིག་གི་ཁམས་ལ་མིག་གི་རང་བཞིན་དམིགས་སུ་མེད་དོ། །མིག་གི་ཁམས་ནི་སྔོན་གྱི་ལས་ཀྱི་འབྲས་
བུ་རྣམ་པར་སྨིན་པ་དང་ད་ལྟར་གྱི་རྐྱེན་ལ་རག་ལུས་ཏེ། མིག་གི་ཁམས་ཞེས་བཏགས་སོ། །མིག་གི་ཁམས་ཞེས་བྱ་བ་ནི་ཁམས་མེད་པའོ། །མིག་གི་ཁམས་ལ་མིག་གི་ཁམས་དམིགས་སུ་མེད་དོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་ལ་མིག་གི་ཁམས་ཞེས་བྱའོ། །མིག་
གི་དབང་པོའང་རྣམ་པར་དག་ལ་གཟུགས་ཀྱང་སྣང་བའི་གནས་ན་ཡོད་ཅིང་ཡིད་ཀྱི་དབང་པོར་ལྡན་ཏེ། རྣམ་པ་གསུམ་འདུས་པ་ན་མིག་གི་ཁམས་ཞེས་བྱའོ། །མིག་གི་ཁམས་ལ་ངེས་པར་མིག་གི་ཁམས་ཞེས་བྱ་བ་མེད་དེ། མཁས་པ་དག་ནི་མིག་གི་ཁམས་མེད་པ་ལ་མིག་གི་
ཁམས་སུ་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གལ་ཏེ་དེ་ལྟར་མིག་གི་ཁམས་རྣམ་པར་འབྱེད་པ་རྟོགས་ནས་ཁམས་མེད་པ་ལ་གཟུགས་ཀྱི་ཁམས་སུ་ཁོང་དུ་ཆུད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་
ཁམས་སུ་མེད་དེ། གཟུགས་ཀྱི་ཁམས་ནི་མ་འདུས་པ་མ་བྱས་པའོ། །གཟུགས་ལ་ངེས་པའི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱི་ཁམས་ཞེས་བྱའོ། །གཟུགས་ལ་དངོས་པོ་མེད་དེ་རྣམ་པར་རྟོག་པའང་མེད་ན་གཟུགས་ཀྱི་ཁམས་ཞེས་བྱ་བ་ལྟ་ཅི་སྨོས་ཏེ། གཟུགས་ཀྱི་ཁམས་
ཞེས་བྱ་བ་ནི་དངོས་པོ་མེད་པས་གཟུགས་ཀྱི་མཚན་ཉིད་ནི་གཟུགས་ཀྱི་ནང་ན་ཡང་མི་གནས། གཟུགས་ཀྱི་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་ཡང་མི་གནས་ཏེ། རྣམ་པར་བརྟགས་པ་དང་། གཟུགས་མངོན་དུ་སྣང་བའི་གནས་ན་ཡོད་ལ་མིག་གི་དབང་པོ་ཡང་རྣམ་པར་དག་

ཅིང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པ་ལས་གཟུགས་མངོན་པར་སྣང་སྟེ། གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །དཔེར་ན་མེ་ལོང་གི་ནང་གི་གཟུགས་བརྙན་དང་འདྲ་སྟེ། མེ་ལོང་ཡོངས་སུ་དག་ན་གཟུགས་ཀྱི་མཚན་ཉིད་མངོན་པར་སྣང་བར་འགྱུར་རོ། །གཟུགས་ལ་
ངེས་པའི་མཚན་ཉིད་མེད་དེ། མེ་ལོང་གི་ནང་ན་མི་མེད་བཞིན་དུ་གཟུགས་ཀྱི་གཟུགས་བརྙན་སྣང་ངོ་། །དེ་ཡང་ཕྱི་རོལ་ན་མེ་ལོང་ཡོད་ན་ནང་ནས་གཟུགས་ཀྱི་མཚན་ཉིད་འབྱུང་ངོ་། །དེ་བཞིན་དུ་མིག་གི་དབང་པོ་རྣམ་པར་དག་པ་ན་གཟུགས་སྣང་བའི་གནས་ན་འདུག་པ་ལ་དམིགས་ནས་
མེ་ལོང་གི་གཟུགས་བརྙན་དང་འདྲ་བ་ལ་གཟུགས་ཀྱི་མཚན་ཉིད་ཅེས་བཏགས་སོ། །གཟུགས་ལ་ཁམས་མེད། དབྱིབས་ཀྱི་མཚན་མ་མེད། ངེས་པའི་མཚན་ཉིད་མེད་པས་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །གཟུགས་ཀྱི་མཚན་ཉིད་ལ་བདག་མེད་པའི་ཕྱིར་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །སེམས་ཅན་གྱི་
རྗེས་སུ་ཇི་ལྟ་ཇི་ལྟ་བ་དེ་ལྟར་དེ་བཞིན་དུ་ཤེས་པའི་ཕྱིར་གཟུགས་ཀྱི་མཚན་ཉིད་ཅེས་བྱའོ། །གང་ཟག་སུ་ཞིག་གཟུགས་ཀྱི་མཚན་ཉིད་ཤེས་ན་གཟུགས་མེད་པའི་མཚན་ཉིད་ཀྱང་ཤེས་སོ། །གཟུགས་ཀྱི་མཚན་ཉིད་ལ་མ་སྐྱེས་པའི་ཁམས་སུ་ཤེས་ན། གཟུགས་ཀྱི་མཚན་ཉིད་ལ་མ་བྱས་པའི་ཁམས་
སུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་དེ་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན། མཚན་ཉིད་ཅིའང་མེད་པ་བསྟན་པ། ཡང་དག་པ་མ་ཡིན་པའི་མཚན་ཉིད་བསྟན་པ། བླ་དགས་སུ་བཏགས་པའི་མཚན་ཉིད་བསྟན་པ་སྟེ། དེ་
དག་ནི་གཟུགས་ཀྱི་ཁམས་ཞེས་བྱའོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཁམས་རྣམ་པར་འབྱེད་པ་ལ་རྟོག་པ་སྟེ། བྱང་ཆུབ་སེམས་དཔས་དེ་ནས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་རྣམ་པར་འབྱེད་པ་ལ་རྟོག་གོ། །འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ལ་
མིག་གི་རྣམ་པར་ཤེས་པ་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད། རྟག་པའི་མཚན་ཉིད་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ལ་དངོས་པོ་མེད། ངེས་པའི་ཆོས་མེད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་བསྟན་དུ་མེད་པའོ། །མིག་གི་

རྣམ་པར་ཤེས་པའི་ཁམས་ནི་འདུས་པ་མ་ཡིན་གྱེས་པ་མ་ཡིན་ཏེ། དངོས་པོའི་རྩ་བ་མེད་དོ། །དེའང་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་དང་། ད་ལྟར་གྱི་རྐྱེན་དང་གཟུགས་ལ་རག་ལུས་པའི་ཕྱིར་འདི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །བུས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་གི་སེམས་ཀྱི་རྗེས་
སུ་སོང་བས་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལ་འཕགས་པ་རྣམས་ཀྱིས་ནི་ཁམས་མེད་པར་ཁོང་དུ་ཆུད་ཅིང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་རྣམ་པར་ཤེས་པའི་ཁམས་ལ་ངེས་པ་མེད་པའི་ཕྱིར་རོ། །དེ་ནི་རྐྱེན་རྣམས་ལས་སྐྱེས་ཏེ། རྐྱེན་ལ་རག་
ལུས་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །རྣམ་པར་ཤེས་པའི་སྤྱོད་ཡུལ་གྱི་གནས་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །དེ་ལྟར་ངེས་པ་མེད་པའི་ཕྱིར་ན་ངེས་པའི་མཚན་ཉིད་ཅེས་བཤད་དོ། །མ་སྐྱེས་པའི་ཕྱིར་ཡང་དག་པ་མ་ཡིན་པ་
བསྟན་པའི་ཕྱིར་རོ། །གཟུགས་ཀྱི་མཚན་མར་རྣམ་པར་རྟག་པའི་ཕྱིར། རྐྱེན་རྣམས་བསྟན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ། །སེམས་ཅན་དག་ཇི་ལྟར་ཤེས་པའི་རྗེས་སུ་དེ་བཞིན་གཤེགས་པས་ཐབས་ཀྱིས་རྣམ་པར་ཕྱེ་སྟེ། ཆ་གཅིག་པ་དང་ཐ་
དད་པའི་མཚན་ཉིད་གཞོམ་པའི་ཕྱིར་དེ་ལྟ་བུའི་མཚན་ཉིད་བཤད་དོ། །རྣམ་པར་ཤེས་པ་ལ་ངེས་པའི་མཚན་ཉིད་མེད་དེ་མིག་གི་དབང་པོ་རྣམ་པར་དག་པས་གཟུགས་ཀྱི་མཚན་ཉིད་ཤེས་ཏེ། ཆོས་གཉིས་འདུས་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ། །མིག་
གི་རྣམ་པར་ཤེས་པའི་ཡང་དག་པའི་མཚན་ཉིད་བསྟན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་མིག་གི་སྤྱོད་ཡུལ་གྱི་གནས་ཏེ། གཟུགས་སུ་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་དེའི་ཡང་ཁམས་
མེད་པར་བཤད་པའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་གིས་མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་དེ། མིག་གི་རྣམ་པར་ཤེས་པའི་ཁམས་ལ་མིག་གི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་མེད་པས་དངོས་

པོར་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། ངེས་པའི་མཚན་ཉིད་མེད་པ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་སོ། །མིག་གི་རྣམ་པར་ཤེས་པའི་ཁམས་ནི་བརྟགས་པ་ཙམ་དུ་ཟད་དོ། །ཁམས་ཞེས་བཤད་པ་དེ་ཡང་མི་ལེན་པའི་དོན་བཤད་པར་ཟད་དོ། །མཐོང་
བར་བྱ་བའི་གནས་ཡོད་པས་མིག་གི་རྣམ་པར་ཤེས་པ་དང་ཡིད་ཀྱི་ལས་ལས་མིག་གི་རྣམ་པར་ཤེས་པའི་མཚན་ཉིད་སྐྱེས་པས་མིག་གི་རྣམ་པར་ཤེས་པ་ཞེས་བྱའོ། །མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་གསུམ་
འདུས་པ་ལས་རྐྱེན་རྣམས་ཀྱི་མཚན་ཉིད་ཤེས་ཏེ་དེ་ནི་ཁམས་ཀྱི་དོན་ལས་དབེན་པའོ། །འདི་ལྟ་སྟེ། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་རྣམ་གྲངས་དེ་སྙེད་ཀྱིས་ན་སེམས་ཅན་རྣམས་ཡང་དག་པའི་ལམ་ལ་འཇུག་པར་འགྱུར་ཏེ། འདི་
ལ་ཡང་དག་པར་ན་མིག་གི་ཁམས་མེད། གཟུགས་ཀྱི་ཁམས་མེད། མིག་གི་རྣམ་པར་ཤེས་པའི་ཁམས་མེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཚན་ཉིད་རྣམས་ཤེས་པ་དང་། མཐོང་བ་དང་། རྣམ་པར་འབྱེད་པའི་ཐབས་སུ་གསུངས་ཏེ། མཚན་ཉིད་གསུངས་པ་འདི་
ལ་གང་ཟག་སུ་ཞིག་ཆུད་ཅིང་རྟོགས་ན་ཁམས་གསུམ་པོ་ལ་ཁམས་མེད་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཁམས་རྣམས་ལ་ཁམས་ཀྱི་མཚན་ཉིད་མེད་པའི་ཕྱིར་ཁམས་རྣམས་ལ་མཚན་ཉིད་དུ་མི་དམིགས་པའི་ཕྱིར་རོ། །རྣ་བའི་ཁམས་དང་། སྒྲའི་ཁམས་དང་། རྣ་བའི་རྣམ་
པར་ཤེས་པའི་ཁམས་དང་། སྣའི་ཁམས་དང་། དྲིའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་
ཁམས་ཀྱང་གཞུང་འདིས་ཤེས་པར་བྱའོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་ཁམས་རྣམ་པར་འབྱེད་པ་ལ་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཡིད་ཀྱི་ཁམས་ལ་དངོས་པོ་ཅི་ཡང་མེད་པའི་ཕྱིར་ངེས་པའི་མཚན་ཉིད་

མེད་དོ། །ཡིད་ཀྱི་ཁམས་ལ་ཡིད་ཀྱི་ཁམས་ཞེས་བྱ་བ་མེད་ངེས་པའི་ཁམས་མེད་དོ། །ཡིད་ཀྱི་ཁམས་ཞེས་བྱ་བ་ནི་དཔེར་ན་ས་བོན་ས་ཆེན་པོ་ལ་རྨོས་ནས་སེར་གྱིས་རླན་ཏེ་ཉི་མས་དྲོས་པར་བྱས་ཤིང་རླུང་གིས་བསྐྱོད་ན་མྱུ་གུ་བགས་ཀྱིས་འབྱུང་སྟེ། མྱུ་གུ་ཡང་ས་བོན་ལས་མ་སྐྱེས་ལ།
ས་བོན་ཡང་མྱུ་གུ་དང་གཅིག་པ་མ་ཡིན་ཏེ། མྱུ་གུ་སྐྱེས་ནས་ས་བོན་ཡང་འཇིག་སྟེ། ས་བོན་ཡང་མྱུ་གུ་ལས་གཞན་མ་ཡིན་ལ་མྱུ་གུ་ཡང་ས་བོན་ལས་གཞན་མ་ཡིན་ཏེ། མྱུ་གུའི་ནང་ནས་ས་བོན་མེད་པ་བཞིན་ཡིད་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ། ཡིད་ཀྱི་ལས་སྐྱེད་པའི་ཕྱིར་
ཡིད་ཀྱི་རྣམ་པར་ཤེས་པའི་མཚོན་པས་ནི་ས་བོན་གྱིས་མྱུ་གུ་མཚོན་པ་བཞིན་ཏེ། ཡིད་ཀྱི་ཁམས་ཞེས་བཏགས་སོ། །ཡིད་ཀྱི་ཁམས་ལས་གུད་ན་ཡིད་དང་ཡིད་ཀྱི་ཁམས་ཞེས་བྱ་བ་མེད། ཡིད་དུ་མི་ཤེས་ཀྱང་བླ་དགས་སུ་ཡིད་ཀྱི་ཁམས་ཞེས་བཏགས་སོ། །ཡིད་ཀྱི་ཁམས་
ཞེས་བྱ་བ་དེ་ཡིད་ཀྱི་ནང་ན་མི་གནས། ཡིད་ཀྱི་ཕྱི་རོལ་ན་ཡང་མི་གནས། གཉི་གའི་བར་ན་མི་གནས་ཏེ། སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་གྱི་ཕྱིར་རྣམ་པར་ཤེས་པས་བསྐྱེད་པའི་ཕྱིར། ཡིད་ཀྱི་ལས་ཀྱི་ཕྱིར། དམིགས་པར་བྱ་བ་ཤེས་པའི་ཕྱིར། མཚན་ཉིད་དུ་བཏགས་པ་འདུས་པའི་ཕྱིར།
ད་ལྟར་གྱི་དམིགས་པ་སྐྱེ་བའི་ཕྱིར་ཡིད་ཀྱི་ཁམས་ཞེས་བྱ་སྟེ། དེ་ནི་མ་ངེས་པའི་ཡིད་ཀྱི་ལས་ཀྱི་མཚན་ཉིད་དང་རྒྱུ་དང་རྐྱེན་མང་པོ་འདུས་པའི་མཚན་ཉིད་དོ། །ཡིད་ཀྱི་ཁམས་ནི་མང་པོའི་འདུས་པ་ལས་སྐྱེ་བས་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་འཇུག་གོ །དོན་དམ་པ་ལ་ནི་ཡིད་ཀྱི་ཁམས་
ཞེས་བྱ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་ཕྱིར་རོ། །མི་སྐྱེ་བ་ནི་ཡིད་ཀྱི་ཁམས་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། །ཡིད་ཀྱི་ཁམས་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་བཏགས་པའི་ཚིག་ཡིན་ཏེ། དོན་དམ་པར་ན་ངེས་པར་ཡིད་ཀྱི་ཁམས་མེད་དོ། །འདས་པ་དང་། མ་འོངས་པ་དང་།
ད་ལྟར་གྱིར་དམིགས་སུ་མེད་དོ། །ཁམས་དག་ནི་ཁམས་མེད་པ་ལ་ཡིད་ཀྱི་ཁམས་སུ་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ཆོས་ཀྱི་ཁམས་ལ་འབྱེད་ཅིང་རྟོགས་པ་ནི་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྟོགས་ཏེ། ཆོས་ཀྱི་ཁམས་ལ་རང་བཞིན་ཉིད་དམིགས་

སུ་མེད་དེ། ངེས་པ་མེད་པའི་ཁམས་ནི་ཆོས་ཀྱི་ཁམས་སོ། །ཆོས་ཀྱི་ཁམས་ནི་དངོས་པོར་དམིགས་སུ་མེད་པའི་ཕྱིར་ངེས་པའི་དངོས་པོར་དམིགས་སུ་མེད་དེ། སྐྱེ་བོ་ཕྱིན་ཅི་ལོག་ཏུ་ལྟ་ཞིང་ཡང་དག་པ་མ་ཡིན་པས་རྣམ་པར་བཅིངས་པ་དག་ཤེས་པར་བྱ་བའི་ཕྱིར་ཆོས་
ཀྱི་ཁམས་ཞེས་བརྗོད་ཅིང་བཤད་པ་ཡང་སོ་སོའི་སྐྱེ་བོ་དག་ཁམས་མེད་པ་ལ་དགོད་པའི་ཕྱིར་ཆོས་ཀྱི་ཁམས་བཤད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་ཆོས་ཀྱི་ཁམས་མེད་དེ། ཆོས་ཀྱི་ཁམས་ཞེས་བྱ་བ་ནི་རྐྱེན་མང་པོ་འདུས་པ་ལས་སྐྱེས་སོ། །རྐྱེན་འདུས་པ་ལས་སྐྱེས་
པའི་ཆོས་ལ་ནི་རང་བཞིན་མེད་དོ། །རྒྱུ་དང་རྐྱེན་ལ་རང་བཞིན་མེད་པའི་ཕྱིར། རྒྱུ་དང་རྐྱེན་ནི་མང་པོ་འདུས་པའི་ཕྱིན་ཅི་ལོག་གི་རྒྱུན་ལས་སྐྱེས་སོ། །དེ་བཞིན་གཤེགས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་ཚིག་ཏུ་བརྗོད་པས་ཁམས་མེད་པའི་ཆོས་བསྟན་
པའི་ཕྱིར་ཆོས་ཀྱི་ཁམས་གསུངས་སོ། །ཆོས་ཀྱི་ཁམས་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཀྱང་སོ་སོའི་སྐྱེ་བོ་དག་དགེ་བ་དང་མི་དགེ་བའི་ཆོས་ཤེས་ཤིང་མཐོང་ངོ་། །ཆོས་ཀྱི་ཁམས་ཀྱིས་ཆོས་ཐམས་ཅད་ཤེས་པ་དང་མཐོང་བ་མེད་པར་བཤད་
པ་ནི་མཐར་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཕྱིར་མཐར་སྟོང་པ་ཉིད་དུ་བཤད་པ་ནི་ཆོས་ཀྱི་ཁམས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཅིའང་མེད་པ་ནི་ཆོས་ཀྱི་ཁམས་ཏེ། ཆོས་ཀྱི་ཁམས་ལ་ཡོད་ཅེས་པའི་མཚན་མ་ངེས་པ་མེད་པའི་ཕྱིར་རོ། །འདི་ལྟ་སྟེ། ནམ་མཁའ་ལ་ངེས་པའི་མཚན་
ཉིད་མེད་དེ། ནམ་མཁའ་ཞེས་བྱ་བ་བཞིན་ཆོས་ཀྱི་ཁམས་ཀྱང་དེ་དང་འདྲ་སྟེ་ངེས་པའི་མཚན་མ་མེད་དོ། །ཆོས་ཀྱི་མཚན་མ་གཞོམ་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་བཤད་དེ། ཁམས་མེད་པ་ནི་ཆོས་ཀྱི་ཁམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ནི་འདས་པ་ལ་མི་
གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་ཏེ། རྐྱེན་མང་པོ་ལ་རག་ལུས་པས་རྐྱེན་དང་ཕྲད་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་རྣམ་གྲངས་སུ་གདགས་སོ། །སེམས་ཅན་གྱིས་ཇི་ལྟར་ཆོས་ཀྱི་ཁམས་ཞེས་བཏགས་སོ། །མཁས་པ་དག་ཁམས་མེད་པ་ལ་ཆོས་ཀྱི་

ཁམས་སུ་ཤེས་ཏེ། ཆོས་ཀྱི་ཁམས་ནི་གཅིག་པ་མ་ཡིན་ཐ་དད་པ་མ་ཡིན་ནོ། །ཆོས་ཀྱི་ཁམས་ལ་ཆོས་ཀྱི་ཁམས་ཀྱི་མཚན་མ་མང་པོ་ཡང་མེད། ཅུང་ཟད་ཀྱང་མེད་དེ། ཁམས་བསྟེན་པའི་ཐབས་ཀྱིས་ཆོས་ཀྱི་ཁམས་ལ་ཁམས་ཞེས་བཤད་དོ། །གང་རྣལ་འབྱོར་པ་དག་ཆོས་ཀྱི་ཁམས་
རྟོགས་ཤིང་ཆད་པ་ནི་ཁམས་མེད་པར་ཤེས་ཤིང་མཐོང་ངོ་། །ཁམས་གསུམ་གྱི་ཆོས་ཀྱི་ཁམས་ཀྱི་རྣམ་པར་རྟོག་པའི་མཚན་མ་མེད་དེ། རྒྱུ་དང་རྐྱེན་མང་པོ་འདུས་པ་ལས་ཆོས་སུ་རྣམ་པར་རྟོག་པས་ཆོས་ཀྱི་ཁམས་ཞེས་བཤད་དེ། ཆོས་སུ་རྣམ་པར་ཕྱེ་སྟེ་མཚན་ཉིད་ངེས་པ་མེད་པ་
བསྟན་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་བཤད་དོ། །མཁས་པ་དག་ནི་ཆོས་ཀྱི་ཁམས་ལ་མཚན་མར་ལྟ་བའི་ཕྱིར་ཆོས་སྐྱེས་པར་མཐོང་བ་མ་ཡིན་ཏེ། གང་སྐྱེས་པའི་ཆོས་དེ་ཉིད་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་མཚན་མ་མེད་པའི་ཕྱིར་རོ། །མཁས་པ་དག་ནི་ཆོས་ཀྱི་
མཚན་ཉིད་ལ་མཚན་མ་མེད་པར་རྟོགས་ཤིང་ཆུད་པས་ཆོས་ཀྱི་ཁམས་ལ་རྣམ་པར་རྟོག་པའི་མཚན་མ་མེད་པ་ནི་མཚན་མ་མེད་པ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཆོས་ཀྱི་ཁམས་ཞེས་གསུངས་སོ། །ཆོས་ཀྱི་ཁམས་ལ་གནས་པའི་གནས་མེད། གནས་པ་མེད། འབྱུང་བའི་གནས་
མེད། རྟེན་པའི་གནས་མེད་དོ། །ཆོས་ཀྱི་ཁམས་ནི་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཆོས་ཀྱི་ཁམས་ལ་སྐྱེ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་ཁམས་ལ་ཁམས་མེད་པའི་ཕྱིར་རོ། །གཞན་ཡང་ཆོས་ཀྱི་ཁམས་ན་འདུས་པའི་ཕྱིར་ཡོད་པ་མ་ཡིན་ཏེ། མ་འདུས་པ། མ་གྱེས་
པ། མངོན་པར་འདུས་མ་བྱས་པ། ངེས་པ་མེད་པས་ཆོས་ཀྱི་ཁམས་ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཁམས་མེད་པ་ལ་ཆོས་ཀྱི་ཁམས་སུ་རྣམ་པར་འབྱེད་ཅིང་རྟོགས་སོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དག་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འདི་སྙམ་དུ་མ་སྐྱེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས། མ་ངེས་པའི་ཁམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་

ཁམས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དངོས་པོ་མེད། ངེས་པའི་ཆོས་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ཆོས་མེད་པའི་མཚན་ཉིད་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་དམིགས་སུ་
མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་དང་ལྡན་པ། ཡིད་ཐོག་མར་འགྲོ་བ་ལས་ཆོས་སུ་རྣམ་པར་ཤེས་པས་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་གསུངས་སོ། །བུས་པ་སོ་སོའི་སྐྱེ་བོའི་རྗེས་སུ་བསྙག་པའི་ཕྱིར་
ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་སོ། །འཕགས་པ་རྣམས་ཀྱིས་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་ཤིང་རྟོགས། ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་ཤིང་ཤེས་སོ། །དེའང་རྒྱུ་
དང་རྐྱེན་གྱི་ཆོས་བསྟན་པའི་ཕྱིར་ཡིད་ཐོག་མར་འགྲོ་བས་ཤེས་ན་རྐྱེན་མང་པོ་འདུས་པས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བཤད་དོ། །དེ་ཡང་སེམས་ཅན་ཇི་ལྟར་ཤེས་པའི་རྗེས་སུ་བསྙག་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །མཁས་པ་དག་ནི་ཁམས་མ་ཡིན་པ་ལ་ཡིད་ཀྱི་རྣམ་པར་
ཤེས་པའི་ཁམས་སུ་ཤེས་སོ། །དེ་ཡང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་རྣམ་པར་བརྟགས་པ་ལས་བྱུང་སྟེ། གང་ཁམས་ལ་མཚན་མ་མེད་པ་ནི་དོན་དམ་པ་སྟེ། དོན་དམ་པ་ལ་ཁམས་ཀྱི་མཚན་ཉིད་མེད་དོ། །ཀུན་རྫོབ་ཀྱི་ཆོས་སུ་སེམས་ཅན་སྨིན་པར་བྱ་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་
གསུངས་ཏེ་དེ་ཡང་སེམས་ཅན་དག་ཁམས་མེད་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་ཤེས་པའི་ཕྱིར་རོ། །དེ་ཡང་ཆོས་ཅུང་ཟད་ཙམ་གྱིས་ཀྱང་ཁམས་གཞོམ་ཞིང་དེ་ལས་དབེན་པར་བྱ་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་
པ་རྣམས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་ནང་ན་གནས་པར་རམ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཕྱི་རོལ་ན་གནས་པར་རམ། གཉི་གའི་བར་ན་གནས་པར་མི་གནས་སོ། །མཁས་པ་དག་ནི་འདུ་བ་མེད་པའི་ཁམས་ལ་ཡིད་

ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱིས་ཁམས་ནི་མི་ཤེས། ཡིད་ཀྱི་ཁམས་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མི་ཤེས་སོ། །དེ་ཡང་རྒྱུ་དང་རྐྱེན་མང་པོ་འདུས་པ་དང་ཕྱིན་ཅི་ལོག་ལས་སྐྱེ་ཞིང་འབྱུང་སྟེ། ཡིད་ཐོག་མར་འགྲོ་བས་རྒྱུ་དང་
རྐྱེན་གཉིས་འདུས་པ་ལས་འབྱུང་བར་ཤེས་སོ། །ཡང་དག་པ་མ་ཡིན་པ་ལ་ཆགས་པ་དང་ཀུན་བརྟགས་པ་ལས་སྐྱེས་ཏེ། སེམས་ཅན་ལ་རྣམ་པར་ཤེས་པའི་མཚན་མ་བསྟན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཞེས་བརྗོད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་འདས་པ་ལ་
མི་གནས། མ་འོངས་པ་ལ་མི་གནས། ད་ལྟར་ལ་མི་གནས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ནི་གང་ནས་ཀྱང་མ་འོངས་ལ། གང་དུའང་མ་སོང་། གནས་པའི་གནས་མེད་དེ། ཐོག་མ་ནས་མ་སྐྱེས་པའི་མཚན་ཉིད་དོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་ཐོག་མའི་དངོས་པོར་
ངེས་པའི་ཆོས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་མཚན་མ་གཉིས་སུ་མེད་དེ་མཚན་མ་མེད་པའོ། །མཚན་མ་དེ་ནི་མཚན་མ་གཉིས་ཀྱི་ཕྱིར་ཡོད་པ་མ་ཡིན་ཏེ། བསྟན་དུ་མེད་པ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །མཁས་པ་
དག་ནི་དེ་ལྟར་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་རྟོགས་ཤིང་ཁོང་དུ་ཆུད་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དེ་ཆོས་ཐམས་ཅད་ལ་མི་གནས། ཡུལ་ན་མི་གནས། ཕྱོགས་ན་མི་གནས་ཏེ། ཆོས་ཐམས་ཅད་དང་གཅིག་པའམ་ཐ་དད་པ་མ་ཡིན་པར་རྟོགས་སོ། །འཕགས་
པ་རྣམས་ཀྱིས་མ་སྐྱེས་པ་ཉིད་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ནི་འོངས་པ་མེད་སོང་བ་ཡང་མེད། དམིགས་པ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་མི་དམིགས།
དམིགས་སུ་མེད། བསྟན་དུ་མེད་པའི་ཕྱིར་རོ། །མཁས་པ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་བྱེད་པ་དམིགས་སུ་མེད་པའི་ཕྱིར་མ་བྱས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སུ་རྟོགས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་སྐྱེ་བའི་མཚན་མ་མེད་པའི་ཕྱིར་

མ་སྐྱེས་པར་ཆུད་ཅིང་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ལ་དེ་ལྟར་རྣམ་པར་འབྱེད་ཅིང་རྟོགས་སོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་རྟོག་པའི་ཚེ་འདོད་པའི་ཁམས་
དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ལ་མ་སྐྱེས་པ་ཉིད་དང་། ཅིའང་མེད་པ་ཉིད་དུ་རྣམ་པར་འབྱེད་ཅིང་རྟོགས་སོ། །ཇི་ལྟར་རྟོག་ཅེ་ན། འདི་ལྟ་སྟེ། འདོད་པའི་ཁམས་ལ་འདོད་པའི་ཁམས་མེད། གཟུགས་ཀྱི་ཁམས་ལ་གཟུགས་ཀྱི་ཁམས་
མེད། གཟུགས་མེད་པའི་ཁམས་ལ་གཟུགས་མེད་པའི་ཁམས་མེད་དེ། ཁམས་ཀྱིས་ཁམས་མེད་པའི་ཆོས་སྟོན་པས་འདོད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་འདོད་པའི་ཁམས་སྟོན་ཏོ། །གཟུགས་ཀྱི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་ཀྱི་ཁམས་སྟོན་ཏོ། །
གཟུགས་མེད་པའི་ཁམས་ལ་འཇུག་པར་དགའ་བ་ལ་ནི་གཟུགས་མེད་པའི་ཁམས་སྟོན་ཏོ། །ཁམས་ཀྱིས་ཁམས་མེད་པ་མཚོན་ཅིང་བརྗོད་དོ། །མཁས་པ་དག་ནི་ཅིའང་མེད་པའི་ཁམས་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་
ཤེས་སོ། །མཁས་པ་དག་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་སུ་མི་དམིགས་སོ། །ཁམས་གསུམ་ཡང་དངོས་པོ་མེད་པ་ངེས་པའི་ཆོས་མེད་དེ་རྒྱུ་དང་རྐྱེན་མང་པོ་ལས་སྐྱེས་པར་ཤེས་པས་དེ་བས་ན་མཁས་པ་དག་ནི་ཁམས་
མེད་པ་ལ་ཁམས་གསུམ་དུ་ཤེས་སོ། །དེ་ལ་ཁམས་མེད་དེ། ཁམས་གསུམ་ཆར་ཡང་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་གིས་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། མཁས་པ་དག་ནི་ཁམས་གསུམ་དུ་མི་དམིགས་པས། ཁམས་གསུམ་ལ་འདས་པ་དང་། མ་འོངས་པ་
དང་། ད་ལྟར་གྱིར་མི་དམིགས་མི་བརྗོད་དོ། །འཕགས་པ་རྣམས་ཀྱིས་ནི་ཁམས་གསུམ་ལ་ཡང་དག་པ་མ་ཡིན་པ་དང་། ཅི་ཡང་མེད་པར་རང་བཞིན་མེད་པ། ཆོས་རྣམས་དང་བྲལ་བ། ཕྱིན་ཅི་ལོག་ལས་བྱང་བར་རྟོགས་ཏེ། སྐྱེ་བོ་མང་པོའི་ཕྱིན་ཅི་ལོག་ཡོངས་སུ་

གཅད་པའི་ཕྱིར། ཁམས་གསུམ་ཤེས་ཤིང་མཐོང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་རྣམ་པར་ཕྱེ་སྟེ་གསུངས་སོ། །ཁམས་གསུམ་གྱི་དངོས་པོ་བསྟན་པ་ཡང་སེམས་ཅན་དག་ཁམས་མེད་པའི་དོན་ཤེས་པར་བྱ་བའི་ཕྱིར་ཁམས་གསུམ་གསུངས་ཏེ་ཁམས་ཀྱི་དངོས་པོར་མ་
ཡིན་ནོ། །མཁས་པ་དག་ནི་ཁམས་གསུམ་ནི་ཁམས་མེད་པར་ཤེས་ཤིང་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་རྟོག་པའི་ཚེ་སེམས་ཅན་གྱི་ཁམས་དང་བདག་གི་ཁམས་ནི་ནམ་མཁའི་ཁམས་ཏེ། ཆོས་ཀྱི་ཁམས་མེད་པ་
དང་། ཅིའང་མེད་པའི་ཁམས་དང་། མ་སྐྱེས་པའི་ཁམས་སུ་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་དང་། བདག་གི་ཁམས་དང་། ནམ་མཁའི་ཁམས་བྱེ་བྲག་མེད་དེ་ཐ་མི་དད་དོ། །ཁམས་ཀྱི་མཚན་ཉིད་དེ་དག་ཀྱང་ཡང་དག་པ་མ་ཡིན་པ་ལས་བྱུང་སྟེ།
རྐྱེན་མང་པོ་ལས་སྐྱེས་པས་ཁམས་ཞེས་བྱ་སྟེ་དེ་ལ་ངེས་པའི་ཁམས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་ལ་གཅིག་ཏུ་ངེས་པའི་ཁམས་མེད་དོ། །མཚན་ཉིད་དེ་དག་ཀྱང་ནམ་མཁའི་ཁམས་སུ་རྟོགས་པས་ཁམས་མེད་པའི་དོན་ཏོ། །འདི་ལྟ་སྟེ། ནམ་མཁའ་ལ་
ཁམས་མེད་པ་བཞིན་དུ་ཆོས་ཀྱང་མཐར་མཚན་མ་དང་བྲལ་ཏེ་མེད་པའི་མཚན་ཉིད་དོ། །ཁམས་ཐམས་ཅད་ཀྱང་ཁམས་དང་བྲལ་བའོ། །ཁམས་ལ་ཁམས་མེད་དེ། ཁམས་ཞེས་བྱ་བ་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་ཏེ། ཁམས་
ཀྱི་ནང་ན་ཁམས་མེད་དོ། །མེད་པ་ནི་མཚན་ཉིད་དུ་མ་བསྡུས་པ། ཁམས་ལ་མི་གནས་པའོ། །ཁམས་ཐམས་ཅད་ལ་གནས་མེད། ཁམས་ཐམས་ཅད་ནི་མ་སྐྱེས་པའོ། །མཁས་པ་དག་ནི་ཁམས་ཀྱི་རྣམས་ལ་ཁམས་སྐྱེ་བར་མི་དམིགས། ཁམས་ལ་འགོག་པར་མི་
དམིགས། ཁམས་ལ་གནས་པར་མི་དམིགས་སོ། །ཁམས་ཐམས་ཅད་ནི་མ་སྐྱེས་པ། མ་བྱུང་བ། མི་གནས་པ། ཐོག་མ་ནས་དམིགས་སུ་མེད་པའོ། །མཁས་པ་དག་ནི་མིང་ཙམ་དུ་བཏགས་པའི་ཁམས་ལ་མི་ཆགས། ཆགས་པར་མི་བྱེད། མི་འཛིན། མི་

རྟོག་གོ། །དེ་བས་ན་མཁས་པ་དག་ནི་ཁམས་ཐམས་ཅད་ལ་ཁམས་མ་སྐྱེས་པར་ཤེས་ཤིང་མཐོང་སྟེ། མ་སྐྱེས་པས་ན་འགོག་པ་མེད་དེ། དོན་དམ་པ་ལ་ཁམས་ཐམས་ཅད་དམིགས་སུ་མེད་དོ། །ཀུན་རྫོབ་ཏུ་ན་ཆོས་ཀྱི་ཁམས་རྣམས་རྣམ་པར་ཕྱེ་སྟེ་བརྗོད་དོ། །
དོན་དམ་པར་ནི་ཁམས་སུ་བརྗོད་པ་ཡང་མེད་དོ། །མཁས་པ་དག་ནི་ཁམས་ཐམས་ཅད་དོན་དམ་པའི་དོན་དུ་ཤེས་ཤིང་རྟོགས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་ཁམས་བཅྭ་བརྒྱད་དང་། ཁམས་གསུམ་དང་། སེམས་ཅན་གྱི་ཁམས་
དང་། བདག་གི་ཁམས་དང་། ནམ་མཁའི་ཁམས་རྟོགས་ཤིང་རྣམ་པར་ཕྱེ་བ་ཁོང་དུ་ཆུད་དོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་ཁོང་དུ་ཆུད་ཅིང་རྟོགས་པའི་ཚེ་ཁམས་སུ་མི་དམིགས། ཁམས་སུ་མི་མཐོང་། ཐམས་ཅད་ཀྱི་མིང་ཡང་རྟོགས་ཤིང་ཁམས་ཐམས་ཅད་ཁམས་མེད་
པར་འཇུག་པ་ལ་ཡིད་ཆེས་སོ། །ཁམས་སུ་རྣམ་པར་ཕྱེ་བ་ཡང་ཤེས་ཤིང་ཀུན་རྫོབ་ཏུ་ཁམས་ཐམས་ཅད་རྣམ་པར་ཕྱེ་ནས་ཁམས་ཐམས་ཅད་དོན་དམ་པར་ཞུགས་པར་ཡང་ཤེས། ཁམས་མེད་པའི་སྦྱོར་བ་ཡང་ཤེས་ཤིང་སེམས་ཅན་རྣམས་ལ་ཁམས་རྣམས་རྣམ་པར་སྟོན་ཏེ།
སེམས་ཅན་རྣམས་ཁམས་ཀྱི་སྦྱོར་བ་ལ་ཤིན་ཏུ་གནས་པར་ཡང་བྱེད་དོ། །ཀུན་རྫོབ་ཏུ་ཚིག་དང་སྨྲ་བས་སེམས་ཅན་རྣམས་ལ་ཁམས་མེད་པའི་ཆོས་སྟོན་ཀྱང་མཚན་མ་གཉིས་སུ་ཁམས་མི་སྟོན་ཏོ། །ཁམས་ཐམས་ཅད་གཉིས་སུ་མེད་ཀྱང་ཐབས་ཀྱིས་ཁམས་ཀྱི་རྣམས་རྟེན་ཅིང་
འབྲེལ་ཏེ་འབྱུང་བར་སྟོན་ཏོ། །ཀུན་རྫོབ་ཏུ་ཚིག་དང་སྨྲ་བས་སེམས་ཅན་རྣམས་སྨིན་པར་བྱེད་ཀྱང་སེམས་ཅན་རྣམས་ལ་དོན་དམ་པ་སྟོན་ཏོ། །ཁམས་ཀྱི་ཁྱད་པར་གྱི་རྣམ་པ་ལ་ཁམས་ཀྱང་ཁམས་ཐམས་ཅད་མེད་པར་ཡིད་ཆེས་ཤིང་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་
འཛིན་དེ་བཞིན་གཤེགས་པ་དོན་དམ་པས་ཁམས་སུ་མི་དམིགས། ཁམས་ཀྱི་ཆོས་སུ་མི་དམིགས་སོ། །འཇིག་རྟེན་འཛིན་ངས་ནི་ཁམས་ཐམས་ཅད་འགགས་པའང་མེད། བཅད་པ་ཡང་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་

སོ། །དེ་ཅིའི་ཕྱིར་ཞེ་ན། དོན་དམ་པ་ལ་ཁམས་རྣམས་མེད་དོ། །ཁམས་ཐམས་ཅད་ལ་ཁམས་གང་ཡང་མེད་དེ་ངེས་པ་མེད་དོ། །ཁམས་ཐམས་ཅད་ནམ་མཁའ་དང་མཉམ་སྟེ། ཁམས་ཐམས་ཅད་ནམ་མཁར་འཇུག་པས་ཁམས་ཐམས་ཅད་མ་སྐྱེས་པའི་མཚན་ཉིད་དོ། །
དེ་བཞིན་གཤེགས་པས་ཁམས་ཐམས་ཅད་ལ་དེ་ལྟ་བུའི་ཚུལ་གྱིས་ཐུགས་སུ་ཆུད་དོ། །དེ་བཞིན་གཤེགས་པས་ཁམས་སུ་མ་གསུངས་ཆོས་རྣམས་ཀྱི་སྟོབས་ཀྱང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཅི་ཡང་མེད་པས་ཅིའང་མེད་པའི་ཁམས་མི་གསུང་ངོ་། །འཇིག་
རྟེན་འཛིན་དེ་བཞིན་གཤེགས་པས་ནི་ཅིའང་མེད་པའི་ཁམས་གསུངས་མོད་ཀྱི་དེ་ལ་ཡང་དག་པར་ན་ཁམས་སུ་གསུངས་པ་མེད་དེ། འཇིག་རྟེན་འཛིན་དེ་ལྟར་ན་ཁམས་རྣམས་ཀྱི་རྣམ་པར་འབྱེད་པ་ལ་མཁས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་
རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་དང་། ཁམས་ཐམས་ཅད་བཏགས་པ་ཙམ་དུ་ཤེས་པ་དང་། ཀུན་རྫོབ་ཀྱི་ཁམས་ཙམ་དུ་ཤེས་པ་དང་། དོན་དམ་པའི་ཁམས་ཤེས་པ་དང་། ཁམས་ཀྱི་ངེས་པ་ཤེས་པ་དང་། ཀུན་རྫོབ་ཀྱི་བདེན་པ་ཤེས་པ་དང་། ཁམས་རྣམ་པར་འབྱེད་པ་
ལ་མཁས་པ་དང་། ཅི་དང་ཅི་ལྟ་བུ་དང་ལྡན་པར་ཤེས་པ་དང་། ཁམས་ཀྱི་འདུས་པ་ཤེས་པ་དང་། ཁམས་ཀྱི་འཇུག་པ་ཤེས་པ་དང་། བདེན་པའི་ཁམས་ཀྱི་འཇུག་པ་ཤེས་པ་དང་། ཁམས་ཀྱི་ཁྱད་པར་ལ་མཁས་པ་དང་། ཁམས་ཐམས་ཅད་ཁམས་མེད་པར་ཤེས་པ་
དང་། ཁམས་ཐམས་ཅད་ནམ་མཁའི་ཁམས་དང་འཐུན་པར་ཤེས་ཏེ་ཁམས་རྣམས་ལ་བྱེ་བྲག་ཏུ་མི་འབྱེད་པ་དང་། ཁམས་རྣམས་ལ་བྱེ་བྲག་ཏུ་མི་དམིགས། བྱེ་བྲག་ཏུ་མི་བརྗོད་དོ། །སེམས་ཅན་རྣམས་ལ་ཁམས་འཇིག་པ་སྟོན་པ་ལ་མཁས་པར་འགྱུར་རོ། །འཇིག་རྟེན་འཛིན་
འདི་ལྟ་སྟེ། སྒྱུ་མ་མཁན་མཁས་པ་ཞིག་སེམས་ཅན་ལ་སྒྱུ་མ་རྣམ་པ་སྣ་ཚོགས་བསྟན་ཏེ། སྒྱུ་མའི་དངོས་པོ་རྣམ་པ་སྣ་ཚོགས་ཤེས་པར་བྱེད་དོ། །དེ་ལ་མཛའ་ཞིང་བཤེས་པ་དག་གིས་འདི་སྐད་དུ་འདི་ནི་སྒྱུ་མའོ། །སྒྱུ་མར་བྱས་པའི་དངོས་པོ་སྟེ། སྒྱུ་མ་དེ་ལ་ཡང་དག་པ་

མེད་དོ། །ཕྱིན་ཅི་ལོག་ཏུ་སེམས་ཅན་ལ་སྟོན་ཏོ་ཞེས་སྨྲས་ན་མཁས་པ་དག་ནི་སྒྱུ་མར་ཤེས་པར་འགྱུར་རོ། །འཇིག་རྟེན་འཛིན་འཇིག་རྟེན་གྱི་རང་བཞིན་ནི་སྒྱུ་མ་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒྱུ་མ་ལྟ་བུའི་ཆོས་ལ་ཞུགས་ན་འཇིག་
རྟེན་སྒྱུ་མའི་རང་བཞིན་དུ་ཤེས་སོ། །འཇིག་རྟེན་སྤྱོད་པ་ནི་སྒྱུ་མ་ལྟ་བུ་སྟེ། སྦྱོར་བའི་སྟོབས་ཀྱིས་སེམས་ཅན་དག་ལ་འཇིག་རྟེན་སྒྱུ་མ་ལྟ་བུར་སྟོན་ཏོ། །གང་ཞིག་འཇིག་རྟེན་ལ་ཡང་དག་པའི་བདེན་པར་འཛིན་ན་འཇིག་རྟེན་ཡང་དག་པ་མ་ཡིན་པ་སྒྱུ་མ་ལྟ་བུར་སྟོན་ཏོ། །དེ་ལ་མཁས་
པ་བློ་ཟབ་མོ་དབང་པོ་རྣོ་བ་དག་ནི་ཟུར་ཙམ་བསྟན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། སྒྱུ་མ་ལྟ་བུ་དང་། མི་བདེན་པ་དངོས་པོ་མེད་པར་ཤེས་ཏེ། ཆོས་ཐམས་ཅད་ཀྱིས་བུས་པ་སོ་སོའི་སྐྱེ་བོ་དག་བསླུས་པ་དང་། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་རྐྱེན་ལ་རག་ལུས་
པར་ཤེས་སོ། །འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཁམས་ཀྱི་སྤྱོད་པ་ལ་འཇུག་པར་འདོད་པ་དག་ཤིན་ཏུ་ཟབ་མོའི་མདོ་སྡེ་བརྗོད་དུ་མེད། དམིགས་སུ་མེད་པ། ཁམས་ཐམས་ཅད་ཤེས་ཤིང་མཐོང་བར་བྱེད་པ་སྟོན་པ། ཁམས་ཐམས་
ཅད་ཡི་གེ་མེད་པ། འདུས་པ་མེད་པ། བརྗོད་དུ་མེད་པ། ཁམས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་སྟོན་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་འཇུག་པར་བྱེད་པ་སྟོན་པ། གཞན་ཡང་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཉིད་བརྗོད་པ། འདི་ལྟ་སྟེ། འཇིག་རྟེན་དང་འཇིག་
རྟེན་ལས་འདས་པ་དང་། འདུས་བྱས་དང་འདུས་མ་བྱས་པ་དང་། དབང་དང་དབང་མ་ཡིན་པ་དང་། སྤྱོད་པ་ལ་འཇུག་པ་དང་། དོན་དམ་པ་དང་ཀུན་རྫོབ་ཀྱི་དོན་དང་། ངེས་པའི་དོན་གྱི་མདོ་སྡེ་དང་། བཀྲི་བའི་དོན་གྱི་མདོ་སྡེ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་རྣམ་
པར་གྲོལ་བའི་མདོ་སྡེ་ཟབ་མོ་འདི་ལས་བརྗོད་པ་ཐམས་ཅད་ལ་བརྩོན་པར་བྱའོ། །ཁམས་བཅྭ་བརྒྱད་ཅེས་བྱ་བའི་ལེའུ་སྟེ་གསུམ་མོ།། །།འཇིག་རྟེན་འཛིན་ཅེས་བྱ་བའི་མདོ་བམ་པོ་གསུམ་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འཛིན་ལ་འདི་

སྐད་ཅེས་བཀའ་སྩལ་ཏོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་བཅུ་གཉིས་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྐྱེ་མཆེད་བཅུ་གཉིས་རྣམ་པར་འབྱེད་ཅིང་ཡང་དག་པར་རྟོག་པ་ན་འདི་སྙམ་དུ་མིག་ལ་མིག་གི་སྐྱེ་མཆེད་
དམིགས་སུ་མེད། མིག་ལ་མིག་གི་སྐྱེ་མཆེད་དུ་ངེས་པ་མེད་དོ། །མིག་གི་སྐྱེ་མཆེད་ཀྱང་དངོས་པོར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་ནི་རྐྱེན་མང་པོ་ལས་སྐྱེས་པ་ཕྱིན་ཅི་ལོག་ལས་བྱུང་བའོ། །གཟུགས་ལ་དམིགས་པའི་ཕྱིར་གཟུགས་ལ་རག་ལུས་པ་
སྟེ། གཉིས་ཕྲད་པ་ལས་གཟུགས་ཀྱི་རྐྱེན་གྱིས་མིག་གི་སྐྱེ་མཆེད་ཀྱི་རྐྱེན་ཡོད་པར་གྱུར་ཏེ། གཟུགས་དང་མིག་གི་སྐྱེ་མཆེད་གཉིས་གཅིག་ལ་གཅིག་ལྟོས་པའི་ཕྱིར་མིག་གི་གཟུགས་ཞེས་བཤད་དོ། །འདི་ལྟ་སྟེ། མིག་དང་གཟུགས་ཞེས་བྱ་བ་གཟུགས་ནི་མིག་གི་སྐྱེ་མཆེད་
འབྱུང་བར་བྱེད་པའི་སྒོ་ཡིན་ལ་མིག་ཀྱང་གཟུགས་ཀྱི་སྐྱེ་མཆེད་འབྱུང་ཞིང་སྣང་བར་བྱེད་པས་དེ་བས་ན་སྐྱེ་མཆེད་ཀྱང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་ཀྱི་སྒོ་ཞེས་བཏགས་པས་མིག་གི་སྐྱེ་མཆེད་ཅེས་བྱ་བ་སྟེ། མིག་གིས་མཐོང་བའི་ཕྱིར་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱའོ། །ཀུན་རྫོབ་ཏུ་ཡོད་
པར་གསུངས་ཀྱི་མིག་ཀྱང་གཟུགས་ལ་མི་གནས། གཟུགས་ཀྱང་མིག་ལ་མི་གནས། མིག་མིག་ལ་མི་གནས། གཟུགས་ཀྱང་གཟུགས་ལ་མི་གནས་ཏེ། རྐྱེན་མང་པོ་ལས་གཟུགས་སུ་དམིགས་པ་བྱུང་བས་མིག་གི་སྐྱེ་མཆེད་ཅེས་བཏགས་སོ། །གཞན་ཡང་རྟེན་ཅིང་འབྲེལ་
ཏེ་བྱུང་བ་ལས་མིག་གི་ཤེས་པ་དང་། མཐོང་བའི་མཚན་ཉིད་སྐྱེ་བས་གཟུགས་ཀྱི་སྐྱེ་མཆེད་ཅེས་བཏགས་སོ། །ཇི་ལྟར་ན་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཏུ་བཤད་པའི་ཟླས་དོན་དམ་པར་མིག་གི་སྐྱེ་མཆེད་དམིགས་སུ་མེད་ཅིང་གཟུགས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པ་བསྟན་པ་ཞེ་ན།
མཁས་པ་དག་ནི་སྐྱེ་མཆེད་རྣམས་བཙལ་ན་ཡང་དག་པར་ཡོད་པར་མི་མཐོང་སྟེ། བུས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་མཚན་མ་གཉིས་སུ་འཆད་དོ། །མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དེ་ཉིད་ཡང་

དག་པ་མ་ཡིན་པའི་སྐྱེ་མཆེད་བསྟན་པའོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་རྣམས་ཀྱི་དེ་ཁོ་ནའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་སྐྱེ་མཆེད་རྣམས་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཕྱིན་ཅི་ལོག་ཏུ་མངོན་པར་འབྱེད་པ་དང་ལྡན་པ་ལས་བྱུང་སྟེ། སྐྱེ་མཆེད་ཀྱི་མཚན་ཉིད་
དུ་ཡང་དག་པར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་སོ། །མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་འདས་པ་མ་ཡིན། མ་འོངས་པ་མ་
ཡིན། ད་ལྟར་གྱི་མ་ཡིན་ཏེ། འོན་ཀྱང་ད་ལྟར་གྱི་རྒྱུ་དང་རྐྱེན་འདུས་པ་ལས་གཟུགས་སུ་ཤེས་པས་མིག་གི་སྐྱེ་མཆེད་དུ་བརྗོད་དེ། བུས་པ་སོ་སོའི་སྐྱེ་བོ་དག་སྤྱོད་པ་བཞིན་ནོ། །མཁས་པ་དག་ནི་སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ་ཅིའང་མེད་པ། རྣམ་པར་བརྟགས་
པའི་ཕྱིན་ཅི་ལོག་ལས་བྱུང་བར་ཁོང་དུ་ཆུད་པས་སྐྱེ་མཆེད་མ་ཡིན་པ་ནི་སྐྱེ་མཆེད་དུ་མཐོང་ཞིང་ཤེས་སོ། །སྐྱེ་མཆེད་ཀྱི་མཚན་ཉིད་མི་བརྗོད་ཅིང་སྐྱེ་མཆེད་ལ་མཚན་ཉིད་ངེས་པ་མེད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བར་དེ་བཞིན་གཤེགས་པས་གསུངས་སོ། །དེ་དག་ནི་སྐྱེ་མཆེད་
དུ་མཐོང་བ་དང་ཤེས་པ་ཞེས་བྱའོ། །འདི་ལྟ་སྟེ། སྐྱེ་མཆེད་རྣམས་ནི་ཡང་དག་པ་མ་ཡིན་པ། ཅིའང་མེད་པ། རྒྱུ་དང་རྐྱེན་ལ་རག་ལུས་པ། ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བའོ། །སྐྱེ་མཆེད་ནི་བྱས་པ་མེད་པ། བྱེད་པ་མེད་དེ། མིག་གི་སྐྱེ་མཆེད་
གཟུགས་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག །གཟུགས་ཀྱི་སྐྱེ་མཆེད་ཀྱང་མིག་གི་སྐྱེ་མཆེད་དུ་མི་ཤེས་རྣམ་པར་མི་རྟོག་སྟེ། གཉི་གའི་མཚན་མ་དང་བྲལ་བའོ་ཞེས་ཆོས་ཉིད་ཀྱིས་འབྲེལ་པའི་མཚན་ཉིད་ཀྱིས་ན་དེ་ལ་རྣམ་པར་བརྟག་ཅིང་བརྗོད་དུ་མེད་དོ། །སྐྱེ་མཆེད་ཀྱི་མཚན་ཉིད་
ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བས་བུས་པས་ཕྱིན་ཅི་ལོག་ཏུ་ཤེས་པ་དང་། འཕགས་པས་ཁོང་དུ་ཆུད་ཅིང་རྟོགས་པ་ཇི་བཞིན་ཏེ། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་ནི་མ་སྐྱེས་པ། མི་འགག་པ། མ་འོངས་པ། མི་འགྲོ་བའི་མཚན་ཉིད་ཡིན་པས་མིག་གིས་

མིག་མི་ཤེས། མིག་གིས་མིག་ཏུ་རྣམ་པར་མི་རྟོག །གཟུགས་ཀྱིས་གཟུགས་མི་ཤེས། གཟུགས་ཀྱིས་གཟུགས་སུ་རྣམ་པར་མི་རྟོག་གོ། །དེ་ཅིའི་ཕྱིར་ཞེ་ན། གཉི་ག་སྟོང་པའི་ཕྱིར་རོ། །གཉི་ག་བྲལ་བའི་ཕྱིར་མིག་གིས་མིག་གི་མཚན་ཉིད་མི་ཤེས། གཟུགས་ཀྱིས་
གཟུགས་ཀྱི་མཚན་ཉིད་མི་ཤེས། མིག་དང་གཟུགས་གཉི་ག་ལ་མཚན་ཉིད་མེད་ཆོས་མེད་དེ། དེ་ལ་ངེས་པའི་མཚན་ཉིད་མེད་པས་མིག་གིས་མིག་མ་བྱས། མིག་གིས་མིག་ཏུ་མི་ཤེས་སོ། །གཟུགས་ཀྱིས་གཟུགས་མ་བྱས། གཟུགས་ཀྱིས་གཟུགས་མི་ཤེས་སོ། །གཉི་
ག་མེད་པའི་ཕྱིར་མིག་ཀྱང་བདག་གོ་སྙམ་དུ་མི་སེམས། གཟུགས་ཀྱང་བདག་ནི་གཟུགས་སོ་སྙམ་དུ་མི་སེམས། མིག་དང་གཟུགས་ཀྱི་བདག་ཉིད་ནི་སྒྱུ་མའི་ངོ་བོ་ཉིད་དེ། ཡང་དག་པ་མ་ཡིན་པའི་བླ་དགས་སུ་མིག་དང་གཟུགས་ཞེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་
མིག་གི་སྐྱེ་མཆེད་དང་གཟུགས་ཀྱི་སྐྱེ་མཆེད་ལ་ཇི་ལྟར་རྣམ་པར་འབྱེད་ཅིང་རྟོག་པ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་ཡང་དེ་བཞིན་ནོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིད་
ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡིད་ཀྱི་སྐྱེ་མཆེད་ལ་རྣམ་པར་འབྱེད་ཅིང་རྟོག་པའི་ཚེ་དེ་འདི་སྙམ་དུ་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད། ཡིད་ལ་སྐྱེ་མཆེད་དུ་ངེས་པའི་མཚན་ཉིད་མེད་དེ། ཡིད་ཀྱི་སྐྱེ་མཆེད་ལ་
དངོས་པོ་མེད་པར་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ཀྱི་སྐྱེ་མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས་ཕྱིན་ཅི་ལོག་ལས་སྐྱེས་ཏེ། ཆོས་ཀྱི་སྐྱེ་མཆེད་ལ་རག་ལུས་པས་གཉིས་ཕྲད་པ་ལས་བྱ་བ་མེད་པར་འགྱུར་རོ། །ཡིད་ཀྱི་སྐྱེ་མཆེད་ཀྱང་ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་འབྱུང་ལ།
ཆོས་ཀྱི་སྐྱེ་མཆེད་ཀྱི་རྐྱེན་གྱིས་རྣམ་པར་འབྱེད་པར་གྱུར་ཏེ། མཚན་ཉིད་གཉིས་སུ་ཕྱེའོ། །ཡིད་ལ་བརྟེན་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་གནས་ཡོད་པར་འགྱུར་ཏེ། ཡིད་ནི་ཆོས་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོ་ཡིན་ལ་ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྒོ་ཡིན་ནོ། །དེ་བས་ན་ཆོས་

ཀྱི་སྐྱེ་མཆེད་ཅེས་གདགས་སོ། །ཆོས་ཀྱི་སྐྱེ་མཆེད་ཀྱི་སྒོའི་རྐྱེན་གྱིས་ཡིད་ཀྱི་སྐྱེ་མཆེད་དུ་བརྗོད་དེ། ཡིད་ཀྱི་མཚན་ཉིད་ཀྱི་སྒོ་བསྟན་ཅིང་ཤེས་པར་བྱ་བའི་ཕྱིར་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་པར་གྱུར་ཏོ། །ཀུན་རྫོབ་ཀྱི་བདེན་པ་ཡང་དག་པར་བཤད་ཀྱི་ཡིད་ཀྱང་
ཆོས་ལ་མི་བརྟེན་ཆོས་ཀྱང་ཡིད་ལ་མི་བརྟེན་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བས་ཆོས་རྣམས་རྐྱེན་དུ་གྱུར་ཏེ་ཡིད་ཀྱི་སྐྱེ་མཆེད་ཅེས་བཤད་དོ། །རྟེན་ཅིང་འབྲེལ་ཏེ་འབྱུང་བ་དང་ཡིད་ཀྱི་མཚན་ཉིད་བསྟན་པའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་བརྗོད་དེ་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་བཤད་པའི་
ཟླས་དོན་དམ་པར་ཡིད་ཀྱི་སྐྱེ་མཆེད་དམིགས་སུ་མེད། ཆོས་ཀྱི་སྐྱེ་མཆེད་དམིགས་སུ་མེད་པར་གསུངས་སོ། །མཁས་པ་དག་ནི་སྐྱེ་མཆེད་ལ་རྣམ་པར་བརྟགས་ན་ཡང་དག་པར་ཡོད་པར་མི་མཐོང་ངོ་། །བུས་པ་སོ་སོའི་སྐྱེ་བོ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་
དང་ཆོས་ཀྱི་སྐྱེ་མཆེད་ཅེས་མཚན་མ་རྣམ་པ་གཉིས་སུ་བརྗོད་དོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ་དེ་ཁོ་ན་ཉིད་ཇི་བཞིན་དུ་དེ་བཞིན་གཤེགས་པས་ཐུགས་སུ་ཆུད་པས་སྐྱེ་མཆེད་ཅེས་གསུངས་སོ། །སྐྱེ་མཆེད་རྣམས་ནི་རྟེན་ཅིང་
འབྲེལ་ཏེ་བྱུང་བ་ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བས་དེ་ལ་ནི་ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དུ་ཡང་དག་པར་དམིགས་སུ་མེད་དོ། །ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ནི་ནང་ན་མི་གནས། ཕྱི་རོལ་ན་མི་གནས། གཉི་གའི་བར་ན་མི་གནས་སོ། །གཞན་
ཡང་ཡིད་ཀྱི་སྐྱེ་མཆེད་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་གྱི་འཕྲལ་གྱི་རྐྱེན་ཤེས་པ་ལས་བུས་པ་སོ་སོའི་སྐྱེ་བོས་བསམས་པའི་རྗེས་སུ་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ཅེས་བརྗོད་དོ། །མཁས་པ་དག་ནི་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ལ་
ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པ་ལས་བྱུང་བ་སྐྱེ་མཆེད་མ་ཡིན་པ་ལ་སྐྱེ་མཆེད་དུ་ཁོང་དུ་ཆུད་པར་རྟོགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་རྣམས་ལ་ངེས་པར་སྐྱེ་མཆེད་ཀྱི་མཚན་ཉིད་མེད་པའི་ཕྱིར་རོ། །མཁས་པ་དག་ནི་དེ་ལྟར་སྐྱེ་

མཆེད་རྣམས་ལ་ཡང་དག་པ་མ་ཡིན་པ་ཅི་ཡང་མེད་པར་རྟོགས་ཏེ། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་རང་བཞིན་གྱིས་དམིགས་སུ་མེད། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་ལས་བྱུང་བ་དེ་ཁོ་ནའི་མཚན་ཉིད་དུ་ཡང་མི་དམིགས་སོ། །དེ་ལྟར་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་
མཆེད་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བས་དེ་བཞིན་གཤེགས་པས་ཀྱང་སྐྱེ་མཆེད་རྣམས་ཀྱི་ཤེས་པ་དང་མཐོང་བའི་མཚན་ཉིད་གསུངས་པ་ནི་འདི་ལྟ་སྟེ། སྐྱེ་མཆེད་རྣམས་ཡང་དག་པ་མ་ཡིན་པ། ཅི་ཡང་མེད་པ། ཕྱིན་ཅི་ལོག་དང་ལྡན་པའི་འདུ་བྱེད་ལས་བྱུང་བ། རྒྱུ་དང་རྐྱེན་ལ་རག་ལུས་
པ། ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་བྱས་པ། བྱེད་པ། བྱེད་པ་མེད་པ། ཡིད་ཀྱི་སྐྱེ་མཆེད་ཀྱིས་ཆོས་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག །ཆོས་ཀྱི་སྐྱེ་མཆེད་ཀྱང་ཡིད་ཀྱི་སྐྱེ་མཆེད་དུ་རྣམ་པར་མི་རྟོག་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། གཉི་གའི་དང་བྲལ་བའི་ཕྱིར་རོ། །
དེ་ལྟར་མཚན་ཉིད་གཉིས་དང་བྲལ་བས་ན་དེ་ལ་རྣམ་པར་དབྱེར་མེད་དོ། །སྐྱེ་མཆེད་དེ་དག་ནི་རྟེན་ཅིང་འབྲེལ་ཏེ་བྱུང་བ་ཡིན་ཡང་བུས་པ་སོ་སོའི་སྐྱེ་བོ་དག་ཕྱིན་ཅི་ལོག་ཏུ་སེམས་པའི་རྗེས་སུ་བརྗོད་པ་ཡིན་ནོ། །འཕགས་པ་རྣམས་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་པ་ལྟར་ན་ཡིད་ཀྱི་སྐྱེ་
མཆེད་ཀྱང་མི་སྐྱེ་བ། མ་སྐྱེས་པ། མི་འགག་པ། མི་འོང་བ། མ་སོང་བ་སྟེ། ཡིད་ཀྱིས་ཡིད་མི་ཤེས། ཡིད་དུ་རྣམ་པར་མི་རྟོག །ཆོས་ཀྱིས་ཆོས་སུ་མི་ཤེས། ཆོས་སུ་རྣམ་པར་མི་རྟོག་སྟེ། གཉི་ག་སྟོང་པའི་ཕྱིར་རོ། །གཉི་ག་དང་བྲལ་བའི་ཕྱིར་ཡིད་ཀྱིས་ཡིད་ཀྱི་མཚན་ཉིད་
མི་ཤེས། ཆོས་ཀྱིས་ཆོས་ཀྱི་མཚན་ཉིད་མི་ཤེས་ཏེ། མཚན་ཉིད་དེ་གཉི་ག་ཅི་ཡང་མེད་པས་དེ་ལ་ནི་ངེས་པའི་ཆོས་གཅིག་ཀྱང་མེད་དོ། །ཡིད་ཀྱིས་མི་འགྲུབ་ལ་ཡིད་འཇིག་པར་ཡང་མི་ནུས། ཆོས་ཀྱིས་ཀྱང་ཆོས་མི་འགྲུབ་ལ་ཆོས་འཇིག་པར་མི་ནུས་སོ། །གཉི་ག་མེད་པས་
ཡིད་ཀྱི་སྐྱེ་མཆེད་ནི་བདག་ཡིད་ཀྱི་སྐྱེ་མཆེད་དོ་སྙམ་དུ་མི་སེམས་སོ། །ཆོས་ཀྱི་སྐྱེ་མཆེད་ཀྱང་བདག་ནི་ཆོས་ཀྱི་སྐྱེ་མཆེད་དོ་སྙམ་དུ་མི་སེམས་སོ། །དེ་གཉི་ག་སྟོང་པས་སྒྱུ་མ་ལྟ་བུ་སྟེ། མིང་དང་ཚིག་ཏུ་རྣམ་པར་ཕྱེ་ནས་བཏགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་

ཆེན་པོ་རྣམས་ཡིད་ཀྱི་སྐྱེ་མཆེད་དང་ཆོས་ཀྱི་སྐྱེ་མཆེད་དེ་ལྟ་བུ་རྣམ་པར་འབྱེད་ཅིང་རྟོག་གོ། །འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནང་གི་སྐྱེ་མཆེད་དྲུག་དང་། ཕྱིའི་སྐྱེ་མཆེད་དྲུག་ལ་རྣམ་པར་འབྱེད་ཅིང་རྟོག་པ་ཞེ་ན། འདི་
ལྟ་སྟེ། སྐྱེ་མཆེད་བཅུ་གཉིས་ནི་ཐམས་ཅད་ཀྱང་ཡང་དག་པ་མ་ཡིན་པ་རྐྱེན་མང་པོ་དང་། ཕྱིན་ཅི་ལོག་ཏུ་ལྡན་པ་ལས་སྐྱེས་པ་སྟེ། མཚན་མ་གཉིས་སུ་གྱུར་པའི་ཕྱིར་ཕྱི་དང་ནང་གཉིས་སོ། །བུས་པ་སོ་སོའི་སྐྱེ་བོ་དག་ཡང་དག་པའི་ཆོས་མ་ཐོས་པ་སྐྱེ་མཆེད་བཅུ་གཉིས་ཀྱི་ཡང་
དག་པ་ཉིད་མི་ཤེས་པའི་ཕྱིར་མིག་གི་སྐྱེ་མཆེད་ལ་ཆགས་ནས་བདག་མིག་གི་སྐྱེ་མཆེད་བདག་གི་མིག་གི་སྐྱེ་མཆེད་ཅེས་ཆགས། གཟུགས་ཀྱི་སྐྱེ་མཆེད་ལ་ཆགས་ནས་བདག་གཟུགས་ཀྱི་སྐྱེ་མཆེད། བདག་གི་གཟུགས་ཀྱི་སྐྱེ་མཆེད་ཅེས་ཆགས་པ་ནས་རྣ་བ་དང་། སྒྲ་དང་། སྣ་དང་།
དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་ཀྱི་བར་དུ་བདག་ཡིད། བདག་གི་ཡིད། བདག་ཆོས། བདག་གི་ཆོས་སོ་ཞེས་ཆགས་སོ། །དེ་ལྟར་ཆགས་པས་ན་སྐྱེ་མཆེད་བཅུ་གཉིས་ཀྱིས་ཀུན་ནས་ཀླགས་ཤིང་བཅིངས་ཏེ་ལམ་རྒྱུད་ལྔར་ཡང་
དང་ཡང་འཁོར་བར་གྱུར་ནས་འབྱུང་བའི་ལམ་མི་ཤེས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྐྱེ་མཆེད་བཅུ་གཉིས་ལ་ཡང་དག་པར་བརྟགས་ན་སྐྱེ་མཆེད་བཅུ་གཉིས་རྣམས་ཡང་དག་པ་མ་ཡིན་པ། སྒྱུ་མ། སྙིང་པོ་མེད་པ། གསོག །གསོབ་ལྟ་བུ།
སྟོང་པ། སྒྱུ་མ་ལྟ་བུར་མཐོང་། མིག་གི་སྐྱེ་མཆེད་ལ་བདག་གམ་བདག་གི་བར་མི་ཆགས་པ་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་བདག་གམ་བདག་གི་བར་མི་ཆགས་སོ། །དེ་ལྟར་མི་ཆགས་པས་ན་རྣམ་པར་མི་རྟོག་སྟེ། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་སྐྱེ་མཆེད་བཅུ་གཉིས་
ལ་ཤིན་ཏུ་མཁས་སོ། །འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་ལྟར་སྐྱེ་མཆེད་རྣམས་ཀྱི་ཐབས་ལ་མཁས་པས་སྐྱེ་མཆེད་བཅུ་གཉིས་ཐམས་ཅད་ལ་མ་ཆགས་མི་ཐོགས། སྐྱེ་མཆེད་རྣམས་ཤེས་པར་བྱ་བ་དང་། མཐོང་བར་བྱ་བ་ལ་ཡང་རྟོག་ལ་སྐྱེ་

མཆེད་རྣམས་རྣམ་པར་འབྱེད་པ་ལ་ཡང་མཁས་པས་རྐྱེན་མང་པོ་ལས་སྐྱེས་པའི་ཆོས་ཀྱི་སྐྱེ་མཆེད་བཅུ་གཉིས་ཁོང་དུ་ཆུད་ཅིང་རྟོགས་པ་དང་། མཚན་མ་མེད་པས་སྐྱེ་མཆེད་བཅུ་གཉིས་ཀྱི་མཚན་མ་འཇིག་པ་དང་། སྐྱེ་མཆེད་རྣམས་རྟེན་པའི་ལམ་གྱི་རྗེས་སུ་མི་གནས་པ་དང་། སྐྱེ་མཆེད་
རྣམས་ཀྱི་མཚན་ཉིད་མེད་པར་ཤེས་པ་དང་། མཚན་ཉིད་རྣམས་ཀྱི་སྦྱོར་བའི་ཐབས་ཀྱི་མཐའ་དག་ཀྱང་ཤེས་ཤིང་རྟོགས་སོ། །འཇིག་རྟེན་འཛིན་འདི་ལྟ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མ་བྱས་པའི་འཁྲུལ་འཁོར་ལས་ཕྱོགས་བཞི་ནས་ཆུ་འབབ་པ་ལྟར་སྐྱེ་མཆེད་བཅུ་གཉིས་ཀྱང་དེ་བཞིན་
དུ་ཕྱི་ནང་གི་རྟེན་ཅིང་འབྲེལ་བ་ལས་བྱ་བ་ཀུན་བྱེད་པར་གྱུར་ཏེ། དེ་ལ་ནི་ཡང་དག་པར་དངོས་པོར་དམིགས་སུ་མེད་དོ། །སྐྱེ་མཆེད་བཅུ་གཉིས་པོ་འདི་སྔོན་གྱི་ལས་ཀྱི་འཁྲུལ་འཁོར་གྱིས་རྣམ་པར་བཅིངས་པས་བྱ་བ་ཀུན་བྱས་པར་གྱུར་ཏོ། །འཇིག་རྟེན་འཛིན་འདི་ལྟ་སྟེ། སྐྱེ་མཆེད་
ཅེས་བྱ་བ་ནི་བུས་པ་སོ་སོའི་སྐྱེ་བོ་ཤེས་པའི་བློ་མེད་པ་དག་གི་ཉོན་མོངས་པ་སྐྱེ་ཞིང་མཆེད་པར་བྱེད་པའི་སྒོའི་མིག་ནི་གཟུགས་ཀྱི་སྒོ་སྟེ། བྱམས་པ་དང་སྡང་བ་སྐྱེད་པའི་ཕྱིར་རོ། །གཟུགས་ཀྱང་མིག་གི་སྒོ་སྟེ། བྱམས་པ་དང་སྡང་བ་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་།
ལྕེ་དང་། ལུས་དང་། ཡིད་ཀྱི་བར་དུ་སྟེ། ཡིད་ཆོས་ཀྱི་སྒོར་གྱུར་པས་བྱམས་སྡང་སྐྱེད་དོ། །ཆོས་ཀྱང་ཡིད་ཀྱི་སྒོར་གྱུར་པས་བྱམས་སྡང་སྐྱེད་ལ། དེ་ལྟར་སྐྱེ་མཆེད་བཅུ་གཉིས་ནི་བྱམས་སྡང་དང་འཚོགས་ཤིང་འདུས་པ་སྟེ་ཡང་དག་པའི་མཚན་ཉིད་མི་ཤེས་སོ། །འཇིག་རྟེན་འཛིན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྐྱེ་མཆེད་རྣམས་ཀྱི་རང་བཞིན་གྱི་ངོ་བོ་དང་། སྐྱེ་མཆེད་ཀྱི་མཚན་ཉིད་ལ་ཤིན་ཏུ་ལེགས་པར་རྟོགས་པས་བྱམས་པ་དང་སྡང་བས་རྣམ་པར་འཆིང་བར་མི་འགྱུར། འཇིག་རྟེན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་མཆེད་རྣམས་ཤིན་ཏུ་
རྟོགས་སོ། །སྐྱེ་མཆེད་བཅུ་གཉིས་ཤེས་པར་བྱ་བའི་ལེའུ་སྟེ་བཞིའོ།། །།འཇིག་རྟེན་འཛིན་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྣམ་པར་འབྱེད་ཅིང་རྟོག་པ་ལ་མཁས་པ་ཞེ་ན། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོ་རྣམས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ལ་རྣམ་པར་འབྱེད་ཅིང་རྟོག་པ་ནི་འདི་ལྟ་སྟེ། ཅི་ཡང་མེད་པའི་ཕྱིར་མ་རིག་པ་ཞེས་བཏགས་ཏེ། མ་རིག་པ་ལ་ཆོས་མེད་པའི་ཕྱིར་མ་རིག་པ་ཞེས་བཏགས། མ་རིག་པས་རིག་པ་མི་ཤེས་པའི་ཕྱིར་
མ་རིག་པ་ཞེས་བརྗོད་དོ། །ཇི་ལྟར་ན་རིག་པ་མི་ཤེས་པས་མ་རིག་པ་ཞེ་ན། མ་རིག་པ་ལ་ངེས་པའི་ཆོས་སུ་དམིགས་སུ་མེད་པས་མ་རིག་པ་ཞེས་བྱའོ། །ཅིའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཤེ་ན། ཆོས་ཐམས་ཅད་ནི་ཅི་ཡང་མེད་པ་སྟེ། བུས་པ་སོ་སོའི་སྐྱེ་བོ་དག་རྣམ་པར་འདུ་
བྱེད་པས་ན་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱའོ། །འདུ་བྱེད་ལས་རྣམ་པར་ཤེས་པ་སྐྱེ་བས་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ། །མིང་དང་གཟུགས་ནི་མཚན་ཉིད་གཉིས་ཏེ། དེ་བས་ན་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་སོ། །མིང་དང་གཟུགས་ལས་དྲུག་གི་
སྐྱེ་མཆེད་སྐྱེས་པས་དེ་བས་ན་མིང་དང་གཟུགས་ཀྱི་རྐྱེན་གྱིས་དྲུག་གི་སྐྱེ་མཆེད་དོ། །དྲུག་གི་སྐྱེ་མཆེད་ལས་རེག་པ་སྐྱེ་བས་དེ་བས་ན་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པའོ། །རེག་པ་ལས་ཚོར་བ་སྐྱེ་བས་དེའི་ཕྱིར་རེག་པའི་རྐྱེན་གྱིས་ཚོར་བའོ། །ཚོར་བ་ལས་སྲེད་པ་སྐྱེ་སྟེ། དེ་བས་ན་ཚོར་
བའི་རྐྱེན་གྱིས་སྲེད་པའོ། །སྲེད་པ་ལས་ལེན་པ་སྐྱེ་སྟེ། དེ་བས་ན་སྲེད་པའི་རྐྱེན་གྱིས་ལེན་པའོ། །ལེན་པ་ལས་སྲིད་པ་འབྱུང་སྟེ། དེ་བས་ན་ལེན་པའི་རྐྱེན་གྱིས་སྲིད་པའོ། །སྲིད་པ་ལས་སྐྱེ་བ་བྱུང་བས། དེ་བས་ན་སྲིད་པའི་རྐྱེན་གྱིས་སྐྱེ་བའོ། །སྐྱེ་བས་རྒ་བ་དང་། ཤི་བ་
དང་། སློས་པའི་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་འབའ་ཞིག་གི་ཕུང་པོར་གྱུར་པས་དེ་བས་ན་སྐྱེ་བའི་རྐྱེན་གྱིས་རྒ་བ་དང་། ཤི་བ་དང་། ཡིད་བློང་བ་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བའི་ཕུང་པོ་ཞེས་བརྗོད་དེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་
ཆེན་པོ་འབའ་ཞིག་ཏུ་གྱུར་ཏོ། །དེ་ལ་ཀུན་འདུས་པ་ནི་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་རིག་པ་དང་འགལ་བར་བྱེད་ཅིང་མ་རིག་པའི་ཕུང་པོར་བསགས་ནས་སྲིད་པ་ཕྱི་མའི་འདོད་པ་སྐྱེད་དེ་དགའ་བ་དང་ཆགས་པ་ལ་གནས་ཐམས་ཅད་དུ་སྐྱེ་བ་ཚོལ་བ་ནི་སྲིད་པའི་ཕུང་པོའོ། །འཇིག་རྟེན་འཛིན་འཇིག་

རྟེན་འདི་དག་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་ཀྱིས་རྣམ་པར་བཅིངས་ཏེ་མ་རིག་པས་ལྡོངས་ནས་མ་རིག་པའི་མུན་པས་གཡང་སར་འཐམས་ཤིང་མ་རིག་པའི་ཐོག་མར་འགྲོ་བས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་སྐྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་མ་རིག་པའི་
ཡང་དག་པའི་མཚན་ཉིད་ལ་ཤིན་ཏུ་བརྟགས་ན་མ་རིག་པ་ཉིད་སྟོང་པ་ཉིད་ཐོག་མའི་མཐའ་དམིགས་སུ་མེད་པར་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་མེད་པའི་ཕྱིར་ཐོག་མའི་མཐའ་ཞེས་བྱ་བ་མེད་པས་མཁས་པ་དག་གིས་མཐའ་མེད་པས་ཐོག་མའི་མཐར་རྟོགས་ཏེ་ཐོག་མའི་མཐར་
རྣམ་པར་མི་འབྱེད་དོ། །རྣམ་པར་རྟོག་པ་ཡོངས་སུ་བཅད་པས་མ་རིག་པ་ལ་མི་ཆགས་སོ། །ཆོས་ཐམས་ཅད་ཅི་ཡང་མེད་པས་ཆོས་ནི་ཇི་ལྟར་བཤད་པ་ལྟར་མ་ཡིན་ཏེ་ཆོས་ཐམས་ཅད་ཅི་ཡང་མེད་ཅེས་བརྗོད་ན་ཡང་དེ་ཉིད་མ་རིག་པ་ཤེས་ཤིང་མཐོང་བའོ། །གང་ཆོས་ཐམས་
ཅད་ཆུད་ཅིང་རྟོགས་ན་དེ་དེ་ཉིད་རིག་པ་སྟེ། དེ་ཉིད་ལས་རིག་པ་གཞན་ཞེས་བྱ་བ་མེད་ཀྱི། གང་རིག་པ་ཤེས་ཤིང་མཐོང་བ་ཉིད་རིག་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་མ་རིག་པ་ཤེས་ཤིང་མཐོང་བ་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ཅི་ཡང་མེད་པ། ཆོས་ཐམས་ཅད་ཅི་ཡང་
དམིགས་སུ་མེད་པ། ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་པ། ཆོས་ཐམས་ཅད་ཇི་ལྟར་བཤད་པ་ལྟར་མ་ཡིན་པར་རིག་པ་ནི་མ་རིག་པར་ཤེས་ཤིང་མཐོང་སྟེ། མ་རིག་པ་ཤེས་ཤིང་མཐོང་བ་ནི་རིག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དམིགས་སུ་
མེད་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ཡང་ཆོས་ཐམས་ཅད་ཅི་ཡང་མེད་དེ། བུས་པ་སོ་སོའི་སྐྱེ་བོ་དག་མ་རིག་པའི་མུན་པར་འཐོམས་པས་ཕྱིན་ཅི་ལོག་ཏུ་འདུ་བྱེད་ཀྱི་ལས་རྣམས་བྱེད་དེ་འདུ་བྱེད་ཀྱི་ལས་དེ་ནི་གཟུགས་མེད། གནས་མེད་པས་མ་རིག་པས་ཀྱང་འདུ་
བྱེད་ཀྱི་ལས་སྐྱེད་མི་ནུས་ལ་བྱས་པའི་ཆོས་མེད་པས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བརྗོད་དོ། །འདུ་བྱེད་ཀྱི་ལས་ནི་འདུས་པའམ། འོང་བའི་གནས་སམ། སོང་བའི་གནས་ཀྱང་མེད་ལ་འདུ་བྱེད་ཀྱི་གནས་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་གྱི་མ་ཡིན་པས་མ་རིག་པ་ཡང་

མ་རིག་པས་སྟོང་། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་ལས་ལ་གནས་མེད་ཀྱང་མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱི་ལས་བྱུང་སྟེ། འདུ་བྱེད་ཀྱི་ལས་ཀྱང་མ་རིག་པ་ལ་མི་གནས། མ་རིག་པ་ཡང་འདུ་བྱེད་ཀྱི་ལས་ལ་མི་གནས་ཏེ། མ་
རིག་པས་ཡང་མ་རིག་པ་མི་ཤེས། འདུ་བྱེད་ཀྱི་ལས་ཀྱང་འདུ་བྱེད་ཀྱི་ལས་ཀྱིས་མི་ཤེས་ཏེ། དེ་ལྟར་མ་རིག་པ་དང་། འདུ་བྱེད་ཀྱི་ལས་ན
Kinh tạng Tây Tạng (Kangyur Đại Học) — 060_མདོ་སྡེ།_མ | Tra cứu Kinh điển | Tàng Kinh Việt