Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 052_མདོ་སྡེ།_ཉ

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
ྔལ་ག་ལ་ཞིག་ཡོད། གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མེད་ན་ཇི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་ཞིང་སངས་རྒྱས་ཀྱི་ཆོས་རྒྱས་
པར་སྟོན་པར་འགྱུར། ཅི་སྟེ་མེད་ན་ཅིའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་སོ་ཞེས་གསུངས། ཅི་སྟེ་སེམས་ཅན་ཐམས་ཅད་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་མི་གཟིགས་ན་དེ་སྐད་དུ་གསུངས་པ་དེ་ཡང་བརྫུན་པར་འགྱུར་རོ། །
དེ་བས་ན་རིགས་ཀྱི་བུ་སངས་རྒྱས་ཀྱང་བསམ་གྱིས་མི་ཁྱབ་ལ། ཆོས་ཀྱང་བསམ་གྱིས་མི་ཁྱབ། སེམས་ཅན་གྱི་སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ། འདུ་ཤེས་མེད་པའི་ལྷའི་ཚེའི་ཚད་ཀྱང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་གཤེགས་པ་ལ་
མྱ་ངན་ཡོད་ཅེས་བྱ་བ་དང་། མྱ་ངན་མེད་ཅེས་བྱ་བ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཤེས་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་སྟོང་པ་ལ་ཁང་པ་དང་། རྡུལ་ཕྲ་མོ་ལ་སོགས་པ་ཡང་མི་

ཆགས་ཏེ། ཅི་སྟེ་ཁང་པ་ནི་ནམ་མཁའ་ལ་མི་རྟེན་ཞེས་བྱ་བ་ཡང་གནས་མེད་དོ། །དེ་བས་ན་ཁང་པ་ནི་ནམ་མཁའ་ལ་གནས་ཞེའམ། ནམ་མཁའ་ལ་མི་གནས་ཞེས་བྱར་མི་རུང་ངོ་། །བྱིས་པ་སོ་སོའི་སྐྱེ་བོ་དག་ནི་ཁང་པ་ནམ་མཁའ་ལ་གནས་
ཞེས་སྨྲ་མོད་ཀྱི། ནམ་མཁའ་ནི་ཡང་དག་པར་ན་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་གནས་པའི་ཕྱིར་རོ། །རིགས་ཀྱི་བུ་སེམས་ཀྱང་དེ་དང་འདྲ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་གནས་ཞེའམ་མི་གནས་ཞེས་བྱར་མི་རུང་ངོ་། །
འདུ་ཤེས་མེད་པའི་ལྷའི་ཚེ་ཡང་དེ་དང་འདྲ་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པའི་མྱ་ངན་ཡང་དེ་དང་འདྲའོ། །ཅི་སྟེ་མྱ་ངན་མེད་ན་ཅིའི་ཕྱིར་སེམས་ཅན་ལ་སྲས་སྒྲ་གཅན་འཛིན་དང་འདྲ་བར་གཟིགས་ཞེས་གསུངས། ཅི་སྟེ་ཡོད་ན་ཅིའི་ཕྱིར་རང་བཞིན་གྱིས་ནམ་
མཁའ་དང་འདྲའོ་ཞེས་གསུངས། རིགས་ཀྱི་བུ་དཔེར་ན་སྒྱུ་མ་མཁན་ཞིག་ཁང་པ་དང་། གསོད་པ་དང་། གསོ་བ་དང་། འཆང་བ་དང་། བཏང་བ་དང་། གཞན་ཡང་གསེར་དང་། དངུལ་དང་། བཻ་དཱུརྱ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་
དང་། ནགས་ཚལ་དང་། ཤིང་གེལ་པ་ལ་སོགས་པ་སྣ་ཚོགས་བྱས་ན་དེ་ལ་ནི་བདེན་པའི་རང་བཞིན་མེད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་པའི་རྗེས་སུ་མྱ་ངན་ལ་སོགས་པ་བསྟན་གྱི་བདེན་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་
གཤེགས་པ་ནི་ཡོངས་སུ་མྱ་ངན་ལས་འདས་ན་དེ་ལ་མྱ་ངན་དང་སྡུག་བསྔལ་ག་ལ་ཞིག་ཡོད། གང་ཞིག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ་མི་རྟག་གོ་སྙམ་སེམས་ན་གང་ཟག་དེ་ཉིད་མྱ་ངན་དང་བཅས་པ་ཡིན་པར་རིག་པར་བྱའོ། །དེ་ལ་གང་ཞིག་དེ་
བཞིན་གཤེགས་པ་མྱ་ངན་ལས་མ་འདས་ཞེའམ། རྟག་པ་གནས་པ་མི་འགྱུར་བར་སེམས་ན་གང་ཟག་དེ་ནི་མྱ་ངན་མེད་པ་སྟེ། དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་པར་རམ། མྱ་ངན་མེད་པར་ཤེས་པ་མེད་དོ། །གཞན་ཡང་རིགས་ཀྱི་བུ་དཔེར་ན་མི་མ་རབས་

ཐ་མ་ནི་སྐྱེས་བུ་འབྲིང་དང་རབ་ཀྱི་ཆོས་མི་ཤེས་སོ། །སྐྱེས་བུ་འབྲིང་ཡང་རབ་ཀྱི་ཆོས་མི་ཤེས་སོ། །སྐྱེས་བུ་རབ་ནི་རབ་ཀྱི་ཆོས་ཤེས་ཀྱང་ཤེས་ལ། འབྲིང་དང་ཐ་མའི་ཆོས་ཀྱང་ཤེས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། བདག་གིས་
ཤེས་པར་ཟད་ཀྱི། དེ་བཞིན་གཤེགས་པ་ནི་དེ་ལྟ་མ་ཡིན་ཏེ། བདག་གིས་ཡང་མཁྱེན་ལ་གཞན་གྱིས་ཡང་མཁྱེན་པས་དེའི་ཕྱིར་ན་དེ་བཞིན་གཤེགས་པ་ནི་ཐོགས་པ་མེད་པའི་ཡེ་ཤེས་ཞེས་བྱའོ། །འཇིག་རྟེན་གྱི་རྗེས་སུ་སྒྱུ་མ་དང་འདྲ་བ་བསྟན་པས་བུས་
པ་ཤའི་མིག་ཅན་དག་ནི་ཡང་དག་པ་བདེན་པ་ཡིན་ནོ། །སྙམ་སེམས་ཏེ། དེས་དེ་བཞིན་གཤེགས་པའི་ཐོགས་པ་མེད་པའི་ཡེ་ཤེས་ཤེས་པར་འགྱུར་བའི་གནས་མེད་དོ། །མྱ་ངན་ཡོད་དམ་མྱ་ངན་མེད་པ་ནི་སངས་རྒྱས་ཉག་གཅིག་གིས་མཁྱེན་པས་དེའི་ཕྱིར་ན་བདག་ཡོད་
པའི་ཆོས་ཀྱང་གཞན་ལ། བདག་མེད་པའི་ཆོས་ཀྱང་གཞན་ཏེ་བྱ་ངུར་པ་དང་ཀ་ལན་ད་ཀ་ལྟ་བུའོ། །གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ནི་བྱ་ངུར་པ་ཀ་ལན་ད་ཀ་དང་ལྷན་ཅིག་ཏུ་འགྲོ་བ་དང་མཚུངས་སོ། །བྱ་ངུར་པ་དང་ཀ་ལན་ད་ཀ་ནི་དབྱར་ཆུ་བྲུག་པ་ན་གནས་མཐོ་ཞིང་བཙན་པོར་ཕྲུ་གུ་གླགས་
ནས་གསོ་བའི་ཕྱིར་གདོད་གང་ན་ཆུ་ཡོད་པར་འགྲོའོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ཡང་དེ་དང་འདྲ་སྟེ། ཚད་མེད་པའི་སེམས་ཅན་དམ་པའི་ཆོས་ཀྱིས་སྐྱོང་བ་ཇི་ལྟར་བྱ་ངུར་པ་དང་། ཀ་ལན་ད་ཀ་ལ་སོགས་པ་གནས་བཙན་ཞིང་མཐོན་པོར་
ཕྲུ་གུ་འཇོག་པ་དང་འདྲ་བར་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་གྱི་མཛད་པ་ཀུན་མཛད་ནས་ཡོངས་སུ་མྱ་ངན་ལས་འདས་པར་གཤེགས་སོ། །རིགས་ཀྱི་བུ་དེ་ནི་སྡུག་བསྔལ་གྱི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ཏེ། འདུ་
བྱེད་ཐམས་ཅད་ནི་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ནི་བདེ་བའོ། །དོན་དམ་པ་ནི་འདུ་བྱེད་ཐམས་ཅད་འཇིག་པའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སེམས་ཅན་མྱ་ངན་ལས་འདའ་

བ་ཐོབ་པ་དག་རབ་ཏུ་བདེ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་གསུངས་པ་ལྟར་ན། འདུ་བྱེད་ཐམས་ཅད་འདུས་པ་ནི་རྒ་བ་དང་འཆི་བའོ། །ཞེས་གསུངས་སོ། །བག་དང་ལྡན་ཞིང་བག་བྱེད་པ། །
དེ་ནི་བདུད་རྩི་ལྟ་བུའི་གནས། །བག་དང་མི་ལྡན་བག་མེད་པ། །དེ་ནི་འཆི་བའི་གནས་ཡིན་ནོ། །དེ་ལ་བག་བྱེད་པ་དག་ནི། །མི་འཆི་བ་ཡི་གནས་འཐོབ་པོ། །དེ་ལ་བག་མེད་པ་དག་ནི། །རྟག་ཏུ་འཆི་བའི་ལམ་དུ་འགྲོ། །གང་བག་མི་བྱེད་པ་
ནི་འདུས་བྱས་ཀྱི་ཆོས་ཞེས་བྱའོ། །གང་འདུས་བྱས་ཀྱི་ཆོས་དེ་ནི་སྡུག་བསྔལ་བའི་མཆོག་ཡིན་ནོ། །གང་བག་བྱེད་པ་ནི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། མྱ་ངན་ལས་འདས་པ་ནི་བདུད་རྩི་ཞེས་བྱ་སྟེ། བདེ་བའི་མཆོག་གོ། །གལ་ཏེ་འདུ་བྱེད་ལ་
ཞུགས་ན་འཆི་བའི་གནས་ཞེས་བྱ་སྟེ། སྡུག་བསྔལ་གྱི་མཆོག་ཏུ་འགྱུར་རོ། །གལ་ཏེ་མྱ་ངན་ལས་འདས་པར་ཕྱིན་ན། མི་འཆི་བ་ཞེས་བྱ་སྟེ། བདེ་བའི་མཆོག་མྱོང་བར་འགྱུར་རོ། །གལ་ཏེ་བག་བྱེད་ན་འདུ་བྱེད་མང་པོ་འདུས་ཀྱང་རྟག་པ། བདེ་བ།
མི་འཆི་བ། མི་འཇིག་པ་ཞེས་བྱའོ། །དེ་ལ་བག་མེད་པ་ནི་གང་། བག་བྱེད་པ་ནི་གང་ཞེ་ན། འཕགས་པ་མ་ཡིན་པ་བུས་པ་མ་རབས་ནི་བག་མེད་པ་སྟེ། འཆི་བ་དང་བཅས་པའི་ཆོས་ཅན་ནོ། །འཇིག་རྟེན་ལས་འདས་པའི་འཕགས་པ་ནི་བག་དང་
ལྡན་པ་སྟེ། རྒ་ཤི་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། མཆོག་ཏུ་བདེ་བའི་མྱ་ངན་ལས་འདས་པར་ཞུགས་པའི་ཕྱིར་རོ། །དེ་བས་ན་སྡུག་བསྔལ་བའི་ཆོས་ཀྱང་གཞན་ལ། བདེ་བའི་ཆོས་ཀྱང་གཞན་ནོ། །བདག་ཅེས་བྱ་བའི་ཆོས་ཀྱང་གཞན་ལ། བདག་
མེད་པའི་ཆོས་ཀྱང་གཞན་ཏེ། ཇི་ལྟར་ས་ལ་འགྲོ་བའི་མི་དག་ནམ་མཁའི་བྱའི་རྗེས་བརྟགས་ན་མི་མཐོང་བ་བཞིན་ནོ།། །།བམ་པོ་བཅུ་གཉིས་པ། རིགས་ཀྱི་བུ་སེམས་ཅན་ཡང་དེ་དང་འདྲ་སྟེ། འཕྲུལ་གྱི་མིག་ནི་མེད་ཀྱི། ཉོན་མོངས་པ་

དང་བཅས་པས་བདག་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པར་མི་མཐོང་ངོ་། །དེ་བས་ན་ངས་བདག་མེད་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཕྲུལ་གྱི་མིག་མེད་པ་དག་བདག་ཅེས་བྱ་བ་ཡང་དག་པ་ནི་མི་ཤེས་ཀྱི། བླ་དགས་སུ་བདག་ཅེས་བྱ་བ་
འཛིན་པས་ཉོན་མོངས་པའི་དབང་གིས་འདུས་བྱས་ལ་རྣམ་པར་འདུ་བྱེད་དེ། མི་རྟག་པ་ཞེས་བྱའོ། །དེ་བས་ན་ངས་རྟག་པའི་ཆོས་ཀྱང་གཞན་ལ་མི་རྟག་པའི་ཆོས་ཀྱང་གཞན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱའོ། །དཔའ་ཞིང་རྩོལ་ནུས་པ་དག་ནི། །རི་
ཡི་རྩེ་མོ་ལ་འདུག་གམ། །ཐང་ངམ་དགོན་པ་གར་གནས་ཀྱང་། །བྱིས་པ་མ་རབས་རྟག་ཏུ་མཐོང་། །ཡེ་ཤེས་ཆེན་པོའི་གནས་ཕྱིན་ཏེ། །བླ་ན་མེད་པའི་སྟེགས་འཛེགས་ན། །བདག་གི་མྱ་ངན་ཀུན་སེལ་བས། །སེམས་ཅན་ཀུན་གྱི་མྱ་ངན་མཐོང་། །
དེ་བཞིན་གཤེགས་པ་ནི་སེམས་ཅན་ཚད་མེད་པའི་ཉོན་མོངས་པ་ཐམས་ཅད་བཅོམ་ནས་ཡེ་ཤེས་ཀྱི་རི་བོ་ལ་བཞུགས་པས་སོ་སོའི་སྐྱེ་བོ་ཐམས་ཅད་ནི་རྟག་ཏུ་ཚད་མེད་པའི་ཉོན་མོངས་པས་རྣམ་པར་གཟིར་བར་གཟིགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་
དཔའ་འོད་སྲུང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་གསུངས་པ་ལྟར་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། མྱ་ངན་ལས་འདས་པ་ལ་མྱ་ངན་ཞེས་བགྱི་བ་ཡང་མ་མཆིས། དགའ་བ་ཡང་མ་མཆིས་ན། ཅིའི་སླད་དུ་ཡེ་ཤེས་
ཀྱི་སྟེགས་ལ་འཛེགས་པ་དང་། རིའི་རྩེ་མོ་ལྟ་བུར་ཕྱིན་པ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་མཐོང་ངོ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཡེ་ཤེས་ཀྱི་སྟེགས་ནི་མྱ་ངན་ལས་འདས་པ་ལ་བྱའོ། །མྱ་ངན་མེད་པ་ནི་དེ་བཞིན་
གཤེགས་པའོ། །མྱ་ངན་དང་བཅས་པ་ནི་བྱིས་པ་མ་རབས་རྣམས་སོ། །བྱིས་པ་མ་རབས་ནི་མྱ་ངན་དང་བཅས་པ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་པ་ཞེས་བྱའོ། །རི་རབ་ཀྱི་རྩེ་མོ་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ། །གང་བརྩོན་འགྲུས་

ལ་འབད་པ་ནི་རི་རབ་ལྷུན་པོ་ལྟ་བུ་སྟེ། མི་གཡོ་མི་ལྡེག་པའོ། །ས་ཞེས་བྱ་བ་ནི་འདུས་བྱས་ཀྱིས་རྣམ་པར་འདུ་བྱེད་པ་སྟེ། བྱིས་པ་མ་རབས་དག་ནི་ས་དེ་ལ་གནས་ནས་འདུས་བྱས་ལ་རྣམ་པར་འདུ་བྱེད་དོ། །མཁས་པ་ཤེས་རབ་ཅན་དག་ནི་
མངོན་པར་སངས་རྒྱས་པ་སྟེ། ཡོད་པ་རྣམ་པར་སྤངས་ནས་རྟག་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་སོ་སོའི་སྐྱེ་བོ་ཚད་མེད་པ་དག་སྲིད་པའི་ཟུག་རྔུས་ཟུག་པ་ལ་ཐུགས་བརྩེ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་མྱ་ངན་ཡོད་ཅེས་
བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་ལ་མྱ་ངན་མངའ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་གདགས་སུ་མི་རུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་
པ། དེ་ཡང་དོན་མེད་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་གང་དང་གང་གིས་འདུལ་བར་འགྱུར་བ་དེ་དང་དེ་དག་ཏུ་དེ་བཞིན་གཤེགས་པ་སྐྱེ་བ་སྟོན་ཏོ། །སྐྱེ་བ་སྟོན་མོད་ཀྱི་ཡང་དག་པར་སྐྱེ་བ་མེད་དེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པའི་ཆོས་ཅན་ཏེ། ཀ་
ལན་ད་ཀ་དང་བྱ་ངུར་པ་ལྟ་བུའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། དཔེར་ན་གང་ཟག་དག་ཟླ་བ་སྤྲིན་གྱིས་ཆོད་དེ་མི་སྣང་ན། ཟླ་བ་ནུབ་བོ་སྙམ་སེམས་ཏེ། ཡང་དག་པར་ན་ཟླ་བ་ལ་ནུབ་པ་མེད་དོ། །གླིང་གཞན་དུ་ཤར་བ་ན་དེ་ན་གནས་པའི་སེམས་ཅན་དག་ནི་ཟླ་
བ་ཤར་ཏོ་སྙམ་སེམས་ཏེ། ཡང་དག་པར་ན་ཟླ་བ་ལ་ཤར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རི་རབ་ལྷུན་པོས་བསྒྲིབས་ཏེ་མི་སྣང་གི །ཟླ་བ་ལ་ཤར་བའམ་ནུབ་པ་ཞེས་བྱ་བ་མེད་དོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་
སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཤེགས་པ་འཛམ་བུའི་གླིང་དུ་ཕ་དང་མ་ཡང་ཡོད་པར་བསྟན་ནས་སོ་སོའི་སྐྱེ་བོ་དག་ནི་དེ་བཞིན་གཤེགས་པ་འཛམ་བུའི་གླིང་དུ་བྱུང་ངོ་སྙམ་སེམས་སོ། །འཛམ་བུའི་གླིང་དུ་མྱ་ངན་ལས་འདས་པ་

ཡང་བསྟན་ཏེ། དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་པ་མེད་ཀྱང་། སེམས་ཅན་དག་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ། ཇི་ལྟར་ཟླ་བ་ནུབ་པའི་དཔེ་བཤད་པ་བཞིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་
པ་ཉིད་ལ་ཡང་ཡང་དག་པར་ན་སྐྱེ་བ་དང་འགོག་པ་མེད་དེ་སེམས་ཅན་གདུལ་བའི་ཕྱིར་སྐྱེ་བ་དང་འགོག་པ་བསྟན་ཏོ། །རིགས་ཀྱི་བུ་དཔེར་ན་ཟླ་བ་ཁམས་འདི་དག་ཏུ་ཡོངས་སུ་རྒྱས་པར་སྣང་ན་ཁམས་གཞན་ན་ཕྱེད་དུ་སྣང་ངོ་། །ཁམས་འདི་ན་ཕྱེད་དུ་སྣང་ན་
ཁམས་གཞན་ན་རྒྱས་པར་སྣང་ངོ་། །འཛམ་བུའི་གླིང་གི་མི་དག་ཟླ་བ་ཐོག་མ་ཤར་བ་མཐོང་ན་ཚེས་གཅིག་ཅེས་ཟེར་ཏེ། ཟླ་བ་ཚེས་པའི་འདུ་ཤེས་སྐྱེད་དོ། །ཟླ་བ་རྒྱས་ཤིང་གང་བ་མཐོང་ན་ཚེས་བཅོ་ལྔ་ཞེས་ཟེར་ཏེ་ཟླ་བ་རྒྱས་པའི་འདུ་ཤེས་སྐྱེད་དོ། །ཡང་
དག་པར་ན་ཟླ་བ་ཉིད་ལ་ནི་སྐྱེ་བ་དང་འབྲི་བ་མེད་དེ། རི་རབ་ལྷུན་པོའི་དབང་གིས་ནི་སྐྱེ་བ་དང་འབྲི་བ་ཡང་ཡོད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། འཛམ་བུའི་གླིང་འདིར་ཐོག་མ་སྐྱེ་བ་ཡང་བསྟན། མྱ་ངན་ལས་འདས་པ་ཡང་བསྟན་
ཏེ། ཐོག་མ་སྐྱེ་བ་བསྟན་པ་ནི་ཟླ་བ་ཚེས་པ་དང་འདྲའོ། །ཐམས་ཅད་ཀྱིས་གཞོན་ནུ་ཐོག་མ་བཙས་ནས་གོམ་པ་བདུན་བོར་བ་ན་ཚེས་གཉིས་ཀྱི་ཟླ་བ་ལྟ་བུར་སེམས་སོ། །དེ་ནས་གཞོན་ནུ་སློབ་པ་ལ་ཞུགས་པ་བསྟན་པ་ན། ཚེས་གསུམ་གྱི་ཟླ་བ་ལྟ་བུར་སེམས་སོ། །
རབ་ཏུ་བྱུང་བ་བསྟན་པ་ན་ཚེས་བརྒྱད་ཀྱི་ཟླ་བ་ལྟ་བུར་སེམས་སོ། །ཡེ་ཤེས་ཀྱི་འོད་ཆེན་པོ་བཏང་ནས་སེམས་ཅན་ཚད་མེད་པ་དང་བདུད་མང་པོ་བཏུལ་བ་ན་ཚེས་བཅོ་ལྔའི་ཟླ་བ་རྒྱས་པ་ལྟ་བུར་སེམས་སོ། །གཞན་ཡང་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་
བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པ་མྱ་ངན་ལས་འདས་པ་བསྟན་པ་ན་ཟླ་བ་བྲི་བ་ལྟ་བུར་སེམས་སོ། །དེ་ལྟར་སེམས་ཅན་དག་ནི་མཐོང་བ་མི་འདྲ་སྟེ། ལ་ལས་ནི་ཟླ་བ་ཕྱེད་རལ་དུ་མཐོང་། ལ་ལས་ནི་ཟླ་བ་རྒྱས་པར་མཐོང་། ལ་ལས་ནི་ཟླ་བ་འབྲི་བར་མཐོང་སྟེ།

ཟླ་བའི་རང་བཞིན་ལ་ནི་ཡང་དག་པར་ན་སྐྱེ་བ་དང་འབྲི་བ་མེད་དེ། རྟག་ཏུ་རྒྱས་ཤིང་གང་ངོ་། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། དེ་བས་ན་རྟག་པ་གནས་པ་མི་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཟླ་བ་རྒྱས་
པ་ནི་གནས་གང་དང་གང་དུ་གྲོང་ཁྱེར་རམ། གྲོང་རྡལ་ལམ། རིའམ། འབྲོག་གམ། ཆུའམ། ཁྲོན་པའམ། རྫིང་ངམ། གཞོང་པའམ། གནས་ཐམས་ཅད་དུ་སྣང་སྟེ། སེམས་ཅན་གང་དཔག་ཚད་གཅིག་གམ། དཔག་ཚད་བརྒྱ་སྟོང་གི་བར་དུ་སོང་
ཡང་ཟླ་བ་དེ་བཞིན་དུ་མཐོང་སྟེ། དེ་ལ་བུས་པ་གླེན་པ་དག་འདི་སྙམ་དུ་སེམས་ཏེ། བདག་གི་ཁྱིམ་ན་འདུག་པ་ན་ཟླ་བ་འདི་མཐོང་ན་ད་འབྲོག་དགོན་པ་འདིར་ཡང་མཐོང་བ་འདི་ཟླ་བ་སྔོན་མཐོང་བ་དེ་ཡིན་ནམ་མ་ཡིན་སྙམ་སེམས་སོ། །དེ་ལ་དེ་དག་ཆེ་ཆུང་གི་ཚད་ཀྱང་དཔྱོད་
དེ། ལ་ལ་ནི་ཟངས་ཀྱི་ཁ་ཁོར་ཙམ་མོ་ཞེས་ཟེར་རོ། །ལ་ལ་ནི་ཤིང་རྟའི་འཁོར་ལོ་ཙམ་མོ་ཞེས་ཟེར་རོ། །ལ་ལ་ནི་དཔག་ཚད་བཞི་བཅུ་རྩ་དགུ་ཡོད་དོ་ཞེས་ཟེར་རོ། །ཐམས་ཅད་ཀྱིས་ཟླ་བའི་འོད་མཐོང་ཡང་ལ་ལ་ནི་ཟླུམ་པོ་གསེར་གྱི་གཞོང་པ་ལྟ་བུར་མཐོང་སྟེ།
དེ་ལྟར་ཟླ་བའི་རང་བཞིན་གཅིག་ཀྱང་སེམས་ཅན་རྣམ་པ་ཐ་དད་པས་སྣ་ཚོགས་སུ་རྣམ་པ་ཐ་དད་པར་འདུ་ཤེས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་དུ་མངོན་པར་གཤེགས་ནས་དེ་ལ་ལྷ་དང་མི་ཁ་ཅིག་ནི་འདི་སྙམ་དུ། དེ་བཞིན་གཤེགས་
པ་ནི་བདག་འབའ་ཞིག་གི་མིག་སྔ་ན་བཞུགས་སོ་སྙམ་སེམས་སོ། །སེམས་ཅན་ཁ་ཅིག་ཀྱང་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་འབའ་ཞིག་གི་མིག་སྔ་ན་སྣང་ངོ་སྙམ་སེམས་སོ། །སེམས་ཅན་འོན་པ་དང་། ལྐུགས་པ་ཁ་ཅིག་ནི་དེ་བཞིན་གཤེགས་པ་
ཡང་འོན་ཏམ་ལྐུགས་སྙམ་སེམས་སོ། །སེམས་ཅན་སྐད་རྣམ་པ་སྣ་ཚོགས་མི་འཐུན་པ་ཡང་སོ་སོ་ན་དེ་བཞིན་གཤེགས་པ་ནི་བདག་གི་སྐད་དུ་གསུང་ངོ་སྙམ་སེམས་སོ། །སོ་སོ་ནས་བདག་འབའ་ཞིག་གི་ཁྱིམ་དུ་གཤེགས་ཏེ། བདག་འབའ་ཞིག་གི་མཆོད་པ་བཞེས་

སོ་སྙམ་སེམས་སོ། །སེམས་ཅན་ལ་ལས་ནི་དེ་བཞིན་གཤེགས་པའི་སྐུ་ཚད་མེད་པར་རྒྱ་ཆེན་པོར་མཐོང་ངོ་། །ལ་ལས་ནི་སྐུ་རབ་ཏུ་ཆུང་ངུར་མཐོང་ངོ་། །ལ་ལས་ནི་ཉན་ཐོས་ཀྱི་གཟུགས་ལྟ་བུར་མཐོང་ངོ་། །ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་ལྟ་བུར་
མཐོང་ངོ་། །མུ་སྟེགས་ཅན་ཁ་ཅིག་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་ནི་བདག་གི་ཆོས་ཀྱིས་རབ་ཏུ་འབྱུང་སྟེ། སློབ་པ་ལ་ཞུགས་སོ་སྙམ་སེམས་སོ། །སེམས་ཅན་ལ་ལ་ནི་འདི་སྙམ་དུ་དེ་བཞིན་གཤེགས་པ་བདག་འབའ་ཞིག་གི་ཕྱིར་འཇིག་རྟེན་དུ་གཤེགས་
སོ་སྙམ་སེམས་སོ། །དེ་བཞིན་གཤེགས་པའི་རང་བཞིན་ཡང་དག་པ་ནི་ཟླ་བ་དང་འདྲ་སྟེ། ཆོས་ཀྱི་སྐུ། མི་སྐྱེ་བའི་སྐུ། ཐབས་ཀྱི་སྐུ་སྟེ། འཇིག་རྟེན་པའི་རྗེས་སུ་སྔོན་གྱི་ལས་རྣམ་པ་ཚད་མེད་པ་གནས་ཐམས་ཅད་དུ་སྐྱེ་བ་བསྟན་པ་ནི་ཟླ་བ་དང་འདྲའོ། །
དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ། གནས་པ་མི་འགྱུར་མི་འཕོ་བའོ། །རིགས་ཀྱི་བུ་གཞན་ཡང་ལྷ་མ་ཡིན་སྒྲ་གཅན་འཛིན་ལྟ་བུ་ལག་པས་ཟླ་བ་བཀབ་པ་ན་འཇིག་རྟེན་པ་དག་ནི་ཟླ་བ་ཤིའོ་ཞེས་ཟེར་ཏེ་ཡང་དག་པར་ན་ལྷ་མ་ཡིན་གྱི་རྒྱལ་པོས་ཟླ་བ་བསད་པ་མ་ཡིན་གྱི་
སྣང་བ་བསྒྲིབས་སུ་ཟད་དོ། །ཟླ་བ་རྒྱས་པ་ལ་འབྲི་བ་མེད་ཀྱི་ལག་པས་བསྒྲིབས་པས་མི་སྣང་བར་ཟད་དོ། །ཕྱིར་ལག་པ་བསྐུམས་ན་འཇིག་རྟེན་པ་དག་ནི་ཟླ་བ་ཕྱིར་སྐྱེས་སོ་ཞེས་ཟེར་ཏེ། ཟླ་བ་འདི་ནི་སྡུག་བསྔལ་ཡང་མྱོང་ངོ་ཞེས་ཟེར་རོ། །གལ་ཏེ་ལྷ་མ་ཡིན་བརྒྱ་སྟོང་
སྙེད་ཚོགས་ཀྱང་ཟླ་བ་ལ་ནི་གནོད་པ་བྱེད་མི་ནུས་སོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ་སེམས་ཅན་ཁ་ཅིག་དེ་བཞིན་གཤེགས་པ་ལ་སྡིག་པའི་སེམས་བསྐྱེད་དེ། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཕྱུང་བ་དང་། མཚམས་མེད་པ་ལྔ་བྱས་པ་དང་། ལོག་སྲེད་ཀྱི་བར་དུ་
བྱས་པ་བསྟན་པ་ཡང་ཕྱི་མ་མ་འོངས་པའི་སེམས་ཅན་དགེ་འདུན་དང་ཆོས་འཇིག་ཅིང་མ་རུང་བར་བྱེད་པའི་ཕྱིར་བསྟན་པར་ཟད་ཀྱི། གལ་ཏེ་བདུད་ཚད་མེད་བརྒྱ་སྟོང་སྙེད་ཚོགས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་མི་ཕྱིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་

སྐུ་ལ་ནི་ཤ་དང་། ཁྲག་དང་། ཆུ་བ་དང་། རྩ་དང་། རྐང་དང་། རུས་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་འཁྲུག་པའམ་འཇིག་པ་མེད་དེ་སེམས་ཅན་དག་ནི་ཆོས་དང་དགེ་འདུན་འཇིག་པ་དང་། དེ་བཞིན་གཤེགས་པ་
ཡང་མེད་པར་འགྱུར་རོ། །སྙམ་སེམས་སོ། །དེ་བཞིན་གཤེགས་པའི་ཡང་དག་པའི་རང་བཞིན་ནི་འགྱུར་བའམ་འཇིག་པ་མེད་དེ། འཇིག་རྟེན་པའི་རྗེས་སུ་དེ་ཡང་བསྟན་ཏོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན། མི་གཉིས་ཤིག་འཐབས་ན་མཚོན་བཏབ་
སྟེ་ལུས་ལ་ཁྲག་བྱུང་ངམ། ཤི་བར་གྱུར་ཀྱང་གསོད་པའི་འདུ་ཤེས་མ་བསྐྱེད་པས་ལས་དེའི་མཚན་ཉིད་དེ་ནི་ཡང་གི །ལྕི་བ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་ཡང་ཐོག་མ་ནས་གསོད་པའི་སེམས་མེད་ན་སྐུ་ལ་ཁྲག་བྱུང་ན་ལས་ཀྱི་མཚན་ཉིད་དེ་ནི་ཡང་གི །ལྕི་བ་མ་
ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པས་མ་འོངས་པའི་སེམས་ཅན་དག་གདུལ་བའི་ཕྱིར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བསྟན་ཏོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པ་ནི་བརྩོན་འགྲུས་བསྐྱེད་དེ་བུ་དེ་ལ་སྨན་སྟོན་ཏོ། །འདི་ནི་རྩ་
བའི་སྨན། འདི་ནི་དྲིའི་སྨན། འདི་ནི་ཁ་དོག་གི་སྨན་ཏེ་རྣམ་པ་སྣ་ཚོགས་ཐ་དད་ཀྱིས་ཁྱོད་ལེགས་པར་ཤེས་པར་གྱིས་ཤིག་ཅེས་སྟོན་ན་བུ་ཡང་ཕས་བསྒོ་བ་བཞིན་དུ་བརྩོན་འགྲུས་སུ་སློབ་སྟེ་སྨན་ལ་མཁས་པར་བྱེད་དོ། །ཕྱིས་སྨན་པ་དེ་ཚེའི་དུས་བྱས་ཏེ་ཤི་ན་སྨན་པའི་བུ་དེ་
འདི་སྐད་དུ་ཕས་བདག་ལ་རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། མེ་ཏོག་གི་སྨན་དང་། ཁ་དོག་གི་སྨན་འདི་ཡིན་ནོ་སྙམ་བསྟན་པར་དྲན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་གདུལ་བའི་ཕྱིར་ཚུལ་ཁྲིམས་བཅས་ནས་འདི་ནི་ཚུལ་ཁྲིམས་སུ་གསུངས་
སོ། །འདི་ནི་མཚམས་མེད་པ་ལྔ་དང་། དམ་པའི་ཆོས་ལ་དབང་སྐུར་ཅིང་དབང་ཟ་བ་དང་། འདི་ནི་ལོག་སྲེད་ཀྱི་ལས་ཡིན་གྱི་མ་བྱེད་ཅིག་ཅེས་མ་འོངས་པའི་སྐྱེ་བོའི་ཕྱིར་དེ་དག་ཀྱང་བསྟན་པ་ཡིན་ནོ། །དེ་བས་ན་དགེ་སློང་དག་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་

ཏུ་ཤིན་ཏུ་ཟབ་མོའི་དོན་གྱི་མདོ་སྡེ་འདི་དག་ཡིན། ལྕི་བ་དང་ཡང་བའི་མཚན་ཉིད་དུ་གསུངས་པའི་འདུལ་བ་ནི་འདི་དག་ཡིན། ཆོས་ཀྱི་ཚིག་རྣམ་པར་སྤྲོས་པ་ཆོས་མངོན་པ་ནི་འདི་ཡིན་ནོ། །ཞེས་ཇི་ལྟར་སྨན་པ་མཁས་པས་བུ་ལ་སྨན་བསྟན་པ་བཞིན་དུ་མངོན་པར་བསྟན་ཏོ། །
གཞན་ཡང་རིགས་ཀྱི་བུ་འཇིག་རྟེན་ན་མི་དག་ནི་ཟླ་བ་དྲུག་ལ་ཟླ་བ་ལན་ཅིག་ཤི་བར་སེམས་སོ། །མཐོ་རིས་ཀྱི་ལྷ་དག་ནི་སྐད་ཅིག་ཙམ་གྱིས་ཟླ་བ་ཤི་བར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ལྷའི་ཞག་ནི་རིང་ལ། མིའི་ཞག་ནི་ཐུང་བའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་གཤེགས་
པ་ཡང་དེ་དང་འདྲ་སྟེ། ལྷ་དང་མི་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་ངོ་སྙམ་སེམས་ཏེ། ཇི་ལྟར་ལྷ་དང་མི་དག་གིས་སྐད་ཅིག་ཐང་ཅིག་གིས་ཟླ་བ་ཤི་བར་མཐོང་བ་བཞིན་ནོ། །དེ་བཞིན་གཤེགས་པས་ནི་གཞན་ཡང་སྐད་ཅིག་ཐང་ཅིག་གིས་མྱ་ངན་ལས་འདས་པ་ཁྲི་ཕྲག་
བརྒྱ་སྟོང་སྙེད་སྟོན་ཅིང་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་ལ་སོགས་པ་བཅོམ་པ་བསྟན་པས་ན་ལྷའི་བདུད་ཁྲི་ཕྲག་བརྒྱ་སྟོང་སྙེད་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་ཤེས་སོ། །གཞན་ཡང་
སྔོན་གྱི་ལས་དང་རྒྱུ་དང་རྐྱེན་ཁྲི་ཕྲག་བརྒྱ་སྟོང་སྙེད་འཇིག་རྟེན་གྱི་མཚན་ཉིད་རྣམ་པ་ཐ་དད་པ་བཞིན་དུ་སྟོན་ཏེ། དེ་ལྟར་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་པས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་བའོ། །གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཟླ་བ་
གསལ་བ་ལ་ནི་འགྲོ་བ་ཐམས་ཅད་བལྟ་འདོད་པའི་ཕྱིར་དེ་བས་ན་ཟླ་བ་བལྟ་ན་དགའ་བ་ཞེས་བྱའོ། །སེམས་ཅན་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཏུ་བཅས་པས་བལྟ་ན་དགའ་བ་ཞེས་མི་བྱའོ། །དེ་བཞིན་གཤེགས་པ་ནི་ཡོངས་སུ་དག་པ་དྲི་མ་མེད་པ་མཆོག་དང་ཕུལ་དུ་
གྱུར་པ་ཡིན་པས་བལྟ་ན་དགའ་བ་ཞེས་བྱའོ། །གང་ཆོས་ལ་མོས་པའི་སྐྱེ་བོ་དག་ནི་བལྟ་བ་དག་ལ་དགའ་བ་མི་སྐྱེའོ། །གང་མི་དགེ་བ་དག་ནི་མཐོང་བར་ཡང་མི་འདོད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་དཔེར་ན་ཟླ་བ་གསལ་བ་དང་འདྲའོ། །རིགས་ཀྱི་བུ་གཞན་ཡང་

འདི་ལྟ་སྟེ་དཔེར་ན་ཉི་མ་ཤར་བ་དང་འདྲ་བ་ལ་དཔྱིད་དང་དབྱར་དང་དགུན་ལྟ་བུ་དུས་གསུམ་ཐ་དད་དེ་དགུན་ནི་ཉི་མ་ཐུང་ལ། དབྱར་ནི་ཉི་མ་རིང་སྟེ། དཔྱིད་ནི་རིང་བ་ཡང་མ་ཡིན་ཐུང་བ་ཡང་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྟོང་གསུམ་གྱི་
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སྐུ་ཚེ་རབ་ཏུ་ཐུང་ལ་ཉན་ཐོས་རྣམས་ལ་ཡང་སྐུ་ཚེ་རབ་ཏུ་ཐུང་བ་བསྟན་པས་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུ་ཚེ་རབ་ཏུ་ཐུང་བར་སེམས་ཏེ། དཔེར་ན་དགུན་གྱི་ཉི་མ་དང་འདྲའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རིང་
བ་ཡང་མ་ཡིན། ཐུང་བ་ཡང་མ་ཡིན་པ་བསྐལ་པ་གཅིག་གམ། བསྐལ་པ་གཅིག་འགྲིབས་ཀྱི་བར་དུ་བསྟན་ཏེ། ཇི་ལྟར་དཔྱིད་ཀྱི་ཉི་མ་བཞིན་ནོ། །སངས་རྒྱས་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྐུ་ཚེ་ཚད་མེད་པར་གཟིགས་ཏེ། ཇི་ལྟར་དབྱར་གྱི་ཉི་མ་བཞིན་ནོ། །རིགས་
ཀྱི་བུ་དེ་བཞིན་གཤེགས་པས་གསུངས་པ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་འཇིག་རྟེན་དུ་བསྟན་ཏེ། ཆོས་ཆེན་པོའི་ཆར་ཕབ་པ་མ་འོངས་པའི་དུས་སུ་སྐྱེས་བུ་གང་ཞིག་མདོ་སྡེ་འདི་སྲུང་ངམ། འཛིན་ཏམ། རྣམ་པར་འབྱེད་ཅིང་བསྟན་ཏེ་སེམས་ཅན་ལ་ཕན་པའི་དོན་བྱེད་
ན་དེ་བྱང་ཆུབ་སེམས་དཔའ་ཡང་དག་པ་ཡིན་པར་རིག་པར་བྱ་སྟེ། དཔེར་ན་དབྱར་གྱི་དུས་སུ་ཆར་བབ་པ་དང་མཚུངས་སོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་བསྟན་པ་འདི་ཐོས་ནས་དཔེར་ན་དགུན་གྱི་དུས་དང་མཚུངས་
ཏེ། གྲང་བ་དང་ལྷགས་པ་ཆེན་པོ་དང་ཕྲད་དོ། །བྱང་ཆུབ་སེམས་དཔས་དགོངས་ཏེ་གསུངས་པ་དེ་བཞིན་གཤེགས་པ་རྟག་པ་དང་མི་འགྱུར་བ་བསྟན་པ་འདི་ཐོས་ན་དཔེར་ན་དཔྱིད་ཀྱི་དུས་སུ་མྱུ་གུ་ཐམས་ཅད་འབྱུང་བ་དང་མཚུངས་སོ། །དེ་བཞིན་གཤེགས་པའི་རང་བཞིན་
ལ་རིང་ཐུང་ཞེས་བྱ་བ་མེད་དོ། །འཇིག་རྟེན་པའི་ཕྱིར་དེ་དག་བསྟན་ཀྱང་དེ་ནི་སངས་རྒྱས་ཀྱི་ཡང་དག་པའི་ཆོས་ཉིད་དོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྐར་མ་ཐམས་ཅད་ཉིན་པར་མི་སྣང་སྟེ། གང་ཟག་གླེན་པ་དག་ནི་སྐར་མ་ནུབ་སྟེ་མེད་པར་སོང་ངོ་སྙམ་སེམས་

སོ། །ཡང་དག་པར་མེད་པ་ནི་མ་ཡིན་གྱི། ཉི་མའི་འོད་ཀྱིས་མི་སྣང་བར་ཟད་དོ། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་མཐོང་བ་ནི། ཇི་ལྟར་འཇིག་རྟེན་པ་དག་གིས་ཉིན་པར་སྐར་མ་མི་མཐོང་བ་བཞིན་ནོ། །རིགས་ཀྱི་བུ་གཞན་
ཡང་འདི་ལྟ་སྟེ་དཔེར་ན་ནམ་རྨུས་པའི་ཚེ་ཉི་མ་དང་ཟླ་བ་མི་སྣང་ན་བུས་པ་གླེན་པ་དག་ནི་ཉི་མ་དང་ཟླ་བ་མེད་པར་སོང་ངོ་སྙམ་སེམས་ཏེ། ཡང་དག་པར་ན་ཉི་མ་དང་ཟླ་བ་མེད་པར་མ་སོང་ངོ་། །དེ་བཞིན་གཤེགས་པའི་དམ་པའི་ཆོས་མེད་པར་སོང་བ་ན་དཀོན་མཆོག་གསུམ་མངོན་
སུམ་དུ་མི་སྣང་བ་ཡང་དེ་དང་འདྲ་སྟེ། དེ་བཞིན་དུ་གཏན་མེད་པར་སོང་བ་ནི་མ་ཡིན་ནོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་མི་འགྱུར་མི་འཕོ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསུམ་གྱི་ཡང་དག་པ་ཉིད་ལ་ནི་དྲི་མས་མི་གོས་པའི་ཕྱིར་རོ། །
རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཟླ་བ་ཤི་བའི་ནུབ་མོ་ནི་སྐར་མ་ཕོད་ཤར་ན་ཤིན་ཏུ་གསལ་ཏེ། དེ་མ་ཐག་ཏུ་ཕྱིར་ཡང་ནུབ་བོ། །འཇིག་རྟེན་པ་དག་མཐོང་ན་བཀྲ་མི་ཤིས་སོ་ཞེས་ཟེར་རོ། །རང་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སངས་རྒྱས་མེད་པའི་འཇིག་
རྟེན་དུ་འབྱུང་བས་སོ་སོའི་སྐྱེ་བོ་དག་གིས་མཐོང་ན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཡང་དག་པར་མྱ་ངན་ལས་འདས་སོ་སྙམ་སེམས་ཏེ་མྱ་ངན་བྱེད་དོ། །དེ་བཞིན་གཤེགས་པ་ནི་ཡང་དག་པར་ན་མེད་པར་མ་གྱུར་ཏེ། ཇི་ལྟར་ཉི་མ་དང་ཟླ་བ་མི་སྣང་བ་བཞིན་ནོ། །
རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཉི་མ་ཤར་ན་ལྷོ་བུར་མེད་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་དུ་བྱུང་བས་གལ་ཏེ་སེམས་ཅན་གྱི་རྣ་ཁུང་དུ་ཐོས་ན་མི་དགེ་བ་ཐམས་ཅད་དང་། མཚམས་མེད་པའི་
ཁ་ན་མ་ཐོ་བའི་ལས་ཐམས་ཅད་སེལ་བར་འགྱུར་རོ། ཡོངས་སུ་མྱ་ངན་ལས་འདས་པ་ཤིན་ཏུ་ཟབ་མོའི་སྤྱོད་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་རང་བཞིན་ལེགས་པར་གསུངས་པས་དེའི་ཕྱིར་ན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དག་དེ་བཞིན་

གཤེགས་པ་ལ་རྟག་པ་དང་མི་འགྱུར་མི་འཕོ་བ་དང་། དམ་པའི་ཆོས་ཀྱང་རྒྱུན་མི་འཆད་པ་དང་། དགེ་འདུན་ཡང་མེད་པར་མི་འགྱུར་བའི་སེམས་བསྐྱེད་དོ། །དེ་བས་ན་ཤིན་ཏུ་ཐབས་མཁས་པས་མདོ་སྡེ་འདི་ལ་བརྩོན་འགྲུས་སུ་ནན་ཏན་བྱས་ན་སྐྱེས་
བུ་དེ་ནི་རིང་པོ་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་བས་ན་མདོ་སྡེ་འདི་ནི་ཚད་མེད་པའི་ཡོན་ཏན་ལྷུན་གྱིས་གྲུབ་པ་ཞེས་ཀྱང་བྱ། བྱང་ཆུབ་ཟད་མི་ཤེས་པ་ཞེས་ཀྱང་བྱ་སྟེ། ཟད་མི་ཤེས་པས་ན་ཡོངས་སུ་མྱ་ངན་ལས་འདས་
པ་ཆེན་པོ་ཞེས་གདགས་སོ། །ཤིན་ཏུ་འོད་དང་ལྡན་པས་དབྱར་གྱི་ཉི་མ་དང་མཚུངས་སོ། །ཚོགས་མཐའ་ཡས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉི་ཟླའི་འོད་ནི་འོད་སྣང་བ་ཐམས་ཅད་ཀྱི་མཆོག་གོ། །མྱ་
ངན་ལས་འདས་པ་ཆེན་པོའི་འོད་ཀྱང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་པས་མཆོག་སྟེ། མདོ་སྡེའི་ཏིང་ངེ་འཛིན་གྱི་འོད་ཐམས་ཅད་ཀྱིས་ཉེ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡོངས་སུ་མྱ་ངན་ལས་འདས་པའི་འོད་འདི་ནི་སེམས་ཅན་དག་གི་
བ་སྤུའི་ཁུང་བུ་ཀུན་ཏུ་འཇུག་སྟེ། སེམས་ཅན་ལ་བྱང་ཆུབ་ཀྱི་སེམས་མེད་ཀྱང་། བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་པས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་
བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་ན་མྱ་ངན་ལས་འདས་པ་ཆེན་པོའི་འོད་ཟེར་གྱིས་རེག་ན་སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གར་འཇུག་པས་སེམས་ཅན་དེ་དག་ལ་བྱང་ཆུབ་ཀྱི་སེམས་མ་མཆིས་ཀྱང་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །ཞེས་བགྱི་བ་དེ་མི་རུང་ངོ་། །དེ་
ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཕས་ཕམ་པ་བཞི་འབྱུང་བ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། ལོག་སྲེད་ཀྱི་ལས་བགྱིས་པ་འོད་ཟེར་གྱིས་རེག་པས་བྱང་ཆུབ་ཀྱི་རྒྱུར་འགྱུར་ན་ལྟ་དེ་དག་དང་ཚུལ་ཁྲིམས་སྲུང་ཞིང་དགེ་བའི་ཚོགས་ལ་སོགས་པ་ལ་ཁྱད་པར་ཡང་ཅི་

མཆིས། གལ་ཏེ་ཁྱད་པར་ཞིག་མ་མཆིས་ན་དེ་བཞིན་གཤེགས་པས་གནས་པར་བགྱི་བའི་ཆོས་རྣམ་པ་བཞི་ཡང་ཅིའི་སླད་དུ་གསུངས། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར། སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་རྣ་ཁུང་དུ་ཐོས་
པས་ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་ན། དེ་བཞིན་གཤེགས་པས་ཅིའི་སླད་དུ་སྔར་འདི་སྐད་དུ་གང་ཟག་དག་སྔོན་སངས་རྒྱས་ཀླུང་གང་གཱའི་བྱེ་མ་སྙེད་ལ་སེམས་བསྐྱེད་དེ། མྱ་ངན་ལས་འདས་པ་ཆེན་པོ་ཐོས་ཀྱང་དོན་ཤེས་པར་མ་གྱུར་ཏོ་ཞེས་གསུངས་སོ། །
གལ་ཏེ་དོན་མི་འཚལ་ན། ཉོན་མོངས་པ་ཐམས་ཅད་ཇི་ལྟར་ཆོད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལོག་སྲེད་ཅན་མ་གཏོགས་པར་སེམས་ཅན་གཞན་དག་མདོ་སྡེ་འདི་ཐོས་ན་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ།
ཆོས་ཀྱི་སྒྲའི་འོད་ཟེར་བ་སྤུའི་བུ་གར་ཞུགས་ན་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་གང་ཞིག་སངས་རྒྱས་ཚད་མེད་པ་སྙེད་ལ་བསྙེན་བཀུར་བ་དང་། མཆོད་པ་དང་། ཕྱག་བྱས་ན་ཡོངས་
སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཏེ། བསོད་ནམས་ཆུང་ངུ་རྣམས་ཀྱིས་ནི་ཐོས་པར་འགྱུར་བ་མ་ཡིན་ནོ། །དེ་ཡང་ཇི་ལྟ་ཞེ་ན། གང་ཡོན་ཏན་ཆེན་པོ་དང་ལྡན་པ་དག་ནི་དོན་ཆེན་པོ་འདི་ཐོས་པར་འགྱུར་གྱི་ཞན་པ་ཆུང་ངུ་རྣམས་ཀྱིས་ཐོས་པར་མི་འགྱུར་རོ། །
དེ་ལ་དོན་ཆེན་པོ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཤིན་ཏུ་ཟབ་པའི་གསང་བའི་སྙིང་པོ་སངས་རྒྱས་ཀྱི་རང་བཞིན་ལ་བྱ་སྟེ། དེ་བས་ན་དོན་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་
ཆུབ་ཏུ་སེམས་མ་བསྐྱེད་པ་དག་བྱང་ཆུབ་ཀྱི་རྒྱུར་འགྱུར་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། གང་ཞིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ནས་འདི་སྐད་དུ་བདག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་སོ་ཞེས་དམ་པའི་ཆོས་

ལ་སྐུར་ན་མི་དེ་རྨི་ལམ་ན་སྲིན་པོའི་གཟུགས་མཐོང་སྟེ། ཤིན་ཏུ་སྐྲག་པར་ཡང་འགྱུར་ལ། སྲིན་པོ་དེ་འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་ད་གལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཁྱོད་ཀྱི་འཚོ་བའི་སྲོག་བཅད་དོ་ཞེས་སྨྲས་པས་མི་དེ་སྐྲག་བཞིན་དུ་སད་ནས་བྱང་
ཆུབ་ཏུ་སེམས་སྐྱེད་པར་འགྱུར་རོ། །སྐྱེས་བུ་དེ་ཚེ་འཕོས་ནས་གལ་ཏེ་ངན་སོང་གསུམ་དུ་ལྟུང་ངམ། མི་དང་མཐོ་རིས་ཀྱི་ལྷར་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་མི་ཆད་དེ་དྲན་པས་ན་གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །
དོན་དེ་ལྟ་བས་ན་མྱ་ངན་ལས་འདས་པ་ཆེན་པོའི་བྱིན་དང་ཤུགས་ཀྱིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་ཞེས་བྱའོ། །རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པའི་རྒྱུ་དང་རྐྱེན་ཞེས་བྱ་སྟེ། རྒྱུ་དང་རྐྱེན་མེད་པ་ནི་མ་ཡིན་ནོ། །དེ་
བས་ན་ཐེག་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ནི་ཡང་དག་པར་སངས་རྒྱས་ཀྱིས་གསུངས་པའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྟེང་གི་ནམ་མཁའ་ལ་ཆར་སྤྲིན་གྱིས་ཁེབས་ཏེ་ཆར་པ་ཆེན་པོ་བབ་ན་ཤིང་སྐམ་མམ། བྲག་གམ། རི་མཐོན་པོ་ཆུ་མི་ཕྱིན་པའི་གནས་
ཐམས་ཅད་དུ་ཡང་འབབ་སྟེ། ཤོང་བུ་དང་ས་དམའ་བ་ཀུན་ཆུས་ཡོངས་སུ་གང་ལ་སེམས་ཅན་ཚད་མེད་པ་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཡང་དེ་དང་འདྲ་སྟེ། ཆོས་ཆེན་པོའི་ཆར་སེམས་ཅན་ཀུན་ལ་ཕབ་ཀྱང་། ལོག་སྲེད་
ཅན་འབའ་ཞིག་ནི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་གནས་མེད་དོ། །རིགས་ཀྱི་བུ་དཔེར་ན་ས་བོན་ཚིག་པ་ནི་བསྐལ་པ་བརྒྱ་སྟོང་གི་བར་དུ་ཆར་གྱིས་ཡོངས་སུ་བརླན་ཀྱང་མྱུ་གུ་མི་སྐྱེ་སྟེ། སྐྱེ་བའི་གནས་མེད་དོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། ཡོངས་སུ་མྱ་ངན་ལས་འདས་
པ་ཆེན་པོའི་མདོ་སྡེ་དམ་པ་ཐོས་སུ་ཟིན་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་མི་སྐྱེ་སྟེ། སྐྱེ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་ནི་དགེ་བའི་རྩ་བ་ཐམས་ཅད་མེད་པར་བྱས་ཏེ་ས་བོན་ཚིག་པ་དང་འདྲ་བར་གྱུར་པས་བྱང་ཆུབ་ཀྱི་རྩ་བ་དང་མྱུ་གུ་མི་སྐྱེའོ། །རིགས་ཀྱི་བུ་

གཞན་ཡང་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཆུ་འདང་ལྟ་བུ་ཆུ་རྙོག་མ་ཅན་གྱི་ནང་དུ་བཅུག་ན་ནོར་བུའི་མཐུས་ཆུ་དང་བར་འགྱུར་གྱི་འཇིམ་པའི་ནང་དུ་བཅུག་ན་དང་བར་མི་འགྱུར་རོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་ཡང་དེ་དང་འདྲ་སྟེ། སེམས་ཅན་མཚམས་
མེད་པ་ལྔ་བྱས་པ་དང་། ཕས་ཕམ་པ་བཞི་བྱུང་བའི་ཆུ་རྙོག་མ་ཅན་ལྟ་བུའི་ནང་དུ་བཅུག་ན་དག་པར་འགྱུར་ཞིང་བྱང་ཆུབ་ཏུ་སེམས་སྐྱེ་ཡང་སྲིད་ཀྱི། ལོག་སྲེད་ཅན་འཇིམ་རྫབ་ལྟ་བུའི་ནང་དུ་ནི་ལོ་བརྒྱ་སྟོང་གི་བར་དུ་བཞག་ཀྱང་དག་པར་འགྱུར་ཞེའམ། བྱང་ཆུབ་ཀྱི་སེམས་
སྐྱེ་མི་སྲིད་དོ། །དེ་ཅིའི་ཕྱིར་ཞེ་ན། ལོག་སྲེད་ཅན་ནི་དགེ་བའི་རྩ་བ་ཀུན་མེད་པར་བྱས་པས་སྣོད་དུ་མ་གྱུར་ཏོ། །དེ་ལ་གལ་ཏེ་གང་ཟག་དེས་ལོ་བརྒྱ་སྟོང་གི་བར་དུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་མཉན་ཏམ། འཛིན་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་
སོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་སེམས་མེད་པའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་གྱི་སྡོང་པོའི་ནང་ན་སྨན་གྱི་རྒྱལ་པོ་ཞེས་བྱ་བ་ནི་སྨན་གྱི་ནང་ན་མཆོག་དང་། ཕུལ་དུ་གྱུར་པས་དར་བ་དང་སྦྱར་རམ། སྦྲང་རྩི་དང་སྦྱར་རམ། མར་དང་
སྦྱར་རམ། ཆུ་དང་བསྲེས་སམ། འོ་མ་དང་བསྲེས་སམ། ཕྱེ་མར་བཏགས་སམ། རིལ་བུར་བྱས་སམ། འདེ་གུར་བསྐུས་སམ། དྲིས་བདུགས་སམ། མིག་ཏུ་བསྐུས་སམ། མཐོང་ངམ། བསྣམས་པ་ཙམ་གྱིས་ཀྱང་སེམས་ཅན་གྱི་ནད་ཐམས་ཅད་ཞི་བར་བྱེད་དེ།
འོན་ཀྱང་སྨན་གྱི་སྡོང་པོ་དེ་འདི་སྙམ་དུ་སེམས་ཅན་དག་བདག་གི་རྩ་བ་བླངས་ན་ལོ་མ་བརྔ་བའི་མི་རིགས་སྙམ་མམ། ལོ་མ་བརྔས་ན་རྩ་བ་བླང་བའི་མི་རིགས་སྙམ་མམ། སྡོང་པོ་བླངས་ན་པགས་པ་བཤུ་བའི་མི་རིགས་སྙམ་མམ། པགས་པ་བཤུས་ན་སྡོང་པོ་བརྔ་བའི་
མི་རིགས་སྙམ་མི་སེམས་ཏེ། དེ་ལྟར་མི་སེམས་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སོ། །རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ཡང་དེ་དང་འདྲ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཕས་ཕམ་པ་བཞི་དང་།

མཚམས་མེད་པ་ལྔ་དང་། ཕྱི་རོལ་དང་ནང་གི་མི་དགེ་བའི་ལས་ཐམས་ཅད་མེད་པར་བྱེད་དེ། གང་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་ཀྱང་འདིའི་དབང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ཡང་མདོ་སྡེ་ཐམས་
ཅད་ཀྱི་ནང་ན་རྒྱལ་པོ་ལྟ་བུ་སྟེ། ཇི་ལྟར་སྨན་གྱི་ནང་ན་སྨན་གྱི་རྒྱལ་པོ་ལྟ་བུའོ། །གང་ཞིག་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་ནན་ཏན་བྱེད་དམ་ནན་ཏན་མི་བྱེད་ཀྱང་རུང་། མདོ་སྡེ་འདིའི་མཚན་ཡོད་པ་ཐོས་ཏེ་ཐོས་མ་ཐག་ཏུ་དད་ཅིང་ཡིད་ཆེས་ན་ཉོན་མོངས་པའི་ནད་
ཐམས་ཅད་མེད་པར་བྱེད་ཀྱང་ལོག་སྲེད་ཅན་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདེ་བར་དགོད་མི་ནུས་སོ། །ཇི་ལྟར་སྨན་གྱི་རྒྱལ་པོ་དེ་ནད་ཐམས་ཅད་འཚོ་བར་བྱེད་མོད་ཀྱི། ངེས་པར་འཆི་བའི་དུས་ལ་བབ་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་
འདི་ལྟ་སྟེ་དཔེར་ན་ལག་པ་ལ་རྨ་ཡོད་པ་དག་གིས་དུག་གཟུང་ན་དུག་ཁོང་དུ་འགྲོའོ། །རྨ་མེད་པ་ནི་གཟུང་ཡང་ཁོང་དུ་མི་འགྲོའོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། བྱང་ཆུབ་ཀྱི་རྒྱུ་མེད་པས་རྨ་མེད་པས་དུག་གཟུང་བ་དང་མཚུངས་ཏེ་ཁོང་དུ་མི་འགྲོའོ། །རྨ་ཞེས་བྱ་བ་
ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུའོ། །དུག་ཅེས་བྱ་བ་ནི་དོན་དམ་པའི་སྨན་ལྟ་བུའོ། །རྨ་མེད་པ་ནི་ལོག་སྲེད་ཅན་ལྟ་བུའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་ནི་ཅིས་ཀྱང་མི་ཆོགས་ཏེ། ཐམས་ཅད་ཕིགས་ཤིང་གཅོག་ནུས་ཀྱང་རུ་སྦལ་གྱི་ཁོག་པ་དང་ར་རུས་
ཆོགས་སོ། །མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་ཡང་དེ་དང་འདྲ་སྟེ། ཚད་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་ལམ་ལ་བདེ་བར་བཙུད་ཀྱང་ལོག་སྲེད་ཅན་དག་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེད་མི་ནུས་སོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་རྩྭ་དན་ཐུ་ལི་ཀ་དང་། ཤིང་སྦ་ལི་
ཤི་དང་། ལི་ཀ་ལྟ་བུ་སྡོང་བུ་དང་ཡལ་ག་བཅད་ཀྱང་དེ་མ་ཐག་ཏུ་ཕྱིར་སྐྱེས་ཏེ། ཤིང་ཏ་ལ་ལྟར་བཅད་ནས་ཕྱིར་མི་སྐྱེ་བ་ནི་མ་ཡིན་ནོ། །སེམས་ཅན་དེ་དག་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ན་ཕས་ཕམ་པ་བཞི་བྱུང་ངམ། མཚམས་

མེད་པ་ལྔ་བྱས་ཀྱང་བྱང་ཆུབ་ཀྱི་རྒྱུ་ཕྱིར་སྐྱེ་ཡང་སྲིད་ཀྱི། ལོག་སྲེད་ཅན་ནི་དེ་ལྟར་མ་ཡིན་ཏེ། མདོ་སྡེ་དམ་པ་འདི་ཐོས་སམ། མཉན་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེ་མི་སྲིད་དོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཤིང་ཀ་ཏ་ལ་དང་ཙིན་དོ་ཀ་ལྟ་བུ་བཅད་ན་ས་བོན་ཚིག་པ་
དང་འདྲ་སྟེ་ཕྱིར་མི་སྐྱེའོ། །ལོག་སྲེད་ཅན་དག་དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཐོས་ཀྱང་བྱང་ཆུབ་ཀྱི་རྒྱུ་མི་སྐྱེ་བ་ནི་ས་བོན་ཚིག་པ་དང་འདྲའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཆར་ཆེན་པོ་བབ་ན་ནམ་མཁའ་སྟོང་པ་ལ་མི་ཆགས་སོ། །
མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཡང་དེ་དང་འདྲ་སྟེ། ཆོས་ཀྱི་ཆར་ཀུན་ཏུ་ཕབ་ཀྱང་ལོག་སྲེད་ཅན་ལ་མི་ཆགས་སོ། །ལོག་སྲེད་ཅན་གྱི་ལུས་ལ་རྡོ་རྗེ་གཏམས་པ་ལྟར་ཀུན་ཏུ་ཁྱབ་པས་ཅིས་ཀྱང་མི་ཚུགས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་
ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་ལས་ཀྱང་བཀའ་སྩལ་པ། དགེ་བ་མ་མཐོང་དགེ་མི་བྱེད། །སྡིག་པ་མཐོང་བས་སྡིག་པ་བྱེད། །དེ་ལ་འཇིགས་ཤིང་བྱོལ་བ་ནི། །ཇི་ལྟར་ལམ་ངན་གཡང་ས་བཞིན། །ཞེས་བཅོམ་ལྡན་འདས་ཀྱིས་དེ་
སྐད་ཅེས་གསུངས་པའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མ་མཐོང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རང་བཞིན་མ་མཐོང་བའོ། །དགེ་བ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མི་བྱེད་ཅེས་བྱ་བ་ནི་དགེ་བའི་
བཤེས་གཉེན་ལ་བསྙེན་བཀུར་མི་བྱེད་པའོ། །མཐོང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུ་མེད་པར་མཐོང་བའོ། །སྡིག་པ་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་སྐུར་པའོ། །བྱེད་ཅེས་བྱ་བ་ནི་ལོག་སྲེད་ཅན་ཤིན་ཏུ་རྒྱས་པ་མེད་པར་སྨྲ་སྟེ། དེ་བས་ན་ལོག་སྲེད་
ཅན་དག་ནི་ཡོངས་སུ་དག་པ་དགེ་བའི་ཆོས་ལ་འཇུག་ཅིང་འབད་པའི་སེམས་མེད་དོ། །ཆོས་གང་ལ་དགེ་བ་ཞེས་བྱ་ཞེ་ན། དེ་ནི་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པ་ལ་འཇུག་ཅིང་འབད་པ་ནི་འཕགས་པའི་སྤྱོད་པ་ལ་ནན་ཏན་བྱེད་པའོ། །ལོག་སྲེད་ཅན་དག་

ནི་འཕགས་པའི་སྤྱོད་པ་མི་སྤྱོད་པས་མྱ་ངན་ལས་འདས་པ་ལ་འཇུག་ཅིང་འབད་མི་ནུས་སོ། །དེ་ལ་སྐྲག་པར་བྱའོ་ཞེས་བྱ་བ་ནི་དམ་པའི་ཆོས་ལ་སྐུར་པ་སྟེ། གང་གིས་སྐྲག་པར་བྱ་ཞེ་ན། མཁས་པ་ཤེས་རབ་ཅན་དག་གིས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་
ལ་སྐུར་པས་དགེ་བའི་སེམས་མེད་དེ། སྦྱོར་བའི་ཐབས་མེད་པའི་ཕྱིར་རོ། །ལམ་གཡང་ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ། །འོད་སྲུང་གིས་ཡང་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། བྱ་བ་མཐོང་བ་གང་དག་ལགས། །དགེ་བའི་ཆོས་སུ་གང་དག་
འགྱུར། །མི་འཇིགས་པ་ཡི་གནས་ནི་གང་། །རྒྱལ་པོས་བདེ་བའི་ལམ་བགྲོད་བཞིན། །ཞེས་བགྱི་བའི་དོན་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱ་བ་མཐོང་ཞེས་བྱ་བ་ནི། སྡིག་པ་མཐོལ་བ་ལ་བྱ་སྟེ། འཁོར་བའི་མཐའ་ནས་སྡིག་
པ་མི་དགེ་བའི་ཆོས་ཅི་བྱས་པ་ཀུན་བཤགས་ཏེ། ཕྱིན་པ་མེད་པའི་གནས་སུ་ཕྱིན་པའོ། །དེ་བས་ན་གནས་དེ་ནི་མི་འཇིགས་པ་སྟེ། དཔེར་ན་རྒྱལ་པོ་ལམ་དུ་ཞུགས་ཏེ་སོང་ན་ལམ་ཀ་ནས་མི་རྒོད་ལ་སོགས་པ་འབྱོལ་ཞིང་འབྲོས་སོ། །དེ་བཞིན་དུ་སྡིག་པ་མི་དགེ་བའི་ཆོས་
ཀྱང་མཐོལ་ཞིང་བཤགས་ན་ཐམས་ཅད་བྱང་བར་འགྱུར་རོ། །གཞན་ཡང་བྱེད་པ་མི་མཐོང་བ་ནི་ལོག་སྲེད་ཅན་དག་སྡིག་པ་མི་དགེ་བའི་ལས་བྱས་ཀྱང་མི་མཐོང་བའོ། །ལོག་སྲེད་ཅན་དག་ནི་ང་རྒྱལ་གྱི་དྲེགས་པས་སྡིག་པ་མི་དགེ་བའི་ཆོས་མང་དུ་བྱས་ཀྱང་ཐོག་མ་ནས་མི་སྐྲག་
མི་འཇིགས་པའོ། །དེ་བས་ན་མྱ་ངན་ལས་འདས་པ་མི་ཐོབ་པ་ནི་དཔེར་ན་སྤྲེའུ་དག་ཆུའི་ནང་གི་ཟླ་བ་འཛིན་པ་དང་མཚུངས་སོ། །རིགས་ཀྱི་བུ་གལ་ཏེ་ཚད་མེད་པའི་སེམས་ཅན་ཐམས་ཅད་ཅིག་ཅར་དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
སངས་རྒྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ལོག་སྲེད་ཅན་དག་བྱང་ཆུབ་ཐོབ་པར་མི་རིགས་ཏེ། དེ་བས་ན་བྱ་བ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་སུས་བྱས་པ་མི་མཐོང་ཞེ་ན། དེ་བཞིན་གཤེགས་པས་མཛད་པས་མི་མཐོང་ངོ་། །དེ་བཞིན་གཤེགས་པས་

སོ་སོའི་སྐྱེ་བོ་ལ་སངས་རྒྱས་ཀྱི་རང་བཞིན་བསྟན་ཅིང་བཤད་ཀྱང་ལོག་སྲེད་ཅན་དག་ནི་འཁོར་བ་ན་ཡོངས་སུ་འཁོར་བས་ཤེས་པར་རམ། མཐོང་བར་མི་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པས་མཛད་པ་མི་མཐོང་བ་ཞེས་བྱའོ། །གཞན་ཡང་ལོག་སྲེད་ཅན་དག་
ནི་མཐར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཏེ་ཡང་དག་པར་མི་རྟག་པར་འཛིན་པ་ནི་ཇི་ལྟར་མར་མེ་དང་མར་བཅས་པར་ཟད་པ་ལྟ་བུར་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་སྡིག་པ་མི་དགེ་བའི་ལས་མི་འབྲི་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་གང་ཞིག་
དགེ་བ་བྱས་པའི་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པ་ན་ལོག་སྲེད་ཅན་དག་ནི་དེ་ལ་འཕྱ་ཞིང་མ་དད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་དག་ཀྱང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ཡོངས་སུ་སྔོ་བར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན།
སངས་རྒྱས་རྣམས་ཀྱི་ཆོས་ཉིད་དེ་འདྲ་བའི་ཕྱིར་རོ། །འོ་མ་ལས་ནི་ཞོར་འགྱུར་ཞིང་། །སྡིག་པ་འཕྲལ་དུ་སྨིན་མི་འགྱུར། །མེ་མདག་ཐལ་བས་གཡོགས་པ་ལ། །གླེན་པ་བརྙས་པས་རྫི་བར་འགྱུར། །ལོག་སྲེད་ཅན་དག་ནི་མིག་མེད་པ་ཞེས་བྱ་སྟེ། དེ་བས་ན་དགྲ་
བཅོམ་པའི་ལམ་མི་མཐོང་ངོ་། །དགྲ་བཅོམ་པ་ནི་འཁོར་བའི་ལམ་ངན་པ་གཡང་སར་མི་འགྲོའོ། །མིག་མེད་པ་དག་ནི་ཤིན་ཏུ་རྒྱས་པ་ལ་སྐུར་པས་དགྲ་བཅོམ་པ་ལྟར་བྱམས་པའི་སེམས་ལ་ནན་ཏན་མི་བྱེད་དོ། །ལོག་སྲེད་ཅན་དག་ཤིན་ཏུ་རྒྱས་པ་ལ་ནན་ཏན་མི་བྱེད་
པའང་དེ་དང་འདྲའོ། །སྐྱེས་བུ་གང་ཞིག་འདི་སྐད་དུ་བདག་ནི་ཉན་ཐོས་པའི་མདོ་སྡེ་ལ་མ་དད་ཀྱི་ཐེག་པ་ཆེན་པོ་ལ་དད་དེ་འདོན་པ་དང་། ཀློག་པ་དང་། སྟོན་ཅིང་འཆད་པའང་བྱེད་དོ། །དེ་བས་ན་བདག་ནི་བྱང་ཆུབ་སེམས་དཔའ་སྟེ། སེམས་ཅན་ཐམས་ཅད་ལ་ཡང་སངས་
རྒྱས་ཀྱི་རང་བཞིན་ཡོད་པས་སེམས་ཅན་གྱི་ལུས་ཀྱི་ནང་ན་སྟོབས་བཅུ་དང་། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་ཡང་ཡོད་དོ། །བདག་སྨྲ་བ་དང་། སངས་རྒྱས་ཀྱིས་གསུངས་པ་ཐ་མི་དད་དོ། །བདག་དང་ཁྱེད་བཅས་སུ་ཚད་མེད་པའི་ཉོན་

མོངས་པ་འཇོམས་པར་འགྱུར་བ་ནི་ཇི་ལྟར་ཆུ་སྣོད་ཆག་པ་བཞིན་དུ། ཉོན་མོངས་པ་ཀུན་བཅོམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཐོང་བར་འགྱུར་རོ་ཞེས་སྐྱེས་བུ་དེས་དེ་སྐད་དུ་སྟོན་ཅིང་འཆད་མོད་ཀྱི། སེམས་ཅན་ལ་ཡང་དག་པར་
སངས་རྒྱས་ཀྱི་རང་བཞིན་ཡོད་པར་ཡིད་ཆེས་པ་མ་ཡིན་ཏེ་ཕན་པ་དང་བདེ་བའི་ཕྱིར་ཡི་གེ་ལས་འབྱུང་བ་བཞིན་སྟོན་ཏེ། དེ་ལྟར་སྟོན་པ་དེ་ནི་སྡིག་པ་ཅན་ཞེས་བྱ་སྟེ། སྡིག་པ་ཅན་དེ་ནི་ཇི་ལྟར་འོ་མ་ལས་ཞོར་འགྱུར་བ་བཞིན་དུ་འབྲས་བུ་མྱུར་དུ་མི་འགྲུབ་པའོ། །དཔེར་ན་རྒྱལ་པོའི་
ཕོ་ཉ་ཤིན་ཏུ་སྨྲ་མཁས་ལ་ཐབས་དང་ལྡན་པ་ཞིག་ཡུལ་གཞན་དུ་བཀའ་སྩལ་ཏེ་བཏང་ན་ལུས་དང་སྲོག་ལ་བབ་ཀྱང་རྒྱལ་པོའི་བཀའ་མི་འཆབ་བོ། །མཁས་པ་ཤེས་རབ་ཅན་ཡང་དེ་དང་འདྲ་སྟེ། བྱིས་པ་མ་རབས་ཀྱི་ནང་དུ་ལུས་དང་སྲོག་ལ་མི་ལྟ་བར་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་
པ་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡོད་པ་སྒྲོགས་ཤིང་སྟོན་ཏོ། །རིགས་ཀྱི་བུ་ལོག་སྲེད་ཅན་འགའ་ཞིག་དགྲ་བཅོམ་པ་ལྟར་འཆོས་ཏེ། བས་མཐར་གནས་ནས་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ལ་འཕྱ་ཞིང་སྐུར་ན་བུས་
པ་མ་རབས་དག་དེ་ལ་ཡང་དག་པར་དགྲ་བཅོམ་པའམ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་པར་འཛིན་ཏེ། ལོག་སྲེད་ཅན་དགེ་སྦྱོང་སྡིག་པ་ཅན་དེ་བས་མཐར་གནས་ཀྱང་། བས་མཐར་གནས་པའི་ཆོས་མ་རུང་བར་བྱེད་དོ། །ཕ་རོལ་པོས་རྙེད་པ་དང་བཀུར་སྟི་
ཐོབ་པ་ལ་ཕྲག་དོག་གི་སེམས་སྐྱེས་ནས་འདི་སྐད་དུ་ཤིན་ཏུ་རྒྱས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཡང་བདུད་སྡིག་ཏོ་ཅན་གྱིས་བསྟན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཡང་མི་རྟག་པའོ་ཞེས་སྨྲས་ཏེ། དམ་པའི་ཆོས་འཇིག་ཅིང་དགེ་འདུན་མ་རུང་བར་བྱེད་དོ། །གཞན་ཡང་འདི་
སྐད་དུ་བདུད་སྡིག་ཏོ་ཅན་གྱིས་སྨྲས་པ་ནི་དགེ་བའི་རྗེས་སུ་སྨྲས་པ་མ་ཡིན་ནོ་ཞེས་སྡིག་པ་མི་དགེ་བའི་ཆོས་དེ་སྐད་ཅེས་སྨྲས་ཏེ། སྡིག་པ་དེ་ལྟར་བྱས་ཀྱང་འོ་མ་ལས་ཞོར་འགྱུར་བ་བཞིན་དུ་འཕྲལ་དུ་སྨིན་པ་མ་ཡིན་པས་མེ་མདག་ཐལ་བས་བཀབ་པ་ལ་བརྙས་པ་བཞིན་དུ་སྟེང་

དུ་རྫིའོ། །གང་ཟག་དེ་ནི་ལོག་སྲེད་ཅན་ཞེས་བྱའོ། །དེ་བས་ན་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་དམ་པ་འདི་ངེས་པར་ཡོངས་སུ་དག་པའོ། །ནོར་བུ་རིན་པོ་ཆེ་ཆུ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་ཆུ་དང་བར་འགྱུར་བ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་འདི་ཡང་དེ་དང་འདྲའོ། །
རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་མེ་ཏོག་པད་མོ་དག་ཉི་མའི་འོད་ཀྱིས་ཕོག་མ་ཐག་ཏུ་ཁ་འབྱེའོ། །སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོ་ཉི་མ་ལྟ་བུ་མཐོང་ན་སེམས་མ་བསྐྱེད་པ་དག་སེམས་བསྐྱེད་ཅིང་བྱང་ཆུབ་ཀྱི་རྒྱུར་
འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པའི་འོད་བ་སྤུའི་བུ་གར་ཞུགས་ན་རྒྱུ་དམ་པར་འགྱུར་རོ། །ཞེས་ངས་གསུངས་སོ། །ལོག་སྲེད་ཅན་ནི་སངས་རྒྱས་ཀྱི་རང་བཞིན་ཡོད་ཀྱང་ཁ་ན་མ་ཐོ་བའི་དྲི་མ་ཚད་མེད་པ་སྙེད་ཀྱིས་གླགས་པས་མི་ཐར་བ་ནི་ཇི་ལྟར་དར་གྱི་སྲིན་
བུའི་ཁོག་པ་དང་འདྲ་སྟེ། ལས་དེ་ལྟ་བུའི་རྐྱེན་གྱིས་བྱང་ཆུབ་ཀྱི་རྒྱུ་མི་སྐྱེ་སྟེ། འཁོར་བར་འཁོར་བའི་མཐའ་མི་ཟད་པར་གྱུར་ཏོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་མེ་ཏོག་ཨུད་པ་ལ་དང་། མེ་ཏོག་པད་མོ་དང་། མེ་ཏོག་ཀུ་མུ་ད་དང་། མེ་ཏོག་པུན་ད་རཱི་ཀ་
དག་འདམ་རྫབ་ཀྱི་ནང་ནས་སྐྱེས་མོད་ཀྱི། འདམ་གྱིས་མི་གོས་སོ། །སེམས་ཅན་གང་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་དམ་པ་འདི་ལ་ནན་ཏན་བྱེད་པའང་དེ་དང་འདྲ་སྟེ། ཉོན་མོངས་པ་དང་བཅས་མོད་ཀྱི་ཉོན་མོངས་པས་མི་གོས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་
བཞིན་གཤེགས་པའི་རང་བཞིན་གྱི་མཚན་ཉིད་ཤེས་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན་ཡུལ་ལ་ལ་ན་ཤིན་ཏུ་བསིལ་བའི་རླུང་དང་ལྡན་ན། སེམས་ཅན་གང་ཚ་བས་གདུངས་པའི་ལུས་ཀྱི་བ་སྤུའི་ཁུང་ལ་རེག་ན་ཚ་བས་གདུངས་པ་མེད་པར་འགྱུར་རོ། །ཐེག་པ་ཆེན་
པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདིའང་དེ་དང་འདྲའོ། །སེམས་ཅན་ཐམས་ཅད་ཀྱི་བ་སྤུའི་བུ་གར་འཇུག་ཅིང་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྣོད་མ་ཡིན་པའི་ཕྱིར་རོ། །

རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པ་རིག་པ་རྣམ་པ་བརྒྱད་ལ་མཁས་པ་དག་ནད་ཐམས་ཅད་ཞི་བར་བྱེད་ནུས་མོད་ཀྱི། ངེས་པར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ། །མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ཀྱང་དེ་དང་འདྲ་སྟེ། སེམས་
ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པའི་ནད་གསོ་ཞིང་ཀུན་ནས་ཉོན་མོངས་པའི་ཟུག་རྔུ་འབྱིན་ནུས་མོད་ཀྱི། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ་གཞན་
ཡང་འདི་ལྟ་སྟེ་སྨན་པ་མཁས་པ་རིག་པ་བརྒྱད་ལས་ཀྱང་འདས་པ་དག་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་མོད་ཀྱི། གདོན་མི་ཟ་བར་ཤི་བའི་དུས་ལ་བབ་པ་ལ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་སྡེ་འདི་ཡང་དེ་དང་འདྲ་སྟེ།
སེམས་ཅན་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་ཅིང་། དེ་བཞིན་གཤེགས་པའི་ཡོངས་སུ་དག་པའི་རྒྱུར་འགྱུར་བ་ལ་བདེ་བར་འཇོག་པ་དང་། སེམས་མ་བསྐྱེད་པ་དག་སེམས་སྐྱེད་པར་ནི་བྱེད་མོད་ཀྱི། ངེས་པར་འཆི་བ་ལོག་སྲེད་ཅན་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ་
གཞན་ཡང་འདི་ལྟ་སྟེ། སྨན་པ་མཁས་པ་ནི་མིག་ནད་ལས་ལོང་བར་གྱུར་པ་དག་ལ་ནི་ཉི་མ་དང་། ཟླ་བ་དང་། མེ་དང་། སྐར་མ་དང་། གཟུགས་རྣམ་པ་ཐམས་ཅད་མཐོང་བར་བྱེད་ནུས་ཀྱི། ཐོག་མ་ནས་དམུས་ལོང་དུ་གྱུར་པ་ལ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་
མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་དེ་དང་འདྲ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཅན་ཡང་ཤེས་རབ་ཀྱི་མིག་ཐོབ་ཅིང་ཚད་མེད་མཐའ་ཡས་པའི་ཐེག་པ་ཆེན་པོའི་མདོ་སྡེ་ལ་དགོད་པ་དང་། སེམས་མ་བསྐྱེད་པ་ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་
མེད་པ་ལྔ་བྱས་པ་དག་ཀྱང་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ནི་ནུས་ཀྱི། ཐོག་མ་ནས་དམུས་ལོང་དུ་གྱུར་པ་ལོག་སྲེད་ཅན་དག་ལ་ནི་མ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་ཤིན་ཏུ་མཁས་པ་རིག་པ་རྣམ་པ་བརྒྱད་དང་ལྡན་པ་ནི་སེམས་ཅན་གྱི་

ནད་ཐམས་ཅད་གསོ་བའི་ཕྱིར་སྨན་རྣམ་པ་མང་པོ་སྦྱོར་ཏེ། སྐྱུག་པ་དང་། འཁྲུ་བ་དང་། བསྐུ་བ་དང་། བདུག་པ་དང་། སྣར་བླུགས་པ་དང་། ཕྱེ་མ་དང་། རིལ་བུ་ལ་སོགས་པ་སྦྱོར་རོ། །གལ་ཏེ་མི་དབུལ་པོ་སྨན་མི་འདོད་པ་ཞིག་ན་ཡང་སྨན་པས་དེ་ལ་སྙིང་བརྩེ་
བའི་ཕྱིར་ཁྱིམ་དུ་ཁྲིད་ནས་ནན་གྱིས་སྨན་བླུད་དེ། ནད་འཚོ་བར་བྱེད་དོ། །གལ་ཏེ་བུད་མེད་བུ་བཙས་པ་ཞིག་ཤ་མ་མ་ཕྱིན་ན་ཡང་དེ་ལ་སྨན་གཏོང་སྟེ། ཤ་མ་ཡང་བྱུང་ལ་བུ་ཡང་བདེ་བར་བཙའ་བར་བྱེད་དོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་
འདི་ཡང་དེ་དང་འདྲ་སྟེ། གནས་གང་དང་གང་ན་ཡོད་པ་དེ་དང་དེ་དག་ཏུ་སེམས་ཅན་གྱི་ཉོན་མོངས་པ་ཚད་མེད་པ་སྙེད་ཞི་བར་བྱེད་དེ། ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་དང་། སེམས་མ་བསྐྱེད་པ་ཡང་སེམས་བསྐྱེད་པར་འགྱུར་ན་ལོག་
སྲེད་ཅན་ནི་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མ་མཆིས་པ་ལྔ་བགྱིས་པ་དག་ནི་ཇི་ལྟར་ཤིང་ཏ་ལའི་མགོ་བཅད་ན་ཕྱིར་མི་སྐྱེ་བ་དང་འདྲ་སྟེ། དེ་
དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཅིའི་སླད་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་དེ་དག་གལ་ཏེ་རྨི་ལམ་ན་སེམས་ཅན་དམྱལ་བར་ལྟུང་སྟེ། སྡུག་བསྔལ་མང་པོ་མྱོང་བ་རྨིས་ན་འགྱོད་པའི་སེམས་སྐྱེས་ཏེ།
ཀྱི་ཧུད་བདག་ཅིའི་ཕྱིར་འདི་འདྲ་བའི་སྡིག་པ་མྱོང་བར་འགྱུར། བདག་ཅི་སྟེ་སྡིག་པ་འདི་ལས་ཐར་ན་གདོན་མི་ཟ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ད་ལྟར་མྱོང་བ་འདི་ནི་རབ་ཏུའང་སྡུག་བསྔལ་བའོ་སྙམ་བསམས་ནས་དེ་ནས་སད་དེ་དམ་པའི་ཆོས་ལ་འབྲས་བུ་
ཆེན་པོ་དང་ལྡན་པར་ཤེས་སོ། །ཇི་ལྟར་བུ་ཆུང་ངུ་བགས་ཀྱིས་ཆེར་སྐྱེས་ཀྱི་བར་དུ་རྟག་ཏུ་འདི་སྙམ་དུ་སེམས་ཏེ། སྨན་པ་དེ་ནི་སྨན་ལ་ཤིན་ཏུ་མཁས་སོ། །བདག་མངལ་ན་འདུག་པ་ལས་བདག་གི་མ་ལ་སྨན་གཏོང་བས་སྨན་གྱི་མཐུས་བདེ་བར་གྱུར་ཏེ། བདག་ཀྱང་

འཚོ་བར་གྱུར་ཏོ། །ངོ་མཚར་ཆེའོ། །བདག་གི་མས་ཟླ་བ་བཅུའི་བར་དུ་སྡུག་བསྔལ་ཆེན་པོ་མྱོང་སྟེ། བདག་བཙས་ནས་ཀྱང་གཤེར་བ་མི་བདེ་བ་དང་ནི་བྲལ། བསྐམ་པ་བདེ་བ་དང་ཕྲད་དེ་མི་གཙང་བ་བཤང་གཅི་ཆེ་ཆུང་ཡང་ཕྱགས་ནས་ནུ་ཞོ་བསྣུན་ཏེ།
བདག་གི་ལུས་འདི་དག་གསོས་ནས་རིམ་གྲོ་ཆེར་བྱས་སོ། །དེ་བས་ན་བདག་ཀྱང་དྲིན་ལ་ལན་གླན་པའི་ཕྱིར་རིམ་གྲོ་ཆེར་བྱས་ཏེ་ཡིད་དང་མི་འགལ་བར་མཆོད་པ་བྱའོ་སྙམ་སེམས་སོ། །ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པའི་སྡིག་བྱས་པ་ཡང་མཐར་དུས་
བྱེད་པ་ན། ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་དྲན་པར་བྱས་ན་སེམས་ཅན་དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། ཡི་དགས་སམ། ལྷའམ། མིར་སྐྱེས་ཀྱང་མདོ་སྡེ་འདིས་མི་དེའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་དེ། ལོག་སྲེད་ཅན་ནི་མ་
གཏོགས་སོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པའམ། སྨན་པ་མཁས་པའི་བུ་སྨན་གཞན་ལས་འཕགས་པར་མཁས་པ་དུག་གི་སྨན་ལ་ཡང་ཤིན་ཏུ་མཁས་ཤིང་རིག་སྔགས་ལ་ཡང་མཁས་ན་སྦྲུལ་གདུག་པའམ། ཀླུའམ། གདུག་པ་གཞན་
དག་ཀྱང་རིག་སྔགས་དང་སྨན་གྱི་མཐུས་གདུག་པ་མེད་པར་བྱེད་དོ། །གལ་ཏེ་ལྷམ་ལ་སྨན་བསྐུས་ཏེ། སྦྲུལ་གདུག་པ་ལ་སོགས་པ་ལ་རེག་ན་གདུག་པ་ཞི་བར་འགྱུར་ཡང་། གདུག་པ་ཀླུ་ཆེན་པོ་ཞེས་བྱ་བ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་
པོ་འདི་ཡང་དེ་དང་འདྲ་སྟེ། སེམས་ཅན་གང་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔ་བྱས་ཀྱང་དེ་དག་གི་ཁ་ན་མ་ཐོ་བའི་སྡིག་པ་བྱང་ཞིང་བྱང་ཆུབ་ལ་དགོད་པར་བྱེད་དོ། །ལྷམ་ལ་སྨན་གྱིས་བསྐུས་ན་ཡང་དུག་ཞི་བར་བྱེད་པ་ལྟར་སེམས་མ་བསྐྱེད་པ་དག་ཀྱང་
སེམས་བསྐྱེད་ཅིང་བྱང་ཆུབ་ལ་བདེ་བར་དགོད་པར་བྱེད་དོ། །ཐེག་པ་ཆེན་པོ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་སྨན་ལྟ་བུ་འདིའི་མཐུས་སེམས་ཅན་ཐམས་ཅད་བདེ་བར་བྱེད་ཀྱང་ཀླུ་ཆེན་པོ་ལྟ་བུ་ལོག་སྲེད་ཅན་དག་ནི་མ་གཏོགས་སོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་

དཔེར་ན་མི་ཞིག་གིས་དུག་རྣམ་པར་སྦྱར་ནས་རྔ་ཆེན་པོ་ལ་བསྐུས་ཏེ་མི་མང་པོའི་ནང་དུ་བརྡུངས་ན་སྒྲ་དེ་ཐོས་པར་མི་འདོད་མོད་ཀྱི། ཐོས་པ་ཐམས་ཅད་འཆི་ཡང་གློ་བུར་དུ་འཆི་བར་མི་འགྱུར་བ་འབའ་ཞིག་ནི་མ་གཏོགས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་
པ་འདི་ཡང་དེ་དང་འདྲ་སྟེ། གང་དང་གང་ན་འདུ་བྱེད་མང་པོའི་ནང་དུ་སྒྲ་ཐོས་པར་གྱུར་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་ཀུན་འབྱང་བར་འགྱུར་ཏེ། དེ་ལ་སེམས་ཤིང་ཡིད་ལ་བྱ་བའི་བསམ་པ་མེད་ཀྱང་མྱ་ངན་ལས་འདས་པ་ཆེན་པོའི་མཐུས་ཉོན་
མོངས་པ་ཀུན་ཞི་བར་འགྱུར་རོ། །ཕས་ཕམ་པ་བཞི་ཉམས་པ་དང་། མཚམས་མེད་པ་ལྔ་བྱས་པ་དག་ཀྱང་མདོ་སྡེ་འདི་ཐོས་ན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ཉོན་མོངས་པ་ཁད་ཀྱིས་འབྱང་བར་འགྱུར་ན་གློ་བུར་དུ་མི་འཆི་བ་ལོག་སྲེད་ཅན་ནི་མ་གཏོགས་སོ། །
རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་མུན་སྲོས་ན་ལས་བྱ་བ་ཐམས་ཅད་གཏོང་སྟེ། འཕྲོ་ལུས་ཀྱང་སང་གི་བར་དུ་སྡོད་དོ། །ཐེག་པ་ཆེན་པོ་སློབ་པ་ཡང་དེ་དང་འདྲ་སྟེ། མདོ་སྡེའི་ཏིང་ངེ་འཛིན་ཐམས་ཅད་ལ་ནན་ཏན་བྱས་ཀྱང་མྱ་ངན་ལས་འདས་པ་ཆེན་པོ་ཉི་མ་ལྟ་བུ་
འདི་ལས་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་འདི་ཐོས་ནས་གདོད་བྱང་ཆུབ་ཀྱི་ལས་བྱེད་དེ་དམ་པའི་ཆོས་ལ་བདེ་བར་གནས་སོ། །དཔེར་ན་ཆར་པ་ནི་ས་བོན་ཐམས་ཅད་སྐྱེ་བ་དང་འབྲས་བུ་ཐམས་ཅད་སྨིན་པ་དང་། མུ་གེ་ལ་སོགས་པ་སེལ་ཅིང་ལོངས་
སྤྱོད་དང་ལྡན་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་ཆོས་ཀྱི་ཆར་ཚད་མེད་པ་འདི་ཡང་དེ་དང་འདྲ་སྟེ། གདུང་བའི་ནད་རྣམ་པ་བརྒྱད་སེལ་བ་དང་། མདོ་སྡེ་འདི་འཇིག་རྟེན་དུ་བྱུང་བས་འབྲས་བུ་ཐམས་ཅད་སྨིན་པར་བྱེད་པ་དང་། ཐམས་ཅད་ལ་ཕན་པ་དང་བདེ་བར་
འགྱུར་བ་དང་། སོ་སོའི་སྐྱེ་བོ་དག་སངས་རྒྱས་ཀྱི་རང་བཞིན་མཐོང་བ་ཇི་ལྟར་པུཎྜ་རཱི་ཀའི་མདོ་ལས་ཉན་ཐོས་བརྒྱད་སྟོང་རྣམས་ལ་ལུང་བསྟན་ཏེ་འབྲས་བུ་ཆེན་པོ་ཐོབ་པ་བཞིན་ནོ། །ཇི་ལྟར་སྟོན་གྱི་དུས་སུ་ལས་བྱས་ནས་དགུན་སྦེད་པ་ལྟར་ལས་གཞན་མི་བྱེད་པ་ལོག་སྲེད་

ཅན་ཡང་དེ་དང་འདྲ་སྟེ། དགེ་བའི་ཆོས་ལ་རྩོལ་བ་མེད་དོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པ་ཞིག་ཕ་རོལ་པོའི་བུ་ཞིག་འདྲེས་བརླམས་ཞེས་ཐོས་ན་སྨན་བཟང་པོ་སྦྱར་ཏེ། མི་ཅིག་དེའི་སྟེང་དུ་མངགས་ནས་འདི་སྐད་
ཅེས་ཁྱོད་སྨན་འདི་ཐོགས་ལ་དེའི་གན་དུ་སྐྱོལ་ཅིག །ཅི་སྟེ་མངགས་པའི་མི་དེ་ཉིད་ལམ་དུ་ཡི་དགས་དང་ཕྲད་ན་ཡང་སྨན་དེའི་སྟོབས་ཀྱིས་འབྱོལ་ཞིང་འབྲོས་པར་འགྱུར་རོ། །ཁྱོད་ཅི་སྟེ་ཐོགས་ན་ཡང་ཁོ་བོ་ཉིད་དོན་དུ་འགྲོ་སྟེ། ནད་པ་དེ་གློ་བུར་གྱིས་འཆི་བར་མི་བྱའོ། །
ཅི་སྟེ་ནད་པ་དེས་མངགས་པའི་མི་དེའམ། ཁོ་བོ་ཉིད་དང་ཕྲད་ན་སྨན་གྱི་སྟོབས་ཀྱིས་ནད་ཀྱི་སྡུག་བསྔལ་དང་བྲལ་ཏེ་བདེ་བར་འགྱུར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཡང་དེ་དང་འདྲ་སྟེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་
ནམ། དགེ་བསྙེན་མའམ། མུ་སྟེགས་ཅན་ལ་སོགས་པ་གང་སུ་ཡང་རུང་སྟེ། མདོ་སྡེ་འདི་འཆང་ངམ། འཛིན་ཏམ། ཀློག་གམ། འདོན་ཏམ། ཁོང་དུ་ཆུད་པར་བྱེད་དམ། གཞན་ལ་རྒྱས་པར་སྟོན་ཅིང་འཆད་དམ། བདག་གིས་གླེགས་བམ་དུ་བྲིས་སམ། གཞན་
འདྲིར་བཅུག་ན་དེ་དག་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །གལ་ཏེ་ཕས་ཕམ་པ་བཞི་ཉམས་སམ། མཚམས་མེད་པ་ལྔའི་སྡིག་བྱས་སམ། ཡི་དགས་ཀྱིས་བརླམས་སམ། གདུག་པས་གནོད་པར་གྱུར་པ་དག་མདོ་སྡེ་འདི་ཐོས་ན་སྡིག་པ་ཐམས་ཅད་བྱང་བར་འགྱུར་
ཏེ། ཇི་ལྟར་སྨན་པ་མཁས་པ་དེ་མཐོང་ན་ཡི་དགས་ལ་སོགས་པ་འབྱོལ་ཞིང་འབྲོས་པ་བཞིན་ནོ། །དེ་བས་ན་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ཆེན་པོ་ཐོས་པ་ཙམ་དང་། དེ་བཞིན་
གཤེགས་པ་རྟག་གོ་བར་བསམས་པའི་ཕྱིར་རོ། །ཐོས་པ་ཙམ་གྱིས་ཀྱང་དེ་ལྟ་བུར་གྱུར་ན། གླེགས་བམ་དུ་འདྲིའམ། འཆང་ངམ། འཛིན་ཏམ། ཀློག་གམ། འདོན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལོག་སྲེད་ཅན་མ་གཏོགས་པར་ཐམས་ཅད་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་འོན་པས་སྒྲ་སྐད་ཅི་ཡང་མི་ཐོས་སོ། །ལོག་སྲེད་ཅན་ཡང་དེ་དང་འདྲ་སྟེ། མདོ་སྡེ་དམ་པ་འདི་ཉན་པར་རྩོལ་ཡང་མི་ཐོས་སོ། །དེ་ཅིའི་ཕྱིར་ཞེ་ན། ཐོས་པའི་རྒྱུ་མེད་པའི་ཕྱིར་
རོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པ་དཔྱད་ཐམས་ཅད་རབ་ཏུ་རྟོགས་པ་རིག་སྔགས་ཚད་མེད་པ་ཡང་ཤེས་པ་ཞིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་རྒྱལ་པོ་ཆེན་པོ་ལ་ནི་ངེས་པར་འཆི་བར་འགྱུར་བའི་ནད་ཡོད་དོ། །
རྒྱལ་པོས་སྨྲས་པ། ཁྱོད་ཁོ་བོའི་ཁོང་པར་མ་ཕྱིན་ན། ཁོ་བོ་ལ་ངེས་པར་འཆི་བར་འགྱུར་བའི་ནད་ཡོད་པར་ཇི་ལྟར་ཤེས། སྨན་པས་སྨྲས་པ། དེ་ལྟར་ཡིད་མི་ཆེས་ན་བཀྲུ་སྨན་ཐོང་ཤིག་དང་། ནད་ཕྱིར་འབྱུང་སྟེ་མཐོང་བར་འགྱུར་རོ་ཞེས་སྨྲས་ཀྱང་སྨན་འཐུང་དུ་མ་བཏུབ་བོ། །
དེ་ནས་སྨན་པ་དེས་རིག་སྔགས་ཀྱི་མཐུས་རྒྱལ་པོ་དེའི་རྐུབ་ལ་ཤུ་བ་སྐྱེས་ནས་རྐུབ་ནས་སྲིན་བུ་དང་ཁྲག་བྱུང་བར་བྱས་སོ། །རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས་ཤིན་ཏུ་སྐྲག་སྟེ། སྨན་པ་དེ་ལ་ལེགས་སོ་ལེགས་སོ་ཞེས་བསྟོད་ནས་སྔར་ཁྱོད་ཀྱི་ཚིག་མ་ཉན་ཏེ། ད་ཡང་ཁྱོད་ཀྱིས་
བདག་གི་ལུས་ལ་ཤིན་ཏུ་ཕན་པ་ཆེན་པོ་བྱས་སོ་ཞེས་སྨྲས་ནས་སྨན་པ་དེ་ཕ་མ་ལྟ་བུར་བཀུར་སྟི་བྱེད་དོ། །ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དེ་དང་འདྲ་སྟེ། སེམས་ཅན་གང་འདོད་པ་དང་བཅས་པའམ། འདོད་པ་མེད་ཀྱང་རུང་སྟེ། དེ་དག་གི་ཉོན་མོངས་པ་
ཐམས་ཅད་ཞི་བར་བྱེད་དོ། །སེམས་ཅན་གང་རྨི་ལམ་ན་མདོ་སྡེ་འདི་རྨིས་པས་མཆོད་པ་དང་། བཀུར་སྟི་བྱེད་པ་ནི་ཇི་ལྟར་རྒྱལ་པོ་ཆེན་པོས་སྨན་པ་མཁས་པ་ལ་བཀུར་སྟི་བྱེད་པ་བཞིན་ནོ། །ཇི་ལྟར་སྨན་པ་མཁས་པས་ངེས་པར་འཆི་བར་འགྱུར་བ་མི་གསོ་བ་བཞིན་དུ་མྱ་ངན་ལས་འདས་
པ་ཆེན་པོའི་མདོ་སྡེ་འདི་ཡང་དེ་དང་འདྲ་སྟེ། ལོག་སྲེད་ཅན་ལ་གསོ་བར་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་པས་རིག་པའི་གནས་བརྒྱད་ལ་མཁས་པ་དག་ནད་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་བའི་ནད་གསོ་ནུས་པ་མ་ཡིན་ནོ། །

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་གྱི་སྲིད་པའི་ཁ་ན་མ་ཐོ་བ་ཐམས་ཅད་གསོ་ནུས་ཀྱང་ངེས་པར་འཆི་བར་འགྱུར་བ་ལྟ་བུ་ལོག་སྲེད་ཅན་དག་གསོ་ནུས་པ་མ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་སྨན་པ་མཁས་
པས་རིག་པའི་གནས་བརྒྱད་ལ་མཁས་པ་སྨན་དཔྱད་ཀུན་དང་རིག་པའི་གནས་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་ཏེ་ཐམས་ཅད་རྟོགས་ནས་སྔར་བུ་ལ་ཆུའི་ནང་ནས་འབྱུང་བ་དང་། སྐམ་ས་ལ་འབྱུང་བ་དང་། རི་ལ་འབྱུང་བའི་སྨན་ཐམས་ཅད་སྟོན་ཏོ། །དེ་དག་ཤེས་ནས་བགས་ཀྱིས་རིག་
པའི་གནས་བརྒྱད་སྟོན་ཏོ། །དེ་ནས་དེ་མ་ཡིན་པ་དཔྱད་གསང་བའི་མཆོག་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འདྲ་སྟེ། སྔར་སྲས་དང་འདྲ་བ་དགེ་སློང་རྣམས་ལ་ཉོན་མོངས་པ་ཐམས་ཅད་བསལ་བའི་ཐབས་བསྟན་ཏེ།
ལུས་གཙང་བར་བྱ་བ་སྙིང་པོ་མེད་པའི་འདུ་ཤེས་ལ་ནན་ཏན་བྱེད་དུ་བཅུག་པ་དེ་ནི་ཆུ་དང་སྐམ་ས་དང་རི་བྲགས་ལྟ་བུ་བསྟན་པའོ། །ཆུ་ཞེས་བྱ་བ་ནི་ལུས་སྡུག་བསྔལ་མྱོང་བ་ཆུའི་ཆུ་བུར་དང་འདྲའོ་ཞེས་བསྟན་པའོ། །སྐམ་ས་ཞེས་བྱ་བ་ནི་ལུས་འདི་སྙིང་པོ་མེད་དེ་ཆུ་ཤིང་དང་
འདྲའོ་ཞེས་བསྟན་པའོ། །རི་བྲགས་ཞེས་བྱ་བ་ནི་ཉོན་མོངས་པའི་ནང་ན་བདག་མེད་པའི་འདུ་ཤེས་བསྒོམ་པ་བསྟན་པ་སྟེ། དེ་བས་ན་ལུས་ལ་བདག་མེད་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་དེ་ལྟར་ཉེ་གནས་རྣམས་ལ་བགས་ཀྱིས་མདོ་སྡེ་དགུ་པོ་བསྟན་ཏེ་རྟོགས་པར་བྱས་ནས་
དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ཏེ། སྲས་ལྟ་བུའི་ཕྱིར་དེ་བཞིན་གཤེགས་པ་རྟག་གོ་ཞེས་པ་བཤད་དོ། །དེ་བཞིན་གཤེགས་པས་དེ་ལྟར་ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་བསྟན་པ་ནི་སེམས་ཅན་གང་སེམས་སྐྱེད་དམ། སེམས་མ་བསྐྱེད་པ་ཐམས་ཅད་
ཀྱི་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། ལོག་སྲེད་ཅན་འབའ་ཞིག་ནི་མ་གཏོགས་སོ། །རིགས་ཀྱི་བུ་ཐེག་པ་ཆེན་པོའི་མདོ་སྡེ་མྱ་ངན་ལས་འདས་པ་ཆེན་པོ་འདི་ནི་ཚད་མེད་མཐའ་ཡས་པ་སྟེ་བསམ་གྱིས་མི་ཁྱབ་བོ། །དེ་བས་ན་འདི་ནི་སྨན་པ་མཁས་པའི་མཆོག་ཕུལ་དུ་གྱུར་པ། གཙོ་

བོར་གྱུར་པ། མདོ་སྡེ་ཀུན་གྱི་རྒྱལ་པོ་ལྟ་བུའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་གྲུ་ཆེན་པོ་ནི་རྒྱ་མཚོའི་ཚུ་རོལ་ནས་རྒྱ་མཚོའི་ཕ་རོལ་དུ་སྒྲོལ་ལ། རྒྱ་མཚོའི་ཕ་རོལ་ནས་ཚུ་རོལ་དུ་ཡང་སྒྲོལ་ལོ། །དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་
དེ་དང་འདྲ་སྟེ། མྱ་ངན་ལས་འདས་པ་ཆེན་པོ་རིན་པོ་ཆེའི་གྲུར་ཞུགས་ན་སེམས་ཅན་ཡོངས་སུ་སྒྲོལ་ཏེ་གང་ནས་གང་དུ་འགྲོ་བར་འགྱུར་བ་ཡོད་ན་དེ་དང་དེ་དག་ཏུ་སྒྲོལ་ཞིང་དེ་བཞིན་གཤེགས་པའི་སྐུ་མཐོང་བར་མཛད་དོ། །དེ་བས་ན་དེ་བཞིན་གཤེགས་པ་ནི་གྲུ་སྒྲོལ་བའི་མཁན་པོ་ལྟ་བུའོ། །
དཔེར་ན་གྲུ་གཟིངས་ཀྱང་མཉན་པ་ཡོད་ན་འགྲོ་བ་དག་རྒྱ་མཚོ་ལས་རྒལ་བར་གྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཏུ་སེམས་ཅན་མང་པོ་སྒྲོལ་བའི་དོན་མཛད་པ་ཡང་དེ་དང་འདྲའོ།། །།བམ་པོ་བཅུ་གསུམ་པ། རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་
ཆེན་པོ་ལས་རྒལ་བའི་གྲུར་ཞུགས་པ་དག་གལ་ཏེ་རླུང་དང་ལྡན་ན་ནི་སྐད་ཅིག་ཐང་ཅིག་གིས་དཔག་ཚད་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གལ་ཏེ་རླུང་དང་མི་ལྡན་ན་ལོ་ཚད་མེད་པའི་བར་དུ་བསྡད་ཀྱང་གནས་ནས་མི་འཕགས་སོ། །གལ་ཏེ་གྲུ་ཞིག་ན་ཆུར་ནུབ་སྟེ་
འཆི་བར་ཡང་འགྱུར་རོ། །གལ་ཏེ་སེམས་ཅན་དག་གཏི་མུག་གི་འཁོར་བའི་རྒྱ་མཚོ་ཆེན་པོར་འདུ་བྱེད་ཀྱི་གྲུ་ལ་ཞུགས་པ་ཡང་དེ་དང་འདྲ་སྟེ། གལ་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དྲག་པོ་དང་ཕྲད་ན་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་ཕྱིན་པར་འགྱུར་གྱི། གལ་ཏེ་མ་ཕྲད་ན་
བསྐལ་པ་ཚད་མེད་པའི་བར་དུ་འཁོར་བར་ཡོངས་སུ་འཁོར་ཏེ། གལ་ཏེ་ན་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོའི་གྲུར་ཞུགས་ཏེ་ཡུན་རིང་པོ་ལོན་པ་དག་རླུང་དང་མི་
ལྡན་ན་དེ་འདི་སྙམ་དུ་སེམས་སོ། །བདག་ཅག་ནི་གདོན་མི་ཟ་བར་འཆི་བར་འགྱུར་རོ་སྙམ་སྟེ། དེ་ལྟར་སེམས་པ་ན་ཅི་སྟེ་རླུང་དྲག་པོ་དང་ཕྲད་ནས་ཡིད་བཞིན་དུ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་ན་དེ་འདི་སྐད་དུ་རླུང་གིས་ཤིན་ཏུ་ཚིམ་པར་གྱུར་ཏོ། །བདག་ཅག་ཀྱང་བདེ་བར་རྒྱ་མཚོའི་བགེགས་

ལས་ཐར་བར་གྱུར་ཏོ་ཞེས་ཟེར་རོ། །སེམས་ཅན་ཡུན་རིང་པོར་གཏི་མུག་གི་འཁོར་བའི་རྒྱ་མཚོར་འཁོར་ཏེ། སྡུག་བསྔལ་གྱིས་གཟིར་བ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དང་མ་ཕྲད་པ་ན་དེ་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་གདོན་མི་ཟ་བར་སེམས་ཅན་
དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་སྐྱེ་གནས་སུ་ལྟུང་བར་འགྱུར་རོ་སྙམ་སེམས་སོ། །ཇི་ལྟར་སེམས་པ་ན་ཅི་སྟེ་མྱ་ངན་ལས་འདས་པ་ཆེན་པོའི་རླུང་དང་ཕྲད་ནས་ཡིད་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན་གདོད་ཡང་དག་པ་ཡིན་པར་
རྟོགས་ཏེ། ངོ་མཚར་རྨད་ཀྱི་འདུ་ཤེས་སྐྱེས་ནས་བདག་སྔོན་འདི་ལྟ་བུའི་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་མ་ཐོས་སོ། །ཞེས་ཟེར་ཏེ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ལ་ཡོངས་སུ་དག་པའི་དད་པའི་སེམས་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་འདི་
ལྟ་སྟེ་དཔེར་ན་སྦྲུལ་པགས་པ་བརྗེ་བ་ན་དེ་ལ་ཤི་བ་ཞེས་བྱའམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། ཐབས་ཀྱིས་སྐུ་ཡོངས་སུ་བཏང་བ་བསྟན་པ་ལ་ཇི་ལྟར་དེ་ལ་དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་
བར་རུང་ངམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འཛམ་བུའི་གླིང་འདིར་ཐབས་ཀྱིས་སྐུ་བཏང་བ་ནི་དཔེར་ན་སྦྲུལ་པགས་པ་བརྗེ་བ་དང་འདྲ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་
འདི་ལྟ་སྟེ་དཔེར་ན་གསེར་མགར་མཁས་པས་གསེར་ལ་ཡོ་བྱད་རྣམ་པ་སྣ་ཚོགས་ཡིད་བཞིན་དུ་རྡུང་ངོ་། །དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། སྲིད་པ་ཉི་ཤུ་ལྔ་པོར་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་མངོན་པར་བསྟན་ཏེ། སོ་སོའི་སྐྱེ་བོ་འཁོར་བ་ལས་ཡོངས་སུ་འདོན་པས་དེ་
བཞིན་གཤེགས་པ་ནི་སྐུ་དཔག་ཏུ་མེད་པ་ཞེས་བྱའོ། །དེ་ལྟར་སྐུ་རྣམ་པ་སྣ་ཚོགས་སྟོན་ཀྱང་རྟག་པ་གནས་པ་མི་འགྱུར་མི་འཕོ་བ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ་དཔེར་ན་ཤིང་ཨ་མྲ་དང་འཛམ་བུའི་ཤིང་ནི་ལོ་གཅིག་ལ་ལན་གསུམ་དུ་འགྱུར་རོ། །འདི་ལྟ་སྟེ་

ཆེད་འགའི་དུས་སུ་ནི་མེ་ཏོག་ལ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་ནི་འདབ་མ་ལ་སོགས་པ་ཤིན་ཏུ་རྒྱས་པར་འགྱུར། ཆེད་འགའི་དུས་སུ་ནི་འདབ་མ་ཐམས་ཅད་ལྷགས་ནས་ཤིང་སྐམ་ལྟ་བུར་འགྱུར་རོ། །རིགས་ཀྱི་བུ་དེ་ཁྱོད་ཀྱི་ཡིད་ལ་ཇི་སྙམ་སེམས། དེའི་
ཚེ་ན་ཤིང་དེ་ཡང་དག་པར་སྐམས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། འཇིག་རྟེན་གསུམ་པོར་སྐུ་རྣམ་པ་གསུམ་སྟོན་ཏེ་འདི་ལྟ་སྟེ། ཆེད་འགའ་ནི་ཐོག་མ་བཙས་པ་དང་། ཆེད་
འགའ་ནི་སྐུ་རྫོགས་པ་དང་། ཆེད་འགའ་ནི་མྱ་ངན་ལས་འདས་པ་བསྟན་ཏེ། དེ་བཞིན་གཤེགས་པའི་སྐུ་མི་རྟག་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཤིན་ཏུ་ལེགས་སོ་ཞེས་བསྟོད་ནས་བཅོམ་ལྡན་འདས་
ཀྱིས་གསུངས་པ་བཞིན་ཏེ། དེ་བཞིན་གཤེགས་པ་ནི་རྟག་པ་གནས་པ་མི་འགྱུར་མི་འཕོ་བའོ། །ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ནི་ཤིན་ཏུ་ཡང་ཤེས་པར་དཀའོ། །འདི་ལྟ་སྟེ་དཔེར་ན་
རྒྱལ་པོ་ཆེན་པོ་ཞིག་གིས་བློན་པོ་རྣམས་ལ་སེན་ཏ་པ་འོན་ཅིག་ཅེས་བཀའ་སྩལ་ན། སེན་ཏ་པ་ཞེས་བྱ་བ་མིང་གཅིག་ལ་དངོས་པོར་བསྔོ་བ་བཞི་ཡོད་དོ། །འདི་ལྟ་སྟེ། ལན་ཚྭ་དང་། སྣོད་དང་། ཆུ་དང་། རྟ་སྟེ་དངོས་པོ་འདི་བཞི་ནི་འཐུན་ནོ། །དེ་ལ་བློན་པོ་མཁས་པས་ནི་གལ་ཏེ་
རྒྱལ་པོ་ཁྲུས་བྱ་བར་བསམས་ཏེ་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་ཆུ་འབུལ་ལོ། །རྒྱལ་པོ་ཟས་ཀྱི་བྱ་བ་བྱེད་པ་ན་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་ལན་ཚྭ་འབུལ་ལོ། །རྒྱལ་པོ་ཟས་ཀྱི་བྱ་བ་བྱས་ནས་སྐོམ་འཐུང་བ་ན་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་དེ་ལ་
སྣོད་འབུལ་ལོ། །གལ་ཏེ་རྒྱལ་པོ་འགྲོ་བར་གཟས་ཏེ་སེན་ཏ་པ་འོན་ཅིག་ཅེས་བསྒོ་བའི་དུས་ན་རྟ་ཁྲིད་དེ་འོང་ངོ་། །དེ་ལྟར་བློན་པོ་མཁས་པས་ནི་རྒྱལ་པོའི་མན་ངག་བཞི་པོ་ལ་མཁས་སོ། །ཐེག་པ་ཆེན་པོའི་མདོ་སྡེ་འདི་ཡང་དེ་དང་འདྲ་སྟེ། མི་རྟག་པ་རྣམ་པ་བཞི་ཡོད་དོ། །

ཐེག་པ་ཆེན་པོ་ལ་ཤིན་ཏུ་མཁས་པའི་སྐྱེས་བུ་དག་ནི་དེ་ལ་ཤིན་ཏུ་མཁས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ནས་སེམས་ཅན་དག་ལ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་བཤད་པས་སྐྱེས་བུ་མཁས་པ་དག་གིས་དེ་བཞིན་
གཤེགས་པས་རྟག་པར་འཛིན་པ་ལ་མི་རྟག་པར་བསྟན་པར་ཤེས་ཏེ། དགེ་སློང་དག་ནི་མི་རྟག་པའི་མཚན་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །གཞན་ཡང་ཆེད་འགའི་དུས་ན་དམ་པའི་ཆོས་འཇིག་པར་འགྱུར་རོ་ཞེས་བསྟན་པས་སྐྱེས་བུ་མཁས་པ་དག་གིས་དེ་བཞིན་གཤེགས་
པས་གང་བདེ་བར་འཛིན་པ་ལ་སྡུག་བསྔལ་བ་བསྟན་པར་ཤེས་ཏེ། དགེ་སློང་དག་སྡུག་བསྔལ་བའི་མཚན་ཉིད་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །གཞན་ཡང་འདི་སྐད་དུ་ང་ལ་ན་བའི་སྡུག་བསྔལ་ཡོད་དེ། དགེ་འདུན་ཡང་འཇིག་པར་འགྱུར་རོ་ཞེས་བསྟན་པས་སྐྱེས་བུ་མཁས་
པ་དག་གིས་དེ་བཞིན་གཤེགས་པས་བདག་ཏུ་འཛིན་པ་རྣམས་ལ་བདག་མེད་པ་བསྟན་པར་ཤེས་ཏེ། དགེ་སློང་དག་བདག་མེད་པ་ལ་ནན་ཏན་བྱེད་དུ་གཞུག་པའི་ཕྱིར་རོ། །ཆེད་འགའ་འདི་སྐད་དུ་སྟོང་པ་ཉིད་ཅེས་བྱ་བ་ནི་ཡང་དག་པར་རྣམ་པར་གྲོལ་བའོ་ཞེས་