Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 052_མདོ་སྡེ།_ཉ

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
ཅད་པ་འབྱུང་བ་གླེང་
གཞི་ནས་འབྱེད་ཅིང་བསྟན་པ་སྟེ། དེ་ཡང་ཡུལ་མཉན་དུ་ཡོད་པ་ན་སྐྱེས་བུ་གཅིག་གི་བྱ་རྒྱས་བྱ་བཟུང་ནས་ཚེལ་པོར་བཅུག་སྟེ། ཆུ་དང་འབྲས་བསྙོད་ནས་ཕྱིར་བཏང་ངོ་། །བཅོམ་ལྡན་འདས་ཀྱིས་དེའི་སྔོན་གྱི་རྒྱུ་དང་རྐྱེན་མཁྱེན་པས་དེ་ལས་གླེངས་ཏེ་ཚིགས་སུ་བཅད་པ་འདི་གསུངས་སོ། །
སྡིག་པ་ཕྲ་མོ་ཆུང་ངུ་ལ། །མི་གནོད་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིགས་པ་ཟག་པ་ཡང་། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། །ཞེས་གསུངས་པ་དེ་དག་ནི་གླེང་གཞིའི་སྡེ་ཞེས་བྱའོ། །རྟོགས་པ་བརྗོད་པ་ཞེས་བྱ་བ་ནི་འདུལ་བ་ལས་དཔེ་བསྟན་པ་རྣམས་ཏེ། དེ་དག་ནི་
རྟོགས་པ་བརྗོད་པའི་སྡེ་ཞེས་བྱའོ། །དེ་ལྟ་བུ་བྱུང་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལས། དགེ་སློང་དག་འདི་ལྟར་རིག་པར་བྱའོ། །ང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་རྣམས་ནི་ཁམས་ཀྱི་མདོ་སྡེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་བསོད་སྐྱོབས་འཇིག་
རྟེན་དུ་གཤེགས་ཏེ་གསུངས་པ་ནི་བདུད་རྩི་ལྔ་ཞེས་བྱ་བ་དང་། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་ཆོས་ཀྱི་མེ་ལོང་ཞེས་བྱ་བ་དང་། བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་གཤེགས་ཏེ་གསུངས་པ་ནི་སྟོང་པ་རྣམ་པར་འབྱེད་པ་ཞེས་བྱ་བ་སྨོས་

པ་དེ་དག་ནི་དེ་ལྟ་བུ་བྱུང་བའི་སྡེ་ཞེས་བྱའོ། །སྐྱེས་པའི་རབས་ཞེས་བྱ་བ་ནི་བཅོམ་ལྡན་འདས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་དཀའ་བ་མཛད་པ་འདི་དག་ཡིན་ཏེ། དགེ་སློང་རྣམས་ཤེས་པར་གྱིས་ཤིག །ངས་སྔོན་ཤ་བའི་ལུས་བྱས་པ་དང་། དྲེད་
མོའི་ལུས་དང་། ཤ་བཀྲའི་ལུས་དང་། རི་བོང་གི་ལུས་དང་། རྒྱལ་པོའི་ལུས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལུས་དང་། ཀླུ་དང་། ནམ་མཁའ་ལྡིང་གི་ལུས་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་མྱོང་བར་གྱུར་ཏོ་ཞེས་སྨོས་པ་ནི་སྐྱེས་པའི་རབས་ཞེས་བྱའོ། །
ཤིན་ཏུ་རྒྱས་པ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེའི་དོན་ཤིན་ཏུ་རྒྱ་ཆེ་ལ་ཡངས་པ་ནི་ནམ་མཁའ་དང་འདྲ་ཞེས་གསུངས་པ་ནི་ཤིན་ཏུ་རྒྱས་པའི་མདོ་སྡེ་ཞེས་བྱའོ། །རྨད་དུ་བྱུང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐོག་མ་བཙས་མ་ཐག་ཏུ་སུས་ཀྱང་མ་བསྟན་པར་
གོམ་པ་བདུན་སོང་བ་དང་། འོད་ཟེར་ཆེན་པོ་བཀྱེ་བ་དང་། ཕྱོགས་བཅུར་བལྟས་པ་དང་། སྤྲེའུ་སྦྲང་རྩིའི་སྣོད་ཐོགས་ཏེ་དེ་བཞིན་གཤེགས་པ་ལ་ཕུལ་བ་དང་། ཁྱི་གོང་ཀར་སངས་རྒྱས་ལ་ཆོས་ཉན་པ་དང་། བདུད་སྡིག་ཏོ་ཅན་བ་ལང་སྔོན་པོར་སྤྲུལ་ནས། གྱོ་མོའི་ལྷུང་བཟེད་
མང་པོ་བཞག་པའི་ནང་དུ་སོང་སྟེ་གཅིག་ལ་གཅིག་རེག་ཅིང་འཁྲོལ་ཡང་མ་ཆག་པ་དང་། སངས་རྒྱས་ཐོག་མ་བཙས་ནས་ལྷའི་རྟེན་དུ་ཞུགས་པ་ན། ལྷ་རྣམས་ལངས་ཏེ་ཕྱག་འཚལ་བ་ལ་སོགས་པ་དེ་དག་ནི་རྨད་དུ་བྱུང་བའི་སྡེ་ཞེས་བྱའོ། །གཏན་ལ་བབ་པར་བསྟན་པ་ཞེས་བྱ་བ་ནི་
སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུངས་པ་ལས། ཇི་ཙམ་དུ་དོན་གཏན་ལ་ཕབ་པར་བྱེ་བྲག་ཕྱེ་སྟེ་མཚན་ཉིད་བསྟན་པ་ནི་གཏན་ལ་དབབ་པར་བསྟན་པའི་སྡེ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེ་ལྟར་མདོ་སྡེ་བཅུ་གཉིས་རྟོགས་ཤིང་ཤེས་ན་ཆོས་ཤེས་པ་ཞེས་བྱའོ། །དེ་
ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡི་གེ་དང་ཚིག་ཏུ་སྨྲ་བ་ཐམས་ཅད་ཀྱི་དོན་རྒྱས་པར་ཤེས་པ་ནི་དོན་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུས་

ཤེས་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དུས་གང་དུ་དུར་ཁྲོད་ན་གནས་པ་དང་། གང་གི་དུས་སུ་བརྩོན་འགྲུས་ཤིན་ཏུ་རྩོམ་པ་དང་། གང་གི་དུས་སུ་བཏང་སྙོམས་དང་ཏིང་ངེ་འཛིན་སྒོམ་པ་དང་། གང་གི་དུས་སུ་སངས་རྒྱས་ལ་མཆོད་པ་བྱ་བ་དང་།
གང་གི་དུས་སུ་སློབ་དཔོན་ལ་བསྙེན་བཀུར་བྱ་བ་དང་། གང་གི་དུས་སུ་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ལ་ནན་ཏན་བྱ་བའི་དུས་ཤེས་པ་ནི་དུས་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཆོག་ཤེས་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོག་ཤེས་པ་ནི་འདི་ལྟ་སྟེ། ཟས་དང་སྐོམ་དང་། ཆོས་གོས་དང་། སྨན་དང་། འགྲོ་བ་དང་། སྡོད་པ་དང་། འདུག་པ་དང་། ཉལ་བ་དང་། གཉིད་ལས་སད་པ་དང་། ཅང་མི་སྨྲ་བ་དག་ནི་ཆོག་ཤེས་པ་ཞེས་
བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཤེས་པ་ཞེ་ན། བྱང་ཆུབ་སེམས་དཔའ་དེ་བདག་ལ་བདག་འདི་ལྟར་ཤེས་ཏེ། བདག་ལ་དད་པ་ནི་འདི་ལྟ་བུ་ཞིག་ཡོད། ཚུལ་ཁྲིམས་ནི་འདི་ལྟ་བུ། མང་དུ་ཐོས་པ་འདི་ལྟ་བུ། བཏང་སྙོམས་པ་ནི་
འདི་ལྟ་བུ། ཤེས་རབ་ནི་འདི་ལྟ་བུ། འོང་བ་དང་འགྲོ་བ་ནི་འདི་ལྟ་བུ། ཡང་དག་པར་དྲན་པ་ནི་འདི་ལྟ་བུ། དགེ་བ་སྤྱོད་པ་ནི་འདི་ལྟ་བུ། དྲིས་པ་ནི་འདི་ལྟ་བུ། ལན་བཏབ་པ་ནི་འདི་ལྟ་བུའོ་ཞེས་བྱ་བ་ཤེས་པ་ནི་བདག་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་
ཤེས་པ་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་ལྟར་འདི་ནི་རྒྱལ་རིགས་ཀྱི་འཁོར། འདི་ནི་བྲམ་ཟེའི་རིགས་ཀྱི་འཁོར། འདི་ནི་ཁྱིམ་བདག་གི་འཁོར། འདི་ནི་དགེ་སྦྱོང་གི་འཁོར་ཏེ། འཁོར་དེ་དག་ཏུ་འདི་ལྟར་འགྲོ་བར་བྱ། འདི་ལྟར་འདུག་པར་བྱ། འདི་
ལྟར་ཆོས་སྨྲ་བར་བྱ། འདི་ལྟར་དྲི་ཞིང་ལན་གླན་པར་བྱ་བ་ཤེས་པ་ནི་འཁོར་ཤེས་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་མ་དང་འོག་མ་ཤེས་པ་ཞེ་ན། རིགས་ཀྱི་བུ་དེ་ལ་ཡང་རྣམ་པ་གཉིས་ཏེ། དད་པ་དང་། མ་དད་པའོ། །

བྱང་ཆུབ་སེམས་དཔའ་དད་པ་ནི་དགེ་བ་དང་། མ་དད་པ་ནི་མི་དགེ་བར་རིག་པར་བྱའོ། །དད་པ་ལ་ཡང་རྣམ་པ་གཉིས་ཏེ། དགེ་འདུན་གྱི་གནས་སུ་གནས་པ་དང་། མི་གནས་པའོ། །དེ་ཡང་བྱང་ཆུབ་སེམས་དཔས་གང་དགེ་འདུན་གྱི་གནས་ཁང་ན་གནས་པ་
ནི་དགེ་བའོ། །མི་གནས་པ་ནི་མི་དགེ་བའོ། །གནས་པ་ལ་ཡང་རྣམ་པ་གཉིས་ཏེ། ཕྱག་འཚལ་བ་དང་། ཕྱག་མི་འཚལ་བའོ། །དེ་ཡང་བྱང་ཆུབ་སེམས་དཔས་གང་ཕྱག་འཚལ་བ་ནི་དགེ་བ། ཕྱག་མི་འཚལ་བ་ནི་མི་དགེ་བར་རིག་པར་བྱའོ། །ཕྱག་འཚལ་བ་ལ་ཡང་རྣམ་པ་
གཉིས་ཏེ། ཆོས་ཉན་པ་དང་། ཆོས་མི་ཉན་པའོ། །དེ་ཡང་བྱང་ཆུབ་སེམས་དཔས་གང་ཆོས་ཉན་པ་ནི་དགེ་བ། ཆོས་མི་ཉན་པ་ནི་མི་དགེ་བར་རིག་པར་བྱའོ། །ཆོས་ཉན་པ་ལ་ཡང་རྣམ་པ་གཉིས་ཏེ། སེམས་རྩེ་གཅིག་ཏུ་ཉན་པ་དང་། སེམས་རྩེ་གཅིག་ཏུ་མི་ཉན་པའོ། །དེ་
ཡང་བྱང་ཆུབ་སེམས་དཔས་སེམས་རྩེ་གཅིག་ཏུ་ཉན་པ་ནི་དགེ་བ། སེམས་རྩེ་གཅིག་ཏུ་མི་ཉན་པ་ནི་མི་དགེ་བར་རིག་པར་བྱའོ། །སེམས་རྩེ་གཅིག་ཏུ་ཉན་པ་ལ་ཡང་རྣམ་པ་གཉིས་ཏེ། དོན་ཡིད་ལ་བྱེད་པ་དང་། དོན་ཡིད་ལ་མི་བྱེད་པའོ། །དེ་ཡང་བྱང་ཆུབ་སེམས་དཔས་
གང་དོན་ཡིད་ལ་བྱེད་པ་ནི་དགེ་བ། དོན་ཡིད་ལ་མི་བྱེད་པ་ནི་མི་དགེ་བར་རིག་པར་བྱའོ། །དོན་ཡིད་ལ་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། སྨྲས་པ་བཞིན་དུ་སྤྱོད་པ་དང་། སྨྲས་པ་བཞིན་དུ་མི་སྤྱོད་པའོ། །དེ་ཡང་སྨྲས་པ་བཞིན་དུ་སྤྱོད་པ་ནི་དགེ་བ། སྨྲས་པ་བཞིན་དུ་མི་སྤྱོད་པ་ནི་མི་དགེ་
བར་རིག་པར་བྱའོ། །སྨྲས་པ་བཞིན་དུ་སྤྱོད་པ་ལ་ཡང་རྣམ་པ་གཉིས་ཏེ། ཉན་ཐོས་ཀྱི་ཐེག་པའི་སྒོ་ནས་ཚོལ་ཞིང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུ་མི་སྤྱོད་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཏེ། འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་དོན་
དུ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་སྟེ། གང་འགྲོ་བ་མང་པོ་ལ་ཕན་པ་དང་བདེ་བའི་དོན་བྱེད་པ་ནི་མཆོག་དམ་པའོ། །རིགས་ཀྱི་བུ་དཔེར་ན་རིན་པོ་ཆེའི་ནང་ན་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མཆོག་གོ། །རོ་བྲོ་བའི་ནང་ན་ནི་བདུད་རྩི་མཆོག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་

ལྷ་དང་མིའི་ནང་ན་མཆོག་ཏུ་བྱུང་ཕུལ་དུ་གྱུར་ཏེ། དཔེར་བྱར་མེད་དོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལ་གནས་པ་ན། དགེ་བའི་ཆོས་བདུན་ལ་གནས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆོས་རྣམ་
པ་འདི་བདུན་དང་ལྡན་ན་ཚངས་པར་སྤྱོད་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་
གསོལ་ཏོ། །བཅོམ་ལྡན་འདས་བྱམས་པ་མང་དུ་བསྒོམས་པས་ཞེ་སྡང་མ་མཆིས་པར་འགྱུར་ཏེ། སྙིང་རྗེའི་སེམས་ཀྱིས་ཀྱང་ཞེ་སྡང་གཅོད་པར་འགྱུར་བས་ན། ཅིའི་སླད་དུ་ཚད་མེད་པ་བཞི་ཞེས་སྨོས། དོན་དང་སྦྱར་ན་གསུམ་དུ་བས་སོ། །བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་རྣམ་
པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། མི་དམིགས་པའོ། །སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲ་སྟེ། དོན་དང་སྦྱར་ན་གསུམ་དུ་བས་ཏེ། བཞིར་ནི་མ་མཆིས་སོ། །སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས་ནས་བདེ་
བར་འདོད་པ་སྟེ། དེ་ནི་སེམས་ཅན་ལ་དམིགས་པ་ཞེས་བགྱིའོ། །ཆོས་ལ་དམིགས་པ་ནི་སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། དེ་ནི་ཆོས་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་སྟེ། མི་དམིགས་པ་ཞེས་བགྱིའོ། །
བྱམས་པ་ཞེས་བགྱི་བ་ནི་དབུལ་ཕོངས་པའི་སེམས་ཅན་ལ་དམིགས་པའོ། །དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ནི་དབུལ་ཕོངས་པ་དང་ཡོངས་སུ་བྲལ་ཏེ། རབ་ཏུ་བདེ་བ་ལགས་སོ། །ཅི་སྟེ་སེམས་ཅན་ལ་དམིགས་ན་སངས་རྒྱས་ལ་དམིགས་པ་མ་ལགས་ཏེ། ཆོས་ཀྱང་དེ་དང་འདྲའོ། །
དེ་བས་ན་དེ་བཞིན་གཤེགས་པ་ལ་དམིགས་པ་ནི་མི་དམིགས་པ་ཞེས་བགྱིའོ། །བཅོམ་ལྡན་འདས་བྱམས་པས་དམིགས་པ་ནི་སེམས་ཅན་ཐམས་ཅད་དེ་དཔེར་ན་ཕ་མའམ། ཆུང་མའམ། བུའམ་གཉེན་བཤེས་ལ་དམིགས་པ་དང་འདྲ་སྟེ། དེ་བས་ན་སེམས་ཅན་ལ་དམིགས་པ་ཞེས་

བགྱིའོ། །ཆོས་ལ་དམིགས་པ་ནི་ཕ་མ་དང་། ཆུང་མ་དང་། བུ་དང་། གཉེན་བཤེས་སུ་མི་ལྟ་ཞིང་ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་ཏེ་འབྱུང་བར་བལྟ་བ་ནི་ཆོས་ལ་དམིགས་པ་ཞེས་བགྱིའོ། །མི་དམིགས་པ་ནི་ཆོས་ལ་མཚན་མར་མི་གནས། སེམས་ཅན་ལ་མཚན་
མར་མི་གནས་པ་ནི་མི་དམིགས་པ་ཞེས་བགྱི་སྟེ། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱང་དེ་དང་འདྲའོ། །དེ་བས་ན་གསུམ་དུ་བས་ཀྱི་བཞིར་ནི་མ་མཆིས་སོ། །བཅོམ་ལྡན་འདས་གང་ཟག་ལ་རྣམ་པ་གཉིས་ཏེ། མཐོང་བས་སྤྱོད་པ་དང་། དགའ་བས་སྤྱོད་པའོ། །མཐོང་བས་
སྤྱོད་པ་ནི་བྱམས་པ་དང་། སྙིང་རྗེའི་ཤས་ཆེར་བསྒོམ་མོ། །དགའ་བས་སྤྱོད་པ་ནི་དགའ་བ་དང་བཏང་སྙོམས་ཀྱི་ཤས་ཆེར་བསྒོམ་སྟེ། དེ་བས་ན་གསུམ་དུ་བས་ཀྱི་བཞིར་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཚད་མེད་པ་ཞེས་བགྱི་བ་ནི་མཐའ་ཡས་ལ། མཐའ་དཔག་ཏུ་མ་མཆིས་པའི་སླད་དུ་
ཚད་མ་མཆིས་པ་ཞེས་བགྱི་སྟེ། ཚད་མ་མཆིས་ན་གཅིག་ཏུ་བས་ཀྱི་བཞིར་ནི་མ་མཆིས་སོ། །ཅི་སྟེ་བཞིར་མཆིས་ན་ཚད་མ་མཆིས་པ་ཞེས་བགྱིར་མི་རུང་སྟེ། དེ་བས་ན་གཅིག་ཏུ་བས་ཀྱི་བཞིར་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། རིགས་ཀྱི་བུ་སངས་
རྒྱས་བཅོམ་ལྡན་འདས་ནི་སོ་སོའི་སྐྱེ་བོ་མང་པོའི་ཕྱིར་ཆོས་གསུངས་པ་ཡང་ཤིན་ཏུ་དགོངས་ཏེ་གསུངས་པ་ཡིན་པས་རིག་ཅིང་ཤེས་པར་དཀའོ། །སེམས་ཅན་ཁ་ཅིག་ལ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཅིག་ཏུ་གསུངས་ཏེ། རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཅིག་གང་ཞེ་ན། འདི་ལྟ་སྟེ་
འདུས་བྱས་ཀྱི་ཆོས་ཐམས་ཅད་དོ། །རིགས་ཀྱི་བུ་ཁ་ཅིག་ཏུ་ནི་རྣམ་པ་གཉིས་སུ་གསུངས་ཏེ། རྒྱུ་དང་འབྲས་བུའོ། །ཁ་ཅིག་ཏུ་ནི་རྣམ་པ་གསུམ་དུ་གསུངས་ཏེ། ཉོན་མོངས་པ་དང་། ལས་དང་། སྡུག་བསྔལ་ལོ། །ཁ་ཅིག་ཏུ་ནི་རྣམ་པ་བཞིར་གསུངས་ཏེ། མ་རིག་པ་དང་།
འདུ་བྱེད་དང་། སྐྱེ་བ་དང་། རྒ་ཤིའོ། །ཁ་ཅིག་ཏུ་ནི་རྣམ་པ་ལྔར་གསུངས་ཏེ། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བའོ། །ཁ་ཅིག་ཏུ་ནི་རྣམ་པ་དྲུག་ཏུ་གསུངས་ཏེ། དུས་གསུམ་གྱི་རྒྱུ་དང་འབྲས་བུའོ། །སྐབས་ཁ་ཅིག་ཏུ་ནི་རྣམ་པ་བདུན་དུ་གསུངས་ཏེ། རྣམ་

པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲིད་པ་དང་། ལེན་པའོ། །ཁ་ཅིག་ཏུ་ནི་རྣམ་པ་བརྒྱད་དུ་གསུངས་ཏེ། མ་རིག་པ་དང་། འདུ་བྱེད་དང་། སྐྱེ་བ་དང་། རྒ་ཤི་མ་གཏོགས་པ་ལྷག་མ་བརྒྱད་པོའོ། །ཁ་ཅིག་ཏུ་ནི་རྣམ་པ་དགུར་
གསུངས་ཏེ། མདོ་སྡེ་གྲོང་ཁྱེར་ཞེས་བྱ་བའི་ནང་ནས་བཤད་པ་དང་འདྲ་བར་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་གཏོགས་པའི་ལྷག་མ་དགུ་པོའོ། །ཁ་ཅིག་ཏུ་ནི་རྣམ་པ་བཅུ་གཅིག་ཏུ་གསུངས་ཏེ། དེ་ཡང་གཅེར་བུ་པ་ཀུན་དུ་སྨྲ་བ་ཞེས་བྱ་བའི་ཕྱིར་སྐྱེ་བའི་ཆོས་གཅིག་
མ་གཏོགས་པར་ལྷག་མ་རྣམ་པ་བཅུ་གཅིག་གོ། །སྐབས་ཁ་ཅིག་ཏུ་ནི་རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་རྫོགས་པར་གསུངས་ཏེ། དེ་ཡང་རྒྱལ་པོའི་ཁབ་ཏུ་འོད་སྲུང་ལ་སོགས་པ་ལ་མ་རིག་པ་ནས། སྐྱེ་བ་དང་རྒ་ཤིའི་བར་དུ་བཅུ་གཉིས་རྫོགས་པར་གསུངས་པའོ། །རིགས་
ཀྱི་བུ་རྟེན་ཅིང་འབྲེལ་ཏེ་འབྱུང་བ་གཅིག་ལ་སོ་སོའི་སྐྱེ་བོའི་ཕྱིར་རྣམ་པ་ཐ་དད་དུ་གསུངས་ཏེ། ཚད་མེད་པའི་སེམས་ཀྱང་དེ་དང་འདྲའོ། །རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པའི་སྤྱོད་ཡུལ་ལ་ཐེ་ཙོམ་མི་བསྐྱེད་དོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ནི་ཤིན་ཏུ་
ཐབས་མཁས་པ་དང་ལྡན་པས་མི་རྟག་པ་ལ་རྟག་པར་གསུངས། རྟག་པ་ལ་མི་རྟག་པར་གསུངས། བདེ་བ་ལ་སྡུག་བསྔལ་བར་ཡང་གསུངས། སྡུག་བསྔལ་བ་ལ་བདེ་བར་ཡང་གསུངས། ཡོངས་སུ་མ་དག་པ་ལ་ཡོངས་སུ་དག་པར་གསུངས། ཡོངས་སུ་དག་པ་ལ་ཡོངས་སུ་མ་དག་པར་གསུངས།
བདག་ལ་བདག་མེད་པར་གསུངས། བདག་མེད་པ་ལ་བདག་ཏུ་གསུངས། སེམས་ཅན་མ་ཡིན་པ་ལ་སེམས་ཅན་དུ་གསུངས། སེམས་ཅན་ལ་ནི་སེམས་ཅན་མ་ཡིན་པར་གསུངས། དངོས་པོ་མ་ཡིན་པ་ལ་ནི་དངོས་པོར་གསུངས། དངོས་པོ་ལ་ནི་དངོས་པོ་མ་ཡིན་པར་གསུངས། མི་བདེན་པ་
ལ་ནི་བདེན་པར་ཡང་གསུངས། བདེན་པ་ལ་ནི་མི་བདེན་པར་གསུངས། ཡུལ་མ་ཡིན་པ་ལ་ནི་ཡུལ་དུ་གསུངས། ཡུལ་ལ་ནི་ཡུལ་མ་ཡིན་པར་གསུངས། སྐྱེ་བ་མ་ཡིན་པ་ལ་སྐྱེ་བར་གསུངས། སྐྱེ་བ་ནི་སྐྱེ་བ་མ་ཡིན་པར་གསུངས་པ་ནས། མ་རིག་པ་ལ་ནི་རིག་པར་གསུངས། རིག་པ་ནི་

མ་རིག་པར་གསུངས། གཟུགས་ནི་གཟུགས་མ་ཡིན་པར་གསུངས། གཟུགས་མ་ཡིན་པ་ལའང་གཟུགས་སུ་གསུངས། ལམ་མ་ཡིན་པ་ནི་ལམ་དུ་གསུངས། ལམ་ལ་ནི་ལམ་མ་ཡིན་པའི་བར་དུ་གསུངས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ནི་ཚད་མེད་པའི་
ཐབས་མཁས་པས་སེམས་ཅན་གདུལ་བའི་ཕྱིར་བརྫུན་པའི་བག་ག་ལ་ཞིག་གསུངས། རིགས་ཀྱི་བུ་སེམས་ཅན་ལ་ལ་ཞིག་ལོངས་སྤྱོད་ལ་ཆགས་ན། ངས་དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ནས་ལོ་ཚད་མེད་པའི་བར་དུ་ཅི་དང་ཅི་འདོད་པ་རྣམ་པ་སྣ་ཚོགས་བྱིན་ཏེ། དེའི་འོག་ཏུ་གདོད་
བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་ལ་ལ་ཅི་སྟེ་འདོད་པ་ལྔ་ལ་ཆགས་ན་ལོ་ཚད་མེད་པའི་བར་དུ་འདོད་པ་རྣམ་པ་ལྔའི་མཆོག་དམ་པ་ལ་ལོངས་སྤྱོད་དུ་བཅུག་ནས། དེའི་འོག་ཏུ་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །
གལ་ཏེ་སེམས་ཅན་ལ་ལ་རིགས་སྙེམས་ཤིང་ང་རྒྱལ་ཅན་དུ་གྱུར་ན། ངས་མི་དེའི་གཡོག་ལོ་ཚད་མེད་པའི་བར་དུ་བྱས་ཏེ། ཤིན་ཏུ་བསྙེན་བཀུར་གྱིས་དེའི་སེམས་མགུ་བར་བྱས་ནས་དེའི་འོག་ཏུ་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །སེམས་ཅན་
གང་ཞིག་རང་བཞིན་གྱིས་ང་རྒྱལ་ཅན་དུ་གྱུར་ཏེ། གཞན་གྱིས་གྲོས་གདབ་ཅིང་བཅོས་དགོས་ན། ལོ་བརྒྱ་སྟོང་གི་བར་དུ་དེ་ལ་བསྟན་ཅིང་བཅོས་ནས་སེམས་དུལ་བར་བྱས་ཏེ། གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་དོ། །རིགས་ཀྱི་བུ་དེ་བཞིན་གཤེགས་
པ་ནི་ལོ་ཚད་མེད་པའི་བར་དུ་ཐབས་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཀོད་པ་ཡང་བརྫུན་པ་ཡིན་ནམ། སངས་རྒྱས་བཅོམ་ལྡན་འདས་ནི་མི་དགེ་བ་ལ་གནས་ཀྱང་པད་མོ་ལྟར་ཉེས་པའི་འདམ་རྫབ་ཀྱིས་མི་གོས་སོ། །རིགས་ཀྱི་བུ་
ཚད་མེད་པ་བཞིའི་དོན་ཡང་དེ་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་ཚད་མེད་པའི་སེམས་ནི་རང་བཞིན་གྱིས་རྣམ་པ་བཞི་སྟེ། གང་ཞིག་གིས་ནན་ཏན་ཏུ་བྱས་ན་ཚངས་པ་ཆེན་པོའི་གནས་སུ་སྐྱེ་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ཚད་མེད་པ་རྣམས་ལ་གྲོགས་སུ་འགྱུར་བ་རྣམ་པ་

བཞི་ཡོད་དེ། དེ་བས་ན་བཞི་ཞེས་བྱའོ། །གང་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་ཡོངས་སུ་ཆོད་པར་འགྱུར་རོ། །སྙིང་རྗེའི་སེམས་ལ་ནན་ཏན་བྱེད་པ་ནི་ཞེ་སྡང་ཡོངས་སུ་སྤོང་བར་འགྱུར་རོ། །དགའ་བའི་སེམས་ལ་ནན་ཏན་བྱེད་པ་ནི་མི་བདེ་བ་ཡོངས་སུ་སྤོང་བར་འགྱུར་རོ། །
བཏང་སྙོམས་ཀྱི་སེམས་ལ་ནན་ཏན་བྱེད་པ་ནི་འདོད་ཆགས་པ་དང་ཞེ་སྡང་བའི་སེམས་ཡོངས་སུ་སྤོང་བར་འགྱུར་རོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་རྣམ་པ་བཞི་སྟེ། གཅིག་གམ། གཉིས་སམ། གསུམ་དུ་ནི་མ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་སྨྲ་བ་ལྟར་བྱམས་པའི་སེམས་ཀྱིས་ཞེ་སྡང་སྤོང་བ་ལྟར་
སྙིང་རྗེའི་སེམས་ཀྱང་དེ་དང་འདྲ་བས་གསུམ་དུ་འོས་སོ་ཞེས་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཞེ་སྡང་ལ་ཡང་རྣམ་པ་གཉིས་ཏེ། སྲོག་དང་བྲལ་བའི་ཞེ་སྡང་དང་། རྡེག་འཚོག་བྱེད་པའི་ཞེ་སྡང་ངོ་། །བྱམས་པ་བསྒོམས་པས་ནི་སྲོག་དང་དབྲལ་བའི་ཞེ་སྡང་སྤོང་བར་འགྱུར་
རོ། །སྙིང་རྗེ་བསྒོམས་པས་ནི་རྡེག་འཚོག་བྱེད་པའི་ཞེ་སྡང་སྤོང་བར་འགྱུར་རོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་ཚད་མེད་པ་ནི་བཞིར་འོས་པ་མ་ཡིན་ནམ། གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། སེམས་ཅན་ལ་ཞེ་སྡང་བ་དང་། སེམས་ཅན་མ་ཡིན་པ་ལ་ཞེ་སྡང་བའོ། །བྱམས་པ་
བསྒོམས་པས་ནི་སེམས་ཅན་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་སེམས་ཅན་མ་ཡིན་པ་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། རྒྱུ་རྐྱེན་དང་ལྡན་པ་དང་། རྒྱུ་རྐྱེན་དང་མི་ལྡན་པའོ། །བྱམས་པ་བསྒོམས་པས་ནི་རྒྱུ་རྐྱེན་དང་ལྡན་པ་
སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་རྒྱུ་རྐྱེན་དང་མི་ལྡན་པ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། སྔོན་འདས་པ་ནས་གོམས་པ་དང་། ད་ལྟར་གྱི་དུས་ན་གོམས་པའོ། །བྱམས་པ་བསྒོམས་པས་ནི་སྔོན་འདས་པའི་དུས་ཀྱི་གོམས་པ་སྤོང་བར་འགྱུར་རོ། །
སྙིང་རྗེ་བསྒོམས་པས་ནི་ད་ལྟར་གྱི་དུས་སུ་གོམས་པ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། འཕགས་པ་ལ་ཞེ་སྡང་བ་དང་། བུས་པ་མ་རབས་ལ་ཞེ་སྡང་བའོ། །བྱམས་པའི་སེམས་བསྒོམས་པས་ནི་འཕགས་པ་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །སྙིང་རྗེའི་སེམས་

བསྒོམས་པས་ནི་བུས་པ་མ་རབས་ལ་ཞེ་སྡང་བ་སྤོང་བར་འགྱུར་རོ། །གཞན་ཡང་ཞེ་སྡང་ལ་རྣམ་པ་གཉིས་ཏེ། ཞེ་སྡང་རབ་དང་། ཞེ་སྡང་འབྲིང་ངོ་། །བྱམས་པ་བསྒོམས་པས་ནི་ཞེ་སྡང་རབ་སྤོང་བར་འགྱུར་རོ། །སྙིང་རྗེ་བསྒོམས་པས་ནི་ཞེ་སྡང་འབྲིང་སྤོང་བར་འགྱུར་རོ། །རིགས་
ཀྱི་བུ་དོན་དེ་ལྟ་བས་ན་རྣམ་པ་བཞིར་འོས་ན་གསུམ་དུ་ཟད་ཀྱི་བཞིར་མེད་དོ་ཞེས་བརྒལ་བའི་མི་རིགས་སོ། །དེ་བས་ན་འོད་སྲུང་ཚད་མེད་པའི་སེམས་ལ་གྲོགས་དང་གཉེན་པོར་འགྱུར་བ་ནི་རྣམ་པ་བཞིར་ཕྱེ་སྟེ་བསྟན་པ་ཡིན་ནོ། །གཞན་ཡང་སྣོད་ཀྱི་ཕྱིར་ན་རྣམ་པ་བཞིར་འོས་ཏེ། གལ་ཏེ་སྣོད་གང་
ལ་བྱམས་པ་དང་ལྡན་ན་དེ་ལ་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཡོད་པ་མ་ཡིན་ཏེ། དོན་དེ་ལྟ་བས་ན་རྣམ་པ་བཞི་ལས་དབྲིར་མེད་དོ། །རིགས་ཀྱི་བུ་སྤྱོད་པ་ལས་བྱེ་བྲག་ཏུ་ཡང་རྣམ་པ་བཞིར་འོས་སོ། །གལ་ཏེ་བྱམས་པ་སྤྱོད་པའི་དུས་ན་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་
མེད་པས་དེ་བས་ན་རྣམ་པ་བཞིར་མངོན་ནོ། །རིགས་ཀྱི་བུ་ཚད་མེད་པའི་ཕྱིར་ཡང་རྣམ་པ་བཞིར་འོས་སོ། །གཞན་ཡང་ཚད་མེད་པ་ནི་རྣམ་པ་བཞི་ཡོད་དོ། །ཚད་མེད་པའི་སེམས་ནི་ཁ་ཅིག་ནི་དམིགས་པ་ཡོད་པས་ན་དབང་དུ་འགྱུར་བ་མ་ཡིན་པ་དང་། བྱམས་པའི་སེམས་ཁ་ཅིག་
ནི་དབང་དུ་འགྱུར་ལ་དམིགས་པ་མ་ཡིན་པ་དང་། བྱམས་པའི་སེམས་ཁ་ཅིག་ནི་དམིགས་པ་ཡང་ཡོད་ལ་དབང་དུ་ཡང་འགྱུར་བ་དང་། བྱམས་པའི་སེམས་ཁ་ཅིག་ནི་དམིགས་པ་ཡང་མ་ཡིན་དབང་དུ་འགྱུར་བ་ཡང་མ་ཡིན་པའོ། །དེ་ལ་ཚད་མེད་པའི་སེམས་གང་ནི་དམིགས་པ་ཡོད་
ལ་དབང་དུ་འགྱུར་བ་མ་ཡིན་པ་ཞེ་ན། ཁ་ཅིག་སེམས་ཅན་ཚད་མེད་མཐའ་ཡས་པ་ལ་དམིགས་ཀྱང་ཏིང་ངེ་འཛིན་གྱི་དབང་མ་ཐོབ་བམ། ཅི་སྟེ་ཐོབ་ཀྱང་མ་ངེས་པའམ། ཐོབ་ཀྱང་ཕྱིར་ཉམས་པའོ། །ཚད་མེད་པ་གང་ཞིག་དབང་དུ་འགྱུར་ཡང་དམིགས་པ་མ་ཡིན་པ་ཞེ་ན། འདི་ལྟ་སྟེ་དཔེར་ན་
ཕ་མ་དང་ཕུ་ནུ་དང་། གཉེན་བཤེས་ལ་བདེ་བར་བྱ་བར་དམིགས་པ་སྟེ། ཚད་མེད་པར་དམིགས་པ་ནི་མ་ཡིན་ནོ། །ཚད་མེད་པ་གང་ཞིག་དམིགས་ཀྱང་། དམིགས་པ་ལ་དབང་དུ་ཡང་འགྱུར་བ་ཞེ་ན། དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ཚད་མེད་པ་གང་

ཞིག་དམིགས་པ་ཡང་མ་ཡིན་དབང་དུ་འགྱུར་བ་ཡང་མ་ཡིན་པ་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ལྟ་བུ་ནི་སེམས་ཅན་ཚད་མེད་པ་ལ་རྒྱ་ཆེར་དམིགས་ཀྱང་མི་ནུས་ལ། དབང་དུ་འགྱུར་བ་ཡང་མ་ཡིན་ནོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་ཚད་མེད་པ་ནི་རྣམ་པ་བཞི་སྟེ། ཉན་ཐོས་དང་། རང་སངས་
རྒྱས་རྣམས་ཀྱིས་ཤེས་པར་ནུས་པ་མ་ཡིན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལོ། །རིགས་ཀྱི་བུ་དེ་ལྟར་དངོས་པོ་རྣམ་པ་བཞི་པོ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ལ་ཡང་ཚད་མེད་པ་ཞེས་བྱ་མོད་ཀྱི་སྨོས་སུ་མི་ཆོག་གོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཚད་མེད་མཐའ་
ཡས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དེ་དེ་བཞིན་ནོ། །དེ་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱོད་ཡུལ་ལགས་ཀྱི། ཉན་ཐོས་དང་། རང་སངས་རྒྱས་
རྣམས་ཀྱི་བཟོད་པ་མ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་ནས། བྱམས་པ་དང་། སྙིང་རྗེའི་སེམས་སུ་འགྱུར་བ་ལས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོའི་སེམས་མ་ལགས་སོ། །ཞེས་བགྱི་བར་
འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གང་ཞིག་གལ་ཏེ་སེམས་ཅན་རྣམས་ལ་གཉེན་དང་། དགྲ་སྡང་བ་དང་། བར་མ་རྣམ་པ་གསུམ་དུ་ཕྱེ་སྟེ། གཉེན་ལས་ཀྱང་རབ་དང་འབྲིང་དང་ཐ་མ་གསུམ་དུ་ཕྱེ་ལ། དགྲ་སྡང་
བ་ཡང་དེ་བཞིན་དུ་རྣམ་པར་ཕྱེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཉེན་དུ་འགྱུར་བའི་མཆོག་ལ་ནི་བདེ་བའི་མཆོག་སྦྱིན། གཉེན་གྱི་འབྲིང་དང་ཐ་མ་ལ་ནི་སྙོམས་པར་བདེ་བའི་མཆོག་ཙམ་བྱིན། དགྲ་སྡང་བའི་མཆོག་ལ་ནི་བདེ་བའི་ཤས་ཅུང་ཟད་བྱིན། དགྲ་སྡང་བ་འབྲིང་
ལ་ནི་བདེ་བ་ཡང་འབྲིང་ཙམ་བྱིན། དགྲ་སྡང་བ་ཐ་མ་ལ་ནི་བདེ་བའི་མཆོག་བྱིན་ཏེ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་གོང་ནས་གོང་དུ་དགྲ་སྡང་བའི་མཆོག་ལ་ནི་བདེ་བ་འབྲིང་ཙམ་བྱིན། དགྲ་སྡང་བ་འབྲིང་དང་ཐ་མ་ལ་ནི་མཉམ་པར་བདེ་བའི་མཆོག་སྦྱིན་པ་ལ་ནན་ཏན་བྱེད་དམ། །གོང་ནས་

གོང་དུ་རབ་དང་། འབྲིང་དང་། ཐ་མ་ལ་ཡང་བདེ་བའི་མཆོག་མཉམ་པར་སྦྱིན་པ་ལ་ནན་ཏན་བྱེད་དམ། གལ་ཏེ་དགྲ་སྡང་བའི་མཆོག་ལ་བདེ་བའི་མཆོག་སྦྱིན་པར་ནན་ཏན་བྱེད་ན་དེ་ནི་བྱམས་པའི་སེམས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་དེའི་ཚེ་ཕ་མ་དང་
དགྲ་སྡང་བའི་མཆོག་ལ་ཡང་བྱེ་བྲག་མེད་ཅིང་སེམས་མཉམ་པར་གྱུར་ཀྱང་རིགས་ཀྱི་བུ་དེ་ལ་བྱམས་པ་ཞེས་བྱའི། བྱམས་པ་ཆེན་པོ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་དེ་ལྟ་བུའི་བྱམས་པ་དང་ལྡན་ཡང་བྱམས་པ་ཆེན་པོ་ཞེས་མི་བགྱི།
བཀའ་སྩལ་པ། རིགས་ཀྱི་བུ་ཤིན་ཏུ་ལྡན་པར་དཀའ་བས་ན་བྱམས་པ་ཆེན་པོ་ཞེས་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུན་རིང་པོ་ནས་བསྐལ་པ་ཚད་མེད་པའི་བར་དུ་ཉོན་མོངས་པ་མང་དུ་བསགས་ལ། དགེ་བའི་ཆོས་མ་བསྒོམས་པས་དེ་བས་ན་ཉིན་གཅིག་གམ། ཞག་གཅིག་ཙམ་
གྱིས་སེམས་དུལ་བར་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྲན་མ་སྐམ་པོ་ལ་ནི་ཁབ་ཀྱིས་བཙུགས་ཀྱང་མི་ཟུག་པ་དང་འདྲ་བར་ཉོན་མོངས་པ་ཤིན་ཏུ་སྲ་བ་ཡང་དེ་དང་འདྲ་སྟེ། ཉིན་ཞག་གཅིག་ཙམ་ཞིག་སེམས་རྩེ་གཅིག་ཏུ་གྱུར་ཏེ་མ་ཡེངས་ཀྱང་ཤིན་ཏུ་གདུལ་དཀའོ། །གཞན་
ཡང་དཔེར་ན་ཁྱི་ནི་མིས་མི་འཇིགས་ཀྱི། རི་དགས་ཤ་བ་ལ་སོགས་པ་ནི་མི་ལ་འཇིགས་ཏེ་མཐོང་མ་ཐག་ཏུ་འབྲོས་སོ། །ཞེ་སྡང་ཤིན་ཏུ་སྤང་དཀའ་བ་ཡང་ཁྱིམ་སྲུང་བའི་ཁྱི་དང་འདྲའོ། །བྱམས་པའི་སེམས་ཤིན་ཏུ་ཉམས་སླ་བ་ནི་རི་དགས་ཤ་བ་དང་འདྲའོ། །དེ་བས་ན་སེམས་
ནི་ཤིན་ཏུ་གདུལ་དཀའ་བས་བྱམས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་རྡོ་ལ་རི་མོ་བྲིས་ན་རྟག་ཏུ་ཡོད་དོ། །ཆུ་ལ་རི་མོ་བྲིས་ན་དེ་མ་ཐག་ཏུ་མེད་པར་འགྱུར་ཏེ་མི་གནས་སོ། །ཞེ་སྡང་ནི་རྡོ་ལ་རི་མོ་བྲིས་པ་དང་འདྲའོ། །དགེ་བའི་རྩ་བ་ནི་ཆུ་ལ་རི་མོ་བྲིས་པ་དང་འདྲ་
སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་གདུལ་དཀའོ། །གཞན་ཡང་དཔེར་ན་མེའི་ཕུང་པོ་ཆེན་པོའི་འོད་ནི་ཡུན་རིང་དུ་ཡོད་དོ། གློག་གི་འོད་ནི་སྐད་ཅིག་མ་སྟེ་མི་གནས་སོ། །ཞེ་སྡང་ནི་མེའི་ཕུང་པོ་དང་འདྲའོ། །བྱམས་པ་ནི་གློག་གི་འོད་དང་འདྲ་སྟེ། དེ་བས་ན་སེམས་འདི་ནི་ཤིན་ཏུ་

གདུལ་དཀའ་བ་སྟེ། དོན་དེ་ལྟ་བས་ན་བྱམས་པ་ཆེན་པོ་ཞེས་མི་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དང་པོ་ལ་གནས་པ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྡིག་ཏོ་ཅན་གྱི་མཆོག་ནི་ལོག་སྲེད་ཅན་ཞེས་བྱ་སྟེ།
ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔས་བྱམས་པ་ཆེན་པོ་བསྒོམ་པ་ནི་ལོག་སྲེད་ཅན་ལ་ཡང་བྱེ་བྲག་གི་སེམས་མེད་ལ་ཉེས་པ་མི་མཐོང་བས་ཞེ་སྡང་མི་སྐྱེད་དོ། །དོན་དེ་ལྟ་བས་ན་བྱམས་པ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བར་མི་འགྱུར་
བ་ཡོངས་སུ་སེལ་བ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །སེམས་ཅན་མང་པོ་ལ་ཕན་པ་དང་བདེ་བ་ཚད་མེད་པ་བྱིན་པ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ལ་དགའ་བའི་སེམས་བསྐྱེད་པ་ནི་དགའ་བ་ཆེན་པོ་ཞེས་བྱའོ། །སྐྱོ་བ་མེད་པ་ནི་བཏང་སྙོམས་ཆེན་པོ་ཞེས་
བྱའོ། །བདག་དང་ཆོས་དང་མཚན་ཉིད་དང་བདག་གི་ལུས་སུ་མི་མཐོང་ཞིང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་བ་ནི་བཏང་སྙོམས་ཆེན་པོ་ཞེས་བྱའོ། །བདག་གི་བདེ་བ་བཏང་ནས་གཞན་ལ་བྱིན་པ་ནི་བཏང་སྙོམས་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་ཚད་མེད་པ་བཞི་ཙམ་གྱིས་
བྱམས་པ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྐྱེ་ཞིང་རྫོགས་པར་འགྱུར་གྱི། སྤྱོད་པ་གཞན་གྱིས་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྔར་འཇིག་རྟེན་གྱི་ཚད་མེད་པ་བཞིའི་སེམས་ཐོབ་ནས་གདོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་
པར་འགྱུར་ཏེ། རིམ་གྱིས་འཇིག་རྟེན་ལས་འདས་པ་ཡང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཚད་མེད་པའི་རྒྱུ་ལས་འཇིག་རྟེན་ལས་འདས་པའི་ཚད་མེད་པ་ཐོབ་པར་འགྱུར་ཏེ། དེ་བས་ན་ཚད་མེད་པ་ཆེན་པོ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་
འདས་ལ་གསོལ་པ། བཅོམ་ལྡན་འདས་ཕན་པ་དང་བདེ་བར་མི་འགྱུར་བ་ཡོངས་སུ་སེལ་ཅིང་ཕན་པ་དང་བདེ་བར་བྱ་བ་བསམས་པ་ནི་བསམས་པ་ཙམ་དུ་ཟད་ཀྱི། ཡང་དག་པར་ཕན་པའམ་བདེ་བར་མི་འགྱུར་རོ། །བཅོམ་ལྡན་འདས་དཔེར་ན་དགེ་སློང་མི་གཙང་བ་ལ་རྟོག་པ་ནི་ལུས་ལ་

གྱོན་པའི་གོས་ཀྱང་པགས་པར་མཐོང་མོད་ཀྱི། ཡང་དག་པར་པགས་པ་མ་ལགས་སོ། །ཟས་རྣམས་ཀྱང་སྲིན་བུར་འདུ་ཤེས་མོད་ཀྱི། ཡང་དག་པར་སྲིན་བུ་མ་ལགས་སོ། །སྲན་ཚོད་འཐུང་བ་ཡང་མི་གཙང་བའི་ཁུ་བར་འདུ་ཤེས་མོད་ཀྱི། ཡང་དག་པར་མི་གཙང་
བའི་ཁུ་བ་མ་ལགས་སོ། །ཞོ་ལ་རྐང་ངམ་ཀླད་པ་ལྟ་བུར་འདུ་ཤེས་མོད་ཀྱི། ཡང་དག་པར་ན་ཀླད་པ་མ་ལགས་སོ། །ཕྱེ་ལ་རུས་ཕྱེར་འདུ་ཤེས་མོད་ཀྱི། ཡང་དག་པར་ན་རུས་ཕྱེ་མ་ལགས་སོ། །ཚད་མེད་པ་བཞིའི་སེམས་ཀྱང་དེ་དང་འདྲ་སྟེ། ཡང་དག་པར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་
བ་ནི་མ་ལགས་ཀྱི། ཁ་ཙམ་ཞིག་སེམས་ཅན་ལ་བདེ་བ་སྦྱིན་ནོ་ཞེས་སྨྲས་ཀྱང་ཡང་དག་པར་བདེ་བར་མི་འགྱུར་ན། དེ་ལྟ་བུར་སེམས་པ་དེ་བརྫུན་པ་མ་ལགས་སམ། བཅོམ་ལྡན་འདས་ཅི་སྟེ་བརྫུན་མ་ལགས་ལ་ཡང་དག་པར་བདེན་པར་འགྱུར་བ་ཞིག་ན། ཅིའི་སླད་དུ་སེམས་ཅན་ཐམས་ཅད་
ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་ཐམས་ཅད་བདེ་བ་མྱོང་བར་མི་མཛད། ཅི་སྟེ་ཡང་དག་པར་བདེ་བར་མི་འགྱུར་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་ལས་ངས་མངོན་དུ་དྲན་པ་སྔོན་བྱམས་པའི་སེམས་འབའ་ཞིག་ལ་ནན་ཏན་བྱས་པ་ཙམ་གྱིས་
བསྐལ་པས་འཇིག་རྟེན་གྱི་ཁམས་འདི་ལན་བདུན་བཀྲུས་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་འདིར་མ་སྐྱེས་ཏེ། འཇིག་རྟེན་ཆགས་པའི་དུས་ན་ནི་ཚངས་པའི་ལྷར་སྐྱེས། འཇིག་རྟེན་ཞིག་པའི་དུས་ན་ནི་འོག་མིན་གནམ་གྱི་ལྷར་སྐྱེས་སོ། །ཚངས་པའི་ལྷར་སྐྱེས་པ་ན་དབང་དང་མཐུར་ལྡན་
ཏེ། གཞན་གྱི་ཟིལ་གྱིས་མི་ནོན་ལ་ཚངས་པ་སྟོང་གི་ནང་ན་མཆོག་ཏུ་གྱུར། ཕུལ་དུ་གྱུར་ཏེ། ཚངས་པ་ཆེན་པོའི་རྒྱལ་པོར་སྐྱེས་ནས་སེམས་ཅན་ཐམས་ཅད་ཀྱིས་བདག་ལ་གཙོ་བོར་འདུ་ཤེས་སྐྱེས་སོ། །ལན་སུམ་ཅུ་རྩ་དྲུག་གི་བར་དུ་སུམ་ཅུ་རྩ་གསུམ་གནམ་གྱི་ལྷའི་དབང་པོ་བརྒྱ་བྱིན་
ལྷའི་དབང་ཕྱུག་ཏུ་སྐྱེས་སོ། །སྐྱེ་བ་ཚད་མེད་པ་བརྒྱ་སྟོང་གི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེས་སོ་ཞེས་གསུངས་ཏེ། བྱམས་པའི་སེམས་འབའ་ཞིག་བསྒོམས་པས་ལྷ་དང་། མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐོབ་པས་ན། ཅི་སྟེ་མི་བདེན་ན་འདི་སྐད་དུ་གསུངས་པ་དང་ཡང་

ཅིས་ལྡན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་ཤིན་ཏུ་དཔའ་བས་མི་འཇིགས་པ་དང་ལྡན་ནོ། །དེ་ནས་འོད་སྲུང་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། གང་ཞིག་སེམས་ཅན་གཅིག་ཙམ་ལ། །ཞེ་སྡང་སེམས་ནི་མི་སྐྱེད་
ཅིང་། །དེ་ལ་བདེ་བར་འདོད་པ་ནི། །ཤིན་ཏུ་བྱམས་པ་ཞེས་བྱའོ། །གང་ཞིག་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་བ་ཡི་སེམས་བསྐྱེད་པ། །དེ་ནི་འཕགས་པའི་རིགས་ཞེས་བྱ། །བསོད་ནམས་ཚད་མེད་ཐོབ་པར་འགྱུར། །ཅི་སྟེ་མངོན་ཤེས་ལྔ་ལྡན་པའི། །དྲང་སྲོང་ས་ཆེན་གང་བར་
གྱུར། །དབང་དང་ལྡན་པའི་རྒྱལ་པོ་ཞིག །བདེ་བ་ཐམས་ཅད་བྱིན་ན་ནི། །རྟ་དང་བ་ལང་ནོར་སྣ་ཚོགས། །དེ་ཡིས་བསོད་ནམས་ཐོབ་པ་ནི། །བྱམས་པ་བསྒོམས་པའི་བསོད་ནམས་ཀྱིས། །བཅུ་དྲུག་ཆ་གཅིག་ཙམ་མི་ཕོད། །རིགས་ཀྱི་བུ་བྱམས་པ་བསྒོམས་པ་ནི་བརྫུན་མ་ཡིན་ཏེ་ཡང་དག་
པར་བདེན་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱམས་པ་ནི་བརྫུན་པ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱམས་པ་ནི་ཡང་དག་པ་སྟེ་མི་བརྫུན་པར་མི་མངོན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་
གནས་པ་ནི་ས་ལ་ཡང་གསེར་དུ་མཐོང་། གསེར་ལ་ཡང་སར་མཐོང་སྟེ། ས་ལ་ནི་ཆུར་མཐོང་། ཆུ་ལ་ཡང་སར་མཐོང་། ཆུ་ལ་ནི་མེར་མཐོང་། མེ་ལ་ཡང་ཆུར་མཐོང་། ས་ལ་ནི་རླུང་དུ་མཐོང་། རླུང་ལ་ཡང་སར་མཐོང་སྟེ། ཡིད་བཞིན་དུ་གྲུབ་པས་བརྫུན་པ་མེད་དོ། །སེམས་ཅན་
ཡང་དག་པ་ལ་ནི་སེམས་ཅན་མ་ཡིན་པར་ཡང་མཐོང་། སེམས་ཅན་མ་ཡིན་པ་ལ་ནི་ཡང་དག་པར་སེམས་ཅན་དུ་མཐོང་སྟེ། ཡིད་བཞིན་དུ་གྲུབ་པས་བརྫུན་པ་མེད་དོ། །རིགས་ཀྱི་བུ་དེ་བས་ན་བྱང་ཆུབ་སེམས་དཔའི་ཚད་མེད་པ་བཞིའི་སེམས་ཀྱིས་བསམ་པ་ནི་ཡང་དག་པའོ། །གཞན་ཡང་
རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་ཡང་དག་པའི་བསམ་པ་གང་ཞེ་ན། ཉོན་མོངས་པ་ཐམས་ཅད་ཡོངས་སུ་སེལ་བའི་ཕྱིར་རོ། །རིགས་ཀྱི་བུ་བྱམས་པའི་སེམས་བསྒོམས་པས་ནི་འདོད་ཆགས་ཡོངས་སུ་སྤོང་བར་འགྱུར་རོ། །སྙིང་རྗེའི་སེམས་བསྒོམས་པས་ནི་ཞེ་སྡང་ཡོངས་སུ་སྤོང་བར་འགྱུར་

དགའ་བའི་སེམས་བསྒོམས་པས་ནི་མི་བདེ་བ་ཡོངས་སུ་སྤོང་བར་འགྱུར། བཏང་སྙོམས་ཀྱི་སེམས་བསྒོམས་པས་ནི་འདོད་ཆགས་དང་། ཞེ་སྡང་དང་། སེམས་ཅན་དུ་འདུ་ཤེས་པ་ཡོངས་སུ་སྤོང་བར་འགྱུར་ཏེ། དེ་བས་ན་ཡང་དག་པའི་བསམ་པ་ཞེས་བྱའོ། །
གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚད་མེད་པ་བཞིའི་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་ཀྱི་གཞིར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་སྟེ། སེམས་ཅན་དབུལ་ཕོངས་པ་དག་མི་མཐོང་ན་བྱམས་པ་སྐྱེ་བའི་རྒྱུ་མེད་དེ།
གལ་ཏེ་བྱམས་པ་མ་སྐྱེས་ན་སྦྱིན་པ་སྦྱིན་པའི་སེམས་མི་འབྱུང་ངོ་། །སྦྱིན་པ་བྱིན་པའི་རྐྱེན་གྱིས་སེམས་ཅན་མང་པོ་བདེ་བར་འགྱུར་བ་ནི་འདི་ལྟ་སྟེ། ཟས་དང་། སྐོམ་དང་། ཐེག་པ་དང་། གོས་དང་བདུག་པ་དང་། མེ་ཏོག་དང་། གདིང་བའི་ཁྲི་སྟན་དང་། ཁང་ཁྱིམ་དང་། སྣང་
བའི་མར་མེ་ལ་སོགས་པ་སྦྱིན་པ་སྟེ། དེ་ལྟར་སྦྱིན་པ་བྱིན་པ་ན་དེ་སེམས་མ་བཅིངས་ཏེ་ཆགས་པ་མི་སྐྱེ་བ་དང་། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པའོ། །དེའི་ཚེ་ན་སེམས་ཅི་ལ་ཡང་མི་ཆགས་ཤིང་འདུ་ཤེས་གཅོད་པ་དང་། རྙེད་པ་དང་གྲགས་
པས་འཇིགས་པ་དང་། ལྷ་དང་མིའི་བདེ་བ་མི་ཚོལ་བ་དང་། ང་རྒྱལ་མི་སྐྱེ་བ་དང་། ལན་མི་རེ་བ་དང་། ཕ་རོལ་པོ་ལ་བསླུ་བའི་ཕྱིར་སྦྱིན་པ་སྦྱིན་པ་མ་ཡིན་པ་དང་། ལོངས་སྤྱོད་འདོད་པའི་ཕྱིར་མ་ཡིན་པ་དང་། སྦྱིན་པ་བྱིན་པ་ན་ལེན་པར་མི་ལྟ། ཚུལ་ཁྲིམས་བསྲུང་བ་དང་ཚུལ་ཁྲིམས་
ངན་པ་ཅན་དང་། བསོད་ནམས་ཀྱི་ཞིང་དང་བསོད་ནམས་ཀྱི་ཞིང་མ་ཡིན་པ་དང་། བཤེས་གཉེན་དང་བཤེས་གཉེན་མ་ཡིན་པར་མི་ལྟ། སྦྱིན་པ་བྱིན་པ་ན་སྣོད་དང་སྣོད་མ་ཡིན་པར་མི་ལྟ། ཉི་མ་དང་དུས་དང་གནས་དང་། གནས་མ་ཡིན་པར་མི་ལྟ། མུ་གེ་དང་ཤིན་ཏུ་སྐྱིད་པའི་དུས་
ཀྱང་མི་ལྟ། རྒྱུ་དང་འབྲས་བུར་ཡང་མི་ལྟ། སེམས་ཅན་དང་སེམས་ཅན་མ་ཡིན་པ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པར་མི་ལྟ་སྟེ། དེ་ལྟར་སྦྱིན་པ་དང་ལེན་པ་དང་ནོར་གྱི་དངོས་པོར་མི་ལྟ་བ་ནས། བར་དུ་གཅོད་པ་དང་། འབྲས་བུ་སྨིན་པའི་བར་དུ་མི་ལྟ་མོད་ཀྱི། སྦྱིན་པ་རྟག་

ཏུ་སྤྱོད་དེ་རྒྱུན་དུ་མི་གཅོད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་གལ་ཏེ་ཚུལ་ཁྲིམས་བསྲུང་བ་དང་། ཚུལ་ཁྲིམས་ངན་པ་ཅན་དང་འབྲས་བུ་རྣམ་པར་སྨིན་པའི་བར་དུ་ལྟ་ན་སྦྱིན་པ་བྱིན་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པ་མ་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་རོ། །
གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་དུག་མདས་ཕོག་པ་ལས། མི་དེའི་གཉེན་བཤེས་དག་དེའི་དུག་བསལ་ཅིང་བདེ་བར་བྱ་བའི་ཕྱིར་སྨན་པ་མཁས་པ་གཉེར་ནས་དུག་
མདའ་དབྱུང་བ་ལས་མི་དེ་འདི་སྐད་ཅེས་ཟེར་རོ། །རེ་ཞིག་ཁོ་བོའི་ལུས་ལ་མ་རེག་པར་སྡོད་ཅིག །བདག་གིས་དུག་མདའ་འདི་གང་ཕྱོགས་ནས་འོངས། སུས་འཕངས། རྒྱལ་རིགས་སམ། བྲམ་ཟེའམ། རིགས་ངན་གྱིས་འཕངས་སམ། ག་ལས་འོངས་པ་བརྟགས་ཏེ་བྱའོ། །ཡང་
མདའ་ཉིད་ཤིང་ངམ། སྨྱིག་མའམ། འོན་ཏེ་ལྕང་མའམ། མདེའུ་ཉིད་ཀྱང་སུས་བརྡུངས། རྣོ་ལྕགས་སམ། མཉེན་ལྕགས་སམ། མདའ་སྒྲོ་ཉིད་ཀྱང་བྱ་ཅི་ཞིག་གི་སྒྲོ། བྱ་རྒོད་དམ། བྱན་ལག་གི་སྒྲོའམ། དུག་ཉིད་ཀྱང་ག་ལས་བྱུང་སུས་བྱས་པ་ཞིག །འོན་ཏེ་རང་བྱུང་བ་ཞིག་གམ།
འོན་ཏེ་མིས་བྱས་པའི་དུག་གམ། འོན་ཏེ་སྦྲུལ་གདུག་པའི་དུག་ཡིན་ནམ། དེ་ལྟར་གླེན་པས་བརྟགས་ཀྱང་རྟོགས་པར་མ་གྱུར་ཏེ་དེ་མ་ཐག་ཏུ་ཚེ་འཕོས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་དེ་དང་འདྲ་སྟེ། སྦྱིན་པ་བྱིན་པ་ན་བྱེ་བྲག་ཏུ་རྣམ་པར་འབྱེད་དེ། འདི་ནི་སྦྱིན་པ་
འདི་ནི་ལེན་པའོ། །འདི་ནི་ཚུལ་ཁྲིམས་བསྲུང་བ་འདི་ནི་ཚུལ་ཁྲིམས་ངན་པ་ཅན་ནོ་ཞེས་བྱ་བ་ནས། འབྲས་བུ་རྣམ་པར་སྨིན་པའི་བར་དུ་བྱེ་བྲག་ཏུ་འབྱེད་པས་ནམ་དུ་ཡང་སྦྱིན་པར་མི་འགྱུར་རོ། །གལ་ཏེ་སྦྱིན་པ་མ་བྱིན་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མི་འགྱུར་
རོ། །གལ་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་རྫོགས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མི་འགྲུབ་བོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་སྤྱོད་པ་ན། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་མཉམ་པ་ནི་བུ་གཅིག་པ་དང་འདྲ་

བར་འདུ་ཤེས་སོ། །གཞན་ཡང་སྦྱིན་པ་བྱིན་པ་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་བསྐྱེད་པ་ནི་ཇི་ལྟར་ཕ་མས་བུ་གཅིག་པ་ན་བའི་ནད་གཡོག་བྱེད་པ་དང་འདྲའོ། །སྦྱིན་པ་སྤྱོད་པ་ན་སེམས་རབ་ཏུ་དགའ་བ་ནི་ཇི་ལྟར་ཕ་མས་བུའི་ནད་སོས་པ་མཐོང་བ་དང་འདྲའོ། །
སྦྱིན་པ་བྱིན་ནས་སེམས་བཏང་སྙོམས་སུ་འགྱུར་བ་ནི་དཔེར་ན་ཕ་མས་བུ་གཅིག་པ་སྐྱེད་རྫོགས་ཏེ་ཤེད་བྱེ་ནས་རང་སོས་པར་མཐོང་བ་དང་འདྲའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁ་ཟས་ཀྱི་བག་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་
ཏེ། བདག་གི་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཀྱིས་ཡེ་ཤེས་ཆེན་པོའི་ཟས་ཐོབ་ཅིང་བླ་ན་མེད་པའི་ཐེག་པ་ཆེན་པོར་བསྔོ་བ་ལ་བརྩོན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཡེ་ཤེས་ཀྱི་ཟས་
ཐོབ་ཅིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཟས་ཚོལ་བར་མ་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་དགའ་བའི་ཟས་ཐོབ་ཅིང་འདོད་པའི་ཟས་ཚོལ་བར་མ་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟས་ཐོབ་ཅིང་ཐམས་ཅད་ཡོངས་སུ་རྫོགས་པར་
འགྱུར་བ་དང་། །ཐོགས་པ་མེད་པའི་མཆོག་གི་དགེ་བའི་རྩ་བ་སྡུད་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་སྟོང་པ་ཉིད་ཀྱི་མཚན་ཉིད་རྟོགས་ཤིང་ཐོགས་པ་མེད་པའི་ལུས་ཐོབ་ནས་ནམ་མཁའ་ལྟ་བུར་གྱུར་ཅིག །སེམས་ཅན་ཐམས་ཅད་རྟག་ཏུ་སྦྱིན་པ་ལེན་པར་འགྱུར་ཞིང་ཐམས་
ཅད་ལ་བྱམས་པ་དང་། བརྩེ་བ་དང་། ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཟས་ཀྱི་སྦྱིན་པ་བྱིན་པ་ནས་སྨོན་ལམ་དེ་དག་བསྐྱེད་པ་ལ་ཤིན་ཏུ་བརྟན་པར་བྱའོ། །རིགས་
ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་བཏུང་བའི་སྐོམ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་ཏེ། བདག་གི་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་

པ་ཆེན་པོའི་ཆུ་བོར་འཇུག་པ་དང་། རོ་རྣམ་པ་བརྒྱད་དང་ལྡན་པའི་ཆུ་འཐུང་ཞིང་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ལ་བགྲོད་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྐོམ་པས་གདུང་བ་སྤོང་བ་དང་། བླ་ན་མེད་པའི་སངས་རྒྱས་ཀྱི་ཐེག་པས་མི་ངོམས་པ་དང་། ཉོན་མོངས་
པས་གདུང་བ་ཡོངས་སུ་སྤོང་ཞིང་ཆོས་ཀྱི་རོས་མི་ངོམས་པ་དང་། འཁོར་བའི་འདོད་པ་སྤོང་ཞིང་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མོས་པ་དང་། ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་དང་། ཏིང་ངེ་འཛིན་རྣམས་ཐོབ་པ་དང་། ཤིན་ཏུ་ཟབ་པའི་ཡེ་ཤེས་ཀྱི་རྒྱ་མཚོར་ཞུགས་
པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་བདུད་རྩིའི་རོ་མྱོང་ཞིང་། བྱང་ཆུབ་སེམས་དཔའ་འཇིག་རྟེན་དུ་འབྱུང་བའི་འདོད་པ་སྤངས་ནས་རབ་ཏུ་བདེ་བའི་རོ་མྱོང་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་རོ་ཚད་མེད་པ་བརྒྱ་སྟོང་ཇི་སྙེད་དང་ལྡན་པར་འགྱུར་ཞིང་ཆོས་ཀྱི་རོ་
དང་ལྡན་པར་གྱུར་ནས་སངས་རྒྱས་ཀྱི་རང་བཞིན་མཐོང་བར་གྱུར་ཅིག །སངས་རྒྱས་ཀྱི་རང་བཞིན་མཐོང་ནས་ཆོས་ཀྱི་ཆར་རབ་ཏུ་འབེབས་པར་གྱུར་ཅིག །ཆོས་ཀྱི་ཆར་རབ་ཏུ་ཕབ་ནས་ནམ་མཁའ་ལྟར་སངས་རྒྱས་ཀྱི་རང་བཞིན་ཀུན་དུ་ཁེབས་ཤིང་ཚད་མེད་པའི་སེམས་ཅན་ཐམས་ཅད་ཀྱིས་
ཉན་ཐོས་དང་རང་སངས་རྒྱས་ཀྱི་རོ་མ་ཡིན་པ། ཐེག་པ་ཆེན་པོའི་ཆོས་ཀྱི་རོ་གཅིག་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་རྣམ་པ་དྲུག་ཏུ་གྱུར་པའི་རོ་མ་ཡིན་པ་མངར་བའི་རོ་གཅིག་པ་ཐོབ་པར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་རོ་འབའ་ཞིག་ཚོལ་ཞིང་ཐོགས་
པ་མེད་པའི་སངས་རྒྱས་ཀྱི་ཆོས་སྤྱོད་པའི་རོ་ལས་རོ་གཞན་ཚོལ་བར་མ་གྱུར་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་བཏུང་བའི་སྐོམ་སྦྱིན་པ་བྱིན་པ་ན་སྨོན་ལམ་འདི་དག་ལ་ཤིན་ཏུ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཐེག་པ་སྦྱིན་པ་བྱིན་པ་ན། འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་རྫོགས་པ་དང་། ཐེག་པ་ཆེན་

པོ་ལ་གནས་པ་དང་། ཕྱིར་མི་ལྡོག་པའི་ཐེག་པ་དང་། མི་གཡོ་བའི་ཐེག་པ་དང་། རྡོ་རྗེ་གདན་གྱི་ཐེག་པ་དང་། ཉན་ཐོས་དང་རང་སངས་རྒྱས་མི་ཚོལ་བའི་ཐེག་པ་དང་། སངས་རྒྱས་ཀྱི་ཐེག་པ་ལ་འབབ་པ་དང་། མི་ཕྲོགས་པའི་ཐེག་པ་དང་། མི་ཞན་པའི་ཐེག་
པ་དང་། ཕྱིར་མི་ནུར་བའི་ཐེག་པ་དང་། བླ་ན་མེད་པའི་ཐེག་པ་དང་། སྟོབས་བཅུའི་ཐེག་པ་དང་། ཡོན་ཏན་ཆེན་པོའི་ཐེག་པ་དང་། རྨད་དུ་བྱུང་བའི་ཐེག་པ་དང་། ངོ་མཚར་ཆེ་བའི་ཐེག་པ་དང་། ཤིན་ཏུ་རྙེད་དཀའ་བའི་ཐེག་པ་དང་། མཐའ་ཡས་པའི་ཐེག་པ་དང་། ཐམས་ཅད་
མཁྱེན་པའི་ཐེག་པས་བཏེག་པར་གྱུར་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཐེག་པ་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་དེ་དག་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགོ་
བའི་གོས་སྦྱིན་པ་བྱིན་པ་ན། འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་འཛེམ་པ་དང་ངོ་ཚ་བའི་གོས་དང་ལྡན་ཞིང་། ཆོས་ཀྱི་དབྱིངས་ཀྱིས་ལུས་ཁེབས་
ནས་ལྟ་བ་མང་པོས་གླགས་པའི་གོས་དྲལ་བ་དང་། གོས་ཀྱི་ལུས་ལ་ཁྲུ་གང་གིས་མི་རེག་པ་དང་། གསེར་གྱི་མདོག་ཅན་གྱི་ལུས་ཐོབ་པ་དང་། རེག་བྱ་རྣམས་ཤིན་ཏུ་འཇམ་པ་དང་། འོད་གསལ་ཞིང་ཐོགས་པ་མེད་པ་དང་། མདོག་འཚེར་ཞིང་པགས་པ་འཇམ་ལ་
འོད་རྟག་ཏུ་ཚད་མེད་པ་དང་། གཟུགས་མེད་ཅིང་གཟུགས་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཀྱིས་གཟུགས་མེད་པའི་ལུས་ཐོབ་ཅིང་གཟུགས་ཐམས་ཅད་ལ་འདས་པ་དང་། གཟུགས་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་ཞུགས་པར་གྱུར་ཅིག །
ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོས་ཀྱི་སྦྱིན་པ་བྱིན་པ་ན། དེ་ལྟར་སྨོན་ལམ་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བསྒོམ་པ་ན། མེ་ཏོག་དང་།

བྱུག་སྤོས་དང་། སྤོས་ཕྱེ་མ་དང་། བསུང་ཅན་སྦྱིན་པ་བྱིན་པའི་ཚེ་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀུ་སུ་མའི་ཏིང་ངེ་འཛིན་ཐོབ་ཅིང་།
བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ཅོད་པན་མགོ་ལ་ཐོགས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་གཟུགས་ཟླ་བ་ཉ་བ་དང་འདྲ་བར་འགྱུར་ཞིང་། མཐོང་བའི་གཟུགས་ཐམས་ཅད་ཀྱང་ཕུལ་དུ་གྱུར་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱིས་མཚན་ཉིད་གཅིག་པའི་བསོད་ནམས་བརྒྱས་
ཡོངས་སུ་བརྒྱན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱིས་ཡིད་བཞིན་དུ་ཡིད་དུ་འོང་བའི་གཟུགས་མཐོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱིས་རྟག་ཏུ་དགེ་བའི་བཤེས་གཉེན་དང་ཕྲད་ཅིང་ཐོགས་པ་མེད་པའི་གསུང་ཐོབ་ནས། མི་གཙང་བ་རྣམས་དང་བྲལ་བར་ཤོག་ཤིག །
སེམས་ཅན་ཐམས་ཅད་ཀྱིས་དགེ་བའི་རྩ་བ་བླ་ན་མེད་པ་རིན་པོ་ཆེ་ལྟ་བུ་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཀྱིས་གཅིག་ལ་གཅིག་མཐོང་བ་ཙམ་གྱིས་དགའ་ཞིང་མཛའ་བ་དང་། སྡུག་བསྔལ་བར་འགྱུར་བའི་མྱ་ངན་མེད་པ་དང་། སོ་སོར་དགེ་བ་དང་ལྡན་ཞིང་གཅིག་ལ་
གཅིག་མི་གནོད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་བསུང་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་ཚུལ་ཁྲིམས་བསྲུང་ཞིང་། དེའི་དྲི་བསུང་གིས་ཕྱོགས་བཅུར་ཡོངས་སུ་མངད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཤིན་ཏུ་
བརྟན་པའི་ཚུལ་ཁྲིམས་དང་། འགྱོད་པ་མེད་པའི་ཚུལ་ཁྲིམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ངན་པ་ཡོངས་སུ་སྤངས་པའི་ཚུལ་ཁྲིམས་དང་། ཐམས་ཅད་མེད་པའི་ཚུལ་ཁྲིམས་དང་། སྔོན་མ་བྱུང་བའི་ཚུལ་ཁྲིམས་དང་། མཁན་
པོ་མེད་པའི་ཚུལ་ཁྲིམས་དང་། བྱ་བ་མེད་པའི་ཚུལ་ཁྲིམས་དང་། གདུང་བ་མེད་པའི་ཚུལ་ཁྲིམས་དང་། ཉོན་མོངས་པ་མེད་པའི་ཚུལ་ཁྲིམས་དང་། མཐར་ཕྱིན་པའི་ཚུལ་ཁྲིམས་དང་། མཉམ་པའི་ཚུལ་ཁྲིམས་དང་ལྡན་ཞིང་། སྤོས་ཀྱི་ལྡེ་གུས་ལུས་ལ་བྱུགས་པ་དང་། མཚོན་

གྱིས་འདེབས་ཤིང་འཛུགས་པ་ལ་མཉམ་པར་བྱམས་སྡང་མེད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཚུལ་ཁྲིམས་ཐོབ་པ་དང་། ཐེག་པ་ཆུང་ངུའི་ཚུལ་ཁྲིམས་མ་ཡིན་པ་ཐེག་པ་ཆེན་པོའི་ཚུལ་ཁྲིམས་དང་ལྡན་པར་ཤོག་ཤིག །སེམས་
ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྷུན་གྱིས་གྲུབ་པའི་ཚུལ་ཁྲིམས་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་།
ཤེས་རབ་ལ་གོམས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་པད་མོ་དམ་པ་དང་ལྡན་ཞིང་། པད་མོའི་དྲི་བསུང་གིས་ཕྱོགས་བཅུར་ཡོངས་སུ་མངད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་
བླ་ན་མེད་པའི་ཟས་བསུང་ཅན་དང་ལྡན་ཞིང་ཇི་ལྟར་བུང་བ་དག་མེ་ཏོག་གི་ཁ་དོག་དང་བསུང་ལ་མི་གནོད་པ་ལྟར་ཤོག་ཤིག །སེམས་ཅན་ཐམས་ཅད་ཡོན་ཏན་ཚད་མེད་པ་ལས་གྲུབ་པའི་ལུས་དང་ལྡན་པར་ཤོག་ཤིག་ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མེ་ཏོག་དང་སྤོས་ཀྱི་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་ལམ་འདི་དག་གདབ་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁྲི་སྟན་དང་གདིང་བ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་
འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ལྷའི་ལྷ་ཉལ་བའི་ཁྲི་དང་ལྡན་པར་གྱུར་ཅིག །ཤེས་རབ་ཆེན་པོ་དང་ལྡན་ཞིང་བསམ་གཏན་བཞིའི་གནས་ལ་འདུག་པ་དང་། བྱང་ཆུབ་
སེམས་དཔའ་ཉལ་བའི་ཁྲི་སྟན་ལ་ཉལ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཁྲི་སྟན་ལ་མི་ཉལ་བ་དང་། ངན་པས་ཉལ་བའི་ཁྲི་སྟན་ཡོངས་སུ་སྤོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཤིན་ཏུ་བདེ་བར་ཉལ་ཞིང་། འཁོར་བའི་ཁྲི་སྟན་ཡོངས་སུ་སྤངས་ཏེ། ཡོངས་

སུ་མྱ་ངན་ལས་འདས་པ་སེང་གེའི་ཁྲི་སྟན་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཁྲི་སྟན་དེ་ལ་འདུག་ནས་ཀྱང་དེ་མ་ཡིན་པའི་སེམས་ཅན་ཚད་མེད་པ་གཞན་ལ་ཡང་མངོན་པར་ཤེས་པ་སེང་གེ་རྣམ་པར་རོལ་པ་མངོན་དུ་སྟོན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐེག་པ་
ཆེན་པོའི་གཞལ་མེད་ཁང་ཆེན་པོ་འདི་ལ་གནས་ནས་སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་སྟོན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཁྲི་སྟན་ལ་འདུག་ནས་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་བཟོད་
པའི་ཁྲི་སྟན་ཐོབ་ནས་འཁོར་བའི་བཀྲེས་གྲང་གི་མུ་གེ་ལས་བྲལ་བར་ཤོག་ཤིག །སེམས་ཅན་ཐམས་ཅད་འཇིགས་པ་མེད་པའི་ཁྲི་སྟན་ཐོབ་ནས་ཉོན་མོངས་པའི་དགྲ་ཐམས་ཅད་སྤོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་རྣམ་པར་དག་པའི་ཁྲི་སྟན་ཐོབ་ནས་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ལ་བརྩོན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་དགེ་བ་ལ་གནས་པའི་ཁྲི་སྟན་ཐོབ་ནས་རྟག་ཏུ་དགེ་བའི་བཤེས་གཉེན་གྱིས་སྐྱོབ་པར་ཤོག་ཤིག །སེམས་ཅན་ཐམས་ཅད་གློ་གཡས་པས་ཉལ་བའི་ཁྲི་སྟན་ཐོབ་ནས་སངས་རྒྱས་རྣམས་
ཀྱིས་མཛད་པའི་ཆོས་ལ་གནས་པར་ཤོག་ཤིག །ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་བྱམས་པའི་སེམས་ཀྱིས་ཁྲི་སྟན་དང་གདིང་བ་སྦྱིན་པ་བྱིན་པ་ན་དེ་ལྟར་སྨོན་ལམ་གདབ་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་
ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་ཁང་ཁྱིམ་གྱི་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་
ཁང་པར་གནས་ཤིང་དགེ་བའི་བཤེས་གཉེན་དག་སྤྱོད་པ་ལ་ནན་ཏན་དུ་སྤྱོད་པ་དང་། སྙིང་རྗེ་ཆེན་པོ་ལ་ནན་ཏན་དུ་བྱེད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ནན་ཏན་དུ་སྤྱོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཛད་པ་ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་

ཐམས་ཅད་ཀྱིས་སྤྱད་པའི་ལམ་ལ་སྤྱོད་པ་དང་། ནམ་མཁའ་ལྟར་མཐའ་ཡས་ཤིང་རྒྱ་ཆེ་བ་ལ་སྤྱོད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཡང་དག་པའི་དྲན་པ་དང་ལྡན་ཞིང་ངན་པར་རྟོག་པ་ཡོངས་སུ་སྤོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་རྟག་པ་དང་།
བདེ་བ་དང་། བདག་དང་། ཡོངས་སུ་དག་པ་ལ་བདེ་བར་གནས་ཤིང་ཕྱིན་ཅི་ལོག་བཞི་ཡོངས་སུ་སྤོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཡི་གེ་དང་འབྲུ་འཛིན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་བླ་ན་མེད་པ་ཐམས་ཅད་མཁྱེན་པའི་ཡེ་
ཤེས་ཀྱི་སྣོད་དུ་ངེས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་བདུད་རྩིའི་ཁང་པར་འཇུག་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐོག་མ་དང་། བར་མ་དང་། ཐ་མའི་སེམས་ཀུན་གྱིས་རྟག་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཁང་པར་ཞུགས་པར་ཤོག་ཤིག །སེམས་
ཅན་ཐམས་ཅད་མ་འོངས་པའི་དུས་སུ་བྱང་ཆུབ་སེམས་དཔའི་གཞལ་མེད་ཁང་དུ་རྟག་ཏུ་གནས་པར་ཤོག་ཤིག་ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པའི་སེམས་ཀྱིས་གནས་པའི་ཁང་ཁྱིམ་སྦྱིན་པ་བྱིན་པ་ན་རྟག་ཏུ་
སྨོན་ལམ་འདི་དག་བསྐྱེད་པ་ལ་བརྟན་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མར་མེའི་སྣང་བ་སྦྱིན་པ་བྱིན་པ་ན་འདི་ལྟར་སྨོན་ལམ་འདེབས་སོ། །བདག་གིས་སྦྱིན་པ་བྱིན་པ་འདི་སེམས་ཅན་ཐམས་ཅད་དང་
ཐུན་མོང་དུ་གྱུར་ཅིག །དེའི་རྒྱུ་དེའི་རྐྱེན་གྱིས་སེམས་ཅན་ཐམས་ཅད་ཚད་མེད་པའི་འོད་དང་ལྡན་ཞིང་སངས་རྒྱས་ཀྱི་ཆོས་ལ་བདེ་བར་གནས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་རྟག་ཏུ་སྣང་བས་ཀུན་དུ་གསལ་བར་ཤོག་ཤིག །སེམས་ཅན་ཐམས་ཅད་མདོག་དམ་པ་
དང་ལྡན་ཏེ་ཕུལ་དུ་གྱུར་པའི་མདོག་འཚེར་བ་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་མིག་དང་ལྡན་ཏེ་ལྡོངས་པའི་རབ་རིབ་ཆོད་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་ཏེ། བདག་

མེད་པ་དང་། སེམས་ཅན་མེད་པ་དང་། གང་ཟག་མེད་པ་དང་། སྲོག་མེད་པ་ལ་ཤིན་ཏུ་མཁས་པར་ཤོག་ཤིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་ནམ་མཁའ་ལྟ་བུར་མཐོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་
པའི་མིག་དང་ལྡན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱང་གསལ་བར་མཐོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་འོད་དང་ལྡན་ཏེ། ཕྱོགས་བཅུར་སྣང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐོགས་པ་མེད་པའི་
མིག་དང་ལྡན་ཏེ། ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རང་བཞིན་ཡོངས་སུ་དག་པ་མཐོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཡེ་ཤེས་ཆེན་པོའི་སྣང་བ་ཐོབ་ཅིང་མུན་པ་ཐམས་ཅད་དང་ལོག་སྲེད་ཅན་ཐམས་ཅད་བཅོམ་པར་ཤོག་ཤིག །སེམས་ཅན་ཐམས་ཅད་ཚད་མེད་པའི་
འོད་དང་ལྡན་ཞིང་ཚད་མེད་པའི་སངས་རྒྱས་ཀྱི་ཞིང་ཀུན་སྣང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་སྒྲོན་མེ་འཛུགས་ཤིང་། ཐེག་པ་ཆུང་ངུ་གཉིས་ཀྱི་སྒྲོན་མེ་སྤོང་བར་ཤོག་ཤིག །སེམས་ཅན་ཐམས་ཅད་སྣང་བའི་འོད་དང་ལྡན་ཞིང་མ་རིག་པའི་མུན་པ་
བསལ་ནས་ཉི་མ་སྟོང་བས་ལྷག་པའི་ཀུན་དུ་སྣང་བའི་ཡོན་ཏན་དང་ལྡན་པར་ཤོག་ཤིག །སེམས་ཅན་ཐམས་ཅད་མེའི་འོད་ཀྱི་ནོར་བུ་ཞེས་བྱ་བའི་སྣང་བ་ཐོབ་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་མུན་ནག་ཐམས་ཅད་བསལ་བར་ཤོག་ཤིག །སེམས་
ཅན་ཐམས་ཅད་སྤྱན་ལྔ་དང་ལྡན་ཏེ། ཆོས་རྣམས་ཀྱི་མཚན་ཉིད་རྟོགས་པ་དང་། སྟོན་པ་མི་དགོས་པར་རང་གིས་རིག་པར་ཤོག་ཤིག །སེམས་ཅན་ཐམས་ཅད་མ་རིག་པ་ལ་མི་ལྟ་བར་ཤོག་ཤིག །སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་
པའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་རང་བཞིན་ཡང་དག་པར་སྟོན་པར་ཤོག་ཤིག །ཅེས་སྨོན་ལམ་འདེབས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ཀྱིས་མར་མེའི་སྣང་བ་སྦྱིན་པ་བྱིན་པ་ན་རྟག་ཏུ་སྨོན་

ལམ་འདི་དག་བསྐྱེད་པ་ལ་བརྟན་པར་བྱའོ།། །།འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ། བམ་པོ་ཉི་ཤུ་རྩ་གཅིག་པ། རིགས་ཀྱི་བུ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་
རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དགེ་བའི་རྩ་བར་འགྱུར་བའི་གཞི་ནི་བྱམས་པ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་སེམས་ལ་ནན་ཏན་བྱེད་པ་ན་ཚད་མེད་པའི་དགེ་བའི་རྩ་བ་འདི་དག་སྐྱེ་བར་འགྱུར་རོ། །འདི་ལྟ་སྟེ། མི་
སྡུག་པ་ལ་རྟོག་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་བགྲང་བ་དང་། མི་རྟག་པ་དང་། སྐྱེ་བ་དང་། འགོག་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཐབས་མཁས་པ་བདུན་དང་། རྟོག་པའི་གནས་གསུམ་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་བཅུ་གཉིས་དང་།
བདག་མེད་པ་ལ་སོགས་པ་རྟོག་པ་དང་། དྲོད་དང་། སྤྱི་བོ་དང་། བཟོད་པ་དང་། འཇིག་རྟེན་མཆོག་གི་ཆོས་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་
ལག་བདུན་དང་། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཆོག་གི་གནས་བརྒྱད་དང་། ཐམས་ཅད་འཇུག་པ་བཅུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་
པ་དང་། རྩོད་པ་མེད་པའི་ཏིང་ངེ་འཛིན་དང་། ཕ་རོལ་པོའི་སེམས་ཤེས་པའི་ཡེ་ཤེས་དང་། མངོན་པར་ཤེས་པ་རྣམས་དང་། ཐོག་མའི་མཐའ་ཤེས་པའི་ཡེ་ཤེས་དང་། ཉན་ཐོས་ཀྱི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་།
སངས་རྒྱས་ཀྱི་ཡེ་ཤེས་ལ་སོགས་པ་ཆོས་དེ་དག་ཐམས་ཅད་ཀྱི་གཞིར་འགྱུར་བ་ནི་བྱམས་པ་ཡིན་ནོ། །རིགས་ཀྱི་བུ་དེ་བས་ན་བྱམས་པ་ནི་ཡང་དག་པའི་བདེན་པ་སྟེ་བརྫུན་པ་མ་ཡིན་ནོ། །རིགས་ཀྱི་བུ་ཅི་སྟེ་གཅིག་གིས་དགེ་བའི་རྩ་བ་ཐམས་ཅད་ཀྱི་གཞིར་འགྱུར་བ་གང་

ཡིན་ཞེས་དྲིས་ན་བྱམས་པ་ཡིན་ནོ་ཞེས་གྱིས་ཤིག །དེ་བས་ན་ཡང་དག་པ་སྟེ་བརྫུན་པ་མ་ཡིན་ནོ། །རིགས་ཀྱི་བུ་དགེ་བར་འགྱུར་བ་ནི་ཡང་དག་པར་སེམས་པའོ། །ཡང་དག་པར་སེམས་པ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །བྱམས་པ་ནི་
ཐེག་པ་ཆེན་པའོ། །ཐེག་པ་ཆེན་པོ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་བྱང་ཆུབ་ཀྱི་ལམ་མོ། །བྱང་ཆུབ་ཀྱི་ལམ་ནི་དེ་བཞིན་གཤེགས་པའོ། །དེ་བཞིན་གཤེགས་པ་ནི་བྱམས་པའོ། །རིགས་ཀྱི་བུ་བྱམས་པ་ནི་
ཚངས་པ་ཆེན་པོའོ། །ཚངས་པ་ཆེན་པོ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ། །ཕ་མ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་
བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་མི་ཁྱབ་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ། །སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ནི་བྱམས་པའོ། །དེ་བས་ན་བྱམས་པ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་ནི་སེམས་ཅན་གྱི་སངས་རྒྱས་ཀྱི་
རང་བཞིན་ནོ། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་དེ་ཡང་ཡུན་རིང་པོ་ནས་ཉོན་མོངས་པས་ཟིལ་གྱིས་མནན་ཏེ། བསྒྲིབས་པས་སེམས་ཅན་རྣམས་ཀྱིས་མ་མཐོང་ངོ་། །དེ་ལྟར་སངས་རྒྱས་ཀྱི་རང་བཞིན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་
ཀྱི་བུ་བྱམས་པ་ནི་སྟོང་པ་ཆེན་པོའོ། །སྟོང་པ་ཆེན་པོ་ནི་བྱམས་པ་ཆེན་པོའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་ནམ་མཁའོ། །ནམ་མཁའ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་
རྟག་པའོ། །རྟག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་བདེ་བའོ། །བདེ་བ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་

དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་ཡོངས་སུ་དག་པའོ། །ཡོངས་སུ་དག་པ་ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་བདག་ཅེས་བྱའོ། །བདག་
ནི་ཆོས་སོ། །ཆོས་ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་བདུད་རྩིའོ། །བདུད་རྩི་ནི་བྱམས་པའོ། །བྱམས་པ་ནི་སངས་རྒྱས་ཀྱི་རང་བཞིན་ནོ། །སངས་རྒྱས་ཀྱི་རང་བཞིན་ནི་ཆོས་སོ། །ཆོས་
ནི་དགེ་འདུན་ནོ། །དགེ་འདུན་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་བོ། །བྱང་ཆུབ་ནི་བྱམས་པའོ། །བྱམས་པ་ནི་དེ་བཞིན་གཤེགས་པའོ། །རིགས་ཀྱི་བུ་བྱམས་
པ་ནི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཚད་མེད་པའི་སྤྱོད་ཡུལ་ལོ། །ཚད་མེད་པའི་སྤྱོད་ཡུལ་ནི་བྱམས་པའོ། །དེ་བས་ན་བྱམས་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་ནི་མི་རྟག་པའོ། །མི་རྟག་པ་ནི་བྱམས་པའོ། །
བྱམས་པ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་དེ་སྡུག་བསྔལ་བ་ཡིན་ན་སྡུག་བསྔལ་བ་ནི་བྱམས་པ་ཡིན་ནོ། །དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་ཡོངས་སུ་མ་དག་པ་
ཡིན་ན་ཡོངས་སུ་མ་དག་པའི་བྱམས་པའོ། །དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་ནི་བདག་མེད་པ་ཡིན་ནོ། །བདག་མེད་པ་ནི་བྱམས་པའོ། །དེ་བས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་
ཀྱི་བུ་བྱམས་པ་ནི་མི་བདེན་པའོ། །མི་བདེན་པ་ནི་བྱམས་པའོ། །བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་ཉན་ཐོས་ཀྱི་བྱམས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ན་སྦྱིན་པའི་བྱམས་པ་ནི་མ་ཡིན་ཏེ། བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །ཤེས་

རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དེ་བཞིན་དུ་རྒྱས་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་སེམས་ཅན་ལ་ཕན་མི་ཐོགས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་མཚན་ཉིད་གཅིག་པའི་ལམ་ལ་མ་ཞུགས་ན་
བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་ཆོས་ཐམས་ཅད་མངོན་པར་མ་རྟོགས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་དེ་བཞིན་གཤེགས་པའི་སྙིང་པོ་མི་མཐོང་ན་བྱམས་པ་དེ་ནི་
ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་ཆོས་ཐམས་ཅད་ཡོད་པའི་མཚན་ཉིད་དུ་མི་མཐོང་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་ཅི་སྟེ་བྱམས་པ་ཟག་པ་དང་བཅས་ན་ཟག་པ་དང་བཅས་པའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །
རིགས་ཀྱི་བུ་ཅི་སྟེ་བྱམས་པ་འདུས་བྱས་དང་བཅས་ན་འདུས་བྱས་དང་བཅས་པའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པའོ། །རིགས་ཀྱི་བུ་ཅི་སྟེ་བྱམས་པ་ས་དང་པོ་ལ་མི་གནས་ན་ས་དང་པོའི་བྱམས་པ་མ་ཡིན་ཏེ། དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་
ཀྱི་བུ་ཅི་སྟེ་བྱམས་པས་སངས་རྒྱས་ཀྱི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ཐོབ་པར་མི་ནུས་ན་བྱམས་པ་དེ་ནི་ཉན་ཐོས་ཀྱི་བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་གང་གིས་དགེ་སྦྱོང་གི་འབྲས་བུ་ཐོབ་པར་འགྱུར་བའི་བྱམས་པ་དེ་ནི་ཉན་ཐོས་ཀྱི་
བྱམས་པ་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་བྱམས་པ་གང་ཞིག་ཡོད་པ་དང་། མེད་པ་དང་། ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དང་བཅས་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐམས་ཅད་ཀྱིས་དཔག་ནུས་པ་མ་ཡིན་ནོ། །རིགས་ཀྱི་
བུ་ཅི་སྟེ་བྱམས་པ་བསམ་གྱིས་མི་ཁྱབ་ན་ཆོས་ཀྱང་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱི་རང་བཞིན་ཡང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་གཤེགས་པ་ཡང་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་

ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པ་ནི་བྱམས་པ་དེ་ལྟ་བུ་དག་ལ་ནན་ཏན་བྱེད་དོ། །གཉིད་ཀྱི་བདེ་བ་ལ་གནས་ཀྱང་རྟག་ཏུ་བརྩོན་འགྲུས་རྩོམ་པས་གཉིད་ཀྱིས་ཟིལ་གྱིས་མི་ནོན་ནོ། །རྟག་ཏུ་སད་མོད་ཀྱི་གཉིད་མེད་པའི་ཕྱིར་སད་པའང་མེད་
དོ། །གཉིད་ཀྱི་ནང་ན་ལྷ་རྣམས་ཡོངས་སུ་བསྲུང་མོད་ཀྱི་སྡིག་པ་མི་སྤྱོད་པས་ན་བསྲུང་བའང་མེད་དོ། །གཉིད་དང་ཡོངས་སུ་བྲལ་བས་རྨི་ལམ་ངན་པའམ། མི་དགེ་བར་འགྱུར་བ་གང་ཡང་མེད་དོ། །ཚངས་པའི་ལྷར་སྐྱེས་མོད་ཀྱི་དབང་དུ་གྱུར་པས་ན་སྐྱེ་བའང་མེད་དོ། །
རིགས་ཀྱི་བུ་གང་བྱམས་པ་ལ་ནན་ཏན་བྱེད་པ་དེ་ནི་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །རིགས་ཀྱི་བུ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་སྡེ་དམ་པ་འདི་ཡང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །
སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ལྟ་བུའི་ཡོན་ཏན་ཚད་མེད་པ་མཐའ་ཡས་པ་དང་ལྡན་ནོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཅི་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཇི་ཙམ་ཡིད་ལ་
བགྱིད་པ་དེ་དག་ཐམས་ཅད་ཡང་དག་པར་བདེན་པ་ལགས་ལ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་བདེན་པ་ཡང་དག་པ་མ་ལགས་ན། ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐུ་སྟོབས་ཀྱིས་སེམས་ཅན་ཐམས་ཅད་མཚུངས་པར་བདེ་བ་མྱོང་
བར་མི་མཛད། དེ་ལྟར་སེམས་ཅན་ཐམས་ཅད་ཡང་དག་པར་བདེ་བ་མི་མྱོང་བས་ན་བྱང་ཆུབ་སེམས་དཔའི་བྱམས་པའི་སེམས་ལ་ནན་ཏན་བགྱིད་པ་ནི་ཕན་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བྱམས་
པ་ནི་ཕན་པར་མི་འགྱུར་བ་མ་ཡིན་ཏེ། རིགས་ཀྱི་བུ་སེམས་ཅན་ཁ་ཅིག་ནི་ངེས་པར་སྡུག་བསྔལ་མྱོང་བ་ཡང་ཡོད། ཁ་ཅིག་ནི་མི་མྱོང་བ་ཡང་ཡོད་དོ། །སེམས་ཅན་གང་ངེས་པར་སྡུག་བསྔལ་མྱོང་བར་འགྱུར་བ་ལོག་སྲེད་ཅན་དག་ལ་ནི་བྱང་ཆུབ་སེམས་དཔའི་བྱམས་

པས་ཕན་པར་མི་འགྱུར་རོ། །གང་སྡུག་བསྔལ་མྱོང་བ་མ་ངེས་པ་དག་ལ་ནི་བྱང་ཆུབ་སེམས་དཔའི་བྱམས་པས་ཕན་པར་འགྱུར་ཏེ། སེམས་ཅན་དེ་དག་རབ་ཏུ་བདེ་བ་མྱོང་བར་བྱེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་རྒྱང་རིང་པོ་ན་སེང་གེ་དང་། སྟག་དང་། སྤྱང་
ཀི་དང་། སྲིན་པོ་དང་། ཡི་དགས་ལ་སོགས་པ་མཐོང་ན་རང་བཞིན་གྱིས་འཇིགས་སྐྲག་པ་སྐྱེའོ། །ཅི་སྟེ་མཚན་མོ་གཡང་ས་མཐོང་ན་ཡང་དེ་བཞིན་དུ་འཇིགས་པ་སྐྱེའོ། །རིགས་ཀྱི་བུ་མི་དེ་རང་བཞིན་གྱིས་འཇིགས་པ་སྐྱེ་བ་དང་འདྲ་བར་སེམས་ཅན་གང་བྱམས་པ་ལ་ནན་ཏན་
བྱེད་པ་མཐོང་ན། རང་བཞིན་གྱིས་བདེ་བ་མྱོང་བར་འགྱུར་རོ། །རིགས་ཀྱི་བུ་དོན་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བྱམས་པ་ལ་ནན་ཏན་བྱེད་པ་ནི་ཡང་དག་པར་ཡིད་ལ་བྱེད་པ་སྟེ། ཕན་པར་མི་འགྱུར་བ་ཡང་མ་ཡིན་ནོ། །རིགས་ཀྱི་བུ་ངས་ནི་བྱམས་པ་དེ་ལ་རྣམ་པ་ཚད་མེད་པ་
བཤད་དོ། །འདི་ལྟ་སྟེ་མངོན་པར་ཤེས་པ་དག་གོ། །རིགས་ཀྱི་བུ་དཔེར་ན་ལྷ་སྦྱིན་གྱིས་རྒྱལ་པོ་མ་སྐྱེས་དགྲ་ལ་དེ་བཞིན་གཤེགས་པ་བསད་པར་བསྟན་ཏེ། དེའི་ཚེ་ང་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་མཐར་གྱིས་ལེན་པར་ཞུགས་པ་ན་རྒྱལ་པོ་མ་སྐྱེས་དགྲས་ནོར་སྲུང་བའི་
བལ་གླང་སྨྱོས་པ་བཏང་ནས་ང་དང་སློབ་མར་བཅས་པ་གསོད་དུ་བཅུག་གོ། །དེའི་ཚེ་བལ་གླང་དེ་དག་གིས་སེམས་ཅན་ཚད་མེད་པ་བརྒྱ་སྟོང་རྫིས་ཏེ་བསད་པས་སེམས་ཅན་ཤི་བ་དེ་དག་གི་ཁྲག་གིས་ཕོག་པས་ལྷག་པར་སྨྱོས་པར་ཡང་གྱུར་ལ། ངའི་སློབ་མ་ངུར་སྨྲིག་གྱོན་
པ་ཡང་ཁྲག་སྙམ་དུ་མཐོང་ནས། བལ་གླང་དེ་དག་འདོར་ཏེ་བྱུང་ངོ་། །ངའི་སློབ་མའི་ནང་ན་འདོད་པ་དང་མ་བྲལ་བ་ཐམས་ཅད་ནི་ཕྱོགས་བཞིར་བྲོས་ཏེ། ཚེ་དང་ལྡན་པ་དགའ་བོ་འབའ་ཞིག་མ་གཏོགས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་པོའི་ཁབ་ན་གནས་པའི་མི་ཐམས་ཅད་
སྐད་འཐུན་པས་ངུས་ཏེ། མཆི་མ་བླགས་ནས་འདི་སྐད་ཅེས་སྨྲས་སོ། །ཀྱི་ཧུད་དེ་བཞིན་གཤེགས་པ་ནི་མེད་པར་གྱུར་ཏོ། །དེ་ཅིའི་སླད་དུ་དེ་བཞིན་གཤེགས་པ་འདི་ལྟར་ནང་གཅིག་ཏུ་ཞིག་པར་གྱུར་ཅེས་སྨྲས་སོ། །དེའི་ཚེ་ན་ལྷ་སྦྱིན་ངོ་མཚར་གྱི་དགའ་བ་སྐྱེས་ནས།

དགེ་སྦྱོང་གཽ་ཏ་མ་མེད་པར་གྱུར་པ་ནི་ལེགས་སོ། །དེང་ཕན་ཅད་ནི་ཡང་དག་པ་མེད་པར་གྱུར་ཏེ་གྲོས་ལེགས་པར་སྨོན་པ་བཞིན་དུ་གྲུབ་པར་གྱུར་ཏོ་ཞེས་སྨྲས་སོ། །རིགས་ཀྱི་བུ་དེའི་ཚེ་ན་ངས་ནོར་སྲུང་བའི་བལ་གླང་གདུལ་བའི་ཕྱིར་བྱམས་པ་ཞེས་བྱ་བའི་
ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཕྱག་བརྐྱང་སྟེ་བསྟན་པས་སོར་མོ་ལྔ་ལ་སེང་གེ་ལྔ་སྣང་བར་གྱུར་ཏོ། །བལ་གླང་གིས་དེ་མཐོང་ནས་ཤིན་ཏུ་སྐྲག་པས་བཤང་གཅི་ཡང་ཤོར་ཏེ་ལུས་ས་ལ་བརྡབས་ནས་ངའི་ཞབས་ལ་གུས་པར་ཕྱག་བྱས་སོ། །རིགས་ཀྱི་བུ་དེའི་ཚེ་ན་ངའི་
སོར་མོ་ལྔ་ལ་ཡང་དག་པར་སེང་གེ་མེད་ཀྱང་བྱམས་པ་བསྒོམས་པའི་དགེ་བའི་རྩ་བའི་མཐུས་དེ་དག་བཏུལ་བར་གྱུར་ཏོ། །རིགས་ཀྱི་བུ་གཞན་ཡང་ང་ཡོངས་སུ་མྱ་ངན་ལས་འདའ་ཀར་རྩྭ་མཆོག་གི་གྲོང་ཁྱེར་དུ་གཤེགས་པ་ན། གྱད་ལྔ་བརྒྱ་ཙམ་ཞིག་ལམ་ཀ་ན་ལམ་
འཆོས་ཤིང་ཕྱག་དར་དང་ཆག་ཆག་བྱེད་དོ། །ལམ་ཀ་ན་ཕ་བོང་ཞིག་ཡོད་པ་ལ་གྱད་རྣམས་ལོག་སྟེ། མཐུ་སྟོབས་ཅི་ཡོད་པས་བཏེག་ཀྱང་དོར་མ་ནུས་སོ། །དེའི་ཚེ་ན་གྱད་རྣམས་ལ་ཐུགས་བརྩེ་བའི་ཕྱིར་བྱམས་པའི་ཐུགས་བསྐྱེད་ནས། ཞབས་ཀྱི་མཐེ་བོས་ཕ་
བོང་དེ་གནམ་འཕང་དུ་བོར་ནས། ཕྱག་གིས་བཟུང་སྟེ་ཕྱག་མཐིལ་གཡས་པར་བཞག་གོ། །བུས་པ་ཙམ་གྱིས་ཞིབ་མོར་ཡང་གྱུར་ལ་ཕྱིར་ཡང་བསྡུས་ཏེ་བསྒོངས་པར་གྱད་རྣམས་ཀྱིས་མཐོང་བར་བྱས་སོ། །གྱད་དེ་དག་གི་ང་རྒྱལ་དང་དྲེགས་པའི་སེམས་ཀྱང་ཞི་བར་
བྱས་ནས་ཆོས་རྣམ་པ་སྣ་ཚོགས་ཀྱང་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་བཅུག་གོ། །རིགས་ཀྱི་བུ་དེའི་ཚེ་ན་དེ་བཞིན་གཤེགས་པས་ཡང་དག་པར་ན་ཞབས་ཀྱི་མཐེ་བོས་ཕ་བོང་དེ་གནམ་འཕང་དུ་བོར་བའམ། ཕྱག་མཐིལ་གཡས་
པར་བཞག་པའམ། །ཞིབ་མོར་བྱས་པའམ། ཕྱིར་གོང་བུར་བསྒོངས་པ་ཡང་མེད་མོད་ཀྱི། རིགས་ཀྱི་བུ་དེ་ཡང་བྱམས་པའི་དགེ་བའི་རྩ་བའི་མཐུ་ལས་ན། གྱད་རྣམས་ཀྱིས་དངོས་པོ་དེ་ལྟ་བུ་དག་མཐོང་བར་རིག་པར་བྱའོ། །རིགས་ཀྱི་བུ་གཞན་ཡང་ལྷོ་ཕྱོགས་

བེ་ཏ་ལའི་ཡུལ་ན། གྲོང་ཁྱེར་ཆེན་པོ་ཤུ་པ་ལ་ཞེས་བྱ་བ་ན་ཁྱིམ་བདག་འདོད་པ་ཞེས་བྱ་བ་སྔོན་འདས་པའི་དུས་ན་སངས་རྒྱས་ཚད་མེད་པ་སྙེད་ལ་དགེ་བའི་རྩ་བ་བསྐྱེད་པ་འགྲོ་བ་མང་པོའི་གཙོ་བོར་གྱུར་པ་ཞིག་ཡོད་དོ། །རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་དེ་ན་གནས་པའི་མི་ཐམས་ཅད་མུ་སྟེགས་
ཅན་ལ་ཕྱོགས་ཏེ། གཅེར་བུ་པ་དག་གི་གཡོག་བྱེད་དོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་དེ་གདུལ་བའི་ཕྱིར་རྒྱལ་པོའི་ཁབ་ནས་གྲོང་ཁྱེར་དེར་གཤེགས་པར་ཆས་སོ། །དེའི་བར་ནི་དཔག་ཚད་དྲུག་ཅུ་རྩ་ལྔ་ཞིག་ཡོད་དེ། དེ་ན་གནས་པའི་སེམས་ཅན་དག་གདུལ་བའི་ཕྱིར་བཅོམ་
ལྡན་འདས་འཁོར་དང་བཅས་ཏེ་གོམ་པས་དལ་གྱིས་གཤེགས་སོ། །དེའི་ཚེ་གྲོང་ཁྱེར་ཤུ་པ་ལ་ཞེས་བྱ་བ་ན་གནས་པའི་གཅེར་བུ་པ་རྣམས་ང་འོང་ངོ་ཞེས་ཐོས་ནས། དེ་དག་སེམས་ཀྱིས་འདི་སྙམ་དུ་བསམས་པར་གྱུར་ཏོ། །གལ་ཏེ་དགེ་སྦྱོང་གཽ་ཏ་མ་འདིར་འོངས་ན་འདི་ན་གནས་
པ་ཐམས་ཅད་བདག་ཅག་ཀྱང་སྤོང་ཞིང་ཡོ་བྱད་མི་སྟེར་ཏེ། དབུལ་ཕོངས་པར་གྱུར་ན། བདག་ཅག་ཅིས་འཚོ་བར་འགྱུར་སྙམ་བསམས་ནས། གཅེར་བུ་པ་རྣམས་སོ་སོར་ཁ་བཀྲམ་སྟེ། གྲོང་ཁྱེར་དེ་ན་གནས་པའི་མི་རྣམས་ལ་འདི་སྐད་ཅེས་བསྒོའོ། །དགེ་སྦྱོང་གཽ་ཏ་མ་ཞེས་
བྱ་བ་དེ་འདིར་འོང་ཞེས་གྲག་གིས། དགེ་སྦྱོང་དེ་ནི་ཕ་དང་མ་ཡང་སྤངས་ནས་གར་ཡང་རྒྱུ་ཞིང་འགྲོ་སྟེ། གང་ནས་གང་དུ་ཕྱིན་པའི་གནས་དེ་དང་དེ་དག་ཏུ་ལོ་ཉེས་པ་དང་མུ་གེ་འབྱུང་བར་བྱེད། ནད་མང་བ་དང་འཆི་བ་མང་བར་བྱེད་དེ། དེ་ལས་ཐར་བ་ཡང་མེད་དོ། །དགེ་
སྦྱོང་གཽ་ཏ་མ་མ་