Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 049_མདོ་སྡེ།_ཅ

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
་དང་རྣམ་པར་ཤེས་པ་དང་ཆོས་ལྔ་དང་རང་བཞིན་དང་བྲལ་བར་རྣམ་པར་
སྒོམ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ལ་བདག་མེད་པ་ལ་མཁས་པ་ཡིན་ནོ། །བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བདག་མེད་པ་ལ་མཁས་པ་ནི་སྣང་བ་མེད་པ་རབ་ཏུ་རྟོགས་པའི་ཕྱིར་རིང་པོ་མི་ཐོགས་པར་བྱང་ཆུབ་སེམས་དཔའི་
ས་དང་པོ་ཐོབ་སྟེ། སའི་མཚན་ཉིད་རབ་ཏུ་དབྱེ་བ་ཁོང་དུ་ཆུད་པའི་ཕྱིར་རབ་ཏུ་དགའ་བའི་འོག་ཏུ་ས་དགུ་ལ་ཡང་མཁས་པར་བྱས་ནས་ཆོས་ཀྱི་སྤྲིན་རབ་ཏུ་ཐོབ་བོ།། །།དེ་དེ་ལ་གནས་ནས་སྒྱུ་མའི་རང་བཞིན་གྱི་སྤྱོད་ཡུལ་ལ་རབ་ཏུ་འབྱེད་པས་མངོན་པར་གྲུབ་པ་དང་། པད་མོ་ལྟ་བུའི་གཞལ་
མེད་ཁང་ཆེན་པོར་རིན་པོ་ཆེའི་པད་མོའི་རྒྱལ་པོ་ཆེན་པོ་རིན་པོ་ཆེ་དང་། མུ་ཏིག་དུ་མས་རབ་ཏུ་བརྒྱན་པ་ལ་འདུག་སྟེ། དེ་དང་འཐུན་པའི་རྒྱལ་བའི་སྲས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་བྱུང་བའི་སངས་རྒྱས་ཀྱི་ཕྱག་གི་དབང་བསྐུར་བས་འཁོར་ལོས་
སྒྱུར་བའི་བུ་བཞིན་དུ་མངོན་པར་དབང་བསྐུར་རོ། །སངས་རྒྱས་ཀྱི་སྲས་ཀྱི་ས་ལས་འདས་ནས་འཕགས་པ་སོ་སོ་རང་གིས་རིག་པའི་ཆོས་ཁོང་དུ་ཆུད་པའི་ཕྱིར་ཆོས་ལ་བདག་མེད་པ་མཐོང་བས་ཆོས་ཀྱི་སྐུ་ལ་མངའ་མཛད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་རང་
གི་ཆོས་ལ་བདག་མེད་པའི་མཚན་ཉིད་དོ། །བློ་གྲོས་ཆེན་པོ་དེ་ལ་ཁྱོད་དང་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་བསླབ་པར་བྱའོ།། །།འཕགས་པ་ལང་ཀར་གཤེགས་པ། བམ་པོ་གསུམ་པ། དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བདག་དང་བྱང་ཆུབ་སེམས་དཔའ་གཞན་སྒྲོ་འདོགས་པ་དང་སྐུར་པའི་ལྟ་བ་ངན་པ་རྣམ་པར་སྤངས་པའི་བློ་ཅན་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་

རྒྱ་ཞིང་མངོན་པར་སངས་རྒྱས་ནས་ཀྱང་རྟག་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་དང་ཆད་པར་ལྟ་བ་རྣམ་པར་སྤངས་ཏེ། ཁྱོད་ཀྱི་སངས་རྒྱས་ཀྱི་ཚུལ་ལ་མི་སྐུར་བར་འགྱུར་བར་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་
ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་ཡང་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྒྲོ་འདོགས་པ་དང་སྐུར་པ་དག །སེམས་ཙམ་ལ་ནི་ཡོད་པ་མིན། །ལུས་དང་ལོངས་སྤྱོད་གནས་ལྟ་བུའི། །
སེམས་ནི་སུ་དག་མི་ཤེས་པ། །སྒྲོ་འདོགས་པ་དང་སྐུར་པ་ལ། །མི་མཁས་དེ་དག་རབ་ཏུ་སྤྱོད། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་ཉིད་ཀྱི་དོན་བསྟན་པའི་ཕྱིར་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་མེད་པ་ལ་སྒྲོ་འདོགས་པ་ནི་རྣམ་པ་བཞི་སྟེ།
རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པ་དང་། མེད་པའི་ལྟ་བར་སྒྲོ་འདོགས་པ་དང་། མེད་པའི་རྒྱུར་སྒྲོ་འདོགས་པ་དང་། མེད་པའི་དངོས་པོར་སྒྲོ་འདོགས་པ་སྟེ། བློ་གྲོས་ཆེན་པོ་འདི་ནི་སྒྲོ་འདོགས་པ་རྣམ་པ་བཞིའོ། །བློ་གྲོས་ཆེན་པོ་སྐུར་པ་གང་ཞེ་ན།
འདི་ལྟ་སྟེ། སྒྲོ་འདོགས་པའི་ལྟ་བ་ངན་པ་འདི་ཉིད་མི་དམིགས་པར་རབ་ཏུ་འབྱེད་པ་མེད་པའི་ཕྱིར་སྐུར་བར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། །བློ་གྲོས་ཆེན་པོ་གཞན་ཡང་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་
སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལ་འདི་ནི་འདི་ལྟ་སྟེ། དེ་བཞིན་ཉིད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་མངོན་པར་ཞེན་པའོ། །བློ་གྲོས་ཆེན་པོ་འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དེ། བློ་གྲོས་ཆེན་པོ་མེད་པའི་མཚན་ཉིད་ལ་སྒྲོ་
འདོགས་པའི་རྣམ་པར་རྟོག་པ་འདི་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་སྣ་ཚོགས་ལ་མངོན་པར་ཞེན་པ་ལས་འབྱུང་སྟེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་མཚན་ཉིད་ལ་སྒྲོ་འདོགས་པའི་མཚན་ཉིད་དོ། །བློ་གྲོས་ཆེན་པོ་མེད་པའི་ལྟ་བར་སྒྲོ་འདོགས་པ་ནི་གང་ཕུང་པོ་དང་།

ཁམས་དང་། སྐྱེ་མཆེད་དེ་དག་ཉིད་ལ་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་ཏུ་ལྟ་བ་ངན་པར་སྒྲོ་འདོགས་པ་ཡིན་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་ལྟ་བར་སྒྲོ་འདོགས་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་མེད་པའི་རྒྱུར་སྒྲོ་འདོགས་པ་ནི་
འདི་ལྟ་སྟེ། སྔོན་རྒྱུ་ལས་མ་སྐྱེས་པའི་རྣམ་པར་ཤེས་པ་ཕྱིས་སྒྱུ་མ་ལྟ་བུར་སྔོན་མ་བྱུང་ཞིང་མེད་པ་ལས་མིག་དང་། གཟུགས་དང་། སྣང་བའི་རྒྱུ་དང་། དྲན་པ་སྔོན་དུ་འཇུག་པ་ལས་འབྱུང་ངོ་། །མེད་པ་ལས་བྱུང་ནས་ཀྱང་ཡང་འཇིག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་འདི་ནི་མེད་པའི་རྒྱུར་
སྒྲོ་འདོགས་པའོ། །བློ་གྲོས་ཆེན་པོ་མེད་པའི་དངོས་པོར་སྒྲོ་འདོགས་པ་ནི་འདི་ལྟ་སྟེ། ནམ་མཁའ་དང་། འགོག་པ་དང་། མྱ་ངན་ལས་འདས་པ་མ་བྱས་པའི་དངོས་པོར་མངོན་པར་ཞེན་ཅིང་སྒྲོ་འདོགས་པའོ། །བློ་གྲོས་ཆེན་པོ་ཆོས་འདི་དག་ཐམས་ཅད་ནི་དངོས་པོ་དང་། དངོས་པོ་མེད་
པ་ལས་རྣམ་པར་ལོག་པ། རི་བོང་དང་། རྟ་དང་། བོང་བུ་དང་། རྔ་མོའི་རྭ་དང་། སྐྲ་ཤད་འཛིངས་པ་ལྟ་བུ་ཡོད་པ་དང་། མེད་པའི་ཕྱོགས་དང་བྲལ་བ་སྟེ། བློ་གྲོས་ཆེན་པོ་བྱིས་པ་རང་གི་སེམས་སྣང་བ་ཙམ་དུ་མ་རྟོགས་པའི་བློ་ཅན་རྣམས་སྒྲོ་འདོགས་པ་དང་། སྐུར་པས་རྣམ་པར་རྟོག་
སྟེ། འཕགས་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འདི་ནི་བློ་གྲོས་ཆེན་པོ་དངོས་པོ་མེད་པར་རྣམ་པར་རྟོག་པས་སྒྲོ་འདོགས་པ་དང་། སྐུར་པའི་མཚན་ཉིད་དོ། །དེ་བས་ན་བླ་གྲོས་ཆེན་པོ་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་དང་བྲལ་བར་བྱའོ། །བློ་གྲོས་ཆེན་པོ་གཞན་ཡང་བྱང་ཆུབ་སེམས་
དཔའ་རྣམས་ནི་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་ཀྱི་མཚན་ཉིད་ཁོང་དུ་ཆུད་པར་རྟོགས་པས་གཞན་ལ་ཕན་པའི་ཕྱིར་གཟུགས་དང་། ཆ་བྱད་དུ་འཛིན་པ་ཡིན་ནོ། །གཞན་གྱི་དབང་ལ་གནས་པ་ཀུན་
བརྟགས་པའི་རང་བཞིན་ལྟར་སྣ་ཚོགས་ཀྱི་གཟུགས་ཅན་ཡིད་བཞིན་གྱི་ནོར་བུ་ལྟ་བུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་དོང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལས་རྨི་ལམ་དང་། སྒྱུ་མ་དང་། མིག་ཡོར་དང་། གཟུགས་བརྙན་དང་། ཆུའི་ཟླ་བའི་ཚུལ་འདྲ་བའི་ཆོས་སྐྱེ་

བ་དང་། འཇིག་པ་དང་། རྟག་པ་དང་། ཆད་པ་དང་བྲལ་བ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་དང་བྲལ་བའི་ཆོས་བསྟན་པ་དག་མངོན་དུ་ཉན་ཅིང་ཏིང་ངེ་འཛིན་བརྒྱ་སྟོང་རབ་ཏུ་ཐོབ་པ་ནས། ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བར་དུ་
ཡང་རབ་ཏུ་འཐོབ་སྟེ། ཐོབ་ནས་ཀྱང་སངས་རྒྱས་མཆོད་པ་ལ་བརྩོན་པར་ཏིང་ངེ་འཛིན་དེ་དག་གིས་ཞིང་ནས་ཞིང་དུ་འདོང་ངོ་། །སྐྱེ་བ་དང་། ལྷའི་ཕོ་བྲང་དང་། གནས་ཐམས་ཅད་དུའང་དཀོན་མཆོག་གསུམ་ཡང་དག་པར་བསྟན་ཏེ། སངས་རྒྱས་ཀྱི་གཟུགས་སུ་བྱས་ཤིང་ཉན་ཐོས་དང་། བྱང་
ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་ཡོད་པ་དང་མེད་པའི་ཕྱོགས་ལས་རྣམ་པར་བཟློག་པའི་ཕྱིར་རང་གི་སེམས་སྣང་བ་ཙམ་ལ་འཇུག་པས་ཕྱི་རོལ་གྱི་དངོས་པོ་མེད་པར་སྟོན་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་ཚེ་
འཇིག་རྟེན་སེམས་ཙམ་དུ། །རྒྱལ་བའི་སྲས་ཀྱིས་རབ་མཐོང་བ། །དེ་ཚེ་ཚོགས་སུ་གྱུར་པའི་སྐུ། །གཟས་ཤིང་བྱེད་པ་ཀུན་སྤངས་པ། །སྟོབས་དང་མངོན་ཤེས་དབང་ལྡན་པ། །དེ་དག་གིས་ནི་ཐོབ་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མ་མཆིས་པའི་མཚན་ཉིད་རྟོགས་པ་ཇི་ལྟ་བུས་བདག་དང་བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་མཆིས་པ་དང་། མ་མཆིས་པར་རྣམ་པར་རྟོག་པ་ཡོངས་
སུ་སྤངས་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་བའི་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མ་མཆིས་པའི་མཚན་ཉིད་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་

བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་སྟོང་པ་ཉིད་དོ་སྟོང་པ་ཉིད་དོ་ཞེས་བྱ་བ་འདི་ནི་ཀུན་བརྟགས་པའི་རང་བཞིན་གྱི་ཚིག་སྟེ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པས་སྟོང་པ་ཉིད་དང་། མི་
སྐྱེ་བ་དང་། དངོས་པོ་མེད་པ་དང་། མི་གཉིས་པ་དང་། རང་བཞིན་མེད་པའི་དངོས་པོར་སྨྲ་བ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་མདོར་ན་སྟོང་པ་ཉིད་རྣམ་པ་བདུན་ཏེ། འདི་ལྟར་མཚན་ཉིད་སྟོང་པ་ཉིད་དང་། དངོས་པོའི་རང་བཞིན་སྟོང་པ་ཉིད་དང་། སྲིད་པ་སྟོང་པ་ཉིད་དང་། མི་སྲིད་པ་སྟོང་པ་ཉིད་
དང་། ཆོས་ཐམས་ཅད་བརྗོད་དུ་མེད་པ་སྟོང་པ་ཉིད་དང་། དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་དང་། གཅིག་གིས་གཅིག་སྟོང་པ་ཉིད་དང་བདུན་ནོ། །བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་རང་དང་སྤྱིའི་མཚན་ཉིད་
ཀྱིས་སྟོང་ངོ་། །བློ་གྲོས་ཆེན་པོ་འདུས་པ་ཕན་ཚུན་དུ་ལྟོས་པ་དང་རབ་ཏུ་དབྱེ་བའི་ཁྱད་པར་མེད་པའི་ཕྱིར་རང་དང་སྤྱིའི་མཚན་ཉིད་དུ་འཇུག་པ་མེད་དེ། བློ་གྲོས་ཆེན་པོ་བདག་དང་ཕ་རོལ་དང་གཉིས་ཀ་མེད་པའི་ཕྱིར་མཚན་ཉིད་གནས་པ་མེད་པས་ན་དེའི་ཕྱིར་དངོས་པོ་ཐམས་ཅད་མཚན་ཉིད་སྟོང་པ་ཞེས་བྱའོ། །
བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། བློ་གྲོས་ཆེན་པོ་རང་གི་རང་བཞིན་གྱིས་དངོས་པོ་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོའི་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཏེ། དེའི་ཕྱིར་དངོས་པོའི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་སྲིད་པའི་སྟོང་པ་
ཉིད་གང་ཞེ་ན། འདི་ལྟ་སྟེ། བདག་དང་བདག་གི་དང་བྲལ་བའི་ཕུང་པོ་རྣམས་ཏེ། རྒྱུ་དང་། རིགས་པ་དང་། བྱེད་པ་དང་། ལས་དང་། འབྱོར་པ་ལས་སྐྱེ་ཞིང་འབྱུང་སྟེ། དེའི་ཕྱིར་སྲིད་པའི་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་མི་སྲིད་པའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ།
ཕུང་པོ་རྣམས་ལ་མྱ་ངན་ལས་འདས་པ་སྔོན་མི་སྲིད་པ་ཡིན་ཏེ། དེའི་ཕྱིར་མི་སྲིད་པ་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་བརྗོད་དུ་མེད་པའི་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྟགས་པའི་རང་བཞིན་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྟོང་པ་ཉིད་དེ། དེའི་ཕྱིར་

བརྗོད་དུ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཉིད་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། བདག་གི་སོ་སོ་རང་གི་འཕགས་པའི་ཡེ་ཤེས་ཁོང་དུ་ཆུད་པ་ནི་ལྟ་བ་དང་། ཉེས་པའི་བག་ཆགས་ཐམས་ཅད་ཀྱིས་སྟོང་སྟེ། དེའི་ཕྱིར་
དོན་དམ་པ་འཕགས་པའི་ཡེ་ཤེས་སྟོང་པ་ཆེན་པོ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་གང་ཞེ་ན། འདི་ལྟ་སྟེ། གང་ན་ཅི་མེད་པ་དེ་ནི་དེས་སྟོང་ཞེས་བྱའོ། །འདི་ལྟ་སྟེ། བློ་གྲོས་ཆེན་པོ་རི་དགས་འཛིན་གྱི་མའི་ཁང་པ་ན་གླང་པོ་དང་། བ་ལང་དང་། ལུག་ལ་
སོགས་པ་མེད་ཀྱང་དགེ་སློང་དང་། དགེ་སློང་མ་ལ་སོགས་པས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་ངས་བཤད་དེ། དེ་ནི་དེ་དག་གིས་སྟོང་ངོ་ཞེས་བྱ་ཡང་། བློ་གྲོས་ཆེན་པོ་ཁང་པ་ཡང་ཁང་པའི་དངོས་པོ་མེད་པ་མ་ཡིན། དགེ་སློང་རྣམས་ཀྱང་དགེ་སློང་གི་ངོ་བོར་མེད་པ་མ་ཡིན་ཏེ། གླང་པོ་དང་། བ་
ལང་དང་། ལུག་ལ་སོགས་པའི་དངོས་པོ་དེ་དག་གུད་ན་མི་འཁོད་པའང་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ནི་གཅིག་ལ་གཅིག་མེད་དེ། དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཅེས་བྱའོ། །བློ་གྲོས་ཆེན་པོ་འདི་ནི་སྟོང་པ་ཉིད་རྣམ་པ་བདུན་
ཏེ། བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། །བློ་གྲོས་ཆེན་པོ་རང་ཡང་མི་སྐྱེ། ཏིང་ངེ་འཛིན་གྱི་གནས་སྐབས་མ་གཏོགས་པར་ཡང་མི་སྐྱེ་ལ། མི་སྐྱེ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་མ་སྐྱེས་པ་དང་། རང་བཞིན་
མེད་པ་དང་། འཐད་པ་མེད་པ་ལས་དགོངས་ཏེ། དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་སྐད་ཅིག་མའི་རྒྱུད་ཀྱི་རྒྱུན་མེད་པ་དང་། གཞན་དུ་འགྱུར་བར་སྣང་བའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པ་སྟེ། དེའི་ཕྱིར་དངོས་པོ་ཐམས་ཅད་ནི་རང་བཞིན་མེད་པ་ཞེས་
བྱའོ། །བློ་གྲོས་ཆེན་པོ་མི་གཉིས་པའི་མཚན་ཉིད་གང་ཞེ་ན། འདི་ལྟ་སྟེ། གྲིབ་མ་དང་། ཉི་མ་ལྟ་བུ་དང་། རིང་པོ་དང་། ཐུང་ངུ་དང་། ནག་པོ་དང་། དཀར་པོ་ལྟ་བུ་དག་གཉིས་སུ་རབ་ཏུ་ཕྱེ་བའི་རྣམས་སོ་སོ་ཐ་དད་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་འཁོར་བ་དང་། མྱ་ངན་

ལས་འདས་པ་ལྟར་ཆོས་ཐམས་ཅད་མི་གཉིས་པ་སྟེ། བློ་གྲོས་ཆེན་པོ་དེ་ནི་མཚན་ཉིད་ཐ་དད་པའི་རྒྱུ་ཡོད་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་གང་ན་བ་དེ་ན་འཁོར་བ་མེད། འཁོར་བ་གང་ན་བ་དེ་ནའང་མྱ་ངན་ལས་འདས་པ་མེད་དེ། དེའི་ཕྱིར་ཆོས་ཐམས་ཅད་འཁོར་བ་དང་། མྱ་ངན་ལས་
འདས་པ་ལྟར་མི་གཉིས་སོ་ཞེས་བྱའོ། །དེ་བས་ན་བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མེད་པའི་མཚན་ཉིད་ལ་བརྩོན་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཁོར་བ་རྨི་ལམ་སྒྱུ་
འདྲ་དང་། །རྟག་དང་ཆད་པ་སྤངས་པ་ཡི། །རྟག་ཏུ་སྟོང་པ་ཉིད་བཤད་ཀྱང་། །ལས་ནི་རྣམ་པར་མི་འཇིག་གོ། །མྱ་ངན་འདས་དང་ནམ་མཁའ་དང་། །འགོག་པ་གཉིས་པོ་ཉིད་ཀྱང་སྟེ། །མ་བྱས་པར་ནི་བྱིས་པས་རྟོག །འཕགས་པས་ཡོད་མེད་སྤངས་པར་རོ། །དེ་ནས་
ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་། མི་སྐྱེ་བ་དང་། མི་གཉིས་པ་དང་། རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ནི་
མདོ་སྡེ་གང་དུ་ཡང་རུང་སྟེ། དེ་དག་ཏུ་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ། །བློ་གྲོས་ཆེན་པོ་མདོ་སྡེ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་བཞིན་དུ་བསྟན་པ་དོན་འཁྲུལ་པ་ཡིན་ཏེ་དེ་ནི་དེ་ཁོ་ན་རྣམ་པར་གཞག་པའི་གཏམ་མ་ཡིན་ནོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ་དཔེར་ན་སྨིག་རྒྱུ་བ་ནི་རི་དགས་སླུ་
བ་ཡིན་ཏེ། ཆུའི་དངོས་པོར་མངོན་པར་ཞེན་པས་མངོན་པར་ཞེན་པར་བྱེད་དེ། དེ་ལ་ཆུ་མེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་མདོ་སྡེ་བསྟན་པའི་ཆོས་ཐམས་ཅད་ཀྱང་བྱིས་པ་རྣམས་ཀྱི་རང་གི་རྣམ་པར་རྟོག་པ་མགུ་བར་བྱ་བ་ཡིན་ཏེ། དེ་ནི་འཕགས་པའི་ཡེ་ཤེས་རྣམ་པར་དགོད་པའི་གཏམ་ནི་མ་
ཡིན་ནོ། །དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱའི། བསྟན་པ་བརྗོད་པ་ལ་མངོན་པར་ཆགས་པར་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་

བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ། བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ།
བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟིལ་གྱིས་ནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་
པ། རྟག་པ་དང་། བརྟན་པ་ཐེར་ཟུག་པར་ནི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་མི་འདྲ་བ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་མེད་པ། བྱེད་པ་མེད་པ། ཡོན་ཏན་མེད་པ།
ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་
རྣམས་བདག་མེད་པས་འཇིག་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་། བཟོ་དང་། ལག་ཟུངས་དང་། ཆུ་དང་། སྲད་བུ་དང་། ནན་ཏན་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་

བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་། ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པའམ། བདག་མེད་པར་བསྟན་པས་ཀྱང་རུང་
སྟེ། རྫ་མཁན་བཞིན་དུ་ཚིག་དང་། ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པས་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་
ཀྱི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པ་མ་ཡིན་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོད་ཡུལ་ལ་
གནས་པའི་བསམ་པ་དང་ལྡན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེ་ན། བློ་གྲོས་ཆེན་པོ་དེའི་དོན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་
མཛད་དོ། །དེ་ལྟ་བས་ན་འདི་ནི་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་མུ་སྟེགས་བྱེད་ཀྱི་ལྟ་བ་རྣམ་པར་བཟློག་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པའི་རྗེས་སུ་འཇུག་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་
ཚིགས་སུ་བཅད་པ་འདི་གསུངས་སོ། །གང་ཟག་རྒྱུན་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་པོ་བྱེད་པ་དག །སེམས་ཙམ་པ་ལ་རྣམ་པར་བརྟགས། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་མ་འོངས་པའི་སྐྱེ་བོའི་ཚོགས་
ལ་བལྟས་ནས་ཡང་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་བའི་རྣལ་འབྱོར་མངོན་པར་རྟོགས་པ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། བློ་གྲོས་ཆེན་པོ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་དུ་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་དང་། སྐྱེ་བ་དང་། གནས་པ་དང་།
འཇིག་པའི་ལྟ་བ་རྣམ་པར་སྤོང་བ་དང་། ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་རྟོགས་པ་དང་། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཁོང་དུ་ཆུད་པར་མོས་པ་ཡིན་ཏེ། བློ་གྲོས་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣལ་འབྱོར་ཆེན་པོའི་
རྣལ་འབྱོར་ཅན་དུ་འགྱུར་རོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་སྒོམ་པ་ལ་མཁས་པ་ཡིན་ཞེ་ན། འདི་ལྟ་སྟེ། འདི་ལྟར་ཁམས་གསུམ་འདི་ནི་རང་གི་སེམས་ཙམ་སྟེ། བདག་དང་བདག་གི་དང་བྲལ་བ་གཡོ་བ་མེད་པ། བླང་བ་
དང་དོར་བ་དང་བྲལ་བ། ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་བག་ཆགས་ལ་མངོན་པར་ཞེན་པས་བསྒོས་པ། ཁམས་གསུམ་གྱི་གཟུགས་རྣམ་པ་སྣ་ཚོགས་ལ་ཉེ་བར་སྤྱོད་པས་འབྲེལ་བ། ལུས་དང་། ལོངས་སྤྱོད་དང་། གནས་དང་། འགྲོ་བར་རྣམ་པར་རྟོག་
པའི་རྗེས་སུ་སོང་བར་སྣང་ངོ་། །ཞེས་རབ་ཏུ་རྟོག་སྟེ། བློ་གྲོས་ཆེན་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་སེམས་སྣང་བ་རྣམ་པར་སྒོམ་པ་ལ་མཁས་པ་ཡིན་ནོ། །བློ་གྲོས་ཆེན་པོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་།
འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ཞེ་ན། འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྒྱུ་མ་དང་། རྨི་ལམ་གྱི་གཟུགས་སྐྱེ་བ་དང་འདྲ་བར་བདག་དང་། གཞན་དང་གཉིས་ཀ་མེད་པའི་ཕྱིར་མི་སྐྱེ་སྟེ། རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་། ཕྱི་རོལ་གྱི་དངོས་པོ་མེད་པར་མཐོང་བས་
རྣམ་པར་ཤེས་པ་རྣམས་འཇུག་པ་མེད་པ་དང་། རྐྱེན་རྣམས་ཀྱང་ཕུང་པོ་དང་། སྤུངས་པ་མེད་པར་མཐོང་ནས་ཁམས་གསུམ་རྣམ་པར་རྟོག་པའི་རྐྱེན་ལས་བྱུང་བར་མཐོང་ནས། ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་ཤིང་རང་བཞིན་མེད་པ་རྗེས་སུ་མཐོང་བའི་ཕྱིར་སྐྱེ་བའི་ལྟ་བ་རྣམ་པར་ལོག་

ནས། སྒྱུ་མ་ལ་སོགས་པའི་ཆོས་ཀྱི་རང་བཞིན་དུ་རྗེས་སུ་རྟོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་འཐོབ་སྟེ། ས་བརྒྱད་ལ་གནས་ནས་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཆོས་ལྔ་དང་། རང་བཞིན་དང་། བདག་མེད་པ་གཉིས་རྟོགས་པ་རབ་ཏུ་གྱུར་པ་ཁོང་དུ་ཆུད་
པའི་ཕྱིར་ཡིད་ཀྱི་ལུས་ཀྱང་རབ་ཏུ་འཐོབ་བོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཡིད་ཀྱི་ལུས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཡིད་ཀྱི་ལུས་ཞེས་བྱ་བ་ནི་ཡིད་ལྟར་ཐོགས་པ་མེད་ཅིང་མགྱོགས་པར་འགྲོ་བའི་ཕྱིར་ཡིད་ཀྱི་ལུས་ཞེས་བྱ་སྟེ། བློ་གྲོས་ཆེན་པོ་འདི་ལྟ་
སྟེ། ཡིད་ནི་རི་དང་། རྩིག་པ་དང་། འབབ་ཆུ་དང་། ཤིང་ལ་སོགས་པ་ལ་ཐོགས་པ་མེད་པར་དཔག་ཚད་བརྒྱ་སྟོང་དུ་མར་སྔོན་མཐོང་བ་དང་། མྱོང་བའི་ཡུལ་རྗེས་སུ་དྲན་ཞིང་རང་གི་སེམས་ཀྱི་རྒྱུན་མ་ཆད་པའི་ལུས་ཐོགས་པ་མེད་པའི་འགྲོས་ཀྱིས་འཇུག་གོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་ཡིད་ཀྱི་
ལུས་ཀྱང་ཐོབ་མ་ཐག་ཏུ་སྒྱུ་མ་དང་འདྲ་བའི་ཏིང་ངེ་འཛིན་གྱིས་སྟོབས་དང་། དབང་དང་། མངོན་པར་ཤེས་པ་དང་། ཡེ་ཤེས་དང་། མཚན་ཉིད་ཀྱི་མེ་ཏོག་རྒྱས་པ་འཕགས་པའི་རིས་སུ་ལྷན་ཅིག་སྐྱེས་པ་འགྲོ་བ་ལ་ཐོགས་པ་མེད་པར་སྔོན་གྱི་སྨོན་ལམ་གྱི་ཡུལ་རྗེས་སུ་དྲན་ཞིང་སེམས་ཅན་ཡོངས་སུ་སྨིན་པར་
བྱ་བའི་ཕྱིར་ཡིད་བཞིན་དུ་འཇུག་སྟེ། དེ་ལྟར་ན་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་དང་། གནས་པ་དང་། འཇིག་པའི་ལྟ་བ་རྣམ་པར་སྤངས་པ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱི་རོལ་གྱི་དངོས་པོ་དངོས་པོ་མེད་པར་
རྟོགས་པ་ལ་མཁས་པ་ཡིན་ཞེ་ན། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དངོས་པོ་ཐམས་ཅད་ནི་སྨིག་རྒྱུ་དང་། རྨི་ལམ་དང་། སྐྲ་ཤད་འཛིངས་པ་ལྟ་བུའོ། །དངོས་པོ་ཐམས་ཅད་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པའི་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་བག་ཆགས་རྣམ་པ་སྣ་ཚོགས་ལ་མངོན་པར་
ཞེན་པའི་རྒྱུ་ལས་བྱུང་བ་ཡིན་ཏེ། རང་བཞིན་མེད་པའོ་ཞེས་ཡང་དག་པར་མཐོང་ནས་འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱིས་རྟོགས་པའི་ཡུལ་ལ་མངོན་པར་མོས་སོ། །བློ་གྲོས་ཆེན་པོ་ཆོས་འདི་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣལ་འབྱོར་ཆེན་པོའི་རྣལ་འབྱོར་ཅན་ཡིན་ནོ། །

བློ་གྲོས་ཆེན་པོ་དེ་ལ་ཁྱོད་ཀྱིས་བརྩོན་པར་གྱིས་ཤིག །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་གསོལ་བ་བཏབ་པ། བཅོམ་ལྡན་འདས་རྒྱུ་དང་རྐྱེན་གྱི་མཚན་ཉིད་རྟོགས་པ་གང་གིས་བདག་དང་བྱང་ཆུབ་སེམས་དཔའ་གཞན་
རྣམས་མཆིས་པ་དང་། མ་མཆིས་པར་ལྟ་བའི་རྣམ་པར་རྟོག་པ་དང་བྲལ་ཞིང་དངོས་པོ་ཐམས་ཅད་རིམ་གྱིས་དང་། ཅིག་ཅར་སྐྱེ་བར་རྣམ་པར་མི་རྟོག་པར་མི་འགྱུར་བའི་ཆོས་ཐམས་ཅད་ཀྱི་རྒྱུ་དང་། རྐྱེན་གྱི་མཚན་ཉིད་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་
གྲོས་ཆེན་པོ་ཆོས་ཐམས་ཅད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་མཚན་ཉིད་རྣམ་པ་གཉིས་ཏེ། འདི་ལྟར་ཕྱིའི་དང་། ནང་གིའོ། །བློ་གྲོས་ཆེན་པོ་དེ་ལ་ཕྱིའི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འཇིམ་པའི་གོང་བུ་དང་། ལག་ཟུངས་དང་། འཁོར་ལོ་དང་། སྲད་བུ་དང་། ཆུ་དང་། མིའི་ནན་ཏན་
ལ་སོགས་པའི་རྐྱེན་རྣམས་ཀྱིས་རྫ་མ་འབྱུང་ངོ་། །བློ་གྲོས་ཆེན་པོ་ཇི་ལྟར་འཇིམ་པའི་གོང་བུ་ལས་རྫ་མ་འབྱུང་བ་དེ་བཞིན་དུ་ཐགས་ལས་སྣམ་བུ་དང་། རྩི་སྐྱང་ལས་རེ་ལྡེ་དང་། ས་བོན་ལས་མྱུ་གུ་དང་། སྲུབ་མ་ལ་སོགས་པ་མིའི་ནན་ཏན་དང་། ཞོ་ལས་མར་འབྱུང་བ་འདི་ནི་བློ་གྲོས་ཆེན་པོ་ཕྱིའི་རྟེན་
ཅིང་འབྲེལ་པར་འབྱུང་བ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མར་འབྱུང་བའོ། །བློ་གྲོས་ཆེན་པོ་དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་ལྟ་སྟེ། མ་རིག་པ་དང་། སྲེད་པ་དང་། ལས་དང་། ཆོས་འདི་དག་ལ་སོགས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་བོ། །བློ་གྲོས་ཆེན་པོ་འདི་
དག་ལས་སྐྱེས་པའི་ཕུང་པོ་དང་། ཁམས་དང་། །སྐྱེ་མཆེད་ཅེས་བྱ་བའི་ཆོས་དེ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་བའི་མིང་འཐོབ་སྟེ། དེ་དག་ནི་ཁྱད་པར་མེད་པ་ལས་བྱིས་པ་རྣམས་ཀྱིས་བརྟགས་སོ། །བློ་གྲོས་ཆེན་པོ་དེ་ལ་རྒྱུ་ནི་རྣམ་པ་དྲུག་སྟེ། འདི་ལྟར་འབྱུང་བར་འགྱུར་བའི་རྒྱུ་
དང་། འབྲེལ་བའི་རྒྱུ་དང་། མཚན་ཉིད་ཀྱི་རྒྱུ་དང་། བྱེད་པའི་རྒྱུ་དང་། སྣང་བར་བྱེད་པའི་རྒྱུ་དང་། ལྟོས་པའི་རྒྱུ་དང་དྲུག་གོ། །དེ་ལ་བློ་གྲོས་ཆེན་པོ་འབྱུང་བར་འགྱུར་བའི་རྒྱུ་ནི་ཕྱི་ནང་གི་ཆོས་རྣམས་སྐྱེ་བའི་ཕྱིར་རྒྱུའི་བྱ་བ་བྱེད་དོ། །བློ་གྲོས་ཆེན་པོ་འབྲེལ་བའི་རྒྱུ་ནི་ཕྱི་ནང་གི་ཕུང་པོ་དང་། ས་བོན་

ལ་སོགས་པ་འབྱུང་བའི་དམིགས་པའི་བྱ་བ་བྱེད་དོ། །བློ་གྲོས་ཆེན་པོ་མཚན་ཉིད་ཀྱི་རྒྱུ་ནི་དེ་མ་ཐག་ཏུ་བྱེད་པའི་མཚན་ཉིད་དང་འབྲེལ་བ་སྐྱེད་དོ། །བློ་གྲོས་ཆེན་པོ་བྱེད་པའི་རྒྱུ་ནི་དབང་བར་གཏོགས་པའི་བྱ་བ་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ནོ། །བློ་གྲོས་ཆེན་པོ་སྣང་བར་བྱེད་པའི་རྒྱུ་ནི་
རྣམ་པར་རྟོག་པའི་དངོས་པོ་སྐྱེས་པའི་མཚན་ཉིད་སྣང་བའི་བྱ་བ་བྱེད་དེ། གཟུགས་ལ་སོགས་པ་ལ་མར་མེ་བཞིན་ནོ། །བློ་གྲོས་ཆེན་པོ་ལྟོས་པའི་རྒྱུ་ནི་རྣམ་པར་ལྡོག་པའི་དུས་ན་རྣམ་པར་མི་རྟོག་པའི་དངོས་པོ་འབྱུང་བའི་ཕྱིར་རྒྱུན་གྱི་བྱ་བ་མི་འཆད་པར་བྱེད་དོ། །འདི་དག་ནི་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་
སྐྱེ་བོ་རྣམས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པས་བརྟགས་པ་སྟེ། རིམ་གྱིས་འཇུག་པས་ཀྱང་མ་ཡིན་ནོ། །ཅིག་ཅར་ཡང་མི་འབྱུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་ཆེན་པོ་གལ་ཏེ་ཅིག་ཅར་འབྱུང་ན་ནི་རྒྱུའི་མཚན་ཉིད་དུ་མ་རེད་པའི་ཕྱིར་བྱ་བ་དང་བྱེད་པའི་བྱེ་བྲག་ཀྱང་མེད་པར་འགྱུར་རོ། །དེ་སྟེ་རིམ་
གྱིས་འཇུག་པས་འབྱུང་ན་ནི་མཚན་ཉིད་དུ་མ་རེད་པའི་བདག་ཉིད་ལས་རིམ་གྱིས་འཇུག་པར་མི་འབྱུང་སྟེ། བློ་གྲོས་ཆེན་པོ་བུ་མ་སྐྱེས་པར་ཕ་ཞེས་གདགས་པ་དང་འདྲ་བར་རྟོག་པ་པ་རྣམས་ཀྱི་རིམ་གྱིས་འཇུག་པས་འབྲེལ་པའི་ཚུལ་ཡང་མི་རུང་ངོ་། །བློ་གྲོས་ཆེན་པོ་རྒྱུ་དང་། དམིགས་པ་དང་། དེ་མ་ཐག་
པ་དང་། བདག་པོའི་རྐྱེན་ལ་སོགས་པས་བསྐྱེད་པར་བྱ་བ་དང་། སྐྱེད་པའི་ཕྱིར་རིམ་གྱིས་འཇུག་པས་མི་སྐྱེ་སྟེ། བློ་གྲོས་ཆེན་པོ་ཀུན་བརྟགས་པའི་རང་བཞིན་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིར་རིམ་གྱིས་སམ་ཅིག་ཅར་མི་སྐྱེའོ། །བློ་གྲོས་ཆེན་པོ་རང་གི་སེམས་སྣང་བའི་ལུས་དང་།
ལོངས་སྤྱོད་ཅན་ཡིན་པའི་ཕྱིར་རང་དང་། སྤྱིའི་མཚན་ཉིད་ཕྱི་རོལ་གྱི་དངོས་པོ་མེད་པའི་ཕྱིར་རིམ་གྱིས་སམ་ཅིག་ཅར་ཡང་མི་སྐྱེ་སྟེ། གཞན་དུ་ན་རང་གི་སེམས་སྣང་བའི་རྣམ་པར་རྟོག་པས་རྣམ་པར་བརྟགས་པའི་ཕྱིར་རྣམ་པར་ཤེས་པ་འབྱུང་ངོ་། །བློ་གྲོས་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱིས་རྒྱུ་དང་རྐྱེན་
དང་། བྱེད་པ་དང་ལྡན་པའི་མཚན་ཉིད་རིམ་པའམ་ཅིག་ཅར་དུ་ལྟ་བ་དང་བྲལ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། འདི་ལ་གང་ཡང་རྐྱེན་རྣམས་ཀྱིས། །སྐྱེ་བ་མེད་ཅིང་འགག་པ་མེད། །བཏགས་པའི་རྐྱེན་རྣམས་ཁོ་ན་ནི། །སྐྱེ་ཞིང་འགག་པར་འགྱུར་ཡིན་ནོ། །སྐྱེ་འཇིག་རྐྱེན་ལ་འབྲེལ་

བ་ནི། །རྣམ་པར་བཟློག་པར་མི་བྱ་སྟེ། །བྱིས་པ་རྐྱེན་གྱིས་གང་རྟོག་པ། །དེ་ནི་རྣམ་པར་བཟློག་པར་བྱ། །བག་ཆགས་རྣམས་ཀྱིས་རྨོངས་བྱས་སེམས། །སྲིད་གསུམ་དག་ན་སྣང་བའི་ཕྱིར། །རྐྱེན་རྣམས་ཡོད་དང་མེད་ལས་ཀྱང་། །ཆོས་རྣམས་འབྱུང་བ་མེད་
པའོ། །མ་བྱུང་རྐྱེན་གྱིས་སྐྱེ་བ་མེད། །གང་ཡང་འགག་པར་མི་འགྱུར་ཏེ། །ནམ་མཁའི་མེ་ཏོག་མོ་ཤམ་བུར། །གང་ཚེ་འདུས་བྱས་མཐོང་བ་ན། །དེ་ཚེ་གཟུང་དང་འཛིན་པ་ཡང་། །ནོར་བར་མཐོང་བར་ཕྱིར་ལྡོག་གོ། །སྐྱེས་མེད་བསྐྱེད་པར་བྱ་བ་མེད། །རྐྱེན་རྣམས་དག་ནི་གང་
དག་ཀྱང་། །གག་ཀྱང་གང་ཚེའང་ཡོད་པ་མིན། །སྤྱོད་པ་དག་ཏུ་བརྗོད་པ་ཡིན། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཐ་དད་པའི་བྱེ་
བྲག་ཤིན་ཏུ་རྟོགས་པ་གང་གིས་བདག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་བརྗོད་པ་དང་། བརྗོད་དུ་མ་མཆིས་པའི་དོན་གཉིས་རྟོགས་པར་ཁོང་དུ་ཆུད་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སེམས་ཅན་
ཐམས་ཅད་ཀྱི་བརྗོད་པ་དང་། བརྗོད་དུ་མ་མཆིས་པའི་དོན་གཉིས་ཀྱི་རྟོགས་པ་རྣམ་པར་སྦྱོང་བར་འགྱུར་བ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་སྙིང་པོ་ཞེས་བགྱི་བའི་ཆོས་ཀྱི་གཞུང་བཅོམ་ལྡན་འདས་ཀྱིས་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་
པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོ་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་
གྲོས་ཆེན་པོ་ཚིག་གི་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞི་ཡོད་དེ། འདི་ལྟར་མཚན་ཉིད་ཀྱི་ཚིག་དང་། རྨི་ལམ་གྱི་ཚིག་དང་། གནས་ངན་ལེན་ལ་མངོན་པར་ཞེན་པའི་ཚིག་དང་། ཐོག་མ་མེད་པའི་དུས་ཀྱི་རྣམ་པར་རྟོག་པའི་ཚིག་གོ། །བློ་གྲོས་ཆེན་པོ་དེ་ལ་མཚན་ཉིད་ཀྱི་ཚིག་ནི་རང་གི་རྣམ་

པར་རྟོག་པའི་གཟུགས་ལ་མཚན་མར་མངོན་པར་ཞེན་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་རྨི་ལམ་གྱི་ཚིག་ནི་སྔོན་མྱོང་བའི་ཡུལ་རྗེས་སུ་དྲན་པ་དང་རྟོགས་པའི་ཡུལ་མེད་པ་ལས་འབྱུང་ངོ་། །ཡང་བློ་གྲོས་ཆེན་པོ་གནས་ངན་ལེན་གྱི་རྣམ་པར་རྟོག་པའི་ཚིག་ནི་སྔོན་དགྲས་བྱས་པའི་ལས་རྗེས་སུ་དྲན་པ་ལས་འབྱུང་
ངོ་། །བློ་གྲོས་ཆེན་པོ་ཐོག་མ་མེད་པའི་དུས་ནས་རྣམ་པར་རྟོག་པའི་ཚིག་ནི་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་ལ་མངོན་པར་ཞེན་པའི་གནས་ངན་ལེན་གྱི་རང་གི་ས་བོན་ལས་འབྱུང་སྟེ། འདི་ནི་བློ་གྲོས་ཆེན་པོ་ཚིག་རྣམ་པར་རྟོག་པའི་མཚན་ཉིད་རྣམ་པ་བཞིའོ། །ཞེས་གང་བརྗོད་པ་དེ་ལ་ཕྱིར་བཤད་པའོ། །
དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་དོན་དེ་ཉིད་ཀྱི་ཕྱིར་གསོལ་བ་བཏབ་པ། བཅོམ་ལྡན་འདས་ད་དུང་ཡང་བཅོམ་ལྡན་འདས་ཀྱིས་མི་རྣམས་ཀྱིས་ཚིག་རྣམ་པར་རིག་པ་རྟོག་པ་གང་དུ་ཅི་ལས་ཇི་ལྟར་གང་གིས་འབྱུང་བའི་ཚིག་གི་རྣམ་པར་རྟོག་
པ་མངོན་པར་ཞེན་པའི་སྤྱོད་ཡུལ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་འབྱུང་བ་ནི་མགོ་དང་བྲང་དང་། སྣ་དང་མགུལ་དང་། རྐན་དང་མཆུ་དང་། ལྕེ་དང་སོ་རྣམས་འདུས་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་
འདས་རྣམ་པར་རྟོག་པ་དང་ཚིག་ཏུ་ཐ་དད་དམ། འོན་ཏེ་གཅིག་གམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ནི་རྣམ་པར་རྟོག་པ་དང་། ཐ་དད་པའང་མ་ཡིན་གཅིག་པའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། དེའི་རྒྱུ་ལས་བྱུང་བའི་མཚན་ཉིད་ཀྱི་
ཕྱིར་ཚིག་གི་རྣམ་པར་རྟོག་པར་འབྱུང་ངོ་། །བློ་གྲོས་ཆེན་པོ་དེ་སྟེ་ཚིག་འདི་རྣམ་པར་རྟོག་པ་དང་ཐ་དད་པ་ཞིག་ཡིན་ན་ནི། རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་མ་ཡིན་པར་འགྱུར་རོ། །དེ་སྟེ་གཅིག་པ་ཞིག་ཡིན་ན་ནི་ཚིག་དེ་དོན་གསལ་བར་བྱེད་པར་ཡང་མི་འགྱུར་ན། དེ་ནི་བྱེད་དེ་དེ་བས་ན་ཐ་དད་
པའང་མ་ཡིན། གཅིག་པའང་མ་ཡིན་ནོ། །ཡང་བློ་གྲོས་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཚིག་ཉིད་དོན་དམ་པ་ལགས་སམ། འོན་ཏེ་ཚིག་གིས་གང་བརྗོད་པར་བགྱི་བ་དེ་དོན་དམ་པ་ལགས་སམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཚིག་ཀྱང་དོན་

དམ་པ་མ་ཡིན་ནོ། །ཚིག་གིས་གང་བརྗོད་པར་བྱ་བའང་དོན་དམ་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཕགས་པའི་ཡེ་ཤེས་དོན་དམ་པའི་བདེན་པ་བརྗོད་པས་དོན་དམ་པ་ལ་འཇུག་པའི་ཕྱིར་ཚིག་ཉིད་ནི་དོན་དམ་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་དོན་དམ་པ་ནི་
འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློའི་སྤྱོད་ཡུལ་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ནི་དོན་དམ་པ་རྗོད་པར་མི་བྱེད་དོ། །བློ་གྲོས་ཆེན་པོ་ཚིག་ནི་སྐྱེས་ནས་འཇིག་ཅིང་མི་བརྟན་པ། ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་ངོ་། །
བློ་གྲོས་ཆེན་པོ་གང་ཕན་ཚུན་གྱི་རྒྱུ་དང་རྐྱེན་ལས་བྱུང་བ་དེ་ནི་དོན་དམ་པར་རྗོད་པར་མི་བྱེད་དོ། །བློ་གྲོས་ཆེན་པོ་བདག་དང་གཞན་གྱི་མཚན་ཉིད་མེད་པའི་ཕྱིར་ཚིག་ནི་མཚན་ཉིད་རྗོད་པར་མི་བྱེད་དོ། །བློ་གྲོས་ཆེན་པོ་གཞན་ཡང་རང་གི་སེམས་སྣང་བ་ཙམ་གྱི་རྗེས་སུ་འབྲང་བ་དང་། ཕྱི་རོལ་གྱི་དངོས་
པོ་རྣམ་པ་ཐ་དད་པ་སྣ་ཚོགས་ཀྱི་མཚན་ཉིད་མེད་པས་རྣམ་པར་རྟོག་པ་ནི་དོན་དམ་པ་ལ་མི་རྟོག་གོ། །དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་ཚིག་རྣམ་པ་སྣ་ཚོགས་ཀྱི་རྣམ་པར་རྟོག་པ་དང་བྲལ་བར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དངོས་པོ་ཀུན་གྱི་རང་བཞིན་མེད། །ཚིག་ཀྱང་དེ་བཞིན་མེད་པ་སྟེ། །
སྟོང་པ་ཉིད་དམ་སྟོང་ཉིད་དོན། །བྱིས་པས་མ་མཐོང་རྣམ་པར་རྒྱུག །དངོས་པོ་ཐམས་ཅད་རང་བཞིན་མེད། །མི་ཡི་ཚིག་ཀྱང་བརྟགས་པ་སྟེ། །དེ་ཡང་ཡོད་པ་མ་ཡིན་ནོ། །སྙིང་པོ་རྨི་ལམ་སྤྲུལ་འདྲ་བར། །ཡོངས་སུ་བརྟགས་པར་བྱས་པ་ནི། །མི་འཁོར་མྱ་ངན་འདའ་མི་བྱ། །ཇི་ལྟར་
རྒྱལ་པོ་ཚོང་དཔོན་དག །འཇི་བའི་རི་དགས་སྣ་ཚོགས་ཀྱིས། །བུ་རྣམས་བྲིད་དེ་རྩེར་བཅུག་ཅིང་། །དེ་ནས་རི་དགས་དངོས་བྱིན་པ། །དེ་བཞིན་ངས་ཀྱང་ཆོས་རྣམས་ཀྱི། མཚན་ཉིད་སྣ་ཚོགས་གཟུགས་བརྙན་གྱིས། །སོ་སོ་རང་རིག་ཡང་དག་མཐའ། །བུ་རྣམས་ལ་ནི་ངས་བཤད་
དོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རང་གི་སེམས་སྣང་བའི་སྤྱོད་ཡུལ་རྟོགས་པ། རྣམ་པར་ཕྱེ་བའི་མཚན་ཉིད་མཆིས་པ་དང་། མ་མཆིས་པ་དང་། གཅིག་པ་

དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ལགས་པ་དང་། མཆིས་པའང་མ་ལགས་མ་མཆིས་པའང་མ་ལགས་པ་དང་། རྟག་པ་དང་། མི་རྟག་པ་སྤངས་པ། མུ་སྟེགས་ཅན་གྱི་རྟོག་པ་མི་རྒྱུ་བ། འཕགས་པའི་སོ་སོ་རང་གི་ཡེ་ཤེས་ཀྱིས་མཁྱེན་པར་བགྱི་བ། ཀུན་
བརྟགས་པའི་རང་དང་སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པ། དོན་དམ་པ་དེ་ཁོ་ན་ཉིད་ལ་འཇུག་པ། སའི་མཚམས་སྦྱོར་ཞིང་གོང་ནས་གོང་དུ་རྣམ་པར་དག་པའི་མཚན་ཉིད་དེ་བཞིན་གཤེགས་པའི་ས་ལ་རྗེས་སུ་འཇུག་པའི་མཚན་ཉིད་སྔོན་གྱི་སྨོན་ལམ་གྱིས་གཟུགས་སྣ་ཚོགས་ཀྱི་ནོར་བུ་ལྟ་
བུར་འཇུག་པ། ཡུལ་མཐའ་ཡས་པའི་མཚན་ཉིད་ལྷུན་གྱིས་གྲུབ་པར་རབ་ཏུ་རྒྱུ་བ་འདི་དག་ལ་སོགས་པ་ལ་ཅི་ནས་ཀྱང་བདག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་རྣམས་ཀུན་བརྟགས་པའི་རང་བཞིན་གྱི་རང་དང་། སྤྱིའི་མཚན་ཉིད་ལས་རྣམ་པར་ལོག་པའི་ལྟ་བ་ཅན་རྣམས་
སུ་གྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་བདག་ལ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་
ལེགས་སོ་ལེགས་སོ། །ཁྱོད་དོན་འདི་གསོལ་བ་འདེབས་པར་སེམས་པ་ནི་བློ་གྲོས་ཆེན་པོ་ཁྱོད་འགྲོ་བ་མང་པོ་ལ་ཕན་པ་དང་། འགྲོ་བ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། འགྲོ་བ་ཕལ་པོ་ཆེའི་དོན་དང་ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་སྟེ། བློ་གྲོས་
ཆེན་པོ་ཁྱོད་ལེགས་སོ། །བློ་གྲོས་ཆེན་པོ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་ངས་བཤད་དོ། །ལེགས་སོ་བཅོམ་ལྡན་འདས་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་
འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་དང་། ཕྱི་རོལ་གྱི་དངོས་པོ་རྣམ་པ་སྣ་ཚོགས་ལ་མངོན་པར་ཞེན་པས་ཡོད་པ་དང་། མེད་པ་དང་། གཅིག་པ་དང་ཐ་དད་པ་དང་། གཉིས་ཀ་དང་།

གཉིས་ཀ་མ་ཡིན་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། རྟག་པ་དང་མི་རྟག་པའི་རང་བཞིན་གྱི་བག་ཆགས་ཀྱི་རྒྱུ་རྣམ་པར་རྟོག་པ་ལ་མངོན་པར་ཞེན་པས་རྣམ་པར་རྟོག་གོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། སྨིག་རྒྱུའི་ཆུ་ལ་དཔྱིད་ཀྱི་ཉི་མས་གདུངས་པའི་
རི་དགས་རྣམས་ཆུའི་དངོས་པོར་རྣམ་པར་རྟོག་ཅིང་བཏུང་བར་འདོད་པའི་ཕྱིར་རབ་ཏུ་རྒྱུག་སྟེ། རང་གི་སེམས་ཀྱི་ལྟ་བས་ནོར་བ་ཁོང་དུ་མ་ཆུད་པའི་ཕྱིར་འདི་ན་ཆུ་མེད་དོ་ཞེས་བྱ་བར་ཡང་མི་ཤེས་སོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ཐོག་མ་མེད་པའི་དུས་ཀྱི་རྣམ་པ་སྣ་
ཚོགས་ཀྱིས་སྤྲོས་པ་ལ་རྣམ་པར་རྟོག་པས་བསྒོས་པའི་བློ་ཅན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མེས་ཡོངས་སུ་གདུངས་པའི་ཡིད་ཅན། གཟུགས་རྣམ་པ་སྣ་ཚོགས་ཀྱི་ཡུལ་ལ་མངོན་པར་མོས་པ། སྐྱེ་བ་དང་། འཇིག་པ་དང་། གནས་པར་ལྟ་བའི་བསམ་པ་ཅན་
ཕྱི་ནང་གི་དངོས་པོ་ལ་མི་མཁས་པ་དེ་དག་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པར་འཛིན་པར་རབ་ཏུ་ལྷུང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། དྲི་ཟའི་གྲོང་ཁྱེར་ལ་གྲོང་ཁྱེར་མ་ཡིན་པར་མི་མཁས་པ་རྣམས་ལ་གྲོང་ཁྱེར་གྱི་འདུ་ཤེས་འབྱུང་སྟེ། གྲོང་ཁྱེར་ལྟ་བུ་དེ་ནི་ཐོག་མ་མེད་
པའི་དུས་ནས་གྲོང་ཁྱེར་གྱི་ས་བོན་གྱི་བག་ཆགས་ལ་མངོན་པར་ཞེན་པའི་ཕྱིར་སྣང་སྟེ། བློ་གྲོས་ཆེན་པོ་གྲོང་ཁྱེར་དེ་ནི་གྲོང་ཁྱེར་ཡང་མ་ཡིན། གྲོང་ཁྱེར་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་ཐོག་མ་མེད་པའི་དུས་ནས་མུ་སྟེགས་
ཅན་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་རྣམས་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པའི་སྨྲ་བ་ལ་མངོན་པར་ཆགས་སོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། མི་ལ་ལ་ཞིག་ཉལ་བའི་རྨི་ལམ་དུ་བུད་མེད་དང་། སྐྱེས་པ་དང་། གླང་པོ་དང་། རྟ་དང་། ཤིང་རྟ་དང་
རྐང་ཐང་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། བ་ལང་དང་། མ་ཧེ་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་དང་། རི་དང་། འབབ་ཆུ་དང་། རྫིང་རྣམ་པ་སྣ་ཚོགས་ཀྱིས་མཛེས་པར་བྱས་པའི་ཡུལ་གྲོང་ཁྱེར་རིན་པོ་ཆེར་ཕྱིན་པ་སྙམ་ལ། སད་ནས་དེ་སད་པ་དང་ཡུལ་

གྲོང་ཁྱེར་རིན་པོ་ཆེ་ཉིད་རྗེས་སུ་དྲན་ན། བློ་གྲོས་ཆེན་པོ་དེ་ཇི་སྙམ་དུ་སེམས། དེ་ལྟར་ཡང་དག་པ་མ་ཡིན་པའི་རྨི་ལམ་རྣམ་པ་སྣ་ཚོགས་རྗེས་སུ་དྲན་པར་བྱེད་པའི་སྐྱེས་བུ་དེ་ཅི་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པས་ཟིན་པ་མུ་སྟེགས་ཅན་གྱི་བློ་ཅན་དག་རང་གི་སེམས་སྣང་བའི་དངོས་པོ་རྨི་ལམ་ལྟ་བུར་ཁོང་དུ་མ་ཆུད་པ་རྣམས་གཅིག་པ་དང་། ཐ་དད་པ་དང་། ཡོད་པ་དང་། མེད་པར་ལྟ་བ་ལ་རྟེན་ཏོ། །བློ་གྲོས་ཆེན་པོ་འདི་ལྟ་
སྟེ། རི་མོ་བྲིས་པའི་གཞི་མཐོན་དམན་མེད་པ་ལ་བྱིས་པ་རྣམས་མཐོན་དམན་དུ་རྣམ་པར་རྟོག་གོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མ་འོངས་པའི་དུས་ན་མུ་སྟེགས་ཅན་གྱི་ལྟ་བ་ངན་པའི་བག་ཆགས་ཀྱི་བསམ་པ་རྣམ་པར་རྟོག་པ་ཤིན་ཏུ་རྒྱས་པ་དེ་དག་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་
དང་། གཉིས་ཀ་མ་ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་པ་དང་། བདག་ཉིད་ཀྱང་བརླག་ལ། ཡོད་པ་དང་མེད་པའི་ཕྱོགས་ཀྱིས་དབེན་པར་གྱུར་པ། སྐྱེ་བ་མེད་པར་སྨྲ་བ་དག་ལ་ཡང་མེད་པ་པ་ཞེས་ཟེར་བ་དག་འབྱུང་སྟེ། འདི་དག་ནི་རྒྱུ་དང་། འབྲས་བུ་ལ་སྐུར་པ་དགེ་བ་དཀར་པོའི་ཕྱོགས་ཀྱི་
རྒྱུ་ལྟ་བ་ངན་པས་རྩ་བ་ནས་ཕྱུང་བ་ཡིན་གྱི། འདི་དག་ནི་ལེགས་པར་འདོད་པ་རྣམས་ཀྱིས་རིང་དུ་སྤང་བར་བྱའོ། །ཞེས་ཟེར་ཏེ། བདག་དང་གཞན་དང་གཉིས་ཀའི་ལྟ་བར་ལྷུང་བའི་བསམ་པ་ཅན། ཡོད་པ་དང་མེད་པར་རྣམ་པར་བརྟགས་ནས་སྒྲོ་འདོགས་པ་དང་། སྐུར་པའི་ལྟ་བ་ངན་པར་
ལྷུང་བའི་བསམ་པ་ཅན་དེ་དག་སེམས་ཅན་དམྱལ་བ་ལ་གཞོལ་བར་འགྱུར་རོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རབ་རིབ་ཅན་དག་སྐྲ་ཤད་འཛིངས་པ་མཐོང་བ་དང་། འདི་ནི་ངོ་མཚར་ཏོ། །འདི་ནི་ངོ་མཚར་འདེ་རེ། ཀྱེ་གྲོགས་པོ་རྣམས་ལྟོས་ཤིག་ཅེས་ཟེར་ཏེ། སྐྲ་ཤད་འཛིངས་པ་དེ་ནི་མཐོང་བ་
དང་། མ་མཐོང་བའི་ཕྱིར་ཤིན་ཏུ་ཡོད་པའང་མ་ཡིན་ཏེ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བ་ངན་པ་རྣམ་པར་རྟོག་པའི་བསམ་པ་ལ་མངོན་པར་ཞེན་པ་དག་ཡོད་པ་དང་མེད་པའི་ཕྱོགས་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་

ཡིན་པའི་སྨྲ་བ་ལ་མངོན་པར་ཞེན་ཅིང་དམ་པའི་ཆོས་ལ་སྐུར་པ་རྣམས་བདག་དང་གཞན་དག་ཀྱང་ལོག་པར་ལྟུང་བར་བྱེད་དོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། འཁོར་ལོ་མ་ཡིན་ཡང་མགལ་མེའི་འཁོར་ལོ་ལ་བྱིས་པ་རྣམས་འཁོར་ལོའི་དངོས་པོར་ཡོངས་སུ་རྟོག་སྟེ། མཁས་པ་རྣམས་
ནི་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྷུང་བ་རྣམས་སྲིད་པར་སྐྱེ་བ་ཀུན་ཏུ་ཡང་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པར་ཡོངས་སུ་རྟོག་གོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆར་འབབ་པའི་ཚེ་ཆུ་ལས་ཆུ་བུར་
འབྱུང་བ་ནོར་བུ་ཤེལ་འདྲ་བར་སྣང་བ་དེ་ལ་བྱིས་པ་རྣམས་ནོར་བུ་ཤེལ་གྱི་དངོས་པོར་མངོན་པར་ཞེན་ཅིང་རབ་ཏུ་རྒྱུག་སྟེ། བློ་གྲོས་ཆེན་པོ་ཆུའི་ཆུ་བུར་དེ་དག་ནི་གཟུང་བ་དང་། གཟུང་དུ་མེད་པའི་ཕྱིར་ནོར་བུའང་མ་ཡིན། ནོར་བུ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་
གྱི་ལྟ་བ་རྣམ་པར་རྟོག་པའི་བསམ་པའི་བག་ཆགས་ཀྱིས་བསྒོས་པ་རྣམས་རྐྱེན་རྣམས་ཀྱིས་མེད་པ་ལས་སྐྱེ་བ་དང་། ཡོད་པ་ལས་ཀྱང་འཇིག་པར་སྨྲ་བར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་ཡང་ཚད་མ་གསུམ་གྱི་ཡན་ལག་སོ་སོར་གཞག་པར་བྱ་སྟེ། འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པར་
བྱ་བའི་རང་བཞིན་གཉིས་ལས་རྣམ་པར་གྲོལ་བ་ལ། དངོས་པོའི་རང་བཞིན་དུ་ཡོད་དོ་ཞེས་རྣམ་པར་རྟོག་པར་འགྱུར་ཏེ། བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་སེམས་དང་། ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པའི་གནས་ཤིན་ཏུ་གྱུར་པ། རང་གི་སེམས་སྣང་བའི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་
པ་རབ་ཏུ་སྤངས་པ། དེ་བཞིན་གཤེགས་པའི་ས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ནི་དངོས་པོ་དང་། དངོས་པོ་མེད་པའི་འདུ་ཤེས་མི་འབྱུང་ངོ་། །བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་དེ་ལྟ་བུའི་ཚུལ་གྱི་ཡུལ་ཅན་རྣམས་ལ། གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་འཛིན་པ་
ཞིག་འཇུག་ཏུ་ཟིན་ན་ནི་དེ་ཉིད་དེ་དག་གི་བདག་ཏུ་འཛིན་པ་དང་། གསོ་བར་འཛིན་པ་དང་། སྐྱེས་བུར་འཛིན་པ་དང་། གང་ཟག་ཏུ་འཛིན་པར་འགྱུར་རོ། །བློ་གྲོས་ཆེན་པོ་གང་འདི་ལྟར་དངོས་པོའི་རང་བཞིན་དང་། རང་དང་སྤྱིའི་མཚན་ཉིད་བསྟན་པ་འདི་ནི་བློ་གྲོས་ཆེན་པོ་སྤྲུལ་པའི་སངས་རྒྱས་ཀྱིས་

བསྟན་པ་སྟེ། ཆོས་ཉིད་ཀྱི་སངས་རྒྱས་ཀྱིས་བསྟན་པ་མ་ཡིན་ནོ། །བློ་གྲོས་ཆེན་པོ་བསྟན་པ་ནི་བྱིས་པའི་བསམ་པ་ལ་ཡོད་པའི་ལྟ་བས་བྱུང་བ་ཡིན་ཏེ། རྣམ་པར་འཇོག་པ་རྟོགས་པའི་རང་བཞིན་གྱི་ཆོས་འཕགས་པའི་ཡེ་ཤེས་སོ་སོ་རང་གིས་རིག་པའི་ཏིང་ངེ་འཛིན་གྱི་བདེ་བ་ལ་གནས་པ་ནི་མི་
བརྗོད་དོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། ཆུའི་ནང་ན་ཤིང་གི་གྲིབ་མ་སྣང་སྟེ། དེ་ནི་ཤིང་གི་དབྱིབས་དང་དབྱིབས་མེད་པའི་ཕྱིར་གྲིབ་མའང་མ་ཡིན། གྲིབ་མ་མ་ཡིན་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་མུ་སྟེགས་ཅན་གྱི་ལྟ་བའི་བག་ཆགས་ཀྱིས་བསྒོས་པའི་རྣམ་པར་རྟོག་པ་ཅན་རྣམས་
རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པའི་བློ་ཅན་དག་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པར་རྣམ་པར་རྟོག་པར་འགྱུར་རོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། མེ་ལོང་གི་ནང་དུ་རྐྱེན་ཇི་ལྟ་བ་བཞིན་དུ་གཟུགས་ཐམས་ཅད་ཀྱི་གཟུགས་
བརྙན་སྣང་ངོ་། །གཟུགས་བརྙན་དེ་དག་ནི་རང་གི་རྣམ་པར་རྟོག་པ་ཡིན་ཏེ། གཟུགས་དང་གཟུགས་མ་ཡིན་པར་མཐོང་བའི་ཕྱིར་གཟུགས་ཀྱང་མ་ཡིན། གཟུགས་མ་ཡིན་པའང་མ་ཡིན་ཏེ། བློ་གྲོས་ཆེན་པོ་འོན་ཀྱང་བྱིས་པ་རྣམས་ལ་རང་གི་སེམས་སྣང་བའི་རྣམ་པར་རྟོག་པ་གཟུགས་ལྟ་བུར་
སྣང་ངོ་། །དེ་བཞིན་དུ་བློ་གྲོས་ཆེན་པོ་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ལྟ་བའི་རྣམ་པར་རང་གི་སེམས་ཀྱི་གཟུགས་བརྙན་ཀྱང་སྣང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། བྲག་ཅ་ནི་མིང་དང་། འབབ་ཆུ་དང་། རླུང་དུ་ཕྲད་པ་ལས་འབྱུང་ཞིང་གུད་དུ་གྲག་
སྟེ། དེ་ནི་སྒྲ་དང་སྒྲ་མ་ཡིན་པར་གྲག་པའི་ཕྱིར་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་ཡོད་པ་དང་། མེད་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ལྟ་བ་རང་གི་སེམས་ཀྱི་བག་ཆགས་རྣམ་པར་རྟོག་པ་
རྣམས་སྣང་ངོ་། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རྩྭ་དང་། ཤིང་གེལ་པ་དང་། ལྕུག་མ་གྱེས་པ་མེད་པའི་ས་ལ་ཉི་མ་དང་ཕྲད་ན་སྨིག་རྒྱུ་བའི་དབའ་རླབས་རབ་ཏུ་གཡོ་སྟེ། དེ་དག་ནི་ཆགས་པ་དང་མི་ཆགས་པའི་ཕྱིར་དངོས་པོའང་མ་ཡིན། དངོས་པོ་མེད་པའང་མ་ཡིན་ནོ། །དེ་བཞིན་དུ་བློ་གྲོས་ཆེན་

པོ་བྱིས་པ་རྣམས་ཀྱི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ཀྱི་སྤྲོས་པ་གནས་ངན་ལེན་གྱི་བག་ཆགས་ཀྱིས་བསྒོས་པ་ནི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་
པ་དང་། མེད་པ་དང་། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་དངོས་པོའི་ཚུལ་དུ་ཡང་སྨིག་རྒྱུ་བཞིན་དུ་རླབས་གཡོའོ། །བློ་གྲོས་ཆེན་པོ་འདི་ལྟ་སྟེ། རོ་ལངས་དང་། འཁྲུལ་འཁོར་གྱི་མི་ནི་སེམས་ཅན་མེད་ཀྱང་འདྲེ་དང་སྦྱོར་བར་ལྡན་ན་གཡོ་བའི་ལས་བྱེད་དེ། འགྲོ་བ་དང་མི་འགྲོ་བའི་ཕྱིར་མེད་
པ་ལ་རྣམ་པར་རྟོག་པ་དེ་ལ་བྱིས་པ་རྣམས་མངོན་པར་ཞེན་ཏོ། །དེ་བཞིན་དུ་བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་ལྟ་བ་ངན་པའི་མུ་སྟེགས་ཅན་གྱི་བསམ་པར་ལྟུང་བ་དག་གཅིག་པ་དང་། ཐ་དད་པར་སྨྲ་བ་ལ་མངོན་པར་ཞེན་ཏེ། དེ་ནི་ཡང་དག་པ་མ་ཡིན་པར་སྒྲོ་བཏགས་པའོ། །དེ་བས་ན་བློ་གྲོས་
ཆེན་པོ་ཁྱོད་ཀྱི་སྐྱེ་བ་དང་། མི་སྐྱེ་བ་དང་། འཇིག་པ་དང་། གནས་པ་དང་། གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པ་དང་། ཡོད་པ་དང་། མེད་པ་དང་། འཕགས་པ་སོ་སོ་རང་གི་དངོས་པོ་ཁོང་དུ་ཆུད་པར་བྱ་བའི་རྣམ་པར་རྟོག་པ་དང་བྲལ་བར་བྱའོ། །
དེ་ལ་འདི་སྐད་ཅེས་བྱ་སྟེ། ཕུང་པོ་རྣམ་པར་ཤེས་དང་ལྔ། །ཆུ་ལ་ཤིང་གི་གྲིབ་མ་བཞིན། །སྣང་བ་སྒྱུ་མ་རྨི་ལམ་འདྲ། །རྣམ་པར་རིག་པས་མ་རྟོག་ཤིག །སྲིད་གསུམ་འདི་ནི་རྨི་ལམ་དང་། །སྐྲ་ཤད་འཛིངས་དང་སྒྱུ་མ་འདྲ། །སྨིག་རྒྱུ་ཆུ་བཞིན་ནོར་བ་ནི། །རྣམ་པར་བསྒོམས་ན་
རྣམ་པར་གྲོལ། །སེམས་སླུ་བ་ཡི་སྨིག་རྒྱུ་བ། །ཇི་ལྟར་དཔྱིད་ཀ་གཡོ་བ་ན། །རི་དགས་རྣམས་ནི་ཆུར་འཛིན་ཏེ། །དེ་ལ་དངོས་པོ་ཡོད་པ་མིན། །དེ་བཞིན་རྣམ་ཤེས་ས་བོན་ཀྱང་། །ལྟ་བའི་ཡུལ་ལ་རབ་ཏུ་གཡོ། །བྱིས་པ་དག་ནི་སྐྱེ་བར་འཛིན། །རབ་རིབ་ཅན་གྱི་རབ་རིབ་བཞིན། །
ཐོག་མ་མེད་ལྡན་འཁོར་བ་ནས། །དངོས་འཛིན་བྱིས་པས་ཕང་བླངས་པ། །ཇི་ལྟར་གཟེར་ལ་གཟེར་བཞིན་དུ། །འཛིན་པ་བྲིད་དེ་རྣམ་པར་ཟློག །སྒྱུ་མ་རོ་ལངས་འཁྲུལ་འཁོར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །ནམ་ཡང་རྒྱུད་གསུམ་རྣམ་ཆད་པར། །སྐྱེ་བོ་མཐོང་ནས་རྣམ་པར་

ཐར། །འདི་ལ་རྣམ་རིག་གང་ཡང་མེད། །མཁའ་ལ་སྨིག་རྒྱུ་ཇི་བཞིན་ཏེ། །ཆོས་རྣམས་དེ་ལྟར་རབ་ཤེས་ན། །ཆུང་ཟད་དུ་ཡང་ཁས་བླང་མེད། །རྣམ་རིག་འདི་ནི་མིང་ཙམ་སྟེ། །མཚན་ཉིད་ཀྱིས་ནི་ཡོད་པ་མིན། །གང་ལ་དེ་དག་བརྟགས་པ་ཡི། །ཕུང་པོ་སྐྲ་ཤད་འཛིངས་པ་
འདྲ། །རི་མོ་སྐྲ་ཤད་འཛིངས་པ་དང་། །སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་། །མགལ་མེ་འཁོར་ལོ་སྨིག་རྒྱུ་དག །མེད་པར་མི་ལ་རབ་ཏུ་སྣང་། །དེ་བཞིན་རྟག་དང་མི་རྟག་དང་། །གཅིག་དང་གཉིས་ཀ་གཉིས་མིན་དག །ཐོག་མ་མེད་ཀྱི་ཉེས་འབྲེལ་བས། །བྱིས་པ་རྨོངས་པ་རབ་ཏུ་རྟོག །
མིག་དང་མེ་ལོང་ཆུ་རྣམས་དང་། །སྣོད་དང་ནོར་བུ་དག་ལ་ཡང་། །དེ་ན་གཟུགས་བརྙན་སྣང་མོད་ཀྱི། །གཟུགས་བརྙན་གང་ནའང་ཡོད་པ་མིན། །དངོས་པོར་སྣང་སེམས་དེ་བཞིན་ཏེ། །སྣ་ཚོགས་གཟུགས་སུ་སྨིག་རྒྱུ་བ། །མཁའ་ལ་ཇི་ལྟར་སྣང་བ་བཞིན། །རྨི་ལམ་མོ་ཤམ་བུ་ཡང་
འདྲ། །བློ་གྲོས་ཆེན་པོ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་བཞི་ལས་རྣམ་པར་གྲོལ་བ་སྟེ། འདི་ལྟར་གཅིག་པ་དང་། ཐ་དད་པ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་ཕྱོགས་རྣམ་པར་སྤངས་པ། ཡོད་པ་དང་མེད་པ་དང་། སྒྲོ་འདོགས་པ་དང་། སྐུར་པ་
ལས་རྣམ་པར་གྲོལ་བའོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པ་ནི་བདེན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལམ་དང་། འགོག་པ་དང་། རྣམ་པར་ཐར་པ་འཇུག་པ་སྔོན་དུ་གཏོང་བ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་བསྟན་པའི་རང་
བཞིན་དང་། དབང་པོ་དང་། རྒྱུ་མེད་པ་དང་། འདོད་རྒྱལ་དང་། རྡུལ་ཕྲ་མོ་དང་། དུས་དང་། ངོ་བོ་ཉིད་དང་འབྲེལ་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་གཞན་ཡང་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་རྣམ་པར་དག་པར་བྱ་བའི་ཕྱིར་དེད་དཔོན་ལྟར་སྣང་བ་མེད་པ་བརྒྱ་རྩ་བརྒྱད་དང་།
ཐེག་པ་དང་། སའི་ཡན་ལག་ཤིན་ཏུ་རྣམ་པར་དབྱེ་བའི་མཚན་ཉིད་རྣམས་མཐར་གྱི་ས་རབ་ཏུ་བཞག་གོ། །བློ་གྲོས་ཆེན་པོ་གཞན་ཡང་བསམ་གཏན་རྣམ་པ་བཞི་སྟེ། རྣམ་པ་བཞི་གང་ཞེ་ན། འདི་ལྟ་སྟེ། བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་དང་། དོན་རབ་ཏུ་འབྱེད་པའི་བསམ་གཏན་དང་།

དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་དང་། དེ་བཞིན་གཤེགས་པའི་བསམ་གཏན་དང་བཞིའོ། །བློ་གྲོས་ཆེན་པོ་དེ་ལ་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣལ་འབྱོར་ལ་རྣལ་འབྱོར་པ་རྣམས་ཀྱི་གང་
ཟག་ལ་བདག་མེད་པ་དང་། དངོས་པོ་རྣམས་ཀྱི་རང་དང་སྤྱིའི་གཟུགས་དང་། ཀེང་རུས་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་སྡུག་པའི་མཚན་ཉིད་ལ་མངོན་པར་ཞེན་པ་སྔོན་དུ་བཏང་སྟེ། འདི་ནི་མཚན་ཉིད་འདི་ལྟ་བུ་ཡིན་ཏེ། གཞན་དུ་མ་ཡིན་ནོ། །ཞེས་བལྟས་ནས་དང་པོ་
ནས་གོང་ནས་གོང་དུ་འདུ་ཤེས་འགོག་པའི་བར་དུ་བྱིས་པ་ཉེ་བར་སྤྱོད་པ་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དོན་རབ་ཏུ་འབྱེད་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། གང་ཟག་ལ་བདག་མེད་པ་དང་རང་དང་སྤྱིའི་མཚན་ཉིད་དང་། ཕྱི་རོལ་གྱི་མུ་སྟེགས་བྱེད་དང་བདག་དང་གཞན་གཉིས་ཀ་མེད་པར་བྱས་ཏེ།
ཆོས་ལ་བདག་མེད་པའི་སའི་མཚན་ཉིད་ཀྱི་དོན་རབ་ཏུ་འབྱེད་པའི་གོ་རིམས་ཅན་ནི་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཡིན་ནོ། །དེ་ལ་བློ་གྲོས་ཆེན་པོ་དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། ཀུན་བརྟགས་པ་བདག་མེད་པ་གཉིས་ཀྱི་རྣམ་པར་མི་རྟོག་པ་ལ་ཡང་དག་པ་ཇི་
ལྟ་བ་བཞིན་དུ་གནས་པས་རྣམ་པར་རྟོག་པ་མི་འབྱུང་བའི་ཕྱིར་དེ་བཞིན་ཉིད་ལ་དམིགས་པ་ཞེས་བཤད་དོ། །བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བསམ་གཏན་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སའི་རྣམ་པ་ལ་འཇུག་པ། འཕགས་པ་སོ་སོ་རང་གི་ཡེ་ཤེས་ཀྱི་མཚན་ཉིད་གསུམ་
གྱི་བདེ་བ་ལ་གནས་པས་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་བྱེད་པའི་ཕྱིར་དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བཤད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དོན་རབ་འབྱེད་པའི་བསམ་གཏན་དང་། །བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དེ་བཞིན་ཉིད་དམིགས་བསམ་གཏན་དང་། །
དེ་བཞིན་གཤེགས་པའི་དགེ་བསམ་གཏན། །རྣལ་འབྱོར་ཅན་གྱིས་བརྩོན་བྱས་ན། །ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པད་མོ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་། །མཚན་མ་སྣ་ཚོགས་དེ་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་

གྱི། །སྤྱོད་ཡུལ་དུའང་ལྷུང་བར་བྱེད། །འདི་དག་ཐམས་ཅད་རྣམ་སྤངས་ཤིང་། །སྣང་བ་མེད་པར་ནམ་གྱུར་པ། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཐམས་ཅད་ཞིང་ནས་བྱུང་བ་ཡིས། །དེ་ཡི་མགོ་ལ་ཉུག་མཛད་དེ། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །དེ་ནས་ཡང་བཅོམ་ལྡན་འདས་
ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་པའོ། །མྱ་ངན་ལས་འདས་པའོ་ཞེས་བགྱི་ན། བཅོམ་ལྡན་འདས་ཇི་ལྟར་མྱ་ངན་ལས་འདས་པ། མྱ་ངན་ལས་འདས་པ་ཞེས་བགྱི་བ་འདི་ནི་ཆོས་གང་གི་ཚིག་བླ་དགས་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་གྱི་བག་ཆགས་ཀུན་གཞི་དང་། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་ལྟ་བའི་བག་ཆགས་རབ་ཏུ་གྱུར་པ་ནི་མྱ་ངན་ལས་འདས་པའི་ཚུལ་དང་། རང་བཞིན་སྟོང་པ་ཉིད་ཀྱི་དངོས་པོའི་སྤྱོད་ཡུལ་ཏེ། མྱ་ངན་
ལས་འདས་པའོ་ཞེས་སངས་རྒྱས་རྣམས་དང་ངས་བརྗོད་དོ། །གཞན་ཡང་བློ་གྲོས་ཆེན་པོ་མྱ་ངན་ལས་འདས་པ་ནི་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། རྟག་པ་དང་། ཆད་པར་རྣམ་པར་རྟོག་པ་དང་། དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་སྤངས་པའོ། །
ཇི་ལྟར་རྟག་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། རང་དང་སྤྱིའི་མཚན་ཉིད་དུ་རྣམ་པར་རྟོག་པ་སྤངས་པས་དེའི་ཕྱིར་རྟག་པ་མ་ཡིན་ནོ། །དེ་ལ་ཆད་པ་མ་ཡིན་པ་ནི་འདི་ལྟ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་འཕགས་པ་ཐམས་ཅད་སོ་སོ་རང་གིས་རྟོགས་པར་བྱེད་དེ། དེའི་ཕྱིར་ཆད་པ་
མ་ཡིན་ནོ། །བློ་གྲོས་ཆེན་པོ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ནི་འཇིག་པ་མ་ཡིན་ནོ། །འཆི་བ་མ་ཡིན་ནོ། །བློ་གྲོས་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས་པ་གལ་ཏེ་འཆི་བ་ཞིག་ཡིན་ན་ནི་ད་དུང་ཡང་སྐྱེ་བའི་རྒྱུད་དུ་འགྱུར་རོ། །འོན་ཏེ་འཇིག་པ་ཞིག་ཡིན་ནའང་འདུས་བྱས་ཀྱི་མཚན་ཉིད་
དུ་ལྟུང་བར་འགྱུར་རོ། །བློ་གྲོས་ཆེན་པོ་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ནི་འཇིག་པ་མ་ཡིན། འཆི་བ་མ་ཡིན་ཏེ། རྣལ་འབྱོར་ཅན་རྣམས་ནི་ཤི་འཕོ་དང་བྲལ་བའི་སྐྱབས་མངོན་དུ་བྱེད་དོ། །བློ་གྲོས་ཆེན་པོ་གཞན་ཡང་མྱ་ངན་ལས་འདས་པ་ནི་སྤངས་པ་མེད་པ་དང་། ཐོབ་པ་མེད་པ་དང་། ཆད་

པ་མ་ཡིན་པ་དང་། རྟག་པ་མ་ཡིན་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་གཞན་ཡང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་རང་དང་སྤྱིའི་མཚན་ཉིད་ཁོང་དུ་ཆུད་པ་དང་།
འདུ་འཛི་མེད་པ་དང་། ཡུལ་ལ་ཕྱིན་ཅི་ལོག་མེད་པར་མཐོང་བས་རྣམ་པར་རྟོག་པ་མི་འབྱུང་སྟེ། དེའི་ཕྱིར་དེ་དག་དེ་ལ་མྱ་ངན་ལས་འདས་པའི་བློར་འགྱུར་རོ། །བློ་གྲོས་ཆེན་པོ་གཞན་ཡང་རང་བཞིན་གཉིས་ཀྱི་མཚན་ཉིད་རྣམ་པ་གཉིས་ཡོད་དེ། རྣམ་པ་གཉིས་གང་ཞེ་ན། འདི་ལྟ་སྟེ། བརྗོད་
པའི་རང་བཞིན་ལ་མངོན་པར་ཞེན་པ་དང་། དངོས་པོའི་རང་བཞིན་ལ་མངོན་པར་ཞེན་པའོ། །དེ་ལ་བློ་གྲོས་ཆེན་པོ་བརྗོད་པའི་རང་བཞིན་ལ་མངོན་པར་ཞེན་པ་ནི་ཐོག་མ་མེད་པའི་དུས་ཀྱི་ཚིག་ཏུ་སྤྲོས་པའི་བག་ཆགས་ལ་མངོན་པར་ཞེན་པ་ལས་འབྱུང་ངོ་། །དེ་ལ་བློ་གྲོས་ཆེན་པོ་དངོས་པོའི་རང་བཞིན་
ལ་མངོན་པར་ཞེན་པ་ནི་རང་གི་སེམས་སྣང་བ་ཙམ་དུ་ཁོང་དུ་མ་ཆུད་པ་ལས་འབྱུང་ངོ་། །བློ་གྲོས་ཆེན་པོ་གཞན་ཡང་བྱིན་གྱིས་བརླབས་གཉིས་ཀྱིས་བྱིན་དུ་བརླབས་པའི་བྱང་ཆུབ་སེམས་དཔའ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཞབས་ལ་
གཏུག་ཅིང་འདྲི་བ་ཡོངས་སུ་འདྲིའོ། །བྱིན་གྱིས་བརླབས་གཉིས་པོ་གང་གིས་བྱིན་དུ་བརླབས་ཞེ་ན། འདི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པའི་བྱིན་གྱི་རླབས་ཀྱི་བྱིན་དུ་བརླབས་དང་། སྐུ་དང་། ཞལ་དང་། ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བའི་བྱིན་གྱི་རླབས་སོ། །དེ་ལ་བློ་
གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་དང་པོ་ལས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་ནས། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ཞེས་བྱ་བ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་
ཆུབ་སེམས་དཔའི་ཏིང་ངེ་འཛིན་ཐེག་པ་ཆེན་པོ་རབ་ཏུ་སྣང་བ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཞལ་བསྟན་ཏེ། སྐུ་དང་ཞལ་དང་གསུང་ཐམས་ཅད་ཡང་དག་པར་

བསྟན་པས་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། ཡོན་ཏན་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱི་རླབས་མཛད་དོ། །བློ་གྲོས་ཆེན་པོ་དེ་ལྟར་ས་དང་པོ་ལ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དག་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བྱིན་གྱི་རླབས་རབ་ཏུ་འཐོབ་བོ། །བསྐལ་པ་བརྒྱ་སྟོང་དུ་ཀུན་བསགས་པའི་དགེ་བའི་རྩ་བ་དག་གིས་མཐར་གྱིས་སའི་ཕྱོགས་དང་མི་འཐུན་པའི་ཕྱོགས་ཀྱི་མཚན་ཉིད་རྟོགས་པར་ཁོང་དུ་ཆུད་པས་བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་
ལ་པད་མོ་ཆེན་པོའི་གཞལ་མེད་ཁང་དུ་སྟན་ལ་འདུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཅོད་པན་ཅན། དེ་དང་འཐུན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ལ་རྒྱལ་བའི་ཕྱག་ཕྱོགས་བཅུའི་འཇིག་རྟེན་
ནས་བྱུང་བ། བ་བླ་དང་། གསེར་དང་། མེ་ཏོག་ཙམ་པ་ཀ་དང་། ཟླ་བའི་འོད་ཟེར་དང་། པད་མོ་འདྲ་བས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པད་མོ་ཆེན་པོའི་གཞལ་མེད་ཁང་ན་སྟན་ལ་འདུག་པ་དེ་ལ་དབང་བྱེད་པ་དང་། འཁོར་ལོས་སྒྱུར་བ་དང་། དབང་པོའི་རྒྱལ་པོ་ལྟར་སྤྱི་བོ་
ནས་དབང་བསྐུར་རོ། །སྐུ་དང་ཞལ་དང་ཕྱག་ཐམས་ཅད་ཀྱིས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ་དེ་དང་བྱང་ཆུབ་སེམས་དཔའ་དེ་དག་ནི་ཕྱག་གི་དབང་བསྐུར་བའི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ཞེས་བྱའོ། །བློ་གྲོས་ཆེན་པོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་
ཀྱི་བྱིན་གྱི་རླབས་གཉིས་ཏེ། བྱིན་གྱི་རླབས་གཉིས་པོ་དེས་བྱིན་དུ་བརླབས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་ཞལ་དུ་ལྟའི། དེ་ལྟ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བལྟ་བར་མི་ནུས་
སོ། །བློ་གྲོས་ཆེན་པོ་གཞན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཏིང་ངེ་འཛིན་དང་། རྫུ་འཕྲུལ་དང་། བསྟན་པའི་རྣམ་པར་གང་ཅི་སྤོབས་ཀྱང་དེ་དག་ཐམས་ཅད་ཀྱི་སངས་རྒྱས་ཀྱི་བྱིན་གྱི་རླབས་གཉིས་གྱིས་བརླབས་པའོ། །བློ་གྲོས་ཆེན་པོ་གལ་ཏེ་ཡང་བྱིན་གྱི་རླབས་

མེད་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྤོབས་པ་འབྱུང་ན་ནི། བློ་གྲོས་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་སྤོབས་པ་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། བྱིན་གྱིས་མ་བརླབས་པའི་ཕྱིར་རོ། །བློ་གྲོས་ཆེན་པོ་རྩྭ་དང་། ཤིང་
གེལ་པ་དང་། ལྕུག་མ་དང་། ཤིང་དང་། རི་དང་། རོལ་མོའི་ཆ་སྤྱད་རྣམ་པ་སྣ་ཚོགས་དང་། གྲོང་ཁྱེར་དང་། ཁང་པ་དང་། ཁྱིམ་དང་། གཞལ་མེད་ཁང་གི་གནས་དག་ཀྱང་དེ་བཞིན་གཤེགས་པ་བྱོན་པའི་བྱིན་གྱི་རླབས་ཀྱིས་སྒྲ་འབྱིན་ན་བློ་གྲོས་ཆེན་པོ་སེམས་ཡོད་པ་དག་ལྟ་ཅི་སྨོས། བློ་གྲོས་
ཆེན་པོ་ལྐུགས་པ་དང་། འོན་པ་དང་། ལོང་བ་དག་ཀྱང་རང་གི་ཉེས་པ་ལས་རྣམ་པར་གྲོལ་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་དེ་ལྟར་ཡོན་ཏན་གྱི་བྱེ་བྲག་ཆེའོ། །བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་གནས་པའི་དུས་དང་ཁྱད་པར་གྱི་ས་ལ་དབང་བསྐུར་བའི་བྱིན་གྱི་རླབས་ཅིའི་སླད་དུ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ལས་དང་ཉོན་མོངས་པས་མི་འཁྲུགས་
པ་དང་། ཉན་ཐོས་ཀྱི་བསམ་གཏན་དང་སར་མི་ལྟུང་བ་དང་། དེ་བཞིན་གཤེགས་པའི་ས་སོ་སོ་རང་གིས་རིག་པར་བྱ་བ་དང་། འཐོབ་པའི་ཆོས་དང་། ཁོང་དུ་ཆུད་པ་རྣམ་པར་འཕེལ་བའི་ཕྱིར་བློ་གྲོས་ཆེན་པོ་རྒྱུ་འདི་རྣམས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་བྱིན་གྱི་རླབས་ཀྱིས་བྱིན་དུ་རློབ་པར་མཛད་དོ། །བློ་གྲོས་ཆེན་པོ་བྱིན་གྱིས་མ་བརླབས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་མུ་སྟེགས་ཅན་དང་། ཉན་ཐོས་དང་། བདུད་ཀྱི་བསམ་པར་ལྟུང་ཞིང་བླ་ན་མེད་པ་ཡང་
དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱ་སྟེ། དེ་ལྟར་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་བཟུང་བ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མི་ཡི་དབང་པོའི་བྱིན་རླབས་ལས། །

དབང་བསྐུར་ཏིང་འཛིན་དག་ལ་སོགས། །སྨོན་ལམ་དག་གིས་རྣམ་སྦྱངས་པ། །དང་པོ་དང་ནི་བཅུ་པར་འབྱུང་། །དེ་ནས་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་
འབྱུང་བ་བཤད་པས་རྒྱུ་རྣམ་པར་བརྗོད་པ་ཉིད་བགྱིས་ཏེ། རང་གི་ཚུལ་གྱིས་སླར་གླེན་པའི་གཏམ་མ་གསུངས་ན། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་གང་ལས་དངོས་པོ་རྣམས་འབྱུང་བ་འདི་ལྟ་སྟེ། གཙོ་བོ་དང་། དབང་པོ་དང་། སྐྱེས་བུ་དང་། དུས་དང་། རྡུལ་ཕྲ་མོ་
འཇུག་པས་རྒྱུ་ལས་འབྱུང་བར་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ནི་རྐྱེན་གྱི་རྣམ་གྲངས་གཞན་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་བཀའ་སྩལ་མོད་ཀྱི། གྲུབ་པའི་མཐའི་བྱེ་བྲག་ཏུ་དབྱེ་བ་ནི་མ་མཆིས་སོ། །བཅོམ་ལྡན་འདས་མུ་སྟེགས་བྱེད་དག་ཀྱང་མཆིས་པ་དང་། མ་མཆིས་པ་ལས་
སྐྱེ་བར་བརྗོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་རྣམས་མ་མཆིས་པ་ལས་རྐྱེན་རྣམས་འབྱུང་བ་དང་། བྱུང་ནས་ཀྱང་འཇིག་པར་གསུངས་ཏེ། གང་ཡང་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ནས། རྒ་ཤིའི་བར་དུ་གསུངས་པ་འདི་ཡང་བཅོམ་ལྡན་འདས་ཀྱིས་རྒྱུ་
མེད་པར་སྨྲ་བ་རྣམ་པར་བརྗོད་པ་གསུངས་ཀྱི་རྒྱུར་སྨྲ་བ་ནི་མ་ལགས་སོ། །བཅོམ་ལྡན་འདས་འདི་ཡོད་ན་འདི་ཡོད་དོ་ཞེས་བགྱི་བ་འདི་ནི་ཅིག་ཅར་གནས་པ་རྣམས་ལ་རུང་གི་རིམ་གྱིས་འབྱུང་བ་ལ་ལྟོས་པར་གནས་པ་རྣམས་ལ་ནི་མ་ལགས་ཏེ། མུ་སྟེགས་བྱེད་ཀྱིས་རྣམ་པར་བརྗོད་པ་ཉིད་བཟང་
གི་ཁྱོད་ཀྱིས་ནི་བཟང་པོ་མ་ལགས་སོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། མུ་སྟེགས་བྱེད་རྣམས་ཀྱིས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ལགས་པའི་རྒྱུས་འབྲས་བུ་མངོན་པར་སྒྲུབ་བོ། །བཅོམ་ལྡན་འདས་ཁྱོད་ཀྱི་རྒྱུ་ཡང་འབྲས་བུ་ལ་ལྟོས། འབྲས་བུའང་རྒྱུ་ལ་ལྟོས་པས་རྒྱུ་དང་རྐྱེན་
དང་ཡང་འདྲེས་ཏེ། དེ་བཞིན་དུ་ཕན་ཚུན་དུ་ཐུག་པ་མ་མཆིས་པར་ཡང་འགྱུར་རོ། །འདི་ཡོད་ན་འདི་ཡོད་དོ་ཞེས་བརྗོད་པ་ནི་འཇིག་རྟེན་རྒྱུ་མ་མཆིས་པར་ཡང་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་གཟུང་བ་དང་འཛིན་པ་མེད་པ་དང་། རང་གི་སེམས་སྣང་

བ་ཙམ་དུ་ཁོང་དུ་ཆུད་པའི་ཕྱིར་འདི་ཡོད་པས་འདི་ཡོད་དོ་ཞེས་བརྗོད་ཀྱང་རྒྱུ་དང་བྱེད་པར་སྨྲ་བ་དང་། རྒྱུ་རྐྱེན་འདྲེས་པར་ཡང་མི་འགྱུར་རོ། །བློ་གྲོས་ཆེན་པོ་གང་གཟུང་བ་དང་། འཛིན་པ་ལ་མངོན་པར་ཞེན་ཅིང་ཕྱི་རོལ་གྱི་རང་གི་ཡུལ་གྱི་དངོས་པོ་མེད་པར་རང་གི་སེམས་སྣང་བ་
ཙམ་དུ་ཁོང་དུ་མ་ཆུད་པ་དེ་དག་ལ་ནི་འདི་ལྟ་བུའི་ཉེས་པར་འགྱུར་གྱི་ངའི་རྟེན་ཅིང་འབྲེལ་བར་འབྱུང་བ་བརྗོད་པ་ལ་ཉེས་པར་མི་འགྱུར་རོ། །བློ་གྲོས་ཆེན་པོས་ཡང་གསོལ་པ། བཅོམ་ལྡན་འདས་བརྗོད་པ་མ་མཆིས་པ་ལས་ན། དངོས་པོ་ཐམས་ཅད་ཀྱང་མཆིས་མོད། བཅོམ་ལྡན་འདས་གལ་
ཏེ་དངོས་པོ་དག་མ་མཆིས་སུ་ལགས་ན་ནི་བརྗོད་པར་ཡང་འབྱུང་བར་མི་འགྱུར་ན། འབྱུང་བ་ལས་ནི་དེའི་སླད་དུ་བརྗོད་པ་མ་མཆིས་པས་བཅོམ་ལྡན་འདས་དངོས་པོ་ཐམས་ཅད་ཀྱང་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་དངོས་པོ་མེད་པ་དག་ཀྱང་བརྗོད་པར་བྱ་བ་
ཡོད་དེ། འདི་ལྟར་རི་བོང་གི་རྭ་དང་། རུ་སྦལ་གྱི་སྤུ་དང་། མོ་ཤམ་གྱི་བུ་ལ་སོགས་པ་འཇིག་རྟེན་ན་བརྗོད་པར་སྣང་མོད་ཀྱི། བློ་གྲོས་ཆེན་པོ་དེ་དག་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་ཏེ། བརྗོད་ཀྱང་བརྗོད་དོ། །དེ་ལྟ་བས་ན་བློ་གྲོས་ཆེན་པོ་གང་བརྗོད་པ་ཡོད་པའི་ཕྱིར་དངོས་
པོ་ཐམས་ཅད་ཀྱང་ཡོད་དོ་ཞེས་ཁྱོད་ཟེར་བའི་སྨྲ་བ་དེ་ནི་སྤངས་སོ། །བློ་གྲོས་ཆེན་པོ་བརྗོད་པ་ནི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གྲགས་པའང་མ་ཡིན། བློ་གྲོས་ཆེན་པོ་བརྗོད་པ་ནི་བྱས་པ་སྟེ། བློ་གྲོས་ཆེན་པོ་སངས་རྒྱས་ཀྱི་ཞིང་ལ་ལ་ན་མིག་མི་འཛུམས་པས། ལ་ལ་ན་སྣོལ་གྱིས། ལ་ལ་
ན་སྨིན་མ་བསྐྱོད་པས། ལ་ལ་ན་མིག་རིག་རིག་བྱས་པས། ལ་ལ་ན་བགད་པས། ལ་ལ་ན་གླལ་བས། ལ་ལ་ན་མགུལ་བ་སྩལ་བའི་སྒྲས། ལ་ལ་ན་ཞིང་དྲན་པས། ལ་ལ་ན་ལུས་བསྐྱོད་པས་ཆོས་སྟོན་ཏེ། བློ་གྲོས་ཆེན་པོ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་སངས་རྒྱས་ཀྱི་ཞིང་མི་འཛུམས་སྤོས་དྲི་ཞིམ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མིག་མི་འཛུམས་པར་ལྟ་བས་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་གཞན་ཡང་རབ་ཏུ་འཐོབ་བོ། །

བློ་གྲོས་ཆེན་པོ་དེ་ལྟར་དེའི་ཕྱིར་བརྗོད་པ་ཡོད་པས་དངོས་པོ་ཐམས་ཅད་ཡོད་པ་ནི་མ་ཡིན་ནོ། །བློ་གྲོས་ཆེན་པོ་དེ་ནི་འཇིག་རྟེན་འདི་ཉིད་ནའང་སྣང་སྟེ། སྲིན་བུ་དང་སྦྲང་མ་ལ་སོགས་པ་སེམས་ཅན་གྱི་ཁྱད་པར་དག་ཀྱང་བརྗོད་པ་མེད་པར་རང་གི་བྱ་བ་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ།
ནམ་མཁའ་རི་བོང་རྭ་དག་དང་། །མོ་ཤམ་གྱི་ནི་བུ་དག་ཀྱང་། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་ལ་རྟོག་པའང་དེ་བཞིན་ནོ། །རྒྱུ་དང་རྐྱེན་རྣམས་འདུས་པ་ལས། །འབྱུང་བར་བུས་པ་རྣམ་རྟོག་སྟེ། །ཚུལ་འདི་རབ་ཏུ་མི་ཤེས་པས། །སྲིད་གསུམ་གནས་ན་རབ་ཏུ་
འཁྱམ།། །།འཕགས་པ་ལང་ཀར་གཤེགས་པ། བམ་པོ་བཞི་པ། དེ་ནས་ཡང་བྱང་ཆུ