Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 046_མདོ་སྡེ།_ཁ
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
ར་པ་དེ་ཡང་མེད་པར་གྱུར་ཏོ་སྙམ་དུ་ཤེས་སོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ་བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ལ་ནན་ཏན་བྱའོ་སྙམ་མོ། །དགེ་སློང་དག་ངས་མངོན་པར་ ཤེས་ཏེ། ངས་ཟས་སུ་འབྲས་འབྲུ་གཅིག་པུ་ཁོ་ན་སྟེ། གཉིས་སུ་མེད་པ་ཟོས་སོ། །དགེ་སློང་དག་ཁྱོད་འདི་སྙམ་དུ་དེའི་ཚེའི་འབྲས་ཆེ་བ་སྙམ་དུ་སེམས་པར་གྱུར་ན་དེ་ལྟར་མི་བལྟ་སྟེ། དེའི་ཚེ་འབྲས་ཀྱང་འདི་ཉིད་ཙམ་མོ། །དགེ་སློང་དག་ངས་ཟས་སུ་འབྲས་འབྲུ་གཅིག་ཟོས་པས་ ལུས་མྱུར་དུ་སྔ་མ་བཞིན་དུ་གྱུར་ཏེ། ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ཉ་མད་ཀུ་རའི་མདོག་འདྲའོ། །སྔོན་འདིའི་མདོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་གིས་དེ་བས་ཀྱང་ཟས་ཆུང་ངུ་ཉིད་ལ་ནན་ ཏན་བྱའོ་སྙམ་མོ། །དགེ་སློང་དག་ངས་མངོན་པར་ཤེས་ཏེ། ངས་ཟས་སུ་ཏིལ་འབྲུ་གཅིག་པུ་ཁོ་ན་སྟེ་གཉིས་སུ་མེད་པ་ཟོས་པ་ནས། དེའི་ཁ་དོག་འཇམ་པོ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་ ཟས་མི་ཟ་བས་དག་པར་སེམས་ཏེ། བདག་གིས་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་ཟས་མི་ཟ་བར་ནན་ཏན་བྱའོ་སྙམ་ནས། དགེ་སློང་དག་དེ་ནས་ཟས་མི་ཟ་བར་འདུག་གོ། །དགེ་སློང་དག་ངས་ཟས་མ་ཟོས་པས་ལུས་ཤིན་ཏུ་སྐམས་ཤིང་ཉམ་ཆུང་བ་དང་རིད་པར་གྱུར་ཏོ། །འདི་ལྟ་སྟེ་དཔེར་ན་ ལྡུམ་བུ་ཨ་སི་ཏ་ཀའི་ཚིགས་པ་དང་། ཀ་ལི་ཀའི་ཚིགས་པ་བས་ཀྱང་ཉིས་འགྱུར་དང་། སུམ་འགྱུར་དང་། བཞི་འགྱུར་དང་། ལྔ་འགྱུར་དང་། བཅུ་འགྱུར་གྱིས་ངའི་ཡན་ལག་དང་། ཉིང་ལག་སྐེམས་པར་གྱུར་ཏེ། འདི་ལྟ་སྟེ་རྩིབ་ལོགས་ནི་སྲོག་ཆགས་ཀར་ཀ་ཏ་ཀའི་རྩིབ་ལོགས་ དང་། བཞོན་པའི་བྲེས་ཁང་ལྟ་བུར་གྱུར་ཏོ། །སྒལ་ཚིགས་ནི་ལན་བུ་བླས་པ་ལྟ་བུར་གྱུར་ཏོ། །མགོའི་ཐོད་པ་ནི་ཀུ་བ་ཁ་བོ་ལྟ་བུར་གྱུར་ཏོ། །མིག་གི་འབྲས་བུ་ནི་ཁྲོན་པའི་སྐར་མ་ལྟ་བུར་གྱུར་ཏོ། །དགེ་སློང་དག་ང་ལེགས་པར་ལྡང་ངོ་སྙམ་ནས་ལུས་ཀྱིས་བསྐྱོད་ན། སྒུར་པོར་གྱུར་ ཏེ་འགྱེལ་ཏོ། །ཤ་ཐང་སྟེ་ལངས་ནས་རྡུལ་གྱིས་ལུས་ཡོག་པ། ལག་པས་ཕྱིས་པ་དང་། བ་སྤུ་རུལ་པ་ཐམས་ཅད་ལུས་ལས་ལྷགས་སོ། །གང་སྔོན་ང་ཁ་དོག་མཛེས་ཤིང་འཇམ་པར་གྱུར་པ་དེ་ཡང་འདི་ལྟར་བདག་ཉིད་སྤོང་བ་རྩུབ་པོར་བཏང་བའི་ཕྱིར་མེད་པར་གྱུར་ཏོ། །ངའི་སྤྱོད་ ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱང་། འདི་ལྟར་ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་གནག་གོ། །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་སྔོ་བསངས་སོ། །ཨེ་མའོ་དགེ་སྦྱོང་གཽ་ཏ་མ་ནི་ཉ་མད་ཀུ་རའི་མདོག་འདྲའོ། །སྔོན་འདིའི་ཁ་དོག་མཛེས་པ་གསལ་བར་གྱུར་པ་དེ་ཡང་མེད་ པར་གྱུར་ཏོ་སྙམ་དུ་ཤེས་སོ། །དེའི་ཚེ་རྒྱལ་པོ་ཟས་གཙང་མ་ཡང་ཉིན་རེ་ཞིང་བྱང་ཆུབ་སེམས་དཔའི་དྲུང་དུ་ཕོ་ཉ་གཏོང་ངོ་། །དགེ་སློང་དག་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྔ་མ་བཞིན་དུ་འཇིག་རྟེན་དུ་བྱ་བ་རྨད་དུ་བྱུང་བ་བསྟན་པ་དང་། བྱ་བ་ཉམས་པའི་སེམས་ཅན་རྣམས་ལས་དང་ བྱ་བ་ལ་གཟུད་པ་དང་། བསོད་ནམས་ཀྱི་ཚོགས་རྣམས་བརྗོད་པ་དང་། ཡེ་ཤེས་ཆེན་པོའི་ཡོན་ཏན་བསྟན་པ་དང་། བསམ་གཏན་གྱི་ཡན་ལག་རྣམས་རྣམ་པར་དབྱེ་བའི་ཕྱིར་ཏིལ་འབྲུ་གཅིག་དང་། རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་གིས་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་ བསྟན་ཏེ་ཡིད་དམན་པ་མེད་དོ། །བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་སྐྱིལ་མོ་ཀྲུང་བཅས་ནས། ཇི་ལྟར་འདུག་པ་བཞིན་དུ་གནས་ཏེ། སྤྱོད་ལམ་ཉམས་པ་མེད་དོ། །ཉི་མས་བབ་ནས་ཀྱང་གྲིབ་མ་ལ་མ་སོང་ངོ་། །གྲིབ་མ་ལས་ཀྱང་ཉི་མ་ལ་མ་སོང་ངོ་། །རླུང་དང་ཉི་མ་དང་ཆར་པའི་ སྐྱབས་མ་བཙལ་ཏོ། །ཤ་སྦྲང་དང་། སྦྲང་བུ་དང་། སྡིག་སྦྲུལ་མ་བསྐྲད་དོ། །བཤང་བ་དང་། གཅི་བ་དང་། མཆིལ་མ་དང་། སྣབས་མ་བོར་རོ། །བསྐུམ་པ་དང་། སྨྱང་བ་མ་བྱས་སོ། །གློས་ཕབ་པའམ། ཁས་བུབའམ། གན་རྐྱལ་མ་ཡིན་པར་གནས་པས་གནས་སོ། །སྤྲིན་ཆེན་ པོ་དང་། ཡུལ་ངན་ཆེན་པོ་དང་། ཆར་པ་དང་། སེར་བ་དང་། སྟོན་དང་། དཔྱིད་དང་། དགུན་གང་ཡིན་པ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ལ་མ་ཕོག་གོ། །ཐ་ན་བྱང་ཆུབ་སེམས་དཔས་ལག་པས་ཀྱང་མ་བསྐྱབས་སོ། །དབང་པོ་ཡང་མ་བཀག་གོ། །དབང་པོའི་ཡུལ་ཡང་མ་བླངས་ སོ། །གང་དག་དེར་འོང་བ་གྲོང་གི་གཞོན་ནུའམ། གྲོང་གི་གཞོན་ནུ་མའམ། བ་ལང་རྫིའམ། ཕྱུགས་རྫིའམ། རྩྭ་ཐུན་ནམ། ཤིང་ཐུན་ནམ། ལྕི་ཐུན་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་རྡུལ་ཁྲོད་ཀྱི་འདྲེ་ཡིན་པ་སྙམ་དུ་སེམས་ཤིང་དེ་ལ་རྩེན་ཏེ། དེ་ལས་ས་སྐུད་དོ། །དེར་བྱང་ཆུབ་སེམས་ དཔའ་ལོ་དྲུག་པོ་དེ་དག་གིས་ལུས་ངན་པ་དང་། གོད་པ་དང་རིད་པར་གྱུར་ཏེ། དེའི་རྣ་བ་གཉིས་སུ་རྩྭ་འམ་ཤིང་བལ་བཅུག་ནས་སྣའི་བུ་ག་གཉིས་སུ་འབྱིན་ཏོ། །སྣའི་བུ་ག་གཉིས་སུ་བཅུག་ནས་རྣ་བའི་བུ་ག་གཉིས་སུ་འབྱིན་ཏོ། །རྣ་བའི་བུ་ག་གཉིས་སུ་བཅུག་ནས་ཁར་འབྱིན་ཏོ། །ཁར་ བཅུག་ནས་རྣ་བ་དང་སྣའི་བུ་གང་འབྱིན་ཏོ། །སྣར་བཅུག་ནས་རྣ་བ་དང་། སྣ་དང་ཁར་འབྱིན་ཏོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་གང་དག་བྱང་ཆུབ་སེམས་དཔའི་ཡོན་ཏན་མངོན་སུམ་དུ་ གྱུར་པ་དེ་དག་ཉིན་མཚན་དུ་གནས་ཤིང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱེད་དོ། །སྨོན་ལམ་ཡང་འདེབས་སོ། །དེ་ན་བྱང་ཆུབ་སེམས་དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱོད་པ་སྟོན་ཅིང་ལྷ་དང་མི་ཁྲག་ཁྲིག་ཕྲག་བཅུ་གཉིས་ཚང་བ་དག་ཐེག་པ་གསུམ་ལ་ཡོངས་སུ་སྨིན་པར་བྱས་སོ། ། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཁྱིམ་བྱུང་བ། །ཡོན་ཏན་དག་དང་ལྡན་པ་དེ། །སེམས་ཅན་དོན་དང་ཕན་པའི་ཕྱིར། །ཐབས་དང་ལྡན་པའི་བསམ་པ་སྐྱེས། །སྙིགས་མ་ལྔ་ཡི་དུས་ཀྱི་ཚེ། །ཆོས་དམའ་མོས་པའི་འཇིག་རྟེན་པོ། །ལས་དང་བྱ་བོར་འཇིག་རྟེན་དུ། ། འཛམ་བུའི་གླིང་འདིར་སྐྱེས་པར་གྱུར། །མུ་སྟེགས་ཚོགས་ཀྱིས་རབ་ཏུ་གང་། །ལྟད་མོ་དང་ནི་ལྟས་སུ་ལྟ། །ལུས་ལ་གནོད་པ་བྱ་བ་བྱེད། །བྱིས་པ་དེ་དག་དག་པར་སེམས། །གཡང་ས་མེ་དང་མྱ་ངམ་འཇུག །སྒྲེན་མོ་ས་དང་ལྕི་བས་སྐུད། །ལུས་ནི་ཡོངས་སུ་གདུང་བའི་ཕྱིར། །གདུང་བ་ལྔ་ ལ་བརྩོན་དང་ལྡན། །ལག་པ་བརྐྱང་སྟེ་རྒྱུ་བ་དང་། །མི་མཁས་ཁ་ཅིག་ལག་པ་ལྡག །བུམ་པ་ཁར་གཞོང་ལས་མི་ལེན། །སྒོ་དང་ཀ་བས་ཆོད་མི་ལེན། །གང་ན་ཁྱི་ཡོད་པ་ནས་མིན། །འདུག་ཅེའམ་ཚུར་ཤོག་ཅེས་ལས་མིན། །ཁྱིམ་ནས་ཁ་ཟས་གཅིག་ལེན་པས། །བདག་ ནི་དག་པར་འགྱུར་སྙམ་སེམས། །མར་དང་འབྲུ་མར་བུ་རམ་ཞོ། །ཉ་དང་ཤ་དང་འོ་མ་སྤོང་། །ལྡམ་ལྡུམ་སྲེ་ད་པད་མའི་རྩ། །གཟེགས་དང་བ་ལང་ལྕི་བ་ཟ། །རྩ་བ་འབྲས་བུ་ལོ་མ་ཟ། །ཀུ་ཤ་ཚལ་བུ་ལ་བ་ལྤགས། །སྲེལ་བྱེད་ཁ་ཅིག་སྒྲེན་མོར་རྒྱུ། །གླེན་པ་འདི་བདེན་གཞན་ བརྫུན་སྙམ། །ལག་པ་སྒྲེང་བར་བྱེད་པ་དང་། །སྐྲ་བསྒྲེང་རལ་པ་བསྒྲེང་བ་དག །ལམ་ལས་རབ་ཏུ་རྣམ་པར་ཉམས། །ལམ་མིན་གནས་ཤིང་བདེ་འགྲོ་འདོད། །རྩྭ་དང་གཏུན་ཤིང་ཐལ་བར་ཉལ། །ཚེར་མར་ཉལ་ཞིང་ཙོག་པུར་འདུག །ཁ་ཅིག་རྐང་པ་གཅིག་པུས་འགྲེང་། ། གདོང་བསྟོད་ཉི་དང་ཟླ་ལ་ལྟ། །ཆུ་མིག་མཚོ་དང་ལྟེང་ཀ་དང་། །རྒྱ་མཚོ་ཆུ་བོ་ཉི་ཟླ་དང་། །ཤིང་དང་རི་ཡི་རྩེ་མོ་དང་། །རྫ་དང་ས་ལ་ཕྱག་ཀྱང་འཚལ། །གླེན་པ་དེ་དག་གནོད་མང་གིས། །ལུས་ནི་ཡོངས་སུ་སྐོམ་པར་བྱེད། །ལོག་པར་ལྟ་དང་ལྡན་པ་ དག །མྱུར་དུ་ངན་སོང་རྣམས་སུ་ལྟུང་། །ང་ནི་དཀའ་ཐུབ་བརྟུལ་ཞུགས་དང་། །དཀའ་སྤྱད་གང་ཞིག་ལྷ་དང་མིས། །སྤྱད་པར་ནུས་པ་མ་ཡིན་པའི། །དཀའ་སྤྱད་དྲག་པོ་རྩོམ་སྙམ་སེམས། །བསམ་གཏན་གང་ཞིག་རང་རྒྱལ་གྱིས། །བལྟ་བར་ནུས་པ་མ་ཡིན་པའི། །རྡོ་རྗེ་ ལྟ་བུར་བརྟན་གནས་པ། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །མུ་སྟེགས་བརྟུལ་ཞུགས་ངན་པ་ཡིས། །དགའ་བའི་ལྷ་མི་འདི་ན་ཡོད། །དེ་དག་ཡོངས་སུ་སྨིན་བྱའི་ཕྱིར། །དཀའ་སྤྱད་བརྟུལ་ཞུགས་དྲག་པོ་བརྩམས། །ས་སྟེང་ཅི་ཡང་མ་བཏིང་བར། །སྐྱིལ་མོ་ཀྲུང་ ནི་བཅས་ཏེ་འདུག །རྒྱ་ཤུག་ཏིལ་དང་འབྲས་འབྲུ་གཅིག །ཟ་བའི་ཆོ་ག་རྣམ་པར་སྟོན། །དབུགས་དབྱུང་རྔུབ་པ་རྣམ་པར་སྤངས། །སྟོབས་དང་ལྡན་པ་གཡོ་བ་མེད། །ལོ་དྲུག་བར་དུ་བསམ་གཏན་མཆོག །ནམ་མཁའ་ཁྱབ་ལ་བསམ་གཏན་བྱེད། །རྟོག་དང་རྣམ་ པར་རྟོག་མེད་པ། །གཡོ་བ་མེད་ཅིང་སེམས་རྒྱུ་མེད། །ནམ་མཁའི་ཁམས་སུ་ཁྱབ་པ་ཡི། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དེ་ནི་ཉིན་ལས་གྲིབ་མར་རམ། །གྲིབ་ལས་ཉི་མར་སོང་མ་བྱས། །ལྷུན་པོ་ལྟ་བུར་མི་གཡོ་བའི། །མཁའ་ཁྱབ་བསམ་གཏན་བསམ་ གཏན་བྱེད། །རླུང་དང་ཆར་དང་ཤ་སྦྲང་དང་། །སྡིག་སྤྲུལ་སྦྲང་བུ་སྐྱོབ་མི་བྱེད། །རྣམ་པར་མ་འཁྲུགས་སྤྱོད་པ་ཡིས། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །བདག་ཉིད་གཅིག་པུའི་དོན་གྱི་ཕྱིར། །མཁའ་ཁྱབ་བསམ་གཏན་བྱེད་པ་མིན། །གཞན་དུ་སྙིང་རྗེ་སེམས་ཀྱིས་ ནི། །འཇིག་རྟེན་དོན་མང་ཆེད་དུ་བསྒོམ། །གྲོང་གི་བྱིས་པ་བ་ལང་རྫི། །ཤིང་ཐུན་དག་དང་རྩྭ་ཐུན་དག། །དེ་ལ་རྡུལ་ཁྲོད་འདྲེ་སྙམ་སེམས། །དེ་ལ་ས་ཡིས་སྐུད་བྱེད་ཅིང་། །མི་གཙང་བ་ཡང་འཐོར་བར་བྱེད། །དེ་དག་གནོད་པ་མང་བྱེད་ཀྱང་། །གཡོ་བ་མེད་ཅིང་འཁྲུགས་ མེད་པར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །མཐོ་བ་མེད་ཅིང་དམའ་བ་མེད། །ལུས་མ་བསྲུངས་པར་ཆོས་མ་རེག །བཤང་བ་མི་བྱེད་གཅི་མི་བྱེད། །སྒྲ་ཡིས་མི་འཇིགས་གཞན་མི་ལྟ། །ཤ་དང་ཁྲག་རྣམས་སྐམས་གྱུར་ཏེ། །ལགས་པ་རྩ་རྒྱུས་རུས་པ་ལུས། ། སྒལ་ཚིགས་དག་ནི་ལྟོ་བར་སྣང་། །ལན་བུ་བླས་པ་ཅི་བཞིན་ནོ། །གང་དག་ལྷག་པར་བྱས་ལྷ་དང་། །ལྷ་མིན་གནོད་སྦྱིན་དྲི་ཟ་ཀླུ། །ཡོན་ཏན་ལྡན་པ་མངོན་སུམ་བས། །ཉིན་དང་མཚན་དུ་མཆོད་པ་བྱེད། །ཇི་ལྟར་མཁའ་འདྲའི་སེམས་ལྡན་འདི། །མཁའ་ཁྱབ་བསམ་གཏན་བསམ་ གཏན་བྱེད། །དེ་འདྲར་བདག་ཅག་མྱུར་གྱུར་ཅེས། །སྨོན་ལམ་དག་ཀྱང་འདེབས་པར་བྱེད། །སྙིང་རྗེའི་བློ་ཡིས་འཇིག་རྟེན་གྱི། །དོན་མང་ཕྱིར་བྱེད་མ་གཏོགས་པར། །བདག་ཕྱིར་མ་ཡིན་བདེ་བློས་མིན། །བསམ་གཏན་རོ་ནི་མྱང་ཕྱིར་མིན། །ཕས་ཀྱི་རྒོལ་བ་རབ་ཏུ་བཅོམ། །མུ་ སྟེགས་བློ་ཉམས་ཟིལ་གྱིས་མནན། །མགོ་རེག་བྱང་ཆུབ་ག་ལ་ཡོད། །བྱང་ཆུབ་བསྐལ་མང་རྙེད་དཀའ་ཞེས། །འོད་སྲུང་ལ་ནི་ཚིག་སྨྲས་པའི། །ལས་དང་བྱ་བ་རབ་ཏུ་བསྟན། །སྐྱེ་བོ་དག་ནི་དགའ་བྱའི་ཕྱིར། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །ལྷ་མི་ཁྲག་ ཁྲིག་བཅུ་གཉིས་ཚང་། །ཐེག་པ་གསུམ་ལ་རབ་ཏུ་བཏུལ། །དེ་ཡི་ཆེད་དུ་བློ་གྲོས་བཟང་། །མཁའ་ཁྱབ་བསམ་གཏན་བསམ་གཏན་བྱེད། །དཀའ་བ་སྤྱད་པའི་ལེའུ་ཞེས་བྱ་བ་སྟེ། བཅུ་བདུན་པའོ།། །།དགེ་སློང་དག་བདུད་སྡིག་ཅན་ཡང་བྱང་ཆུབ་སེམས་ དཔའ་ལོ་དྲུག་གི་བར་དུ་དཀའ་བ་སྤྱད་པ་སྤྱོད་པའི་ཚེ་ཕྱི་བཞིན་འབྲང་སྟེ། གླགས་བལྟས་སྐབས་བཙལ་ཀྱང་ནམ་ཡང་གླགས་ཅུང་ཟད་ཀྱང་མ་རྙེད་དོ། །དེ་གླགས་མ་རྙེད་ནས་ཡི་ཆད་དེ་ཡིད་ལ་གཅགས་བཞིན་དུ་སོང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དགོན་པ་ཉམས་ནི་དགའ་བ་དང་། །ནགས་ ཚལ་གེལ་པ་སྒྲ་མེད་དང་། །ལྟེང་རྒྱས་ཀྱི་ནི་ཤར་ཕྱོགས་ན། །ཆུ་ཀླུང་ནཻ་རན་ཛ་ན་དེར། །སྤོང་བའི་ཕྱིར་ནི་བརྩོན་པར་བྱས། །རྟག་ཏུ་མཐུ་རྩལ་བརྟན་པ་པོ། །གྲུབ་དང་བདེ་བ་ཐོབ་བྱའི་ཕྱིར། །བརྩོན་པས་རབ་ཏུ་རྟུལ་དེ་ལ། །བདུད་ནི་འཇམ་ཞིང་སྙན་པའི་ཚིག །སྨྲ་བར་བྱེད་ཅིང་ འོངས་པར་གྱུར། །ཀྱེ་སྲོག་གཅེས་ཀྱིས་འཚོ་བར་གྱིས། །གསོན་ན་ཆོས་ནི་སྤྱོད་པར་འགྱུར། །གསོན་ཚེ་བྱ་བ་གང་ཡོད་པ། །དེ་དག་བྱས་ན་མྱ་ངན་མེད། །ཁྱོད་ནི་མདོག་ཉམས་དམན་པར་གྱུར། །ཁྱོད་ནི་ཤི་ལ་ཐུག་ཅིང་འདུག །འཆི་བའི་ཆ་ནི་སྟོང་ སྙེད་ཙམ། །ཆ་གཅིག་ཙམ་ཅིག་གསོན་པར་ཟད། །སྦྱིན་པ་དག་ནི་རྟག་ཏུ་བྱིན། །མེ་ཡི་སྦྱིན་སྲེག་སྦྱིན་སྲེག་བྱོས། །འོན་ཀྱང་བསོད་ནམས་ཆེན་པོར་འགྱུར། །སྤོང་བ་ཡིས་ནི་ཅི་ཞིག་བྱ། །སྤོང་བའི་ལམ་ནི་སྡུག་བསྔལ་ཏེ། །སེམས་དུལ་བ་ནི་བྱ་དཀའ་ཞེས། །དེ་ཚེ་བདུད་ཀྱིས་ དེ་སྐད་ཚིག །བྱང་ཆུབ་སེམས་དཔའ་དེ་ལ་སྨྲས། །དེ་སྐད་སྨྲ་བའི་བདུད་དེ་ལ། །བྱང་ཆུབ་སེམས་དཔས་འདི་སྐད་སྨྲས། །སྡིག་ཅན་མྱོས་པའི་རྩ་ལག་པོ། །ཁྱོད་ནི་རང་གི་དོན་ཕྱིར་འོངས། །ང་ལ་བསོད་ནམས་ཆུད་ཟད་ཀྱང་། །དོན་དུ་གཉེར་བ་མེད་དོ་བདུད། །གང་དག་བསོད་ ནམས་དོན་དུ་གཉེར། །དེ་ལ་དེ་སྐད་སྨྲ་བའི་རིགས། །འཚོ་བའི་མཐའ་ནི་འཆི་ཡིན་པས། །མི་འཆི་སྙམ་དུ་ང་མི་སེམས། །ཚངས་པར་སྤྱོད་ལ་གཞོལ་གྱུར་པས། །ཕྱིར་ལྡོག་པར་ནི་མི་བྱའོ། །ཆུ་ཀླུང་དག་གི་ཆུ་རྒྱུན་ཀྱང་། །རླུང་གིས་རྣམ་པར་སྐེམས་བྱེད་ན། །སྤངས་པ་ཉིད་ཀྱི་ ཁྲག་ཙམ་ལྟ། །འདི་ཡིས་ཅི་ཕྱིར་སྐམས་མི་འགྱུར། །ཁྲག་ནི་སྐམས་པར་གྱུར་པ་དང་། །དེ་ཡི་འོག་ཏུ་ཤ་སྐམས་འགྱུར། །ཤ་ནི་ཟད་པར་གྱུར་པ་དང་། །ཕྱིར་ཞིང་སེམས་ནི་དང་བར་འགྱུར། །ཕྱིར་ཞིང་འདུན་དང་བརྩོན་འགྲུས་དང་། །ཏིང་ངེ་འཛིན་ཀྱང་གནས་པར་ འགྱུར། །ང་ནི་དེ་ལྟར་གནས་པས་ན། །ཚོར་བ་དམ་པ་ཐོབ་གྱུར་ཀྱང་། །ལུས་དང་སྲོག་ལ་མི་ལྟ་སྟེ། །སྲན་ཐུབ་དག་པར་གྱུར་ལ་ལྟོས། །ང་ལ་འདུན་པ་ཡོད་གྱུར་ཅིང་། །བརྩོན་འགྲུས་དང་ནི་ཤེས་རབ་ཡོད། །ང་ཡི་བརྩོན་འགྲུས་བསྐྱོད་ནུས་པ། །འཇིག་རྟེན་དེ་ནི་ངས་མ་ མཐོང་། །སྲོག་ཆད་ཤི་བ་ཆེས་བླ་སྟེ། །འཚོ་བ་ངན་པ་དེ་ལྟ་མིན། །གཡུལ་ངོར་ཤི་བ་ལེགས་པ་སྟེ། །ཕམ་ནས་གསོན་པ་དེ་ལྟ་མིན། །སྡར་མ་དཔུང་ལས་མི་རྒྱལ་ཏེ། །དཔའ་བོ་དཔུང་ལས་རྒྱལ་བར་འགྱུར། །རྒྱལ་ཡང་དེ་ནི་རློམ་སེམས་མེད། །བདུད་ཁྱོད་ལས་ནི་མྱུར་རྒྱལ་ བྱ། །འདོད་པ་ཁྱོད་ཀྱི་དང་པོའི་དཔུང་། །མི་དགའ་བ་ནི་གཉིས་པ་ཡིན། །ཁྱོད་ཀྱི་གསུམ་པ་བཀྲེས་དང་སྐོམ། །སྲེད་པ་དཔུང་ཚོགས་བཞི་པ་ཡིན། །རྨུགས་དང་གཉིད་ནི་ལྔ་པ་སྟེ། །འཇིགས་པ་དྲུག་པར་བརྗོད་པ་ཡིན། །ཁྱོད་ཀྱི་ཐེ་ཚོམ་བདུན་པ་སྟེ། །ཁྲོ་དང་འཆབ་པ་བརྒྱད་ པ་ཡིན། །འཐོབ་དང་ཚིགས་བཅད་བཀུར་སྟི་དང་། །ལོག་པར་གྲགས་པ་གང་ཐོབ་དང་། །བདག་ལ་སྟོད་པར་བྱེད་པ་དང་། །གཞན་ལ་སྨོད་པར་བྱེད་པ་དང་། །དེ་དག་ནག་པོའི་རྩ་ལག་ཏུ། །ལྷུང་བའི་བདུད་ཀྱི་དཔུང་ཡིན་ནོ། །དགེ་སྦྱོང་བྲམ་ཟེ་ཁ་ཅིག་ནི། །འདི་ན་གླགས་ ལྟ་འཁོད་པར་སྣང་། །ཁྱོད་དཔུང་གང་ཡིན་ལྷར་བཅས་ཀྱིས། །འཇིག་རྟེན་འདི་ནི་རབ་འདུལ་བ། །སོ་བཏང་མ་བྱས་སྣོད་ཆུས་བཞིན། །ཤེས་རབ་ཀྱིས་ནི་དེ་དག་གཞིག །དྲན་པ་ལེགས་པར་ཉེར་བཞག་སྟེ། །ཤེས་རབ་ལེགས་པར་བསྒོམས་བྱས་ནས། །ཤེས་བཞིན་དུ་ནི་སྤྱོད་ པར་བྱ། །བློ་ངན་ཁྱོད་ཀྱིས་ཅི་བྱར་ཡོད། །དེ་སྐད་ཅེས་སྨྲས་པ་དང་། བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ། ཡི་མ་རངས་ནས་ཡིད་ལ་གཅགས་བཞིན་དུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། །།འཕགས་པ་རྒྱ་ཆེར་རོལ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་བཅུ་གཉིས་པ། དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་དང་བྲམ་ཟེ་གང་དག་ཁ་ཅིག་འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་དུས་ན་བདག་ལ་གནོད་པ་བྱེད་པ་དང་། ལུས་ལ་གདུང་བ་བྱེད་དེ། སྡུག་བསྔལ་དྲག་པོ་ཚ་བ་མི་བཟད་པ། ཡིད་དུ་མི་འོང་བའི་ཚོར་བ་མྱོང་བར་བྱེད་པས་དེ་དག་ཤིན་ཏུ་སྡུག་བསྔལ་བ་མྱོང་ངོ་སྙམ་མོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། སྤྱོད་པ་འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ། འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་མ་བྱས་ཏེ་འདི་ནི་བྱང་ཆུབ་ཀྱི་ ལམ་མ་ཡིན། ལམ་འདི་ནི་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་འཆི་བ་འབྱུང་བ་ནུབ་པར་བྱེད་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་ལམ་མ་འོངས་པའི་སྐྱེ་བ་དང་། རྒ་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་ནུབ་པར་བྱེད་པ་གཞན་ཞིག་ཡོད་དོ་སྙམ་མོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། ངས་ ཕའི་སྐྱེད་མོས་ཚལ་དུ་ཤིང་འཛམ་བུའི་གྲིབ་མ་ལ་འདུག་སྟེ། འདོད་པ་རྣམས་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་དང་ པོ་ནས་བསམ་གཏན་བཞི་པའི་བར་དུ་བསྒྲུབས་ཏེ་གནས་པ་དེ་བྱང་ཆུབ་ཀྱི་ལམ་ཡིན་ཏེ་སྐྱེ་བ་དང་། རྒ་བ་དང་ན་བ་དང་འཆི་བའི་སྡུག་བསྔལ་འབྱུང་བ་རྣམས་ནུབ་པར་འགྱུར་བ་ཡིན་སྙམ་ནས། དེ་བྱང་ཆུབ་ཀྱི་ལམ་ཡིན་ནོ་སྙམ་སྟེ། ངའི་རྣམ་པར་ཤེས་པ་དེའི་རྗེས་སུ་འབྲང་བར་གྱུར་ཏོ། །ངས་ འདི་སྙམ་དུ་བསམས་ཏེ། འདི་ལྟར་ཉམ་ཆུང་བར་གྱུར་པས་ནི་ལམ་དེ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་མི་ནུས་སོ། །གལ་ཏེ་ང་འདི་ལྟར་ལུས་ངན་ཅིང་ཉམ་ཆུང་བཞིན་དུ་མངོན་པར་ཤེས་པ་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་སྙིང་པོར་སོང་ན་ནི་ངས་ཕྱི་མའི་སྐྱེ་བོ་ལ་སྙིང་བརྩེ་ བ་བྱས་པར་མི་འགྱུར་ཏེ། འདི་ཡང་བྱང་ཆུབ་ཀྱི་ལམ་མ་ཡིན་གྱིས། ངས་ཁ་ཟས་རགས་པ་ཟོས་ལ་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། དེ་ནས་གདོད་བྱང་ཆུབ་ཀྱི་སྙིང་པོར་འགྲོའོ་སྙམ་མོ། །དགེ་སློང་དག་དེ་ན་ལྷའི་བུ་གང་དག་ང་ལ་མོས་པ་དེ་དག་གིས་ངའི་སེམས་ཀྱི་ཡོངས་སུ་རྟོག་པ་ སེམས་ཀྱིས་ཤེས་ནས། ང་ག་ལ་བ་དེར་འོངས་ཏེ་ང་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་ཞལ་ཟས་རགས་པ་མ་གསོལ་ཅིག །བདག་ཅག་གིས་བ་སྤུའི་ཁུང་བུར་མདངས་སྩལ་བར་བགྱིའོ། །དགེ་སློང་དག་ངས་འདི་སྙམ་དུ་བསམས་ཏེ། བདག་ནི་ཟས་མི་བཟའ་བར་བདག་ཉིད་ཀྱིས་ དམ་བཅས་ལ། བདག་གི་སྤྱོད་ཡུལ་གྱི་གྲོང་ན་གནས་པའི་སྐྱེ་བོ་ཉེན་ཀོར་བ་རྣམས་ཀྱིས་ཀྱང་། འདི་ལྟར་དགེ་སྦྱོང་གཽ་ཏ་མ་ནི་ཟས་མི་ཟ་བ་ཡིན་པར་ཡང་ཤེས་ཏེ། ང་ལ་མོས་པའི་ལྷའི་བུ་འདི་དག་གིས་ངའི་བ་སྤུའི་ཁུང་བུར་མདངས་བཅུག་པར་གྱུར་ན། ངས་ཤིན་ཏུ་བརྫུན་སྨྲས་པར་གྱུར་ ཏོ་སྙམ་སྟེ། དེ་ནས་བྱང་ཆུབ་སེམས་དཔས་བརྫུན་སྨྲ་བ་སྤང་བའི་ཕྱིར་ལྷའི་བུ་དེ་དག་གི་ཚིག་མ་མཉན་པར་ཁ་ཟས་རགས་པ་བཟའ་བར་སེམས་བཏུད་དོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔས་ལོ་དྲུག་གི་བར་དུ་བརྟུལ་ཞུགས་དང་དཀའ་ཐུབ་ཉམས་སུ་བླངས་ནས། སྟན་དེ་ལས་ལངས་ ཏེ། ཁ་ཟས་རགས་པ་འདི་ལྟ་སྟེ་བུ་རམ་གྱི་དབུ་བ་དང་། མོན་སྲན་སྡེའུ་ཡི་ཁུ་བཅུད་དང་། ཧ་རེ་ནུ་ཁའི་ཁུ་བཅུད་དང་། ཟན་དང་། འབྲས་ཆན་དང་། འདྲེན་མར་བཟའོ་ཞེས་ཚིག་ཏུ་བརྗོད་དོ། །དགེ་སློང་དག་དེ་ནས་ལྔ་སྡེ་བཟང་པོ་དག་འདི་སྙམ་དུ་སེམས་ཏེ། དགེ་སྦྱོང་གཽ་ཏ་མས་ལམ་ འདི་དང་བསྒྲུབ་པ་འདིས་མིའི་ཆོས་བླ་མ་ལས་མཆོག་ཏུ་གྱུར་པ་འཕགས་པ་ཡེ་ཤེས་མཐོང་བའི་ཁྱད་པར་གང་ཡང་མངོན་དུ་བྱེད་མ་ནུས་ན་ཁ་ཟས་རགས་པ་འདི་ཟོས་ཏེ། བསོད་ཉམས་ལ་སྦྱོར་བ་དང་ལྡན་པར་གནས་པས་ཅི་ནུས་ཏེ་མི་གསལ་བ་བྱིས་པ་ཡིན་ནོ་སྙམ་དུ་བསམས་ནས་བྱང་ ཆུབ་སེམས་དཔའི་གན་ནས་སོང་སྟེ། གྲོང་ཁྱེར་བཱ་རཱ་ཎ་སཱིར་སོང་ནས་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་གནས་སོ། །དེ་ན་བྱང་ཆུབ་སེམས་དཔའ་ཐོག་མ་ཉིད་དུ་དཀའ་བ་སྤྱད་པ་སྤྱོད་པ་ན་གྲོང་པའི་བུ་མོ་གཞོན་ནུ་བཅུས་བལྟ་བ་དང་ཕྱག་བྱ་བའི་ཕྱིར་བསྙེན་བཀུར་བྱས་སོ། །ལྔ་སྡེ་ བཟང་པོ་དེ་དག་གིས་ཀྱང་རིམ་གྲོ་བྱས་ཤིང་རྒྱ་ཤུག་འབྲུ་གཅིག་དང་། འབྲས་འབྲུ་གཅིག་དང་། ཏིལ་འབྲུ་གཅིག་དབུལ་བ་ཡང་ཕུལ་ལོ། །གྲོང་པའི་བུ་མོ་བཅུ་ནི་བུ་མོ་སྟོབས་ལྡན་མ་ཞེས་བྱ་བ་དང་། སྟོབས་སྦེད་མ་དང་། ཤིན་ཏུ་སྡུག་དང་། སྡེ་ལས་རྣམ་པར་རྒྱལ་དང་། ཨ་ཏི་ མུག་ཏ་ཀའི་ཕྲེང་བ་ཅན་དང་། མཛེས་མ་དང་། རྫ་བྱེད་མ་དང་། སྐྲ་ལྕང་ལོ་རྒྱས་དང་། རལ་བུ་ཅན་དང་། ལེགས་སྐྱེས་མ་ཞེས་བྱ་བ་སྟེ། གཞོན་ནུ་མ་དེ་དག་གིས་བྱང་ཆུབ་སེམས་དཔའི་ཚོད་མའི་རྣམ་པ་དེ་དག་ཐམས་ཅད་བྱས་ཏེ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་ཟོས་ ནས་རིམ་གྱིས་སྤྱོད་ཡུལ་གྱི་གྲོང་དུ་བསོད་སྙོམས་སྤྱད་པས་མདོག་དང་། གཟུགས་དང་། སྟོབས་དང་ལྡན་པར་གྱུར་ཏོ། །དེ་ཚུན་ཆད་བྱང་ཆུབ་སེམས་དཔའ་ལ་དགེ་སྦྱོང་མཛེས་པ། དགེ་སྦྱོང་ཆེན་པོ་ཞེས་འཛེར་ཏོ། །དགེ་སློང་དག་དེ་ན་བྱང་ཆུབ་སེམས་དཔའ་དང་པོ་ཉིད་དུ་དཀའ་ བ་སྤྱད་པ་སྤྱོད་པ་ན་བྱང་ཆུབ་སེམས་དཔས་བརྟུལ་ཞུགས་དང་། དཀའ་ཐུབ་ཉམས་འོག་ཏུ་ཆུད་པར་བྱ་བ་དང་། ལུས་རྟས་པར་བྱ་བའི་ཕྱིར་གྲོང་པའི་བུ་མོ་ལེགས་སྐྱེས་མས་ཉིན་གཅིག་བཞིན་དུ། བྲམ་ཟེ་བརྒྱད་བརྒྱ་ཟན་བྱིན་ཞིང་འདི་སྐད་དུ་བདག་གི་ཟས་ཟོས་པས་བྱང་ཆུབ་སེམས་ དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་ཡང་བཏབ་བོ། །དགེ་སློང་དག་ལོ་དྲུག་འདས་ནས། ངས་འདི་སྙམ་དུ་བསམས་ཏེ། གལ་ཏེ་བདག་གིས་འདོམས་ཡོག་འགའ་ཞིག་རྙེད་ན་རེ་སྟེས་སྙམ་ མོ། །དགེ་སློང་དག་དེའི་ཚེ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་བྲན་མོ་གྲུབ་མ་ཞེས་བྱ་བ་ཞིག་ཤི་ནས་དེ་ཤ་ནའི་རས་ཀྱིས་དཀྲིས་ཏེ། དུར་ཁྲོད་དུ་བོར་བར་གྱུར་པའི་ཕྱག་དར་ཁྲོད་པ་དེ་ངས་མཐོང་ནས། ངས་ཕྱག་དར་ཁྲོད་པ་དེ་བླང་བའི་ཕྱིར་རྐང་པ་གཡོན་པས་མནན་ཏེ། དགུས་ནས་ལག་པ་ གཡས་པ་བརྐྱང་པ་དང་། དེ་ནས་ས་བླའི་ལྷས་བར་སྣང་གི་ལྷ་རྣམས་ལ་སྒྲ་བསྒྲགས་པ། གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དར་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། གྲོགས་པོ་དག་འདི་ནི་རྨད་དུ་ བྱུང་བའོ། །བར་སྣང་གི་ལྷ་རྣམས་ཀྱིས་ས་བླའི་ལྷ་རྣམས་ཀྱི་སྒྲ་ཐོས་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ལ་སྒྲ་བསྒྲགས་སོ། །རྒྱལ་ཆེན་བཞིའི་རིས་པས་ཀྱང་སུམ་ཅུ་རྩ་གསུམ་པ་ལའོ། །སུམ་ཅུ་རྩ་གསུམ་པས་ཀྱང་འཐབ་བྲལ་བ་ལའོ། །འཐབ་བྲལ་བས་ཀྱང་དགའ་ལྡན་ པ་ལའོ། །དགའ་ལྡན་པས་ཀྱང་འཕྲུལ་དགའ་བ་ལའོ། །འཕྲུལ་དགའ་བས་ཀྱང་གཞན་འཕྲུལ་དབང་བྱེད་པ་ལའོ། །གཞན་འཕྲུལ་དབང་བྱེད་པས་ཀྱང་ཚངས་རིས་པའི་བར་དུའོ། །སྐད་ཅིག་དེ་དང་། ཐང་ཅིག་དེ་དང་། ཡུད་ཙམ་དེ་ལ་གྲོགས་པོ་དག་འདི་ལྟར་རྒྱལ་པོ་ཆེན་པོའི་ རིགས་སུ་སྐྱེས་པ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་བོར་ཏེ། ཕྱག་དར་ཁྲོད་པ་ལ་སེམས་བཏུད་པ་ངོ་མཚར་ཏེ། འདི་ནི་རྨད་དུ་བྱུང་བའོ་ཞེས་སྒྲ་གཅིག་དང་། བརྗོད་པ་གཅིག་འོག་མིན་གྱི་གནས་ཀྱི་བར་དུ་གྲགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཡང་འདི་སྙམ་དུ་བསམས་ཏེ། བདག་གིས་ཕྱག་དར་ཁྲོད་པ་ནི་རྙེད་ན། གལ་ཏེ་ཆུ་ཞིག་རྙེད་ན་རེ་སྟེས་སྙམ་མོ། །དེ་ནས་དེ་ཉིད་དུ་ལྷས་ལག་པ་ས་ལ་བརྡབས་པ་དང་། དེར་རྫིང་བུ་ཞིག་བྱུང་བར་གྱུར་ཏེ། དེང་སང་དུའང་ལག་པ་བརྡབས་པའི་རྫིང་ཞེས་གྲགས་སོ། །དེ་ནས་ཡང་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ ཏེ། བདག་གིས་ཆུ་ནི་རྙེད་ན། གལ་ཏེ་ཕྱག་དར་ཁྲོད་པ་འདི་བཀྲུ་བའི་རྡོ་ལེབ་ཅིག་རྙེད་ན་རེ་སྟེས་སྙམ་པ་དང་། སྐད་ཅིག་དེ་ཉིད་ལ་བརྒྱ་བྱིན་གྱིས་དེར་རྡོ་ལེབ་བཞག་ནས། དེ་ལ་བྱང་ཆུབ་སེམས་དཔས་ཕྱག་དར་ཁྲོད་པ་དེ་བཀྲུས་སོ། །དེ་ནས་ལྷའི་རྒྱལ་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་ དཔའ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་འདི་ཁོ་བོ་ལ་སྩོལ་ཅིག་དང་ཁོ་བོས་བཀྲུའོ། །དེ་ནས་བྱང་ཆུབ་སེམས་དཔས་རབ་ཏུ་བྱུང་བ་ནི་བདག་ཉིད་ཀྱིས་བྱ་བར་བསྟན་པའི་ཕྱིར་བརྒྱ་བྱིན་ལ་མ་བྱིན་པར་བདག་ཉིད་ཀྱིས་བཀྲུས་སོ། །དེ་ལུས་ངལ་ཏེ་ཆད་ནས་རྫིང་ནས་འབྱུང་སྙམ་པ་ དང་། བདུད་སྡིག་ཅན་ཕྲག་དོག་གི་ཆོས་དང་ལྡན་པས་རྫིང་བུ་གང་བ་མཐོན་པོ་ཞིག་སྤྲུལ་ཏོ། །རྫིང་དེའི་འགྲམ་ན་ཤིང་སྒྲུབ་བྱེད་ཅེས་བྱ་བ་ཆེན་པོ་ཞིག་ཡོད་དོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་འཐུན་པར་བྱ་བ་དང་། ལྷ་མོ་ལ་ཕན་གདགས་པའི་ཕྱིར་ཤིང་དེའི་ལྷ་མོ་ལ་སྨྲས་པ། ལྷ་ མོ་ཤིང་གི་ཡལ་ག་སྨོད་ཅིག །དེས་ཀྱང་ཤིང་ཡལ་ག་སྨད་ནས་བྱང་ཆུབ་སེམས་དཔའ་དེ་ལ་འཇུས་ཏེ་བྱུང་ངོ་། །བྱུང་ནས་ཀྱང་ཤིང་སྒྲུབ་བྱེད་དེའི་དྲུང་དུ་ཕྱག་དར་ཁྲོད་པ་ཆོས་གོས་སྣམ་སྦྱར་དུ་བྱས་ནས་དྲུབས་ཏེ། དེང་སང་དུའང་དེ་ཕྱག་དར་ཁྲོད་པ་དྲུབས་པ་ཞེས་མིང་དུ་གྲག་གོ། །དེ་ནས་གནས་ གཙང་མའི་རིས་ཀྱི་ལྷའི་བུ་འོད་དྲི་མ་མེད་པ་ཞེས་བྱ་བ་དེས། ལྷའི་གོས་ངུར་སྨྲིག་གི་ཚོན་དུ་བཙོས་པ་རུང་བ་དགེ་སྦྱོང་གི་ཚུལ་དང་འཐུན་པ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་བླངས་ཏེ། སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་སྤྱོད་ཡུལ་ གྱི་གྲོང་དུ་ཕྱོགས་པ་དང་། དེ་ན་ལྷ་རྣམས་ཀྱིས་ལྟེང་རྒྱས་ཀྱི་སྡེ་དཔོན་གྱི་གྲོང་ན་དགའ་བྱེད་ཅེས་བྱ་བའི་གྲོང་མི་ཞིག་ཡོད་པའི་བུ་མོ་ལེགས་སྐྱེས་མ་ལ་ནམ་ཕྱེད་ཙམ་ན་སྨྲས་པ། ཁྱོད་ཀྱིས་གང་གི་ཕྱིར་མཆོད་སྦྱིན་བྱས་པ་དེ་བརྟུལ་ཞུགས་དེ་ཉམས་འོག་ཏུ་ཆུད་ནས་དེ་ཁ་ཟས་རགས་པ་བཟང་ པོ་བཟའ་བར་སེམས་ཀྱིས། སྔོན་ཁྱོད་ཀྱིས་བདག་གི་ཟས་ཟོས་ནས་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པ་གང་ཡིན་པའི་ཁྱོད་ཀྱི་བྱ་བ་དེ་གྱིས་ཤིག །དགེ་སློང་དག་དེ་ནས་གྲོང་མི་ དགའ་བྱེད་ཀྱི་བུ་མོ་ལེགས་སྐྱེས་མས་ལྷ་དེ་དག་གི་ཚིག་དེ་ཐོས་ནས་མྱུར་བ་མྱུར་བར་བ་སྟོང་གི་འོ་མ་ལན་བདུན་དུ་སྙིང་ཁུར་བྱས་པ་བཟང་པོ་མཆོག་ཏུ་འགྱུར་བ་སྙིང་པོ་ཅན་བླངས་ཏེ། བླངས་ནས་ཀྱང་འོ་མ་དེ་འབྲས་སར་པ་སར་པ་དག་དང་། ཕྲུ་བ་སར་པར་བླུགས་ནས་ཐབ་སར་ བར་བཙུགས་ཏེ། ཁ་ཟས་དེ་སྒྲུབ་བོ། །དེ་སྒྲུབ་པ་ན་སྔ་ལྟས་འདི་དག་སྣང་སྟེ། འོ་མ་དེའི་ནང་ན་དཔལ་བེའུ་དང་། བཀྲ་ཤིས་པ་དང་། གཡུང་དྲུང་འཁྱིལ་པ་དང་། པད་མ་དང་། སྡོང་རིས་ལ་སོགས་པ་བཀྲ་ཤིས་རྣམས་སྣང་ངོ་། །དེ་ནས་དེས་འདི་སྙམ་དུ་བསམས་ཏེ། ལྟས་ འདི་ལྟ་བུ་འདི་དག་སྣང་བ་ལས་ན། བྱང་ཆུབ་སེམས་དཔས་ཟས་ཟོས་ནས་བྱང་ཆུབ་འཐོབ་པར་འགྱུར་དུ་ཐེ་ཙོམ་མེད་དོ་སྙམ་པ་དང་། རྒྱ་མཚོ་པ་ཤེས་ཤིང་ཆོ་ག་ཤེས་པའི་མཚན་མཁན་ཕྱོགས་དེར་ཕྱིན་པར་གྱུར་ནས། དེས་ཀྱང་བདུད་རྩི་འཐོབ་པ་ཉིད་དུ་ལུང་བསྟན་ཏོ། །དེ་ནས་ལེགས་སྐྱེས་ མས་ཐུག་པ་དེ་ཚོས་པ་དང་ཐང་ལ་བཞག་སྟེ། མེ་ཏོག་གིས་གཏོར། སྤོས་ཆུས་གཏོར་ནས་གུས་པར་སྟན་བཏིང་སྟེ། བྲན་མོ་གོང་མ་ཞེས་བྱ་བ་ལ་སྨྲས་པ། གོང་མ་སོང་ལ་བྲམ་ཟེ་བོས་ཤིག །ངས་ནི་འོ་ཐུག་སྦྲང་རྩི་ཅན་འདི་བལྟའོ། །ཇོ་མོ་ལེགས་སོ་ཞེས་དེའི་ལྟར་མཉན་ནས། ཤར་ ཕྱོགས་ལོགས་སུ་སོང་བ་དང་། དེས་བྱང་ཆུབ་སེམས་དཔའ་མཐོང་ངོ་། །དེ་བཞིན་དུ་ལྷོ་ཕྱོགས་ལོགས་སུ་སོང་ན་ཡང་བྱང་ཆུབ་སེམས་དཔའ་མཐོང་ངོ་། །དེ་བཞིན་དུ་ནུབ་དང་བྱང་ཕྱོགས་ལོགས་སུ་སོང་ན་ཡང་དེ་དང་དེར་དེས་བྱང་ཆུབ་སེམས་དཔའ་མཐོང་ངོ་། །དེའི་ཚེ་ན་ གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་གཞན་མུ་སྟེགས་ཅན་ཐམས་ཅད་ཚར་བཅད་པར་གྱུར་པས་འགའ་ཙམ་ཡང་མི་སྣང་ངོ་། །དེ་ནས་དེ་སླར་ལོག་སྟེ་ཇོ་མོ་ལ་འདི་སྐད་ཅེས་སྨྲས་སོ། །གང་དང་གང་དུ་མཆིས་ཀྱང་དེ་དང་དེ་ན་དགེ་སྦྱོང་མཛེས་པ་གདའ་བ་ལས། དགེ་སྦྱོང་ངམ་ བྲམ་ཟེ་གཞན་ནི་འགའ་ཡང་མི་གདའོ། །ལེགས་སྐྱེས་མས་སྨྲས་པ། དེ་ཉིད་བྲམ་ཟེ་ཡིན་ཏེ། དེའི་ཕྱིར་འདི་བརྩམས་ཀྱིས། གོང་མ་སོང་ལ་དེ་ཉིད་བོས་ཤིག །ཇོ་མོ་ལེགས་སོ་ཞེས་སྨྲས་ཏེ། གོང་མ་སོང་ནས་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་གཏུགས་ཏེ་ལེགས་སྐྱེས་ མ་ཞེས་བགྱི་བས་སྤྱན་འདྲེན་ཏོ་ཞེས་སྨྲས་སོ། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔའ་གྲོང་པའི་བུ་མོ་ལེགས་སྐྱེས་མའི་ཁྱིམ་དུ་སོང་སྟེ་སྟན་བཏིང་བ་ལ་འདུག་གོ། །དགེ་སློང་དག་དེ་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་ཐུག་སྦྲང་རྩི་ཅན་གྱིས་གསེར་གྱི་སྣོད་ཆེན་པོ་བཀང་སྟེ། བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ། ལེགས་སྐྱེས་མས་ཁ་ཟས་འདི་ལྟ་བུ་འདི་བྱིན་པ་འདི་བདག་གིས་དེང་ཟོས་ཏེ། ཐེ་ཙོམ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། །དེ་ནས་ བྱང་ཆུབ་སེམས་དཔས་ཟས་དེ་བླངས་ནས་གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་འདི་སྐད་ཅེས་སྨྲས་སོ། །ཆེ་ཞེ་གསེར་གྱི་སྣོད་ཆེན་པོ་འདི་ཇི་ལྟར་བྱ། དེས་སྨྲས་པ། ཁྱོད་སྣོམས་ཤིག །བྱང་ཆུབ་སེམས་དཔས་སྨྲས་པ། ཁོ་བོ་ལ་ནི་སྣོད་འདི་ལྟ་བུ་མི་དགོས་སོ། །ལེགས་སྐྱེས་མས་སྨྲས་ པ། ཅི་དགྱེས་སུ་མཛོད་ཅིག །བདག་ནི་སྣོད་མ་མཆིས་པར་སུ་ལ་ཡང་ཟས་མི་སྩོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཟས་དེ་ཐོགས་ཏེ། ལྟེང་རྒྱས་ནས་བྱུང་ནས་དྲོ་ལ་བབ་པ་དང་། ཀླུའི་ཀླུང་ཆུ་བོ་ནཻ་རན་ཛ་ནའི་ངོགས་སུ་སོང་སྟེ། ཟས་དང་ཆོས་གོས་རྣམས་ཕྱོགས་གཅིག་ཏུ་ བཞག་ནས། བྱང་ཆུབ་སེམས་དཔའ་ལུས་བསིལ་བར་བྱ་བའི་ཕྱིར་ཀླུང་ནཻ་རན་ཛ་ནའི་ནང་དུ་ཞུགས་སོ། །དགེ་སློང་དག་བྱང་ཆུབ་སེམས་དཔའ་ཁྲུས་བྱེད་པའི་ཚེ། ལྷའི་བུ་བརྒྱ་སྟོང་དུ་མ་དག་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་ལྷའི་ཨ་ག་རུ་དང་། ཙན་ དན་གྱི་ཕྱེ་མ་དང་། བྱུག་པ་དག་ཀླུང་དུ་ལྡུགས་ཤིང་ལྷའི་མེ་ཏོག་ཁ་དོག་སྣ་ཚོགས་དག་ཀྱང་ཆུའི་ནང་དུ་འཐོར་རོ། །དེའི་ཚེ་ཀླུང་ཆེན་པོ་ནཻ་རན་ཛ་ན་ལྷའི་སྤོས་རྣམས་དང་། མེ་ཏོག་རྣམས་ཀྱིས་གང་བར་གྱུར་ཏེ་འབབ་བོ། །བྱང་ཆུབ་སེམས་དཔའ་སྤོས་ཆུ་གང་གིས་ཁྲུས་བྱས་པར་གྱུར་པ་དེ་ ལྷའི་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གིས་བླངས་ཏེ་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་རང་རང་གི་གནས་སུ་ཁྱེར་རོ། །བྱང་ཆུབ་སེམས་དཔའི་སྐྲ་དང་ཨག་ཚོམ་གང་ཡིན་པ་དེ་དག་ཀྱང་གྲོང་པའི་བུ་མོ་ལེགས་སྐྱེས་མས་བཀྲ་ཤིས་པ་ཡིན་ནོ་སྙམ་ནས། མཆོད་རྟེན་དུ་བྱ་ བ་དང་། མཆོད་པར་བྱ་བའི་ཕྱིར་ཁྱེར་རོ། །བྱང་ཆུབ་སེམས་དཔའ་ཀླུང་ནས་བྱུང་ནས་འདུག་པར་འདོད་དེ་གླིང་ལ་ལྟའོ། །དེ་ནས་ཀླུང་ནཻ་རན་ཛ་ནའི་ཀླུའི་བུ་མོ་གང་ཡིན་པ་དེ་སའི་འོག་ནས་བྱུང་སྟེ། ཡིད་ལས་བྱུང་བའི་སེང་གེའི་ཁྲི་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས། བྱང་ཆུབ་སེམས་དཔའ་དེ་ལ་འདུག་སྟེ། གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་སྙིང་བརྩེ་བ་ཉེ་བར་བཟུང་ནས། ཇི་ཙམ་དགོས་པར་འོ་ཐུག་སྦྲང་རྩི་ཅན་དེ་འཐུངས་སོ། །འཐུངས་ནས་ཀྱང་གསེར་གྱི་སྣོད་ཆེན་པོ་དེ་ལ་མ་ཆགས་པར་ཆུར་བོར་རོ། །བོར་མ་ཐག་ཏུ་ཀླུའི་རྒྱལ་པོ་རྒྱ་མཚོས་ མཆོད་པའི་འོས་ཡིན་ནོ་ཞེས་དད་པ་དང་གུས་པ་བསྐྱེད་དེ་བླངས་ནས་རང་གི་གནས་སུ་སོང་ངོ་། །དེ་ནས་མིག་སྟོང་པ་གྲོང་ཁྱེར་འཇིག་པ་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ནས་ཁ་རྡོ་རྗེའི་མཆུར་བསྒྱུར་ཏེ། ཀླུའི་རྒྱལ་པོ་རྒྱ་མཚོ་ལས་གསེར་གྱི་སྣོད་ཆེན་པོ་དེ་དབྲོག་ཏུ་བརྒལ་ན་མ་ནུས་ ནས་རང་གི་གཟུགས་ཀྱིས་གུས་པར་བྱས་ཏེ། བསླངས་ནས་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁྱེར་རོ། །ཁྱེར་ནས་ཀྱང་སྣོད་ཆེན་པོའི་དགེ་འདུན་གྱི་དུས་སྟོན་བྱས་ཏེ། དེང་སང་དུའང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལོ་གཅིག་བཞིན་དུ་ སྣོད་ཆེན་པོའི་དུས་སྟོན་བྱེད་དོ། །སེང་གེའི་ཁྲི་དེ་ཡང་ཀླུའི་བུ་མོ་དེ་ཉིད་ཀྱིས་མཆོད་རྟེན་དུ་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་ཁྱེར་རོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་ཟས་རགས་པ་ཟོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ ཀྱིས་སྐད་ཅིག་དེ་ཉིད་ལ་ལུས་ལ་སྔ་མའི་ཁ་དོག་བཟང་པོ་རྒྱས་པ་དང་། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། འོད་འདོམ་གང་བ་ཡང་བྱུང་བར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལོ་དྲུག་བར་དུ་བརྟུལ་ཞུགས་ཉམས་འོག་ཆུད་བྱས་ བཅོམ་ལྡན་བློ་གྲོས་འདི་སྙམ་སེམས། །གལ་ཏེ་བདག་ནི་འདི་ལྟར་རིད་བཞིན་བསམ་གཏན་མངོན་ཤེས་ཡེ་ཤེས་སྟོབས་ལྡན་པ། །ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མཁྱེན་ཉིད་འཚང་རྒྱར་བྱ་ན་ནི། །དེ་དག་ན་ཡང་བདག་གིས་ཕྱི་མའི་སྐྱེ་བོ་དག་ལ་སྙིང་བརྩེ་མ་བྱས་འགྱུར། ། བསོད་ནམས་ངན་ངོན་ཙམ་དང་ལྡན་པའི་ལྷ་མི་འདི་དག་ངན་པས་ཡེ་ཤེས་ཚོལ། །དེ་དག་ལུས་ནི་ཉམ་ཆུང་གྱུར་ན་བདུད་རྩི་འཚང་རྒྱ་བྱེད་པར་མི་ནུས་པས། །ཁ་ཟས་རགས་པ་དམ་པ་ཟོས་ཏེ་ལུས་ཀྱི་མཐུ་སྟོབས་བསྐྱེད་པ་བྱས་ན་ནི། །ཤིང་གི་རྒྱལ་པོའི་དྲུང་དུ་སོང་སྟེ་ཐམས་ཅད་མཁྱེན་ཉིད་འཚང་ རྒྱར་བྱ་བར་བསམས། །གྲོང་པའི་བུ་མོ་སྔོན་ཆད་སྤྱོད་པ་སྤྱད་པ་ལེགས་སྐྱེས་མ་ཞེས་བྱ་བ་དེ། །འདྲེན་པ་བརྟུལ་ཞུགས་གྲུབ་པར་ཤོག་ཅེས་དེ་ལྟའི་ཡིད་ཀྱིས་རྟག་ཏུ་མཆོད་སྦྱིན་བྱེད། །དེ་ནི་ལྷ་ཡིས་བསྐུལ་བ་ཐོས་ནས་དེ་ཚེ་འོ་ཐུག་སྦྲང་རྩི་ཅན་བླངས་ཏེ། །ཀླུང་གི་འགྲམ་དུ་སོང་ནས་ དགའ་བའི་ཡིད་ཀྱིས་ནཻ་རན་ཛ་ནའི་ངོགས་ན་འདུག །བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་ཅིང་དབང་པོ་ཞི་ལ་རབ་ཏུ་ཞི་བ་དེ། །ལྷ་དང་ཀླུ་ཡི་ཚོགས་དང་དྲང་སྲོང་དག་གིས་བསྐོར་ཏེ་ནཻ་རན་ཛ་ན་ར་འོངས། །ཕ་རོལ་བརྒལ་ནས་སེམས་ཅན་སྒྲོལ་བ་བློ་གྲོས་ལྡན་པ་ཁྲུས་བྱར་བསམས་ནས་ནི། ། ཐུབ་པ་དག་པ་དྲི་མེད་འཇིག་རྟེན་སྙིང་བརྩེ་ཕྱིར་ནི་ཀླུང་དུ་ཞུགས་ཏེ་འཁྲུ། །བྱེ་བ་ཕྲག་སྟོང་ལྷ་དག་དགའ་བའི་ཡིད་ཀྱིས་སྤོས་རྣམས་དང་ནི་ཕྱེ་མ་དག །ཀླུང་དུ་འཐོར་ཞིང་སེམས་ཅན་དམ་པ་བཀྲུ་བའི་དོན་དུ་ཆུ་ལ་གང་བར་བྱེད། །བྱང་ཆུབ་སེམས་དཔའ་དྲི་མེད་ངེས་པ་བཀྲུས་ཏེ་ངོགས་ན་ འདུག་པར་ཤེས་གྱུར་ནས། །ལྷ་སྟོང་རབ་ཏུ་དགའ་སྟེ་སེམས་ཅན་དག་པ་བཀྲུས་པའི་ཆུ་དེ་མཆོད་ཕྱིར་ཁྱེར། །ངུར་སྨྲིག་བཟང་པོ་དྲི་མ་མེད་པའི་གོས་དག་ལྷ་ཡི་བུ་ཡིས་དེ་ལ་བྱིན། །རུང་བ་དག་དང་ཤམ་ཐབས་བགོས་ནས་བཅོམ་ལྡན་འདས་ནི་ཆུ་ཀླུང་ངོགས་ན་འདུག །ཀླུ་ཡི་བུ་མོ་དགའ་ ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་སེང་གེའི་ཁྲི་ཡང་བཤམས། །དེ་ལ་འཇིག་རྟེན་དག་གི་མིག་བྱེད་ཡིད་ཀྱང་རབ་ཏུ་ཞི་བ་དེ་འདུག་ནས། །བློ་གྲོས་ལྡན་པ་ལེགས་སྐྱེས་མ་དེས་གསེར་གྱི་སྣོད་དུ་ཁ་ཟས་བླུགས་ཏེ་བྱིན། །རྐང་པར་ཕྱག་འཚལ་ནས་ནི་དེ་དག་ཁ་ལོ་སྒྱུར་བ་བདག་གིས་གསོལ་ཞེས་ བྱས། །བློ་གྲོས་ལྡན་པས་ཇི་ཙམ་དགོས་པར་ཟས་ཀྱང་ཟོས་ནས་སྣོད་ནི་ཆུར་བོར་ཏེ། །དེ་ནི་གྲོང་ཁྱེར་འཇིག་པ་ལྷ་ཡི་བླ་མས་བདག་གིས་མཆོད་པར་བྱ་ཞེས་ཁྱེར། །གང་ཚེ་རྒྱལ་བས་ཁ་ཟས་རགས་པ་དམ་པ་ཟོས་པ་དེ་ཡི་སྐད་ཅིག་ལ། །དེ་ཡི་ལུས་ཀྱི་སྟོབས་དང་གཟི་བརྗིད་དག་དང་དཔལ་ ཡང་སྔ་མཁོ་བཞིན་དུ་གནས། །ལེགས་སྐྱེས་མ་དང་ལྷ་རྣམས་དག་ལ་ཆོས་གཏམ་བྱས་ནས་དོན་ཀྱང་མང་དུ་བྱས། །སེང་གེ་ངང་པའི་སྟབས་དང་གླང་པོའི་དབང་པོའི་འགྲོས་ཀྱིས་བྱང་ཆུབ་ཤིང་དྲུང་ཆས། །ནཻ་རན་ཛ་ནའི་ལེའུ་ཞེས་བྱ་བ་སྟེ། བཅྭ་བརྒྱད་པའོ།། །། དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཀླུང་ནཻ་རན་ཛ་ནར་ཁྲུས་བྱས་ཏེ། ཟས་ཟོས་ནས་ལུས་ཀྱི་མཐུ་སྟོབས་བསྐྱེད་དེ། བདུད་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་རྣམ་པ་བཅུ་དྲུག་དང་ལྡན་པའི་ས་ཕྱོགས་ཤིང་གི་རྒྱལ་པོ་བྱང་ཆུབ་ཆེན་པོའི་དྲུང་ག་ལ་བ་དེར་སྐྱེས་བུ་ཆེན་པོའི་སྟབས་གང་ཡིན་ པའི་སྟབས་དེས་སོང་སྟེ། མི་བསྐྱོད་པའི་སྟབས་དང་། དབང་པོའི་མཆོད་སྡོང་ལྟ་བུའི་སྟབས་དང་། རིའི་རྒྱལ་པོ་ལྷུན་པོ་ལྟར་ཤིན་ཏུ་བརྟན་པའི་སྟབས་དང་། མི་དངོམ་པ་མ་ཡིན་པའི་སྟབས་དང་། ཡ་ཡོ་མེད་པའི་སྟབས་དང་། འཚེ་བ་མེད་པའི་སྟབས་དང་། རིངས་པ་མ་ཡིན་པའི་ སྟབས་དང་། སྡོད་པ་མེད་པའི་སྟབས་དང་། འཁྲུགས་པ་མེད་པའི་སྟབས་དང་། འཁྱོར་པ་མེད་པའི་སྟབས་དང་། འདྲུད་པ་མེད་པའི་སྟབས་དང་། ཞུམ་པ་མེད་པའི་སྟབས་དང་། ཧ་ཅང་མི་སྡོད་པའི་སྟབས་དང་། མི་གཡོས་པའི་སྟབས་དང་། རྟབ་རྟབ་པོ་མེད་པའི་སྟབས་དང་། ཚུལ་དུ་ཤིས་པའི་སྟབས་དང་། དྲི་མ་མེད་པའི་སྟབས་དང་། དགེ་བའི་སྟབས་དང་། ཞེ་སྡང་མེད་པའི་སྟབས་དང་། གཏི་མུག་མེད་པའི་སྟབས་དང་། ཆགས་པ་མེད་པའི་སྟབས་དང་། སེང་གེའི་སྟབས་དང་། དད་པའི་རྒྱལ་པོའི་སྟབས་དང་། ཀླུའི་རྒྱལ་པོའི་སྟབས་དང་། སྲེད་མེད་ ཀྱི་བུའི་སྟབས་དང་། ས་ལ་མི་རེག་པའི་སྟབས་དང་། རྩིབས་སྟོང་དང་ལྡན་པའི་འཁོར་ལོའི་རི་མོ་ས་ལ་སྣང་བའི་སྟབས་དང་། སོར་མོ་དྲ་བས་འབྲེལ་ཅིང་སེན་མོ་ཟངས་ལྟ་བུའི་སྟབས་དང་། སོ་སྒྲ་འབྱིན་པའི་སྟབས་དང་། རི་རྡོབ་པའི་སྟབས་དང་། མཐོན་དམན་མཉམ་པར་བྱེད་པའི་ རྐང་མཐིལ་གྱི་སྟབས་དང་། དྲ་བའི་བར་ནས་འོད་དང་འོད་ཟེར་ཕྱུང་ནས་སེམས་ཅན་ལ་རེག་ན་བདེ་འགྲོར་འགྲོ་བའི་སྟབས་དང་། པད་མ་དྲི་མ་མེད་པ་ལ་གོམ་པ་འདོར་བའི་སྟབས་དང་། སྔོན་དགེ་བ་ལེགས་པར་སྤྱད་པའི་འགྲོས་ཀྱི་སྟབས་དང་། སྔོན་གྱི་སངས་རྒྱས་སེང་གེའི་ཁྲི་ལ་བཞུད་པའི་ སྟབས་དང་། རྡོ་རྗེ་ལྟར་བསམ་པ་བརྟན་ཞིང་མི་ཕྱེད་པའི་སྟབས་དང་། ངན་སོང་ངན་འགྲོ་ཐམས་ཅད་གཅོད་པའི་སྟབས་དང་། བདེ་བ་ཐམས་ཅད་སྐྱེད་པའི་སྟབས་དང་། ཐར་པའི་ལམ་སྟོན་པའི་སྟབས་དང་། བདུད་ཀྱི་སྟོབས་སྟོབས་མེད་པར་བྱེད་པའི་སྟབས་དང་། ངན་པའི་ཚོགས་ཅན་གྱི་ ཚོགས་ཕས་ཀྱི་རྒོལ་བ་ཆོས་དང་འཐུན་པས་ཚར་གཅད་པའི་སྟབས་དང་། མུན་པའི་ལིང་ཐོག་དང་། ཉོན་མོངས་པ་སེལ་བའི་སྟབས་དང་། འཁོར་བའི་ཕྱོགས་ཕྱོགས་མེད་པར་བྱེད་པའི་སྟབས་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། འཇིག་རྟེན་སྐྱོང་བ་ རྣམས་ཟིལ་གྱིས་གནོན་པའི་སྟབས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་ན་དཔའ་བོ་གཅིག་པུའི་སྟབས་དང་། རང་བྱུང་ཟིལ་གྱིས་མནོན་པའི་སྟབས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པའི་སྟབས་དང་། དྲན་པ་དང་བློ་གྲོས་ཀྱི་སྟབས་དང་། བདེ་འགྲོར་འགྲོ་བའི་ སྟབས་དང་། རྒ་བ་དང་འཆི་བ་རབ་ཏུ་ཞི་བར་བྱེད་པའི་སྟབས་དང་། ཞི་བ་རྡུལ་མེད་པ། བདུད་ཀྱི་འཇིགས་པ་མེད་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་སྟབས་ཏེ། དེ་འདྲ་བའི་སྟབས་ཀྱིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་ཆས་སོ། །དགེ་སློང་དག་དེ་ལྟར་ཀླུང་ ནཻ་རན་ཛ་ན་དང་། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་རླུང་གི་སྤྲིན་གྱི་ལྷའི་བུ་རྣམས་ཀྱིས་ལམ་ཕྱག་དར་བྱས་པར་གྱུར་ཏོ། །ཆར་སྤྲིན་རྣམས་ཀྱིས་སྤོས་ཆུས་ཆག་ཆག་བཏབ་བོ། །མེ་ཏོག་ཀྱང་ཆལ་མར་བཀྲམ་མོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ཇི་སྙེད་ ཡོད་པ་དེ་དག་ཐམས་ཅད་ཀྱང་ཤིང་བྱང་ཆུབ་ག་ལ་བ་དེ་ལོགས་སུ་རྩེ་མོ་འདུད་པར་གྱུར་ཏོ། །གང་དག་དེའི་ཉིན་པར་བཙས་པའི་བྱིས་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལོགས་སུ་མགོ་བསྟན་ཏེ་ཉལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རི་རབ་ལ་སོགས་པ་རི་གང་ དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེ་ལོགས་སུ་འདུད་པར་གྱུར་ཏོ། །ཀླུང་ནཻ་རན་ཛ་ན་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དེར་འདོད་པ་ན་སྤྱོད་པའི་ལྷའི་བུ་རྣམས་ཀྱིས་ཁ་ཚོན་རྒྱང་གྲགས་ཙམ་ཚུན་ཆད་ཀྱི་ལམ་མངོན་པར་བཀོད་པར་གྱུར་ཏོ། །ལམ་དེའི་འགྲམ་ གཡས་གཡོས་སུའང་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་འཕང་དུ་ཤིང་ཏ་ལ་བདུན་ཙམ་དུ་མཐོ་བ། སྟེང་དུ་རིན་པོ་ཆེའི་དྲ་བ་བྲེས་པ། ལྷའི་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་ལེགས་པར་བརྒྱན་པར་སྤྲུལ་ཏོ། །མདའ་རྒྱང་གང་ཙམ། མདའ་རྒྱང་གང་ཙམ་གྱི་ ཞིང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ཏ་ལ་སྟེགས་བུ་དེ་བས་མཐོ་བ་མངོན་པར་སྤྲུལ་ཏེ། ཤིང་ཏ་ལ་ཐམས་ཅད་རིན་པོ་ཆེ་བརྒྱུས་པས་ཕན་ཚུན་འབྲེལ་བར་འདུག་གོ། །ཤིང་ཏ་ལ་གཉིས་གཉིས་ཀྱི་བར་དུ་རྫིང་སྤོས་ཆུས་ཡོངས་སུ་གང་བ་གསེར་གྱི་བྱེ་མ་བདལ་བ། མེ་ཏོག་ཨུད་པ་ལ་དང་། པད་ མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་ལ་སོགས་པས་གང་བ། རིན་པོ་ཆེའི་སྟེགས་བུས་བསྐོར་བ། ནོར་བུ་རིན་པོ་ཆེ་བཻ་དཱུ་རྱས་ཐེམ་སྐས་བརྒྱན་པ། ཆུ་སྲེག་དང་། བྱ་གར་དང་། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་སྒྲ་འབྱིན་པའི་རྫིང་དག་བྱས་སོ། །ལམ་དེ་ན་ལྷའི་བུ་མོ་ བརྒྱད་ཁྲི་ནི་སྤོས་ཆུས་ཆག་ཆག་འདེབས་སོ། །ལྷའི་བུ་མོ་བརྒྱད་ཁྲི་ནི་མེ་ཏོག་སིལ་མ་ལྷའི་དྲི་བསུང་དང་ལྡན་པ་འཐོར་རོ། །ཤིང་ཏ་ལ་ཐམས་ཅད་ཀྱི་མདུན་ལོགས་སུ་རིན་པོ་ཆེའི་མཁའ་རྟེན་བཞག་གོ། །རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ཙན་དན་དང་། ཨ་ག་རུའི་ཕྱེ་མའི་ཕུར་མ་ ཐོགས་པ་དང་། དུས་ཀྱི་རྗེས་སུ་འབྲང་བའི་བདུག་པའི་པོག་ཕོར་ཐོགས་པ་བརྒྱད་ཁྲི་འཁོད་པར་གྱུར་ཏོ། །རིན་པོ་ཆེའི་མཁའ་རྟེན་ཐམས་ཅད་ལ་ལྷའི་བུ་མོ་ལྷའི་གླུ་དབྱངས་ལེན་པ་ལྔ་ཁྲི་འཁོད་པར་གྱུར་ཏོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་ཞིང་རྣམས་ནི་རབ་ཏུ་སྐྱོད། འོད་ཟེར་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ནི་འབྱིན། སིལ་སྙན་བརྒྱ་སྟོང་ནི་སྒྲོགས། མེ་ཏོག་མང་པོའི་ཆར་ཆེན་པོ་ནི་འབེབས། གོས་བརྒྱ་སྟོང་གི་གཡབ་མོ་ནི་འདོར། རྔ་བོ་ཆེ་བརྒྱ་སྟོང་ནི་རྡུང་། རྟ་དང་གླང་པོ་ཆེ་དང་། གླང་ཁྱུ་བ་རྣམས་ནི་སྒྲ་འབྱིན། བྱ་ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་བརྒྱ་སྟོང་ནི་བསྐོར་བ་བྱེད། བཀྲ་ཤིས་བརྒྱ་སྟོང་ནི་འབུལ་ཞིང་ལམ་གྱི་བཀོད་པ་རྣམ་པ་དེ་ལྟ་བུ་དེས། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་སོང་ངོ་། །གང་གི་ནུབ་མོ་བྱང་ཆུབ་ སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པར་གྱུར་པ་དེ་ཉིད་ཀྱི་ནུབ་མོ་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་དབང་སྒྱུར་ཞེས་བྱ་བ་དེས་ཚངས་པའི་འཁོར་ཆེན་པོ་དེ་ལ་བོས་ཏེ། འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་དག་ཤེས་པར་གྱིས་ཤིག །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གོ་ཆ་ཆེན་པོ་མནབས་པ། དམ་བཅས་པ་ཆེན་པོ་མ་བོར་བ། གོ་ཆ་སྲ་བ་མནབས་པ། ཐུགས་ཡོངས་སུ་མི་སྐྱོ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཚར་ཕྱིན་པ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་བྱོན་པ། བྱང་ཆུབ་སེམས་དཔའི་ས་ ཐམས་ཅད་ལ་མངའ་དབང་བརྙེས་པ། བྱང་ཆུབ་སེམས་དཔའི་བསམ་པ་ཐམས་ཅད་ཀྱི་བྱ་བ་ཤིན་ཏུ་མཁྱེན་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོའི་རྗེས་སུ་ཞུགས་པ། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལ་ཤིན་ཏུ་ཞུགས་པ་བདུད་ཀྱི་ལས་ཀྱི་ལམ་ཐམས་ཅད་ལས་ཡང་དག་པར་ འདས་པ། དགེ་བའི་རྩ་བ་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ལ་རབ་ཏུ་ཐར་པའི་ལམ་སྟོན་པ། དེད་དཔོན་ཆེན་པོར་གྱུར་པ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པར་མཛད་པ། སྟོང་གསུམ་ན་དཔའ་བོ་གཅིག་པུར་གྱུར་པ། ཆོས་ཀྱི་སྨན་ཐམས་ཅད་ཡང་དག་པར་བསྒྲུབས་པ། སྨན་པའི་རྒྱལ་པོ་ཆེན་པོ་རྣམ་པར་གྲོལ་བའི་ཐབས་ཐོབ་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་ཤེས་རབ་ཀྱི་འོད་ཆེན་པོ་གཏོང་བ། ཏོག་ཆེན་པོའི་རྒྱལ་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པས་ པད་མ་ཆེན་པོ་ལྟ་བུ། ཆོས་ཐམས་ཅད་ཀྱི་གཟུངས་མ་བསྙེལ་བ། རྒྱ་མཚོ་ཆེན་པོ་དང་འདྲ་བ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་དང་བྲལ་བ། མི་གཡོ་བ། མི་བསྐྱོད་པ། རི་རབ་ཆེན་པོ་ལྟ་བུ། ཤིན་ཏུ་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་དཀར་བའི་བློ་དང་ལྡན་པ། ནོར་ བུ་རིན་པོ་ཆེ་ཆེན་པོ་དང་འདྲ་བ། ཆོས་ཐམས་ཅད་ལ་དབང་བསྒྱུར་བ། སེམས་ལས་སུ་རུང་བ། ཚངས་པ་ཆེན་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་བདུད་ཀྱི་སྡེ་རབ་ཏུ་འདུལ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བཞེད་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་མཛད་པ་དང་། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། སེང་གེའི་སྒྲ་ཆེན་པོ་བསྒྲག་པ་དང་། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་མཛད་པ་ དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་ཀྱི་མིག་རྣམ་པར་སྦྱང་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཆོས་དང་འཐུན་པས་ཚར་གཅད་པ་དང་། སྔོན་དམ་བཅས་པ་ཡོངས་སུ་རྫོགས་པ་ཀུན་ཏུ་བསྟན་པ་དང་། ཆོས་ཐམས་ཅད་ལ་དབང་ཕྱུག་གི་མངའ་དབང་བརྙེས་པར་མཛད་པའི་ཕྱིར་བྱང་ཆུབ་ ཀྱི་སྙིང་པོར་བཞུད་ཀྱིས། དེ་ལ་གྲོགས་པོ་དག་ཁྱེད་བྱང་ཆུབ་སེམས་དཔའ་ལ་མཆོད་པ་དང་། རིམ་གྲོ་བྱ་བའི་ལས་ཐམས་ཅད་ལ་སྤྲོ་བར་གྱིས་ཤིག །དེ་ནས་ཚངས་པ་ཆེན་པོ་དབང་སྒྱུར་གྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་གི་བསོད་ནམས་དག་དང་གཟི་བརྗིད་ དཔལ་གྱིས་བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་དང་ནི་བསམ་གཏན་དག་དང་དེ་བཞིན་མངོན་ཤེས་ཚངས་པའི་ལམ་སྣང་བ། །བསྐལ་པ་སྟོང་དུ་སྤྱོད་པ་སྤྱད་པ་དེ་ནི་བྱང་ཆུབ་ཤིང་དྲུང་ཆས་པར་གྱུར། །ཐུབ་པ་དེ་ལ་བསམ་པའི་བརྟུལ་ཞུགས་སྒྲུབ་པར་བྱེད་པའི་མཆོད་པ་ ལེགས་པར་བྱ། །དེ་ལ་སྐྱབས་སུ་སོང་ན་ངན་འགྲོའི་འཇིགས་དང་མི་ཕྲད་མི་ཁོམ་མི་འགྱུར་ཏེ། །ལྷ་ཡི་ནང་དུ་འདོད་པའི་བདེ་བ་རྙེད་ནས་ཚངས་པའི་གནས་ཡངས་འགྲོ་བར་འགྱུར། །ལོ་དྲུག་བར་དུ་དཀའ་བ་སྤྱད་པ་སྤྱད་ནས་འདི་ནི་བྱང་ཆུབ་ཤིང་དྲུང་བཞུད། །ཀུན་ཀྱང་ དགའ་ཞིང་རབ་ཏུ་མགུ་བའི་ཡིད་ཀྱིས་དེ་ལ་མཆོད་པ་ལེགས་པར་གྱིས། །དེ་ནི་སྟོང་གསུམ་རྒྱལ་པོ་དབང་ཕྱུག་དམ་པ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་སྟེ། །བརྒྱ་བྱིན་ཚངས་པ་ཉི་ཟླའི་གྲོང་ཁྱེར་དག་ན་དེ་དང་མཉམ་པ་གང་ཡང་མེད། །གང་བཙས་ཚེ་ན་ཞིང་རྣམས་བྱེ་བ་ཁྲག་ཁྲིག་རྣམ་པ་དྲུག་ཏུ་ གཡོས་གྱུར་པ། །དེ་ནི་དེ་རིང་བདུད་ཀྱི་དཔུང་ལས་རྒྱལ་བར་མཛད་ཕྱིར་ཤིང་ཆེན་མཆོག་དྲུང་བཞུད། །གང་གི་སྤྱི་གཙུག་ཚངས་པའི་གནས་འདིར་གནས་ཀྱང་བལྟ་བར་ནུས་པ་མ་ཡིན་ཞིང་། །གང་གི་སྐུ་ལ་མཚན་རབ་དམ་པ་ལྡན་ཞིང་སུམ་ཅུ་རྩ་གཉིས་ལེགས་བརྒྱན་ལ། །གང་གི་གསུང་འདིར་ ཡིད་དུ་འོང་ཞིང་སྙན་ལ་རྣར་འཐད་ཚངས་དབྱངས་སྒྲ་སྙན་ཅིང་། །གང་གི་ཐུགས་ནི་རབ་ཞི་ཁྲོ་དང་བྲལ་བ་དེ་ལ་མཆོད་པ་བྱེད་དུ་འདོང་། །གང་དག་བློ་གྲོས་བརྒྱ་བྱིན་ཚངས་པའི་གནས་སུ་བསམ་གཏན་བདེ་བས་འདའ་བྱ་དང་། །ཉོན་མོངས་འཆིང་བའི་འཁྲི་ཤིང་ཀུན་དང་དྲ་བ་དེ་དག་གཅོད་པར་བྱེད་ འདོད་དང་། །གཞན་ལས་མ་ཐོས་པར་ནི་རང་རྒྱལ་བྱང་ཆུབ་ཞི་བ་འཆི་མེད་འཐོབ་འདོད་དང་། །གལ་ཏེ་ས་གསུམ་དག་ན་སངས་རྒྱས་ཉིད་འདོད་དེ་དག་འདྲེན་པ་མཆོད་པར་གྱིས། །གང་གིས་རྒྱ་མཚོར་བཅས་པའི་ས་དང་དེ་བཞིན་རིན་པོ་ཆེ་རྣམས་མཐའ་ཡས་དང་། །ཁང་བཟངས་སྐར་ཁུང་བསིལ་ ཁང་མང་ལྡན་པ་དང་ཟུང་དུ་སྦྲེལ་དང་བཞོན་པ་དང་། །མེ་ཏོག་ཕྲེང་བ་ཤིན་ཏུ་མཛེས་པས་བརྒྱན་པ་སྐྱེད་མོས་ཚལ་གྱིས་རབ་བརྒྱན་དང་། །རྐང་ལག་མགོ་དང་མིག་རྣམས་ཡོངས་སུ་བཏང་བ་དེ་ནི་བྱང་ཆུབ་སྙིང་པོར་ཞུགས། །དགེ་སློང་དག་དེ་ལྟར་སྟོང་གསུམ་གྱི་ཚངས་པ་ཆེན་པོ་དེ་སྐད་ཅིག་དེ་ལ་སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་ཏེ། ལག་མཐིལ་ལྟར་མཉམ་པར་གྱུར་པ། གྱོ་མོ་དང་རྡོ་མེད་པ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱུ་རུ་དང་། གསེར་དང་། དངུལ་མང་བ། རྩྭ་སྔོ་ཞིང་འཇམ་ལ་གཡས་སུ་འཁྱིལ་ཅིང་གཡུང་ དྲུང་འཁྱིལ་པ་ཀ་ཙ་ལིན་དི་ཀའི་གོས་ལྟར་རེག་ན་བདེ་བ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པ་འདིར་ཕྱིན་ཏོ། །དེའི་ཚེ་རྒྱ་མཚོ་ཆེན་པོ་ཐམས་ཅད་ས་ལྟ་བུར་གྱུར་ཀྱང་ཆུ་ན་རྒྱུ་བའི་སེམས་ཅན་རྣམས་ལ་གནོད་པ་ཅུང་ཟད་ཀྱང་མེད་དོ། །འཇིག་རྟེན་གྱི་ཁམས་དེ་ལྟར་བརྒྱན་པ་ འདི་ཕྱོགས་བཅུའི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཐོང་ནས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ལེགས་པར་བརྒྱན་ཏོ། །བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ལས་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ལྷའི་དང་མིའི་ལས་ ཤིན་ཏུ་འདས་པའི་མཆོད་པ་བཀོད་པ་རྣམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་བརྒྱན་པར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ཀྱང་བཀོད་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པས་སངས་རྒྱས་ཀྱི་ཞིང་གཅིག་ལྟ་བུར་སྣང་བར་གྱུར་ཏོ། །འཇིག་རྟེན་གྱི་བར་དག་དང་། རི་ནག་པོ་དང་། ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་དག་ཀྱང་མི་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་འོད་ཀྱིས་གསལ་བར་སྣང་ངོ་། །བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་ཡོད་དེ། །འདི་ལྟ་སྟེ། ལྷའི་བུ་ ཨུད་ཀ་ལི་ཞེས་བྱ་བ་དང་། ལྷའི་བུ་མུད་ཀ་ལི་ཞེས་བྱ་བ་དང་། སྐྱེ་དགུའི་བདག་པོ་དང་། དཔའ་སྟོབས་དང་། དཔུང་རྒྱན་སྟོབས་དང་། རབ་བརྟན་དང་། ས་འཛིན་དང་། སྣང་བྱེད་དང་། དྲི་མ་མེད་དང་། ཆོས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་ཏོག་དང་། འགྲོ་གྲུབ་དང་། མིག་ཐོགས་པ་མེད་ དང་། བཀོད་པ་ཆེན་པོ་དང་། ཚུལ་ཁྲིམས་རྣམ་དག་དྲི་ལྡན་དང་། པད་མའི་འོད་དེ། ལྷའི་བུ་བཅུ་དྲུག་པོ་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་སྟེ། ཐམས་ཅད་ཀྱང་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ཤ་སྟག་གོ། །དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར་ བྱང་ཆུབ་ཀྱི་སྙིང་པོ་བརྒྱན་ཏེ། དཔག་ཚད་བརྒྱད་ཅུ་ཁོར་ཡུག་ཏུ་རིན་པོ་ཆེ་སྣ་བདུན་གྱི་སྟེགས་བུ་རིམ་པ་བདུན་གྱིས་ནི་བསྐོར། ཤིང་ཏ་ལའི་ཕྲེང་བ་རིམ་བདུན་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་དང་། རིན་པོ་ཆེ་བརྒྱུས་པ་རིམ་པ་བདུན་གྱིས་ནི་བསྐོར། འཛམ་ བུའི་ཆུ་བོའི་གསེར་གྱི་གླེགས་བམ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དག་དང་། གསེར་གྱི་ཙོང་ཙོང་དག་དང་། འཛམ་བུའི་ཆུ་བོའི་གསེར་གྱི་པད་མ་དག་གིས་ནི་ཁེབས་པར་བྱས། སྙིང་པོ་མཆོག་གི་སྤོས་ཀྱིས་ནི་བདུགས། རིན་པོ་ཆེའི་དྲ་བ་ནི་བྲེས་སོ། །ཕྱོགས་བཅུའི་ འཇིག་རྟེན་གྱི་ཁམས་ཐ་དད་པ་དག་ན་ཤིང་སྣ་ཚོགས་མངོན་པར་འཕགས་པ། བཟང་བ་མངོན་དུ་མཆོད་པ། ལྷ་ཡུལ་བ་དང་། མི་ཡུལ་བ་གང་དག་ན་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །ཕྱོགས་བཅུ་དག་ན་ཆུ་ནས་སྐྱེ་བ་དང་། ཐང་ལས་སྐྱེ་བའི་ མེ་ཏོག་རྣམ་པ་སྣ་ཚོགས་གང་དག་ཡོད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐ་དད་པ་དག་ན། བྱང་ཆུབ་སེམས་དཔའ་གང་དག་བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་བཀོད་པ་དག་གིས་བྱང་ཆུབ་ཀྱི་ སྙིང་པོ་བརྒྱན་པར་བྱེད་པ་དེ་དག་ཀྱང་བྱང་ཆུབ་ཀྱི་སྙིང་པོ་དེར་སྣང་བར་གྱུར་ཏོ། །དེ་ལྟར་ལྷའི་བུ་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བ་དག་གིས་བྱང་ཆུབ་ཀྱི་སྙིང་པོར་བཀོད་པ་དེ་འདྲ་བ་དག་སྤྲུལ་པར་གྱུར་ཏེ། དེ་དག་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དག་གིས་མཐོང་ ནས་རང་རང་གི་གནས་ལ་དུར་ཁྲོད་ཙམ་གྱི་འདུ་ཤེས་སྐྱེད་པར་གྱུར་ཏོ། །བཀོད་པ་དེ་དག་མཐོང་ནས་ཤིན་ཏུ་ངོ་མཚར་ཆེར་འཛིན་ཏེ། ཨེ་མའོ་བསོད་ནམས་ཀྱི་རྣམ་པར་སྨིན་པའི་རྒྱུ་འཐུན་པ་བསམ་གྱིས་མི་ཁྱབ་པ་ལེགས་སོ་ཞེས་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་དོ། །བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞི་ཡོད་དེ་ འདི་ལྟ་སྟེ། འོད་མ་དང་། སྙན་ལྡན་དང་། ཡིད་བཟངས་དང་། མདངས་ལྡན་མ་སྟེ། བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་བཞི་པོ་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱ་བའི་ཕྱིར་བྱང་ཆུབ་ཀྱི་ཤིང་རྩ་བ་ཕུན་སུམ་ཚོགས་པ། སྡོང་པོ་ཕུན་སུམ་ཚོགས་པ། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྣ་ཚོགས་ཕུན་སུམ་ཚོགས་པ། ཁྲུན་དང་སྦོམས་ཕུན་སུམ་ཚོགས་པ་མཛེས་པ། བལྟ་ན་སྡུག་པ། ཤིན་ཏུ་འགེལ་བ། འཕང་དུ་ཤིང་ཏ་ལ་བདུན་སྲིད་ཙམ་དུ་མཐོ་བ། དེ་དང་འཚམ་པར་འགེལ་བ། བཀྲ་བ། བལྟ་ན་སྡུག་པ། ཡིད་དུ་འོང་བ། རིན་པོ་ཆེ་སྣ་བདུན་ གྱི་སྟེགས་བུ་རིམ་བདུན་གྱིས་བསྐོར་བ། རིན་པོ་ཆེའི་ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་དང་། རིན་པོ་ཆེའི་དྲིལ་བུ་གཡེར་ཀའི་དྲ་བ་རིམ་པ་བདུན་དང་། རིན་པོ་ཆེ་བརྒྱུས་པའི་ཕྲེང་བ་རིམ་པ་བདུན་གྱིས་ཀུན་ནས་བསྐོར་ཅིང་ཕྱི་རིམ་བསྐོར་བ། ཤིང་ཡོངས་འདུ་ས་བརྟོལ་དང་འདྲ་བ། མིག་གིས་བལྟ་ བས་མི་ངོམས་པ་བསྐྱེད་དོ། །གང་དུ་བྱང་ཆུབ་སེམས་དཔའ་འདུག་ནས་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པའི་ས་ཕྱོགས་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡོ་རྗེའི་དཀྱིལ་ཏེ། སྲ་བ། སྙིང་པོ་ཡོད་པ། མི་ཕྱེད་པ། རྡོ་རྗེའི་རང་བཞིན་དུ་གནས་པར་ གྱུར་པའོ། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་ན་ལུས་ལས་རྣམ་པ་འདི་ལྟ་བུའི་འོད་འགྱེད་དེ། འོད་དེས་ངན་སོང་ཐམས་ཅད་ཞི་བར་གྱུར་ཏོ། །མི་ཁོམ་པ་ཐམས་ཅད་བཅད་པར་གྱུར་ཏོ། །ངན་འགྲོའི་ཚོར་བ་ཐམས་ཅད་བསྐམས་པར་གྱུར་ཏོ། །སེམས་ཅན་ གང་དག་དབང་པོ་མ་ཚང་བ་དེ་དག་ནི་དབང་པོ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཏོ། །ནད་ཀྱིས་བཏབ་པ་རྣམས་ནི་ནད་སོས་པར་གྱུར་ཏོ། །མི་བདེ་བ་ཐམས་ཅད་ནི་བདེ་བ་ཐོབ་པར་གྱུར་ཏོ། །འཇིགས་པས་ཉེན་པ་རྣམས་ནི་དབུགས་ཕྱིན་པ་ཐོབ་པར་གྱུར་ཏོ། །བཅིང་བས་བཅིངས་པ་རྣམས་ ནི་བཅིངས་པ་ལས་གྲོལ་བར་གྱུར་ཏོ། །སེམས་ཅན་དབུལ་པོ་རྣམས་ནི་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ། །ཉོན་མོངས་པས་གདུངས་པ་རྣམས་ནི་ཡོངས་སུ་གདུང་བ་མེད་པར་གྱུར་ཏོ། །བཀྲེས་པ་རྣམས་ནི་ལྟོ་འགྲངས་པར་གྱུར་ཏོ། །སྐོམ་པ་རྣམས་ནི་སྐོམ་པ་མེད་པར་གྱུར་ཏོ། །སྦྲུམ་མ་རྣམས་ནི་ བདེ་བར་བཙས་པར་གྱུར་ཏོ། །ཞུམ་པ་ཉམ་ཆུང་བ་རྣམས་ནི་སྟོབས་ཕུན་སུམ་ཚོགས་པར་གྱུར་ཏོ། །དེའི་ཚེ་སེམས་ཅན་གང་ལ་ཡང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་དང་། ཁྲོ་བ་དང་། ཆགས་པ་དང་། ཐ་བ་དང་། གནོད་སེམས་དང་། ཕྲག་དོག་གི་གནོད་པ་མེད་པར་གྱུར་ཏོ། ། དེའི་ཚེ་སེམས་ཅན་གང་ཡང་འཆི་བ་མེད། འཕོ་བ་མེད། སྐྱེ་བ་མེད་དོ། །དེའི་ཚེ་སེམས་ཅན་ཐམས་ཅད་བྱམས་པའི་སེམས་དང་། ཕན་པའི་སེམས་དང་ལྡན་ཞིང་གཅིག་ལ་གཅིག་ཕ་མར་འདུ་ཤེས་བསྐྱེད་པར་གྱུར་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མནར་མེད་པ་ལ་ཐུག་པའི་བར། །དམྱལ་བ་ མི་བཟད་སྣང་བ་ཡི། །སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཞི། །བདེ་བའི་ཚོར་བ་ཐོབ་པར་འགྱུར། །དུད་འགྲོའི་སྐྱེ་གནས་སེམས་ཅན་རྣམས། །ཕན་ཚུན་གནོད་བྱེད་ཇི་སྙེད་པ། །ཐུབ་ཆེན་འོད་ཀྱིས་རེག་པས་ན། །དེ་དག་བྱམས་པའི་སེམས་ཀྱང་སྐྱེས། །ཡི་དགས་འཇིག་རྟེན་ཡི་དགས་ རྣམས། །བཀྲེས་སྐོམ་ཉེན་པ་ཇི་སྙེད་པ། །བྱང་ཆུབ་སེམས་དཔའི་གཟི་བརྗིད་ཀྱིས། །དེ་དག་ཟས་སྐོམ་རྙེད་པར་གྱུར། །མི་ཁོམ་ཐམས་ཅད་ཆད་གྱུར་ཅིང་། །ངན་འགྲོ་རྣམས་ཀྱང་སྐམས་པར་གྱུར། །སེམས་ཅན་ཐམས་ཅད་བདེར་གྱུར་ཏེ། །ལྷ་ཡི་བདེ་བས་རབ་ཏུ་ཚིམ། །མིག་དང་རྣ་བ་ མེད་པ་དང་། །གཞན་ཡང་གང་དག་དབང་པོ་ཉམས། །དེ་དག་དབང་པོ་ཀུན་རྫོགས་ཤིང་། །ཡན་ལག་ཐམས་ཅད་མཛེས་པར་གྱུར། །འདོད་ཆགས་ཞེ་སྡང་ལ་སོགས་པའི། །ཉོན་མོངས་རྣམས་ཀྱིས་སེམས་ཅན་གང་། །གནོད་གྱུར་དེ་ཚེ་ཉོན་མོངས་ཀུན། །ཞི་བར་གྱུར་ཏེ་བདེ་དང་ལྡན། ། སྨྱོས་པ་དག་ནི་དྲན་ལྡན་ཞིང་། །དབུལ་པོ་དག་ཀྱང་ནོར་དང་ལྡན། །ནད་ཀྱིས་བཏབ་པ་ནད་སོས་ཤིང་། །བཅིང་བས་བཅིངས་པ་གྲོལ་བར་གྱུར། །སེར་སྣ་མེད་ཅིང་དགྲ་མེད་དེ། །གནོད་སེམས་དང་ནི་རྩོད་པ་དག །ཕན་ཚུན་བྱེད་པ་མེད་གྱུར་ཏེ། །དེ་ཚེ་བྱམས་པའི་སེམས་སུ་གནས། །ཕ་དང་ མ་དག་བུ་གཅིག་ལ། །ཇི་ལྟར་ཕངས་པར་སེམས་པ་ལྟར། །དེ་བཞིན་སེམས་ཅན་ཕན་ཚུན་དུ། །དེ་ཚེ་བུ་ཕངས་བཞིན་དུ་སེམས། །བྱང་ཆུབ་སེམས་དཔའི་འོད་དྲ་ཡིས། །ཕྱོགས་བཅུའི་ཕྱོགས་ནི་ཀུན་ཏུ་ཡང་། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །ཞིང་རྣམས་བསམ་གྱིས་མི་ཁྱབ་ གསལ། །རི་བོ་ནག་པོ་རྣམས་དང་ནི། །ཁོར་ཡུག་དག་ཀྱང་མི་སྣང་གྱུར། །རྒྱ་ཆེན་ཞིང་རྣམས་དེ་དག་ཀུན། །གཅིག་པོ་ཇི་བཞིན་དེ་ལྟར་སྣང་། །ལག་མཐིལ་ལྟ་བུར་གྱུར་པ་སྟེ། །བྱང་ཆུབ་སེམས་དཔའ་མཆོད་པའི་ཕྱིར། །ཞིང་རྣམས་ཐམས་ཅད་ལེགས་བརྒྱན་པས། །ཐམས་ཅད་རིན་ ཆེན་ཉིད་དུ་སྣང་། །བྱང་ཆུབ་སྙིང་པོའི་རིམ་གྲོ་པ། །ལྷ་ནི་དེ་ལྟར་བཅུ་དྲུག་ཡོད། །དཔག་ཚད་བརྒྱད་ཅུའི་ས་ཁྱོན་ནང་། །བྱང་ཆུབ་སྙིང་པོ་བརྒྱན་པར་གྱུར། །ཞིང་རྣམས་བྱེ་བ་མཐའ་ཡས་ན། །བཀོད་པ་ཆེན་པོ་གང་ཡོད་པ། །བྱང་ཆུབ་སེམས་དཔའི་གཟི་བརྗིད་ཀྱིས། །དེ་དག་ཐམས་ཅད་དེར་ ཡང་སྣང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །མིའམ་ཅི་དང་ལྟོ་འཕྱེ་ཆེ། །རང་རང་གཞལ་མེད་ཁང་རྣམས་ལ། །དུར་ཁྲོད་ཙམ་དུ་ཤེས་པར་གྱུར། །འདིར་ནི་བཀོད་པ་དེ་མཐོང་ནས། །ལྷ་དང་མི་རྣམས་ངོ་མཚར་གྱུར། །བསོད་ནམས་གང་གི་རྒྱུ་འཐུན་འདིར། །ཕུན་སུམ་འདི་འདྲ་འདི་ལེགས་ འཚར། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །བརྩོན་པར་བྱེད་པ་མེད་པར་ཡང་། །དེ་ཡི་ཡིད་ལ་འདོད་པ་དང་། །བསམ་པ་ཐམས་ཅད་རབ་ཏུ་འགྲུབ། །ཇི་ལྟར་བསམ་པ་གཞན་དག་ཀྱང་། །སྔོན་སྤྱོད་ཚེ་ན་རྫོགས་གྱུར་པ། །ལས་དེའི་རྣམ་པར་སྨིན་པ་ཡིས། །འདི་འདྲའི་ཕུན་སུམ་ཚོགས་ འདི་བྱུང་། །བྱང་ཆུབ་ཤིང་གི་ལྷ་མོ་བཞིས། །ལྷ་ཡི་ཤིང་ནི་ཡོངས་འདུ་བ། །དེ་བས་ཁྱད་པར་འཕགས་པ་ཡིས། །བྱང་ཆུབ་སྙིང་པོར་བརྒྱན་པར་བྱས། །བྱང་ཆུབ་སྙིང་པོའི་བཀོད་པ་གང་། །ལྷ་ཡིས་མངོན་པར་འདུས་བྱས་པ། །ཡོན་ཏན་དེ་དག་ཚིག་གིས་ནི། །ཐམས་ཅད་བརྗོད་པར་ཡོང་ མི་ནུས། །དགེ་སློང་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ལུས་ལས་འོད་ཕྱུང་བ་རྣམ་པར་དག་པ། དྲི་མ་མེད་པ། ལུས་དང་སེམས་ཚིམ་པར་བྱེད་ཅིང་དགའ་བསྐྱེད་པ། ཉོན་མོངས་པ་ཐམས་ཅད་སེལ་བ། སེམས་ཅན་ལ་དགའ་བ་དང་། བདེ་བ་དང་། དད་པ་དང་། མཆོག་ཏུ་ དགའ་བ་ཐམས་ཅད་སྐྱེད་པ་དེས་ཀླུའི་རྒྱལ་པོ་ནག་པོའི་གནས་སྣང་བར་བྱས་པར་མཐོང་ནས། དེའི་ཚེ་ཀླུའི་རྒྱལ་པོ་ནག་པོ་རང་གི་འཁོར་གྱི་མདུན་དུ་འདུག་སྟེ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཕྱིར་བདག་གི་གནས་འདི་གསེར་གྱི་འོད་ཀྱིས་བརྒྱན་པར་ལྷ་དེར་གྱུར་པ་ལས། །ཇི་ལྟར་ འཁོར་བ་འཇིག་གི་འོད་མཛེས་མཐོང་ཞིང་གསེར་ཞེས་བྱ་བ་མཐོང་བ་དང་། །ཇི་ལྟར་འོད་སྲུང་ཆོས་ཀྱི་རྒྱལ་པོ་སྐྱོན་མེད་པ་ཡི་དྲི་མེད་འོད་མཐོང་ལྟར། །མཚན་མཆོག་ལྡན་ཞིང་ཕན་མཛད་ཡེ་ཤེས་འོད་ལྡན་པ་ཞིག་འབྱུང་དུ་ཐེ་ཚོམ་མེད། །སྔོན་ཆད་ཉེས་པར་བྱས་པའི་ལས་ཀྱིས་བདག་གི་ ཁྱིམ་ནི་ཤིན་ཏུ་མུན་པས་གང་། །ཁྱིམ་འདི་ན་ནི་ཉི་མ་ཟླ་བ་དག་གིས་རྒྱ་ཆེར་འོད་ཀྱང་ཡོང་མི་སྣང་། །མེ་དང་ནོར་བུ་དག་དང་དྲི་མེད་གློག་དང་སྐར་མ་རྣམས་ཀྱི་འོད་མི་སྣང་། །བརྒྱ་བྱིན་འོད་དང་ཚངས་པའི་འོད་དང་ལྷ་མིན་རྣམས་ཀྱི་འོད་ཀྱང་མི་སྣང་ན། །དེ་རིང་ཁྱིམ་འདིའི་ནང་དུ་ཉི་མའི་འོད་འདྲ་བ་ཡི་ དགེ་བས་མཛེས་གྱུར་ལ། །སེམས་ཀྱང་དགའ་བསྐྱེད་ཅིང་ལུས་ཀྱང་བདེ་བར་གྱུར་ལ་ལུས་ནི་བསིལ་གྱུར་ཏེ། །ལུས་ཀྱི་སྟེང་དུ་བྱེ་ཚན་འབབ་པ་དེ་ཡང་བདག་ལ་བསིལ་བར་གྱུར་པ་ལས། །བསྐལ་པ་བྱེ་བ་མང་པོར་སྤྱད་པ་བྱང་ཆུབ་ཤིང་དྲུང་བཞུད་པར་ཤིན་ཏུ་གསལ། །ཀླུ་ཡི་མེ་ཏོག་མཛེས་དང་ བཟང་ལ་དྲི་ཞིམ་གོས་དང་མུ་ཏིག་དོ་ཤལ་དང་། །རྒྱན་དང་གདུ་བུ་དག་དང་ཕྱེ་མ་རྣམས་དང་བདུག་པ་མཆོག་རྣམས་མྱུར་ཐོགས་ལ། །གླུ་དབྱངས་དག་དང་རོལ་མོའི་དབྱངས་སྒྲ་སྣ་ཚོགས་གྱིས་ཤིག་རྔ་དང་རྫ་རྔ་བཟང་། །བརྡུང་ཞིང་འགྲོ་བླ་ཀུན་གྱིས་མཆོད་འོས་ཕན་པ་མཛད་ལ་མཆོད་པ་བྱེད་དུ་འདེང་། ། དེ་ནི་ལངས་ཏེ་ཀླུ་ཡི་བུ་མོ་རྣམས་དང་ལྷན་ཅིག་ཕྱོགས་བཞིར་བལྟས་པ་དང་། །དེ་ནས་རི་བོ་ལྷུན་པོ་ལྟ་བུར་གཟི་བརྗིད་རྣམས་ཀྱིས་ལེགས་པར་བརྒྱན་པ་ཞིག །ལྷ་དང་ལྷ་མིན་བྱེ་བ་དག་དང་ཚངས་པའི་དབང་དང་གནོད་སྦྱིན་རྣམས་ཀྱིས་བསྐོར། །དགའ་བའི་ཡིད་ཀྱིས་དེ་ལ་མཆོད་བྱེད་ཤུལ་ནི་ འདི་ཞེས་སྟོན་ཅིང་འདོང་བ་མཐོང་། །ཀླུ་ཡི་རྒྱལ་དེ་རབ་ཏུ་དགའ་ཞིང་མགུ་ནས་འཇིག་རྟེན་མཆོག་ལ་མཆོད་བྱས་ཏེ། །གུས་དང་བཅས་པས་དེ་ཡི་རྐང་པ་གཉིས་ལ་ཕྱག་འཚལ་ཐུབ་པའི་མདུན་དུ་འདུག །ཀླུ་ཡི་བུ་མོ་རྣམས་ཀྱང་དགའ་ཞིང་མགུ་བའི་ཡིད་ཀྱིས་ཐུབ་ལ་མཆོད་པ་བྱེད། །མེ་ཏོག་རྣམས་ དང་སྤོས་དང་བྱུག་པ་དག་ཀྱང་འཐོར་ཞིང་སིལ་སྙན་རྣམས་ཀྱང་བྱེད། །ཀླུ་ཡི་རྒྱལ་པོ་རབ་ཏུ་དགའ་ནས་ཐལ་སྦྱར་ཡང་དག་ཡོན་ཏན་རྣམས་ཀྱིས་བསྟོད། །འདྲེན་པ་འཇིག་རྟེན་དམ་པ་དགུང་ཟླ་ཉ་བའི་ཞལ་འདྲ་མཐོང་བར་གྱུར་པ་ལེགས། །བདག་གིས་སྔོན་ཆད་དྲང་སྲོང་རྣམས་ཀྱི་མཚན་མ་མཐོང་བ་ ཁྱོད་ཀྱང་དེ་འདྲ་སྟེ། །དེ་རིང་ཁྱོད་ཀྱིས་བདུད་ཀྱི་དཔུང་རྣམས་བཅོམ་སྟེ་བཞེད་པའི་གོ་འཕང་བརྙེས་པར་འགྱུར། །གང་གི་དོན་དུ་སྔན་ཆད་དུལ་དང་སྦྱིན་དང་བསྡམས་ཤིང་བདོག་པ་ཀུན་བཏང་ལ། །གང་གི་དོན་དུ་དུལ་དང་ཚུལ་ཁྲིམས་བྱམས་དང་སྙིང་རྗེ་བ་དང་བཟོད་པ་བསྒོམས། །གང་གི་དོན་དུ་བརྩོན་ འགྲུས་བརྟན་དང་བསམ་གཏན་དགྱེས་དང་ཤེས་རབ་འབར་མཛད་པ། །ཁྱོད་ཀྱི་སྨོན་ལམ་དེ་དག་ཐམས་ཅད་རབ་ཏུ་རྫོགས་ནས་དེ་རིང་རྒྱལ་བར་འགྱུར། །ཇི་ལྟར་ལྗོན་ཤིང་ལོ་མ་མེ་ཏོག་འབྲས་བུར་བཅས་པ་བྱང་ཆུབ་ཤིང་ལ་འདུད། །ཇི་ལྟར་བུམ་པ་ཆབ་ཀྱིས་གང་བ་སྟོང་དག་ཁྱོད་ལ་བསྐོར་བ་ རབ་བགྱིད་ཅིང་། །ཇི་ལྟར་ཙ་ཤའི་ཚོགས་རྣམས་རབ་ཏུ་དགའ་སྟེ་སྙན་པའི་སྒྲ་སྐད་འབྱིན་པ་དང་། །ཇི་ལྟར་ངང་པ་ཁྲུང་ཁྲུང་ཚོགས་ཀྱང་མཁའ་ལ་མཆི་ཞིང་ཚུལ་དུ་ཤིས་ལྡན་པར། །དང་བའི་ཡིད་ཀྱིས་དྲང་སྲོང་ལ་ནི་བསྐོར་བ་བགྱིད་ལས་དེ་རིང་དགྲ་བཅོམ་འགྱུར། །ཇི་ལྟར་གསེར་གྱི་ཁ་དོག་ལྟ་ བུར་མཛེས་པའི་འོད་རྣམས་ཞིང་ནི་བརྒྱར་མཆིས་ཏེ། །ཇི་ལྟར་ངན་སོང་མཐའ་དག་ཞི་བར་བགྱིད་ཅིང་སྐྱེ་དགུའི་སྡུག་བསྔལ་ཐར་བགྱིད་དང་། །ཇི་ལྟར་ཉི་མ་ཟླ་བའི་གནས་ཀྱི་རྒྱུན་ཚད་བསེར་མའང་དལ་བུས་ལྡང་བ་ལས། །སྲིད་པ་གསུམ་དུ་སྐྱེ་དང་རྒ་བ་ཐར་མཛད་པ་ཡི་དེད་དཔོན་དེ་རིང་འགྱུར། །ཇི་ལྟར་ལྷ་ རྣམས་འདོད་པའི་དགའ་བ་སྤངས་ཏེ་ཁྱོད་ལ་མཆོད་དུ་ལྷགས་པ་དང་། །ཚངས་དང་ཚངས་པའི་མདུན་ན་འདོན་དང་ལྷ་རྣམས་བསམ་གཏན་བདེ་བ་སྤངས་པ་དང་། །གང་ཡང་སྲིད་པ་གསུམ་ན་དབང་ཕྱུག་དམ་པ་མཆིས་པ་ཐམས་ཅད་འདིར་ལྷགས་ལས། །སྲིད་པ་གསུམ་དུ་སྐྱེ་རྒ་ཐར་བ་མཛད་པའི་སྨན་ པའི་རྒྱལ་པོ་དེ་རིང་བྱོན། །ཇི་ལྟར་ལྷ་རྣམས་དག་གིས་ཕྱག་དར་བགྱིས་པའི་ཤུལ་དེ་ནས་ནི་ཁྱོད་གཤེགས་ལ། །བཅོམ་ལྡན་འཁོར་བ་འཇིག་དང་གསེར་ཞེས་བགྱི་དང་འོད་སྲུང་དག་ཀྱང་དེ་ནས་གཤེགས། །ཇི་ལྟར་པད་མ་བཟང་པོ་དྲི་མ་མ་མཆིས་རྣམ་དག་དོག་ས་བརྟོལ་བྱུང་སྟེ། ། དེ་ལ་སྟོབས་ཆེན་ལྡན་པ་ཞབས་ཀྱི་གོམ་པ་འདོར་ལས་དེ་རིང་དགྲ་བཅོམ་འགྱུར། །བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མའི་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་བདུད། །དེ་དག་རྣམས་ཀྱིས་བྱང་ཆུབ་ཤིང་དྲུང་ནས་ནི་ཁྱོད་ལ་བསྐྱོད་པའམ་གཡོས་མ་ནུས། །མཆོད་སྦྱིན་ཁྲག་ཁྲིག་ཕྲག་སྟོང་རྣམ་པ་དུ་མ་གང་གཱ་ ཀླུང་གི་བྱེ་མ་སྙེད། །ཁྱོད་ཀྱིས་མཛད་ཅིང་འགྲོ་ལ་ཕན་ཕྱིར་སྤྱད་པ་དེས་ན་འདིར་ནི་རྣམ་པར་མཛེས། །རྒྱུ་སྐར་ཟླ་བར་བཅས་ཤིང་སྐར་མ་ཉི་མར་བཅས་པ་མཁའ་ལས་སར་ལྟུང་གདའ། །རི་མཆོག་ཆེན་པོ་རང་གི་གནས་ནས་གཡོ་ཞིང་རྒྱ་མཚོ་སྐམས་པར་འགྱུར་ཡང་གདའ། །སྐྱེས་བུ་མཁས་ པ་ལ་ལས་ཁམས་བཞི་པོ་དག་རེ་རེ་ནས་ནི་སྟོན་ནུས་གདའ། །ཁྱོད་ནི་ཤིང་གི་རྒྱལ་པོའི་དྲུང་དུ་གཤེགས་ནས་བྱང་ཆུབ་མ་ཐོབ་བཞེངས་མི་གདའ། །གང་གི་སླད་དུ་ཁ་ལོ་སྒྱུར་བ་མཐོང་ཞིང་མཆོད་བགྱིས་ཡོན་ཏན་བརྗོད་པ་དང་། །བྱང་ཆུབ་ཏུ་ཡང་སྤྲོ་བས་བདག་གིས་རྙེད་པ་འཕེལ་བ་རྒྱ་ཆེན་རྙེད་ པར་གྱུར། །བུར་བཅས་བདག་དང་ཀླུ་ཡི་བུ་མོ་ཐམས་ཅད་སྐྱེ་གནས་འདི་ལས་ཐར་གྱུར་ཅིང་། །གླང་པོ་དྲེགས་པའི་སྟབས་སུ་བཞུད་པ་ཁྱོད་ཀྱི་སྟབས་དེས་བདག་ཅག་མཆི་བར་བགྱི། །དགེ་སློང་དག་དེ་ལྟར་ཀླུའི་རྒྱལ་པོ་ནག་པོའི་ཆུང་མ་དམ་པ་གསེར་འོད་ཅེས་བྱ་བ་ཀླུའི་བུ་མོ་རིན་པོ་ཆེའི་ གདུགས་སྣ་ཚོགས་ཐོགས་པ་དང་། སིལ་སྙན་སྣ་ཚོགས་ཐོགས་པ་དང་། མུ་ཏིག་གི་དོ་ཤལ་སྣ་ཚོགས་ཐོགས་པ་དང་། ནོར་བུ་རིན་པོ་ཆེ་སྣ་ཚོགས་ཐོགས་པ་དང་། ལྷའི་དང་མིའི་ཕྲེང་བ་བརྒྱུས་པ་སྣ་ཚོགས་ཐོགས་པ་དང་། པོག་ཕོར་སྣ་ཚོགས་ཐོགས་པ་དང་། སིལ་སྙན་དང་གླུ་ དབྱངས་སྣ་ཚོགས་ལེན་པ་རབ་ཏུ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བྱང་ཆུབ་སེམས་དཔའི་གན་དུ་འདོང་ཞིང་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་མངོན་པར་གཏོར་ཏེ་ཚིགས་སུ་བཅད་པ་འདི་དག་གིས་ཀྱང་བསྟོད་དོ། །འཁྲུལ་པ་མི་མངའ་མི་བསྙེངས་མི་འཛེམ་བག་མི་ཚ། །མ་ཞུམ་མི་ དམན་རབ་ཏུ་དགྱེས་པར་གདུལ་དཀའ་བ། །མ་ཆགས་མི་སྡང་མ་རྨོངས་བརྐམ་པ་མི་མངའ་བ། །ཆགས་བྲལ་རྣམ་གྲོལ་དྲང་སྲོང་ཁྱོད་ལ་ཕྱག་འཚལ་ལོ། །སྨན་པ་ཟུག་རྔུ་བྲལ་བ་གདུལ་བ་འདུལ་མཛད་པ། །འགྲོ་བ་སྡུག་བསྔལ་རྣམས་ལས་ཐར་མཛད་སྨན་པ་མཆོག །གནས་དང་སྐྱབས་མ་མཆིས་ ཤིང་དམན་པ་མཁྱེན་ནས་ནི། །འཇིག་རྟེན་གསུམ་འདིར་གནས་དང་སྐྱབས་སུ་ཁྱོད་བྱུང་ངོ་། །ཇི་ལྟར་ལྷ་ཚོགས་རབ་ཏུ་དད་ཅིང་དགར་གྱུར་ཏེ། །མེ་ཏོག་ཆར་པ་ཆེན་པོ་མཁའ་ལས་འབེབས་པ་དང་། །འདི་དག་ཇི་ལྟར་གོས་ཆེན་འཐོར་བར་བགྱིད་པ་ལས། །དེ་རིང་རྒྱལ་བར་འགྱུར་གྱིས་རབ་ཏུ་ དགྱེས་པར་མཛོད། །ཤིང་དབང་དྲུང་དུ་གཤེགས་ལ་བསྙེངས་པ་མི་མངར་བཞུགས། །བདུད་ཀྱི་སྡེ་ལས་རྒྱལ་མཛོད་ཉོན་མོངས་དྲ་བ་དྲོལ། །སྔོན་གྱི་རྒྱལ་དབང་རྣམས་ཀྱིས་ཇི་ལྟར་སངས་རྒྱས་ལྟར། །བྱང་ཆུབ་ཞི་བ་དམ་པ་མཆོག་ཏུ་འཚང་རྒྱར་མཛོད། །ཁྱོད་ཀྱིས་གང་གི་དོན་དུ་བསྐལ་པ་བྱེ་ མང་དུ། །འགྲོ་བ་སྒྲོལ་བའི་དོན་དུ་དཀའ་བ་སྤྱད་པ་མཛད། །ཁྱོད་ཀྱིས་དགོངས་པ་རྫོགས་ཏེ་དུས་ལ་ད་བབ་ཀྱིས། །ཤིང་དབང་དྲུང་དུ་གཤེགས་ཏེ་བྱང་ཆུབ་མཆོག་རེག་མཛོད། །དགེ་སློང་དག་དེ་ནས་བྱང་ཆུབ་སེམས་དཔས་འདི་སྙམ་དུ་བསམས་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་ཅི་ ཞིག་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སྙམ་མོ། །དེ་ནས་དེས་ཡང་འདི་སྙམ་དུ་བསམས་ཏེ། རྩྭ་བཏིང་ནས་བཞུགས་སོ་སྙམ་མོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་ཚོགས་བརྒྱ་སྟོང་བར་སྣང་ལ་འཁོད་པ་དག་གིས་བྱང་ ཆུབ་སེམས་དཔའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཤེས་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །དེ་དེ་བཞིན་ནོ། །སྐྱེས་བུ་དམ་པ་དེ་དེ་བཞིན་ཏེ། སྔོན་གྱི་དེ་བཞིན་གཤེགས་པ་དེ་དག་རྩྭ་བཏིང་བ་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་ རྒྱས་སོ། །དགེ་སློང་དག་བྱང་ཆུབ་སེམས་དཔས་ལམ་གྱི་གཡས་རོལ་ན་རྩྭ་འཚོང་བཀྲ་ཤིས་པ་ཞེས་བྱ་བ་རྩྭ་སྔོ་བ། འཇམ་པ། ཤིན་ཏུ་གཞོན་པ། ཉམས་དགའ་བ། ལྕང་ལོར་འཁྲིལ་བར་འདུག་པ། གཡས་སུ་འཁྱིལ་བ། རྨ་བྱའི་མགྲིན་པ་ལྟ་བུ། ཀ་ཙ་ལིན་དའི་གོས་ལྟར་རེག་ན་ བདེ་བ། དྲི་རབ་ཏུ་ཞིམ་པ། ཁ་དོག་དང་ལྡན་པ། ཡིད་དུ་འོང་བ་དག་བརྔ་ཞིང་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་བྱང་ཆུབ་སེམས་དཔས་ལམ་བོར་ཏེ། རྩྭ་འཚོང་བཀྲ་ཤིས་པ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། རྩྭ་འཚོང་བཀྲ་ཤིས་པ་ལ་སྙན་པའི་ཚིག་གིས་སྨྲས་ཏེ། ཚིག་ དེ་ནི་ཀུན་ཤེས་པར་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པ་དང་། རྣམ་པར་གསལ་བ་དང་། མི་ཆོད་པ་དང་། ཆགས་པར་བྱེད་པ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། སྣུམ་པ་དང་། གོ་བར་བྱེད་པ་དང་། སྐུལ་བ་དང་། ཚིམ་པར་བྱེད་པ་དང་། དགའ་བར་བྱེད་པ་ དང་། མི་རྩུབ་པ་དང་། ཤ་ཤ་བོ་མ་ཡིན་པ་དང་། མི་བརླང་བ་དང་། མི་བརྐམ་པ་དང་། འཇམ་པ་དང་། སྙན་པ་དང་། རྣར་བདེ་བ་དང་། ལུས་དང་སེམས་ཤིན་ཏུ་དགའ་བར་བྱེད་པ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་འཐབ་པ་དང་། རྙོག་པ་སེལ་བ་དང་། ཀ་ལ་པིང་ཀའི་ སྒྲ་སྐད་ལྟ་བུ་དང་། བྱ་ཀུ་ན་ལ་དང་། ཤང་ཤང་ཏེའུ་ལ་སོགས་པ་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང་། རྔ་བོ་ཆེ་དང་། གླུ་དབྱངས་ཀྱི་སྒྲ་སྐད་ཀྱི་ང་རོ་དང་ལྡན་པ་དང་། གནོད་པ་མེད་པ་དང་། བདེན་པ་དང་། གསལ་བ་དང་། ཡང་དག་པ་དང་། ཚངས་པའི་སྒྲ་སྐད་བསྒྲགས་པའི་གདངས་ལྟ་བུ་དང་། རྒྱ་མཚོའི་སྒྲའི་ཤུགས་ལྟ་བུ་དང་། རི་རྡོབ་པའི་སྒྲ་ལྟ་བུ་དང་ལྡན་པ་དང་། ལྷའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོས་མངོན་པར་བསྟོད་པ་དང་། ཟབ་པ་དང་། གཏིང་དཔག་དཀའ་བ་དང་། བདུད་ཀྱི་སྟོབས་སྟོབས་མེད་པར་བྱེད་པ་དང་། ཕས་ཀྱི་རྒོལ་བའི་སྨྲ་བ་འཇོམས་པ་དང་། སེང་ གེའི་སྒྲའི་ཤུགས་ལྟ་བུ་དང་། རྟ་དང་གླང་པོ་ཆེའི་སྒྲ་འབྱིན་པའི་ང་རོ་ལྟ་བུ་དང་། ཀླུ་སྒྲ་སྒྲོག་པ་ལྟ་བུ་དང་། འབྲུག་ཟེར་བའི་སྒྲ་ལྟ་བུ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་རྒྱས་པར་འགེངས་པ་དང་། འདུལ་བའི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། རྟབ་རྟབ་ པོར་མ་ཡིན་པ་དང་། འཚེ་བ་མེད་པ་དང་། མི་ཤོལ་པ་དང་། འཚམ་པ་དང་། རིགས་པ་དང་། དུས་སུ་སྨྲ་བ་དང་། དུས་ལས་མི་ཡོལ་བ་དང་། ཆོས་བརྒྱ་སྟོང་ལེགས་པར་བརྒྱུས་པ་དང་། མཉེན་པ་དང་། ཐོགས་པ་མེད་པ་དང་། རྒྱུན་ཆད་པ་མེད་པའི་སྤོབས་པ་དང་ལྡན་པ་དང་། སྐད་ཅིག་གིས་སྐད་ཐམས་ཅད་སྒྲོགས་པ་དང་། བསམ་པ་ཐམས་ཅད་ཤེས་པར་བྱེད་པ་དང་། བདེ་བ་ཐམས་ཅད་སྐྱེད་པ་དང་། ཐར་པའི་ལམ་ཡང་དག་པར་སྟོན་པ་དང་། ལམ་གྱི་ཚོགས་སྨྲ་བ་དང་། འཁོར་ལས་མི་འདའ་བ་དང་། འཁོར་ཐམས་ཅད་ཚིམ་པར་བྱེད་པ་དང་། སངས་ རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་འཐུན་པ་སྟེ། བྱང་ཆུབ་སེམས་དཔས་དེ་ལྟ་བུའི་ཚིག་གིས་རྩྭ་འཚོང་བཀྲ་ཤིས་པ་ལ་ཚིགས་སུ་བཅད་དེ་སྨྲས་པ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་ དམ་པ་ཞི་བ་རེག་པར་འགྱུར། །གང་གི་ཆེད་དུ་ང་ཡིས་བསྐལ་སྟོང་དུ། །སྦྱིན་དང་དུལ་དང་སྡོམ་དང་གཏོང་བྱས་དང་། །ཚུལ་ཁྲིམས་བརྟུལ་ཞུགས་དཀའ་ཐུབ་རབ་སྤྱད་པ། །དེ་ནི་དེ་རིང་ང་ཡིས་ཐོབ་པར་འགྱུར། །བཟོད་པའི་སྟོབས་དང་དེ་བཞིན་བརྩོན་འགྲུས་སྟོབས། །བསམ་གཏན་སྟོབས་ དང་དེ་བཞིན་ཤེས་རབ་སྟོབས། །བསོད་ནམས་དང་ནི་མངོན་ཤེས་རྣམ་ཐར་སྟོབས། །དེ་ནི་དེ་རིང་ང་ལ་འགྲུབ་པར་འགྱུར། །ཤེས་རབ་སྟོབས་དང་ཐབས་ཀྱི་སྟོབས་དག་དང་། །རྫུ་འཕྲུལ་དང་ནི་ཆགས་མེད་བྱམས་པའི་སྟོབས། །སོ་སོ་ཡང་དག་རིག་དང་བདེན་པའི་སྟོབས། །དེ་ནི་དེ་རིང་ང་ལ་ འགྲུབ་པར་འགྱུར། །དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། །ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །དེ་ནི་ཁྱོད་ཀྱི་ངན