Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 038_ཕལ་ཆེན།_ཨ

Văn bản gốc(Tây Tạng)

Trang 22 / 22 (50.000 ký tự/trang)
་བགྱི། །གང་ཡང་
བསྐལ་པ་དུས་གསུམ་ཚད་དེ་དག །སྐད་ཅིག་ཆ་ཤས་ཀྱིས་ནི་ཞུགས་པར་སྤྱད། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་དག །དེ་དག་སྐད་ཅིག་གཅིག་ལ་བདག་གིས་བལྟ། །རྟག་ཏུ་དེ་དག་གི་ནི་སྤྱོད་ཡུལ་ལ། །སྒྱུ་མར་གྱུར་པའི་རྣམ་ཐར་སྟོབས་ཀྱིས་
འཇུག །གང་ཡང་དུས་གསུམ་དག་གི་ཞིང་བཀོད་པ། །དེ་དག་རྡུལ་གཅིག་སྟེང་དུ་མངོན་པར་བསྒྲུབ། །དེ་ལྟར་མ་ལུས་ཕྱོགས་རྣམས་ཐམས་ཅད་དུ། །རྒྱལ་བ་རྣམས་ཀྱི་ཞིང་གི་རྒྱན་ལ་འཇུག །གང་ཡང་མ་བྱོན་འཇིག་རྟེན་སྒྲོན་མ་རྣམས། །
དེ་དག་རིམ་པར་འཚང་རྒྱ་འཁོར་ལོ་བསྐོར། །མྱ་ངན་འདས་པ་རབ་ཏུ་ཞི་མཐའ་སྟོན། །མགོན་པོ་ཀུན་གྱི་དྲུང་དུ་བདག་མཆིའོ། །ཀུན་ཏུ་མྱུར་བའི་རྫུ་འཕྲུལ་སྟོབས་རྣམས་དང་། །ཀུན་ནས་སྒོ་ཡི་ཐེག་པའི་སྟོབས་དག་དང་། །ཀུན་ཏུ་ཡོན་ཏན་སྤྱོད་པའི་
སྟོབས་རྣམས་དང་། །ཀུན་ཏུ་ཁྱབ་པ་བྱམས་པ་དག་གི་སྟོབས། །ཀུན་ཏུ་དགེ་བའི་བསོད་ནམས་སྟོབས་རྣམས་དང་། །ཆགས་པ་མེད་པར་གྱུར་པའི་ཡེ་ཤེས་སྟོབས། །ཤེས་རབ་ཐབས་དང་ཏིང་འཛིན་སྟོབས་དག་གིས། །བྱང་ཆུབ་སྟོབས་རྣམས་ཡང་
དག་སྒྲུབ་པར་བྱེད། །ལས་ཀྱི་སྟོབས་རྣམས་ཡོངས་སུ་དག་བྱེད་ཅིང་། །ཉོན་མོངས་སྟོབས་རྣམས་ཀུན་ཏུ་འཇོམས་པར་བྱེད། །བདུད་ཀྱི་སྟོབས་རྣམས་སྟོབས་མེད་རབ་བྱེད་ཅིང་། །བཟང་པོ་སྤྱོད་པའི་སྟོབས་ནི་རྫོགས་པར་བགྱི། །ཞིང་རྣམས་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །

སེམས་ཅན་རྒྱ་མཚོ་དག་ནི་རྣམ་པར་སྒྲོལ། །ཆོས་རྣམས་རྒྱ་མཚོ་རབ་ཏུ་མཐོང་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རབ་ཏུ་རྟོགས་པར་བྱེད། །སྤྱོད་པ་རྒྱ་མཚོ་རྣམ་པར་དག་བྱེད་ཅིང་། །སྨོན་ལམ་རྒྱ་མཚོ་རབ་ཏུ་རྫོགས་པར་བྱེད། །སངས་
རྒྱས་རྒྱ་མཚོ་རབ་ཏུ་མཆོད་བྱེད་ཅིང་། །བསྐལ་པ་རྒྱ་མཚོར་མི་སྐྱོ་སྤྱད་པར་བགྱི། །གང་ཡང་དུས་གསུམ་གཤེགས་པ་རྒྱལ་བ་ཡི། །བྱང་ཆུབ་སྤྱོད་པའི་སྨོན་ལམ་བྱེ་བྲག་རྣམས། །བཟང་པོ་སྤྱོད་པས་བྱང་ཆུབ་སངས་རྒྱས་ནས། །དེ་ཀུན་བདག་
གིས་མ་ལུས་རྫོགས་པར་བགྱི། །རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་བ། །གང་གི་མིང་ནི་ཀུན་ཏུ་བཟང་ཞེས་བྱ། །མཁས་པ་དེ་དང་མཚུངས་པར་སྤྱད་པའི་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ལུས་དང་ངག་དང་ཡིད་ཀྱང་རྣམ་དག་ཅིང་། །
སྤྱོད་པ་རྣམ་དག་ཞིང་རྣམས་ཡོངས་དག་དང་། །བསྔོ་བ་བཟང་པོ་མཁས་པ་ཅི་འདྲ་བར། །དེ་འདྲར་བདག་ཀྱང་དེ་དང་མཚུངས་པར་ཤོག །ཀུན་ནས་དགེ་བ་བཟང་པོ་སྤྱོད་པའི་ཕྱིར། །འཇམ་དཔལ་གྱི་ནི་སྨོན་ལམ་སྤྱད་པར་བགྱི། །མ་
འོངས་བསྐལ་པ་ཀུན་ཏུ་མི་སྐྱོ་བར། །དེ་ཡི་བྱ་བ་མ་ལུས་རྫོགས་པར་བགྱི། །སྤྱོད་པ་དག་ནི་ཚད་ཡོད་མ་གྱུར་ཅིག །ཡོན་ཏན་རྣམས་ཀྱང་ཚད་གཟུང་མེད་པར་ཤོག །སྤྱོད་པ་ཚད་མེད་པ་ལ་གནས་ནས་ཀྱང་། །དེ་དག་འཕྲུལ་པ་ཐམས་ཅད་འཚལ་བར་བགྱི། །
ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །གང་ཡང་ཕྱོགས་བཅུའི་ཞིང་རྣམས་མཐའ་ཡས་པ། །རིན་ཆེན་
བརྒྱན་ཏེ་རྒྱལ་བ་རྣམས་ལ་ཕུལ། །ལྷ་དང་མི་ཡི་བདེ་བ་མཆོག་རྣམས་ཀྱང་། །ཞིང་གི་རྡུལ་སྙེད་བསྐལ་བར་ཕུལ་བ་བས། །གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་བསྐྱེད་པས་

ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །དེ་
དག་རྙེད་པ་རབ་རྙེད་བདེ་བར་འཚོ། །མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །ཀུན་ཏུ་བཟང་པོ་དེ་ཡང་ཇི་འདྲ་བར། །དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གི་མི་ཤེས་དབང་གིས་བྱས་པ་དག །
དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །བདུད་དང་མུ་སྟེགས་མང་པོས་དེ་མྱི་ཐུབ། །འཇིག་རྟེན་གསུམ་པོ་
ཀུན་ནའང་མཆོད་པར་འགྱུར། །བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །གང་ཡང་བཟང་པོ་སྤྱོད་
པའི་སྨོན་ལམ་འདི། །འཆང་བ་དང་ནི་ཀློག་གམ་སྟོན་པ་ཡི། །དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །
དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་
ཕྱིར་རབ་ཏུ་བསྔོ་བར་བགྱི། །བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསྩལ་ཏེ། །མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །

ཐམས་ཅད་མ་ལུས་མངོན་དུ་གྱུར་པར་ཤོག །དེ་དག་མ་ལུས་བདག་གིས་ཡོངས་སུ་བསྐང་། །འཇིག་རྟེན་ཇི་སྲིད་སེམས་ཅན་ཕན་པར་བགྱི། །རྒྱལ་པའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པད་མོ་དམ་པ་ཤིན་ཏུ་མཛེས་
ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །དེར་ནི་བདག་གིས་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློའི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །
སེམས་ཅན་རྣམས་ལ་ཕན་པ་མང་པོ་བགྱི། །གང་གིས་བཟང་པོ་སྤྱོད་པ་སྟོན་པ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསྩགས་པ། །དེས་ནི་འགྲོ་བའི་སྨོན་ལམ་དགེ་བ་རྣམས། །སྐད་ཅིག་གཅིག་གིས་ཐམས་ཅད་འབྱོར་བར་ཤོག །གང་ཡང་
བཟང་པོ་སྤྱོད་པ་བསྔོས་པ་ཡིས། །བསོད་ནམས་མཐའ་ཡས་དམ་པ་ཐོབ་པ་དེས། །འགྲོ་བ་སྡུག་བསྔལ་ཆུ་བོར་བྱིང་བ་རྣམས། །འོད་དཔག་མེད་པའི་གནས་རབ་འགྲོ་བར་ཤོག །ཤིན་ཏུ་རྒྱས་པ་ཆེན་པོའི་མདོ། །སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་
ལས། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་། སྡོང་པོས་བརྒྱན་པ་ཞེས་བྱ་བ་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས། ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་བསྙེན་བཀུར་བའི་སྤྱོད་པ་ཕྱོགས་གཅིག་སྟེ་ཅི་སྙེད་པ་རྫོགས་སྷོ།། །།རྒྱ་གར་གྱི་
མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།དེ་ལྟར་བདེ་བར་གཤེགས་པའི་བཀའ་འཁོར་ལོ་རིམ་པ་གསུམ་ལས། འདིར་ཐ་མ་དོན་དམ་རྣམ་པར་
ངེས་པའི་འཁོར་ལོའི་སྙིང་པོ་ཕུལ་དུ་བྱུང་བ་སངས་རྒྱས་ཕལ་པོ་ཆེ་མཚན་གྱི་རྣམ་གྲངས་ཤིན་ཏུ་རྒྱས་པ་ཆེན་པོའི་སྡེ་སྣོད། སྙན་གྱི་གོང་རྒྱན། པདྨའི་རྒྱན་སོགས་དུ་མ་དང་ལྡན་པ་ལ། དེ་བཞིན་གཤེགས་པ་ཕལ་པོ་ཆེའི་ལེའུ། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ། ས་བཅུ་བསྟན་པ། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ། དེ་བཞིན་

གཤེགས་པའི་སྐྱེ་བ་དང་འབྱུང་བ་བསྟན་པ། འཇིག་རྟེན་ལས་འདས་པའི་ལེའུ། སྡོང་པོས་བརྒྱན་པའི་ལེའུ་སྟེ་བདུན་ལ་སོ་སོའི་ནང་གསེས་ཀྱི་དབྱེ་བས་ལེའུ་བཞི་བཅུ་རྩ་ལྔ། ཤློ་ཀ་སུམ་ཁྲི། དགུ་སྟོང་སུམ་ཅུ། བམ་པོ་བརྒྱ་སུམ་ཅུ་དང་ཤློ་ཀ་སུམ་ཅུ་ཡོད་པར་བུ་སྟོན་རིན་པོ་ཆེ་སོགས་བཞེད་ཅིང་། ཚལ་པ་བཀའ་
འགྱུར་གྱི་དཀར་ཆག་ཏུ་བམ་པོ་བརྒྱ་དང་བཅོ་ལྔ། ལྡན་དཀར་མར་བམ་པོ་བརྒྱ་དང་ཉི་ཤུ་རྩ་བདུན་དུ་མཛད། དེང་སང་གི་དཔེ་རྣམས་ལའང་བམ་གྲངས་མང་ཉུང་ཅི་རིགས་ཡོད་པར་སྣང་། འདི་ཐོག་མར་འཕགས་པ་ཀླུ་སྒྲུབ་ལ། པཎྜི་ཏ་བྱང་ཆུབ་བཟང་པོ་དང་པཎྜི་ཏ་དགའ་བ་གཉིས་ཀྱིས་ཞུས། དེ་གཉིས་ཀས་རྒྱ་ནག་ཏུ་
འགྱུར་མཛད། རྒྱ་ནག་གི་འགྱུར་ལ། སུ་རེནྟྲ་བོ་དྷི་དང་། བཻ་རོ་ཙ་ན་རཀྵི་ཏས་ཞུས་ཆེན་མཛད་པར་བཤད་ཅིང་། ལུང་གི་བརྒྱུད་རིམ་ལའང་རྒྱ་ནག་ནས་འགྱུར་བའི་བརྒྱུད་པ་ནི། རྫོགས་པའི་སངས་རྒྱས། འཕགས་པ་འཇམ་དཔལ། མགོན་པོ་ཀླུ་སྒྲུབ། གོང་གི་པཎྜི་ཏ་གཉིས། དེ་ནས་ཧྭ་ཤང་ཐུ་ཐུ་ཞུན་སོགས་
རིམ་པར་བརྒྱུད་དེ། ཧྭ་ཤང་གྱིང་ཇུ་ལ་དབུས་པ་སངས་རྒྱས་འབུམ་གྱིས་གསན། དེ་ནས་ལོ་ཙཱ་བ་མཆོག་ལྡན་ནས་དེང་སང་གི་བར་དུ་བརྒྱུད་པ་དང་། རྒྱ་གར་ནས་འགྱུར་བའི་བརྒྱུད་པ་ནི། ཀླུ་སྒྲུབ་ནས། ཨཪྻ་དེ་ཝ། འཇམ་དཔལ་གྲགས་པ་སོགས་ནས་རིམ་བཞིན། རྡོ་རྗེ་གདན་བ་རི་ལོ་ཙཱ་བས་གསན། དེ་
ནས་མཆིམས་བརྩོན་སེང་། རྗེ་བཙུན་ས་སྐྱ་པ་ཆེན་པོ་སོགས་བརྒྱུད་པར་བཤད་དོ། །འོན་ཀྱང་གོང་གི་འགྱུར་བྱང་འདི་ལས་ལོ་པཎ་གཞན་གྱིས་བསྒྱུར་ཚུལ་ལོ་རྒྱུས་དང་། དཔེ་རྣམས་ལ་མ་མཐོང་ངོ་། །འདི་ཉིད་ཚལ་བ་བཀའ་འགྱུར་གྱི་མ་ཕྱི་བྱས་ནས་འཇང་ས་ཐམ་རྒྱལ་པོས་བཀའ་འགྱུར་རོ་ཅོག་པར་དུ་
བསྒྲུབས་པ་དེང་སང་ལི་ཐང་མཆལ་བར་དུ་གྲགས་པ་ཁུངས་ཐུབ་ཀྱི་ཚད་མར་བཟུང་ནས་མ་ཕྱི་བྱས་པ་ཡིན་ཀྱང་། སྐབས་འདིར་ཆད་ལྷག་དང་བརྡ་མ་དག་པ་མང་བ་འདུག་པས། སླར་ཡིག་རྙིང་དག་པ་མང་དུ་བཙལ་ནས་ཞུ་དག་བགྱིས་པ་ཡིན་ལ། དེའང་རྒྱ་དཔེ་མི་གཅིག་པ་དང་། འགྱུར་མི་མཐུན་
པ་ནི་དོན་གྱི་ཁོག་གཅིག་ཀྱང་ཚིག་ལ་ཞུ་དག་མི་བཏུབ་ནའང་། འདིའི་དཔེ་ཕལ་ཆེར་ཞུ་དག་ཕེར་བ་ཁོ་ན་འདུག་ལ་འོན་ཀྱང་རྒྱན་ལ་བཀོད་པ་དང་། འབྱམ་ཀླས་ལ་རབ་འབྱམས་དང་། སོ་སོ་ཡང་དག་པར་རིག་པ་ལ། ཐ་དད་པ་ཡང་དག་པར་ཤེས་པ་དང་། ཐུགས་ལ་དགོངས་པ་དང་། ཉིན་

མཚན་དང་ཟླ་བ་ཡར་ཁམ་མར་ཁམ་དང་ཞེས་པ་ལ། ཉིན་མཚན་དང་ཡུད་དུ་ཡན་མན་དང་ཞེས་དང་། ཐ་སྙད་ལ་རྣམ་པར་དཔྱོད་པ་ཞེས་པ་རྣམས་འགྱུར་ཁྱད་ལྟ་བུར་འདུག་པ་དོན་ལ་མི་འགལ་བས་རང་སོར་བཞག །རྒྱ་སྐད་ལ་རང་བཞིན་རྐྱེན། རྣམ་འགྱུར་གྱི་ཚུལ་དུ་མ་ཡོད་པ། བོད་
ལ་ལོ་པཎ་ཆོས་ཀྱི་སྤྱན་ལྡན་རྣམས་ཀྱིས་དོན་འགྱུར་མཛད་པ་འགའ་ཞིག །དུས་དང་རྣམ་དབྱེ་སོགས་ཤིན་ཏུ་རྟོགས་དཀའ་བས་དཔེ་མཐུན་ཤས་ཆེ་བ་གཙོ་བོར་བཟུང་། གཞན་དོགས་གནས་ཅུང་ཟད་ཡོད་པ་རྣམས། བོད་ཀྱི་བརྡའི་བསྟན་བཅོས་རྣམས་དང་གོ་བསྟུན། དཔེ་ཕལ་ཆེར་ལ་བརྡ་རྙིང་
ཤས་ཆེ་བ་དང་། འགྱུར་བཅོས་མཛད་པའི་གསལ་ཁ་མི་སྣང་བས། བོད་ཀྱི་བརྡ་རྙིང་པ་ཤ་སྟག་ཞིག་བྱུང་ན་འབྲེལ་ཆགས་པ་འདྲ་ཡང་ཕྱིས་སུ་བརྡ་གསར་རྙིང་འདྲེས་ཉམས་ཆེ་བ་དང་། ཤད་བར་གཅོད་མཚམས་འཁྲུགས་པ་མང་དུ་སྣང་ཡང་ཅུང་ཟད་སྐྱོན་ཆུང་བའི་དབང་དུ་བྱས་ནས་བཏང་སྙོམས་སུ་
བཞག །དེ་མིན་མོན་པའི་རྡོ་གཅོད་ཞུ་དག་གི་དཔེ་ཟླར་མ་སོང་བར་ནན་ཏན་ཆེན་པོས་ཤིན་ཏུ་དག་ཁུལ་དུ་བགྱིས་པ་འདི། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་རིས་མེད་པའི་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་བསྐལ་བ་ཇི་སྲིད་གནས་ཀྱི་བར་དུ་ཁོར་ཡུག་རི་བོའི་ཁོངས་འདིར། ཉི་ཟླ་ལྟར་
གསལ་བར་གྱུར་ཅིག །ཅེས་བོད་ཆེན་པོའི་ཡུལ་ལྗོངས་སྡེ་བཞིའི་འབྱུང་གནས་དགེ་བཅུའི་ཁྲིམས་ལུགས་ཀྱིས་མངོན་པར་མཐོ་བའི་ནོར་འཛིན་ཡངས་པ་ཆོས་བཞིན་དུ་སྐྱོང་བའི་ལྷ་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་མིའི་དབང་པོ་བསྟན་པ་ཚེ་རིངས་ཀྱི་ཞལ་སྔ་ནས། དགེ་བྱེད་ཅེས་པ་ཆུ་
སྟག་ལོར་གསུང་རབ་འདི་ཉིད་པར་དུ་བསྒྲུབ་པར་མཛད་པའི་སྐབས་ཞུ་དག་ལས་འཕྲོས་ཏེ་འདི་ཉིད་ཀྱི་དོ་དམ་པར་བཀས་གནང་བའི་ཞབས་འབྲིང་བ་དགེ་སློང་བཀྲ་ཤིས་དབང་ཕྱུག་གིས་གླེང་བ་ཛ་ཡནྟུ།། །།ཡེ་དྷརྨྨཱ་ཧེ་ཏུ་བྲབྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝད་ཏ། །ཧེ་ཥཱཉྩ་ལོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ།།