Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 028_ཉི་ཁྲི།_ག
Văn bản gốc(Tây Tạng)
Trang 7 / 22 (50.000 ký tự/trang)
ི་ཆོས་གང་ཡང་འདོགས་པ་མེད་ན། ཆོས་ལ་ལ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་ འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཆོས་ཐམས་ཅད་ནི་མེད་པ་སྟེ་ ཡོངས་སུ་མ་བཟུང་བའོ། །དེ་ལྟར་ཆོས་ཐམས་ཅད་མེད་ཅིང་ཡོངས་སུ་མ་བཟུང་བ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ཞེས་བྱ་བར་ཡང་དག་པར་ཤེས་ཏེ། གལ་ཏེ་དེ་ལྟར་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །གལ་ཏེ་དེ་ ལྟར་ཡོངས་སུ་མ་བཟུང་བའི་ཆོས་ཐམས་ཅད་ལ་མངོན་པར་ཆགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མངོན་པར་ཆགས་པས་ བརྗོད་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ། ནང་སྟོང་པ་ཉིད་ནང་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་བར་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་མ་བྲལ་བ་ལགས་སམ། དྲན་པ་ཉེ་བར་གཞག་པ་རྣམས་དྲན་པ་ཉེ་བར་གཞག་པ་རྣམས་དང་མ་བྲལ་བ་ལགས་སམ། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་ལགས་སམ། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་གཟུངས་ ཀྱི་སྒོ་རྣམས་དང་མ་བྲལ་བ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་དང་མ་བྲལ་བ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ལགས་སམ། དེ་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞིག་ལགས་ན་ནི། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་། ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཤེ་འམ། འདི་ནི་གཟུགས་སོ། །འདིའི་གཟུགས་སོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞེ་འམ། འདི་ནི་རྣམ་པར་ཤེས་པའོ། །འདིའི་རྣམ་པར་ཤེས་པའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞེ་འམ། འདི་ ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །འདིའི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ཞེ་འམ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །འདིའི་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བར་མངོན་པར་ཆགས་པ་མེད་དོ། །གཟུགས་རྟག་པ་འམ། མི་རྟག་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་པ་འམ་མི་རྟག་པར་མངོན་པར་ཆགས་ པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྟག་པ་འམ་མི་རྟག་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྟག་པ་འམ་མི་རྟག་པར་མངོན་པར་ཆགས་པ་ མེད་དོ། །གཟུགས་བདེ་བ་འམ། སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ ཅིང་འབྲེལ་པར་འབྱུང་བ་བདེ་བ་འམ་སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བདེ་བ་འམ། སྡུག་བསྔལ་བར་མངོན་པར་ཆགས་པ་མེད་དོ། །གཟུགས་བདག་གམ། བདག་མེད་པར་མངོན་པར་ཆགས་ པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་གམ། བདག་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་བདག་གམ། བདག་མེད་པར་མངོན་པར་ཆགས་ པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བདག་གམ། བདག་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་ཞི་བ་འམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཞི་བ་ འམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཞི་བ་འམ་མ་ཞི་བར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཞི་བ་འམ། མ་ཞི་བར་མངོན་པར་ཆགས་ པ་མེད་དོ། །གཟུགས་སྟོང་པ་འམ། མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟོང་པ་འམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་ འབྲེལ་པར་འབྱུང་བ་སྟོང་པ་འམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྟོང་པ་འམ་མི་སྟོང་པར་མངོན་པར་ཆགས་པ་མེད་དོ། །གཟུགས་མཚན་མ་ཡོད་པ་འམ། མཚན་མ་མེད་པར་མངོན་པར་ ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མཚན་མ་ཡོད་པ་འམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མཚན་མ་ཡོད་ པ་འམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་མཚན་མ་ཡོད་པ་འམ་མཚན་མ་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་སྨོན་པ་ཡོད་པ་འམ་སྨོན་པ་མེད་པར་མངོན་པར་ཆགས་ པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྨོན་པ་ཡོད་པ་འམ། སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྨོན་པ་ཡོད་པ་འམ་སྨོན་ པ་མེད་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྨོན་པ་ཡོད་པ་འམ། སྨོན་པ་མེད་པར་མངོན་པར་ཆགས་པ་མེད་དོ། །གཟུགས་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱི་བར་དུ་དབེན་པ་འམ་མི་དབེན་པར་མངོན་པར་ཆགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་མེད་པའི་ཆོས་ནི་རྟག་ཅེས་བྱ་བ་འམ། མི་རྟག་ཅེས་བྱ་བ་འམ། བདེ་ཞེས་བྱ་བ་འམ། སྡུག་བསྔལ་ཞེས་བྱ་བ་འམ། བདག་ ཡོད་ཅེས་བྱ་བ་འམ་བདག་མེད་ཅེས་བྱ་བ་འམ། ཞི་ཞེས་བྱ་བ་འམ་མ་ཞི་ཞེས་བྱ་བ་འམ། སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བ་འམ། མཚན་མ་ཡོད་ཅེས་བྱ་བ་འམ། མཚན་མ་མེད་ཅེས་བྱ་བ་འམ། སྨོན་པ་ཡོད་ཅེས་བྱ་ བ་འམ། སྨོན་པ་མེད་ཅེས་བྱ་བ་འམ། དབེན་ཞེས་བྱ་བ་འམ་མི་དབེན་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་མངོན་པར་བསྒྲུབ་པར་མི་ནུས་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་དང་གང་དུ་འགྲོ་བ་དེ་དང་དེར་འགྲོའོ། །རབ་འབྱོར་ དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཁ་ལོ་སྒྱུར་བ་ནི་རྟ་ཟུང་བཞི་པའི་ཤིང་རྟ་ལ་ ཞོན་ཞིང་ལམ་མཉམ་པ་ནས་འགྲོའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་ཁ་ལོ་སྒྱུར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་ལམ་མཉམ་པ་ནས་འགྲོའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས། ལམ་མ་ལགས་པ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཉན་ཐོས་ཀྱི་ལམ་ནི། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་ལམ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བའི་ཕ་རོལ་ཏུ་ཕྱིན་པ་ དྲུག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་དང་ལམ་མ་ཡིན་པའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལམ་དང་ ལམ་མ་ལགས་པ་སྟོན་པ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་སླད་དུ་ཉེ་བར་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལམ་དང་ ལམ་མ་ཡིན་པ་སྟོན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཆེན་པོའི་ཕྱིར་ཉེ་བར་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་ཚད་མེད་པའི་ཕྱིར་ཉེ་བར་གནས་སོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དོན་གྲངས་མེད་པའི་ཕྱིར་ཉེ་བར་གནས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དེ་ཡང་བརྗོད་མོད་ཀྱི། གཟུགས་ཡོངས་སུ་མི་འཛིན་ཏོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་ཏོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་འགྱུར་བའི་བར་དུ་ཡོངས་སུ་གཟུང་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཡོངས་སུ་འཐོབ་པར་བྱེད་པ་མ་ཡིན་ནོ། །ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་འདོར་བ་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྤྲོད་པ་མ་ཡིན་ནོ། །དེ་ལྟར་ཆོས་ཀྱི་གནས་ཉིད་ཚད་མར་བྱས་ནས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྐྱེད་པ་མ་ཡིན། འགོག་པ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་བསྐྱེད་པ་མ་ལགས། འགོག་པ་མ་ལགས་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཇི་ལྟར་སྦྱིན་པ་ཡོངས་སུ་གཏང་བར་བགྱི། ཇི་ལྟར་ཚུལ་ཁྲིམས་བསྲུང་བར་བགྱི། ཇི་ལྟར་བཟོད་པ་བསྒོམ་པར་བགྱི། ཇི་ལྟར་བརྩོན་འགྲུས་ བརྩམ་པར་བགྱི། ཇི་ལྟར་བསམ་གཏན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་ཤེས་རབ་ལ་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། སྦྱིན་པ་སྦྱིན་པར་བྱའོ། ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཚུལ་ཁྲིམས་བསྲུང་བར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། བཟོད་པ་བསྒོམ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། བརྩོན་འགྲུས་བརྩམ་པར་བྱའོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། བསམ་གཏན་ལ་སྙོམས་པར་འཇུག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་དམིགས་ཏེ། ཤེས་རབ་བསྒོམ་པར་བྱའོ། །དེས་དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། ཕ་རོལ་ཏུ་ཕྱིན་ པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བསྒོམ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ དང་མ་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གཟུགས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ ཡིན། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་ མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལྡན་པ་ ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་བརྟག་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་པར་བྱའོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གནས་པར་ བྱའོ། །ཞེས་བརྩོན་པར་མི་བྱའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ ཅུ་རྩ་བདུན་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་གནས་པར་བྱའོ། །ཞེས་བརྩོན་པར་མི་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ ནི་གང་ལ་ཡང་མི་གནས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་གང་ལ་ཡང་མི་གནས་སོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་གང་ལ་ཡང་མི་གནས་སོ། །ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི་གང་ལ་ཡང་མི་གནས་སོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ནི་གང་ལ་ཡང་མི་གནས་སོ། །སྟོབས་ བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་གང་ལ་ཡང་མི་གནས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི་གང་ལ་ཡང་མི་གནས་པ་སྟེ། དེ་ལྟར་མི་གནས་པའི་ཚུལ་ གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཞིག་ཤིང་ཏོག་ཨ་མྲ་འམ། པ་ན་ས་ཟ་བར་འདོད་ན། དེས་ཤིང་ ཏོག་ཨ་མྲ་འམ། པ་ན་ས་བསྐྱེད་པར་བྱའོ། །བསྐྱེད་ནས་ཀྱང་དུས་དུས་སུ་ཆུས་བཅུའོ། །གནོད་པ་གསལ་ལོ། །དེ་རྒྱུ་རྐྱེན་ཚོགས་པའི་དབང་གིས་མཐར་གྱིས་འཕེལ་ན། ཤིང་ཏོག་ཨ་མྲ་འམ། པ་ན་ས་ཡོད་པར་འགྱུར་ཏེ། དེ་ ཤིང་ཏོག་ཨ་མྲ་འམ། ཤིང་ཏོག་པ་ན་ས་ཟ་བར་འགྱུར་རོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཀྱང་ཕ་རོལ་ཏུ་ཕྱིན་ པ་དྲུག་ལ་བསླབས་ཏེ། སེམས་ཅན་རྣམས་སྦྱིན་པས་རྗེས་སུ་གཟུང་བར་བྱའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱིས་རྗེས་སུ་གཟུང་བར་བྱའོ། །སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་ དགྲོལ་བར་བྱའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་འདོད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་འདོད་པ་དང་། སྙིང་པོ་བྱང་ཆུབ་ཏུ་འདུག་པར་འདོད་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་འདོད་པས། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ། །ཆོས་ཐམས་ཅད་ལ་དབང་དུ་འགྱུར་བ་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སྨྲའོ། །དེ་ཅིའི་ཕྱིར་ཞེ་ ན། གང་གིས་ཆོས་ཐམས་ཅད་ལ་དབང་དུ་འགྱུར་བའི་ས་ཐོབ་པར་འགྱུར་བ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་སྒོ་སྟེ། འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཆུ་ཀླུང་ཐམས་ཅད་ཀྱི་སྒོའོ། །དེ་བཞིན་དུ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་པ་འམ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར་དེ་བས་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་སྟོང་པ་ཉིད་ལ་བསླབ་པར་བྱའོ། །ཕྱི་ནང་སྟོང་པ་ཉིད་ལ་བསླབ་པར་བྱའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། །དྲན་པ་ཉེ་བར་གཞག་པ་བཞི་ལ་བསླབ་པར་ བྱའོ། །དེ་བཞིན་དུ་ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསླབ་པར་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་ སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་བསླབ་ པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བསླབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བསླབ་པར་བྱའོ། ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། འཕོང་གི་སློབ་དཔོན་ལག་ཚོད་དང་འབྱོར་པའི་གཞུ་ཐོགས་པ་ནི་དགྲ་དང་ཕྱིར་རྒོལ་བ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་བདུད་དམ་བདུད་ཀྱི་རིས་ཀྱི་ ལྷ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་པ་མཛད་དོ། །གསོལ་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་ནང་སྟོང་པ་ཉིད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་དེ་བཞིན་གཤེགས་ པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་སྤྱོད་པ་ལ་དགོངས་པ་མཛད། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པ་ལ་དགོངས་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སྦྱིན་པ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་ཤེས་རབ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། ། ནང་སྟོང་པ་ཉིད་སྤྱོད་པ་ལ་དགོངས་པ་མཛད་དེ། །ཅི་ནས་ཀྱང་ནང་སྟོང་པ་ཉིད་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་པ་དེ་ལྟར་ དགོངས་པ་མཛད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ ལམ་ཡན་ལག་བརྒྱད་པ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། །འཕགས་པའི་བདེན་པ་དང་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་གཟུངས་ཀྱི་སྒོ་རྣམས་མི་དམིགས་པ་དེ་ལྟར་དགོངས་པ་ མཛད་དོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དོ། །རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྤྱོད་པ་ལ་དགོངས་པ་མཛད་དེ། ཅི་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་པ་དེ་ལྟར་དགོངས་པ་མཛད་དེ། དེ་ལྟར་མི་དམིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དགོངས་པ་མཛད་དོ། །རབ་འབྱོར་གཞན་ཡང་སངས་ རྒྱས་བཅོམ་ལྡན་འདས་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གཟུགས་སུ་དགོངས་པ་མི་མཛད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པར་དགོངས་པ་མི་མཛད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བར་ དགོངས་པ་མི་མཛད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་དགོངས་པ་མི་མཛད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ དགོངས་པ་མི་མཛད་དོ། །ནང་སྟོང་པ་ཉིད་དུ་དགོངས་པ་མི་མཛད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དགོངས་པ་མི་མཛད་དོ། །དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པར་དགོངས་པ་མི་མཛད་དོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོར་དགོངས་པ་མི་མཛད་དོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་ པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སུ་དགོངས་པ་མི་མཛད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དགོངས་པ་མི་མཛད་དོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་མང་པོར་ཡང་བསླབ་ པར་བགྱི་ལ། གང་ལ་ཡང་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་མང་པོར་ཡང་བསླབ་པར་བྱ་སྟེ། གང་ལ་ཡང་བསླབ་པར་མི་བྱའོ། ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱ་བའི་ཆོས་དེ་དག་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་དེ་བཞིན་གཤེགས་པས་ཆོས་འདི་དག་མདོ་དང་རྒྱས་པར་བསྟན་ན། དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་མདོ་དང་རྒྱས་པར་ཀུན་ཆུབ་པར་བགྱིའོ། །ཀུན་ཆུབ་པར་བགྱིས་ནས་ཚིག་གིས་ ཤིན་ཏུ་གོམས་པར་བགྱིའོ། །ཚིག་གིས་ཤིན་ཏུ་གོམས་པར་བགྱིས་ནས་ཡིད་ཀྱིས་རྟོགས་པར་བགྱིའོ། །དེ་ཡང་ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་རྟོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། ། དེ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་མདོ་དང་རྒྱས་པར་བསྟན་པ་འདི་དག་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཤེས་ན། ཆོས་ ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་ རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམིགས། འཇིག་པ་མི་དམིགས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་གཟུགས་ཀྱི་དེ་བཞིན་ཉིད་ དེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བུ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་ཇི་ལྟ་བུ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམིགས། འཇིག་པ་མི་དམིགས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །དེ་བཞིན་ཉིད་གང་ལ་སྐྱེ་བ་མི་དམིགས། འཇིག་པ་མི་དམིགས། གནས་པ་ལས་གཞན་དུ་འགྱུར་བ་མི་དམིགས་པ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་དེ་བཞིན་ཉིད་དེ། དེ་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །ཡང་དག་པའི་མཐའ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཡང་དག་པའི་མཐའ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐའ་ མེད་པ་ནི་ཡང་དག་པའི་མཐའ་སྟེ། མཐའ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །ཆོས་ཀྱི་དབྱིངས་ཤེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱིངས་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་དེ་ལ་ཆད་པ་དང་། ཡོངས་སུ་ཆད་པ་མི་དམིགས་སོ། །ཆོས་ ཀྱི་དབྱིངས་དེ་ལྟར་ཤེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ནས་ཀྱང་ ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པར་ཤེས་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ལྡན་པ་ཡང་མ་ལགས། མི་ལྡན་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལྡན་པ་ཡང་མ་ ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །སྐྱེ་མཆེད་དང་། ཁམས་དང་རྟེན་ཅིང་འབྲེལ་བར་འབྱུང་བ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དེ་བཞིན་ གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འདུས་བྱས་ ཀྱི་ཁམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །འདུས་མ་བྱས་ཀྱི་ཁམས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ལྡན་པ་འམ་མི་ལྡན་པར་འགྱུར་བ་དེ་ལྟ་བུའི་ངོ་བོ་ཉིད་མེད་དེ། གང་ངོ་བོ་ཉིད་མེད་པ་དེ་ནི་དངོས་པོ་མེད་པའོ། །དངོས་ པོ་མེད་པ་ནི་དངོས་པོ་མེད་པ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཏེ། དེ་ལྟར་ཆོས་ཐམས་ཅད་ཤེས་པར་བྱའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མདོར་བསྡུས་པ་སྟེ། མདོར་བསྡུས་པའི་ཕ་རོལ་ཏུ་ ཕྱིན་པ་འདི་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའི་ས་བཅུ་ལ་གནས་ཏེ་མདོར་བསྡུས་པ་ལ་བསླབ་པར་བྱའོ། །མདོར་བསྡུས་པ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་རྣོན་པོས་རྟོགས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དབང་པོ་ཞན་པས་ཀྱང་རྟོགས་པར་འགྱུར་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་འབྲིད་པོས་ཀྱང་རྟོགས་པར་འགྱུར་བའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབང་པོ་མཉམ་པར་གཞག་པས་ཀྱང་རྟོགས་པར་འགྱུར་ བ་སྟེ། འདི་ནི་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གིས་ཀྱང་རྟོགས་པར་མི་འགྱུར་བ་མེད་དོ། །འདི་ནི་ལེ་ལོ་ཅན་གྱིས་རྟོགས་པར་འགྱུར་བ་མ་ཡིན། བརྩོན་འགྲུས་ཞན་པས་རྟོགས་པར་འགྱུར་བ་མ་ཡིན། དྲན་པ་ཉམས་པས་རྟོགས་ པར་འགྱུར་བ་མ་ཡིན། སེམས་འཁྲུགས་པས་རྟོགས་པར་འགྱུར་བ་མ་ཡིན་གྱི། འདི་ནི་བརྩོན་འགྲུས་བརྩམས་པ། ལེ་ལོ་མེད་པ། དྲན་པ་ཉེ་བར་གནས་པས་རྟོགས་པར་འགྱུར་བའོ། །ཕྱིར་མི་ལྡོག་པའི་ས་ལ་སློབ་པར་འདོད་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་ འདོད་པས་རྟོགས་པར་འགྱུར་བ་སྟེ། གལ་ཏེ་ཇི་སྐད་དུ་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་ཅིང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་ཀྱི་ལས་ཅི་བྱུང་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཉིད་ ཀྱི་ཚེ། རབ་ཏུ་སྤང་བར་འགྱུར་རོ། །དེ་བས་ན་ཐབས་མཁས་པ་ཡོངས་སུ་གཟུང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དེའི་ཚེ། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་གཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཀྱང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་ལ་དགོངས་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལས་བྱུང་བ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་ སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཆོས་གང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱིས། བརྙེས་པར་འགྱུར་བ་དང་། བརྙེས་པ་དང་། བརྙེས་པར་འགྱུར་བའི་ཆོས་དེ་དག་བདག་གིས་ཀྱང་ཐོབ་པར་བྱའོ་སྙམ་དུ་བརྟག་པར་བྱ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པས་དེ་ལྟར་བརྩོན་པར་བྱའོ། །དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར་དེ་བས་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་དང་མ་བྲལ་བར་བྱ་སྟེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་དེ་ལྟར་སྤྱོད་ན་ཆུང་ངུ་ན་སེ་གོལ་ གཏོགས་པ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་ཡང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་ དག་སྦྱིན་པས་ཡོངས་སུ་ཚིམ་པར་བྱས་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་། ཏིང་ངེ་འཛིན་ལ་རབ་ཏུ་བཀོད་པ་དང་། ཤེས་རབ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བ་ལ་རབ་ཏུ་བཀོད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ བ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ ཡིན་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཟབ་མོ་འདི་སེ་གོལ་གཏོགས་པ་ཙམ་དུ་བསྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་ པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་ནི་འདི་ལས་བྱུང་སྟེ། ཕྱོགས་ བཅུའི་འཇིག་རྟེན་གྱི་ཁམས་དག་ན། སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ཆོས་སྟོན་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་གང་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་ངོ་། །རབ་འབྱོར་གཞན་ཡང་གང་སྐད་འགའ་འམ། ཉི་མ་འགའ་འམ། ཉི་མ་བརྒྱ་འམ། ལོ་འགའ་འམ། ལོ་བརྒྱ་འམ། བསྐལ་པ་འགའ་འམ། བསྐལ་ པ་བརྒྱ་ནས། བསྐལ་པ་གྲངས་མེད་པ་བརྒྱའི་བར་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་ཡིད་ལ་བྱས་པས་བསྒོམ་པ་དེའི་བསོད་ནམས་ནི་ཆེས་མང་དུ་འཕེལ་གྱི། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་ མ་སྙེད་དག་ན། སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་ཐམས་ཅད་སྦྱིན་པ་ལ་རབ་ཏུ་བཀོད་པ་དང་། ཚུལ་ཁྲིམས་ལ་རབ་ཏུ་བཀོད་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་ བ་ལ་རབ་ཏུ་བཀོད་པ་དང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང་། རང་བྱང་ ཆུབ་ལ་རབ་ཏུ་བཀོད་པས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བསྟན་པ་དང་། རྒྱུན་ཏུ་ཞུགས་པའི་ འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་བསྟན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་འདི་ལས་བྱུང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་དེ་ལྟར་བསྟན་པའི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གང་ཐབས་མཁས་པ་འདི་དང་ལྡན་པ་དེ་ནི་དེ་བཞིན་གཤེགས་པས་དགོངས་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བསྙེན་བཀུར་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །དེ་ནི་དགེ་བའི་ རྩ་བ་བསྐྱེད་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེ་ནི་སྟོང་པ་ཉིད་བཅུ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ལ་བསྒོམས་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་བསྒོམས་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་བསྒོམས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། མངོན་པར་ ཤེས་པ་དྲུག་དང་ལྡན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཞོན་ནུར་གྱུར་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བསམ་པ་ཡོངས་སུ་རྫོགས་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སངས་རྒྱས་མཐོང་བ་དང་མི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། དགེ་བའི་རྩ་བ་དང་མི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ ནི་སངས་རྒྱས་ཀྱི་ཞིང་དང་མི་འབྲལ་བར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྤོབས་པ་མི་ཆོད་པ་དང་ལྡན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་རབ་ཏུ་ཐོབ་པར་རིག་པར་བྱའོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུངས་ཡོངས་སུ་རྫོགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་པ་ཕུན་སུམ་ཚོགས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཆེད་དུ་བསམས་ཤིང་སྲིད་པ་འདོད་པར་ རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པར་རྟོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ལུང་བསྟན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ ཡི་གེ་མེད་པ་རྟོགས་པར་བྱ་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའི་རྣམ་པར་སྤྱོད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྗོད་པ་ལ་མཁས་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བརྗོད་པ་མེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཅིག་གི་ལྷག་པའི་ཚིག་ལ་མཁས་པ་དང་། གཉིས་ཀྱི་ལྷག་པའི་ཚིག་ལ་མཁས་པ་དང་། མང་པོའི་ལྷག་པའི་ཚིག་ལ་མཁས་པ་དང་། བུད་མེད་ ཀྱི་ལྷག་པའི་ཚིག་ལ་མཁས་པ་དང་། སྐྱེས་པའི་ལྷག་པའི་ཚིག་ལ་མཁས་པ་དང་། མ་ནིང་གི་ལྷག་པའི་ཚིག་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་མཁས་པར་རིག་པར་བྱའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་དྲུག་ཅུ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕ་ རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་ པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་མཁས་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱི་བར་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མྱ་ངན་ལས་འདས་པའི་བར་ལ་མཁས་པར་རིག་པར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །འདུས་བྱས་ཀྱི་མཚན་ཉིད་དང་། འདུས་མ་བྱས་ཀྱི་མཚན་ ཉིད་དང་། དངོས་པོ་དང་དངོས་པོ་མེད་པ་དང་། བདག་གི་དངོས་པོ་དང་། གཞན་གྱི་དངོས་པོ་དང་། འདུ་བ་དང་། འབྲལ་བ་དང་། འདུ་འབྲལ་དང་ལྡན་པ་དང་། མི་ལྡན་པ་དང་། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་ཉིད་ལ་མཁས་པར་རིག་པར་བྱའོ། །མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་ མི་ཁྱབ་པའི་དབྱིངས་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུ་དང་རྐྱེན་དང་། རྐྱེན་མེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདུས་བྱས་ཀྱི་ཁམས་དང་། འདུས་མ་བྱས་ཀྱི་ཁམས་དང་། ཁམས་ཡོད་པ་དང་། ཁམས་མེད་པ་ལ་མཁས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་གཟུགས་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། ། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །འཕགས་པའི་བདེན་པ་ དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་ཏིང་ངེ་ འཛིན་དང་། གཟུངས་ཀྱི་སྒོ་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་བར་དུ་ཡིད་ལ་མི་བྱ་བ་ལ་མཁས་པར་རིག་པར་བྱའོ། །གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །སྐྱེ་མཆེད་ དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ ཀྱིས་སྟོང་ངོ་། །ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་མཁས་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རབ་ཏུ་སྦྱངས་པའི་ལམ་དང་། རབ་ཏུ་མ་སྦྱངས་པའི་ལམ་དང་། སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་དང་། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་མཁས་པར་རིག་པར་བྱའོ། །འདོད་ཆགས་མེད་པ་དང་ཞེ་སྡང་མེད་པ་ དང་གཏི་མུག་མེད་པ་ལ་མཁས་པར་རིག་པར་བྱའོ། །ལྟ་བ་དང་ལྟ་བ་མེད་པ་དང་། ལོག་པར་ལྟ་བ་དང་། ལོག་པར་ལྟ་བ་མེད་པ་དང་། ལྟ་བ་ཐམས་ཅད་ཀྱི་བར་ལ་མཁས་པར་རིག་པར་བྱའོ། །མིང་ལ་མཁས་པར་རིག་པར་བྱའོ། །མིང་དང་གཟུགས་དང་། དམིགས་པ་དང་། བདག་པོ་དང་རྣམ་པ་དང་། མཚན་ཉིད་ལ་མཁས་པར་རིག་པར་བྱའོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ལ་མཁས་པར་རིག་པར་བྱའོ། །སེམས་ཅན་དམྱལ་བ་དང་། སེམས་ཅན་དམྱལ་བའི་ལམ་ལ་མཁས་པར་རིག་པར་བྱའོ། །བྱོལ་སོང་གི་སྐྱེ་ གནས་དང་། བྱོལ་སོང་གི་སྐྱེ་གནས་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །གཤིན་རྗེའི་འཇིག་རྟེན་དང་། གཤིན་རྗེའི་འཇིག་རྟེན་གྱི་ལམ་ལ་མཁས་པར་རིག་པར་བྱའོ། །མི་དང་། མིའི་ལམ་ལ་མཁས་པར་རིག་པར་བྱའོ། །མི་མ་ཡིན་པ་དང་། མི་མ་ཡིན་པའི་ལམ་ལ་ མཁས་པར་རིག་པར་བྱའོ། །ལྷ་དང་ལྷའི་ལམ་ལ་མཁས་པར་རིག་པར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་། རྒྱུན་དུ་ཞུགས་པའི་འབྲས་བུའི་ལམ་ལ་མཁས་པར་རིག་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ལམ་ལ་མཁས་ པར་རིག་པར་བྱའོ། །ཕྱིར་མི་འོང་བའི་འབྲས་བུ་དང་ཕྱིར་མི་འོང་བའི་འབྲས་བུའི་ལམ་ལ་མཁས་པར་རིག་པར་བྱའོ། །དགྲ་བཅོམ་པ་ཉིད་དང་། དགྲ་བཅོམ་པའི་ལམ་ལ་མཁས་པར་རིག་པར་བྱའོ། །རང་བྱང་ཆུབ་དང་རང་བྱང་ཆུབ་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །ལམ་གྱི་རྣམ་པ་ ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་མཁས་པར་རིག་པར་བྱའོ། །དབང་པོ་ལ་མཁས་པ་དང་། དབང་པོ་ཡོངས་སུ་རྫོགས་པར་བྱ་བ་ལ་ མཁས་པར་རིག་པར་བྱའོ། །ཤེས་རབ་མྱུར་བ་དང་། ཤེས་རབ་རྣོ་བ་དང་། ཤེས་རབ་མགྱོགས་པ་དང་། ངེས་པར་འབྱེད་པའི་ཤེས་རབ་དང་། ཡངས་པའི་ཤེས་རབ་དང་། མི་མཉམ་པ་དང་མཉམ་པའི་ཤེས་རབ་ལ་མཁས་པར་རིག་པར་བྱའོ། །འདས་པའི་དུས་དང་མ་ འོངས་པའི་དུས་དང་། ད་ལྟར་བྱུང་བའི་དུས་ལ་མཁས་པར་རིག་པར་བྱའོ། །ཐབས་ལ་མཁས་པར་རིག་པར་བྱའོ། །སེམས་ཅན་གྱི་སེམས་དང་བསམ་པ་དང་། ལྷག་པའི་བསམ་པ་ལ་མཁས་པར་རིག་པར་བྱའོ། །དོན་དང་ཡི་གེ་དང་ཐེག་པ་གསུམ་རྣམ་པར་དགོད་པ་ལ་མཁས་ པར་རིག་པར་བྱའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་སྒྲུབ་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྒོམ་པ་དེ་ལ་ལེགས་པ་འདི་དག་ཡོད་པར་རིག་པར་བྱའོ། །གསོལ་ པ་བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཞི་བ་དང་། གཟུགས་རག་ལས་པ་དང་། གཟུགས་གསོག་དང་། གཟུགས་སྙིང་པོ་མེད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ཞི་བ་དང་། རྣམ་པར་ཤེས་པ་རག་ལས་པ་དང་། རྣམ་པར་ཤེས་པ་གསོག་དང་། རྣམ་པར་ཤེས་པ་སྙིང་པོ་མེད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ཞི་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རག་ལས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་གསོག་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་སྙིང་པོ་མེད་པས། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་ཞེས་ཟེར་བ་ནི། ནམ་མཁའ་སྟོང་པ་ཉིད་མངོན་པར་བསྒྲུབས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གང་ཡང་འདི་སྐད་དུ་ཇི་ལྟར་ཤེས་ རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསྒོམ་པར་བྱ་ཞེས་ཟེར་བ་ནི། བསྒོམ་པ་རྣམ་པར་བསྒོམ་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཡུན་རིང་པོ་ ཇི་སྲིད་ཅིག་ཏུ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །དེ་ལྟར་མངོན་པར་ བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཀྱི་རྒྱུན་མ་ཆད་པ་དང་། མ་བྲལ་བར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མ་དབྱེ་བས། ཤེས་རབ་ཀྱི་ ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱ་བ་མི་འདོར་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པར་བྱ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པར་བྱ་སྟེ། ཅི་ནས་ཀྱང་ སེམས་དང་སེམས་ལས་བྱུང་བའི་ཆོས་མི་རྒྱུ་བ་དེ་ལྟར་སྤྱད་པར་བྱའོ། །དེ་ལྟར་མངོན་པར་བསྒྲུབ་པར་བྱའོ། །དེ་ལྟར་བསྒོམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱད་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་ བསྒྲུབས་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས་མ་བསྒོམས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས། བསྒོམས་ཀྱང་བསྒོམས་ལ། མ་བསྒོམས་ཀྱང་མ་བསྒོམས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། འོ་ན་ཅི་ལགས། བསྒོམས་པ་ཡང་མ་ལགས། མ་བསྒོམས་པ་ཡང་མ་ ལགས་པས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཇི་ལྟ་བ་བཞིན་ནོ། །གསོལ་པ། དེ་བཞིན་ཉིད་ཇི་ ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དག་པའི་མཐའ་ཇི་ལྟ་བ་བཞིན་ནོ། །གསོལ་པ། ཡང་དག་པའི་མཐའ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་ནོ། །གསོལ་པ། ཆོས་ཀྱི་དབྱིངས་ཇི་ ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་སྲོག་གི་ཁམས་དང་། གང་ཟག་གི་ཁམས་ཇི་ལྟ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས་བདག་གི་ཁམས་དང་། སེམས་ཅན་གྱི་ཁམས་དང་སྲོག་གི་ཁམས་ དང་། གང་ཟག་གི་ཁམས་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བདག་གམ་སེམས་ཅན་ནམ་སྲོག་གམ་གང་ཟག་གི་དམིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བདག་གམ་སེམས་ཅན་ནམ་སྲོག་གམ་གང་ཟག་མི་དམིགས་ན། ཇི་ལྟར་བདག་གི་ཁམས་དང་སེམས་ཅན་གྱི་ཁམས་དང་སྲོག་གི་ཁམས་དང་གང་ཟག་གི་ཁམས་སུ་གདགས་པར་བྱ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ པར་མ་བཏགས་པ་དང་། ཆོས་ཐམས་ཅད་དུ་མ་བཏགས་པས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་གདགས་སུ་མ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གདགས་སུ་མེད་པའོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི་གདགས་ སུ་མེད་པའོ། །ནང་སྟོང་པ་ཉིད་ནི་གདགས་སུ་མེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་ནི་གདགས་སུ་མེད་པའོ། །དྲན་པ་ཉེ་བར་བཞག་པ་རྣམས་ནི་གདགས་སུ་མེད་པའོ། །ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་བྱང་ཆུབ་ ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་གདགས་སུ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་ནི་གདགས་སུ་མེད་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་ནི་གདགས་སུ་མེད་པའོ། །འདུས་བྱས་སམ། འདུས་ མ་བྱས་སམ། ཉན་ཐོས་ཀྱི་ཆོས་སམ། རང་སངས་རྒྱས་ཀྱི་ཆོས་སམ། བྱང་ཆུབ་སེམས་དཔའི་ཆོས་སམ། སངས་རྒྱས་ཀྱི་ཆོས་ཀྱང་རུང་སྟེ་ཆོས་ཐམས་ཅད་ནི་གཉིས་སུ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཐམས་ཅད་གདགས་སུ་མ་མཆིས་པ་ ལགས་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་སེམས་ཅན་དམྱལ་བ་མཆིས་པར་གྱུར། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་མཆིས་པར་གྱུར། ལྷ་དང་མི་མཆིས་པར་གྱུར། རྒྱུན་དུ་ཞུགས་པ་མཆིས་པར་གྱུར། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་ བ་དང་། དགྲ་བཅོམ་པ་མཆིས་པར་གྱུར། རང་སངས་རྒྱས་མཆིས་པར་གྱུར། བྱང་ཆུབ་སེམས་དཔའ་མཆིས་པར་གྱུར། ཡང་དག་པར་རྫོགས་པའི་སངས་རྒྱས་མཆིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་ཅན་དུ་ གདགས་པ་དམིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སེམས་ཅན་དམིགས་སུ་མེད་ན། སེམས་ཅན་དམྱལ་བར་ཡང་ཇི་ལྟར་གདགས་པར་བྱ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་ རྗེའི་འཇིག་རྟེན་ནམ་ལྷ་འམ་མི་འམ་རྒྱུན་དུ་ཞུགས་པ་འམ། ལན་ཅིག་ཕྱིར་འོང་བ་འམ་ཕྱིར་མི་འོང་བ་འམ་དགྲ་བཅོམ་པ་འམ། རང་སངས་རྒྱས་སུ་ཡང་ཇི་ལྟར་གདགས་པར་བྱ། བྱང་ཆུབ་སེམས་དཔའ་འམ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཡང་ཇི་ལྟར་གདགས་པར་བྱ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པས། གདགས་སུ་མེད་པའི་ཆོས་ཐམས་ཅད་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ སྤྱོད་པས། གཟུགས་ལ་བསླབ་པ་དང་། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་བསླབ་པ་དང་། སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བསླབ་པ་དང་། ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་ལ་བསླབ་པ་དང་། བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་བསླབ་པ་དང་། འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་ལ་བསླབ་པ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་བསླབ་པ་དང་། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ལ་བསླབ་པར་བགྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །སྐྱེ་མཆེད་དང་ ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །ཕ་རོལ་དུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །འཕགས་པའི་བདེན་པ་ དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་ལྔ་དང་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་བར་ལ་དབྲི་བ་དང་བསྣན་པ་མེད་པར་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་གཟུགས་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་དབྲི་བ་དང་བསྣན་པ་མ་མཆིས་པར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་མེད་པ་དང་འགག་པ་མེད་པར་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་ པ་ལ་ཇི་ལྟར་བསླབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུ་བྱེད་རྣམས་མངོན་པར་འདུ་བྱ་བ་མེད་པར་བསྒོམ་པ་འམ་རྣམ་པར་བསྒོམ་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མངོན་པར་འདུ་བགྱི་བ་མ་མཆིས་པ་ལ་བསླབ་པར་བགྱི། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་མཐོང་བས། མངོན་པར་འདུ་བྱ་བ་མེད་པ་ལ་བསླབ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། གཟུགས་གཟུགས་ཀྱིས་སྟོང་པར་བལྟའོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་པར་བལྟའོ། །སྐྱེ་མཆེད་དང་ཁམས་དང་རྟེན་ཅིང་འབྲེལ་པར་འབྱུང་བ་རྟེན་ཅིང་འབྲེལ་པར་འབྱུང་བས་སྟོང་པར་བལྟའོ། །ཕ་རོལ་དུ་ཕྱིན་ པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་སྟོང་པར་བལྟའོ། །འཕགས་པའི་བདེན་པ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་ པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང་པར་བལྟའོ། །དེ་བཞིན་གཤེགས་ པའི་སྟོབས་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་པར་བལྟའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱིས་སྟོང་པར་བལྟའོ། །རབ་འབྱོར་ དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔ