Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 026_ཉི་ཁྲི།_ཀ

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་རྣམས་དང་། མཐར་གྱིས་གནས་
པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་
སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ཡོངས་སུ་མི་འཛིན་པ་འདི་ནི་ཕ་རོལ་མ་མཆིས་པའི་ཕ་རོལ་དུ་ཕྱིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཕ་རོལ་དུ་ཕྱིན་པའོ། །འོན་ཀྱང་སྨོན་ལམ་ཡོངས་སུ་མ་རྫོགས་ཀྱི་
བར་དུ་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་མ་རྫོགས། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་
པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་རྫོགས། འཕགས་པའི་བདེན་པ་བཞི་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་

གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་།
དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཡོངས་སུ་མ་རྫོགས་པར་བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ། །དེ་ཅིའི་
སླད་དུ་ཞེ་ན། འདི་ལྟར་སྨོན་ལམ་རྣམས་ནི་སྨོན་ལམ་མ་ལགས། དྲན་པ་ཉེ་བར་གཞག་པ་རྣམས་ནི། དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་
རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་
མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་
དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་
ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་ལགས་ཏེ། དེ་དག་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་གང་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ།

གཟུགས་ཡོངས་སུ་མི་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དང་། ཆོས་ཐམས་ཅད་ཡོངས་སུ་མ་གཟུང་བའི་སླད་དུ། ཡང་དག་པའི་མཐའི་བར་དུ་ཡོངས་སུ་མི་
འཛིན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ།
རྣམ་པ་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་གང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་གང་གི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ནི་ཅི་ཞིག །ཅིའི་ཕྱིར་ན་དེ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་ཞེས་ཡོངས་སུ་བརྟག་པར་བགྱི་
སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་དེ་ལྟར་ཡོངས་སུ་རྟོག་ཅིང་ཉེ་བར་སེམས་པའི་ཚེ། ཆོས་གང་མེད་ཅིང་མི་དམིགས་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ་
ཞེས་གལ་ཏེ། དེ་ལྟར་ཡང་དག་པར་རྗེས་སུ་མཐོང་ན། དེ་ཡང་དག་པར་རྗེས་སུ་མཐོང་བ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་ནི་མ་མཆིས། མི་དམིགས་སོ། །གལ་ཏེ་འདི་ལྟར་
ཆོས་གང་ཡོད་པ་མ་ཡིན་ཞིང་མི་དམིགས་པ་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་ནམ་ཞེས་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སྤྱོད་དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་
ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཆོས་གང་རྣམས་མེད་ཅིང་མི་དམིགས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་

ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་
བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་
ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མེད་ཅིང་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་
པའི་ཕ་རོལ་དུ་ཕྱིན་པ་ཡང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་།
འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་།
རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། གཟུགས་མེད་ཅིང་མི་དམིགས་སོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་
དང་རྣམ་པར་ཤེས་པ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་

བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་
ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། སྐྱེ་མཆེད་རྣམས་དང་། ཁམས་རྣམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་
བུ། ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། ཕ་རོལ་དུ་ཕྱིན་པ་རྣམས་མེད་ཅིང་མི་དམིགས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མེད་ཅིང་མི་དམིགས་སོ། །འཕགས་པའི་བདེན་པ་རྣམས་དང་། བསམ་
གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་།
མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་མེད་ཅིང་མི་
དམིགས་སོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་བུ་མེད་ཅིང་མི་དམིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་བྱང་ཆུབ་དང་།
ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། དེ་བཞིན་ཉིད་མེད་ཅིང་མི་དམིགས་སོ། །ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་།

ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་མེད་ཅིང་མི་དམིགས་སོ། །ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར། རྒྱུན་དུ་ཞུགས་པ་ཡང་མེད་ཅིང་མི་དམིགས་སོ། །
ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱང་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནང་དམིགས་སུ་མེད་པའི་ཕྱིར། ནང་སྟོང་པ་ཉིད་
མེད་ཅིང་མི་དམིགས་སོ། །ཕྱི་དམིགས་སུ་མེད་པའི་ཕྱིར། ཕྱི་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཕྱི་ནང་དམིགས་སུ་མེད་པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དམིགས་སུ་མེད་པའི་ཕྱིར།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མེད་ཅིང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་དེ་ལྟར་རྟོག་ཅིང་སེམས་པ་དང་། དེ་ལྟར་
རྟོག་ཅིང་སེམས་པའི་ཚེ། སེམས་ཞུམ་པ་མེད་ཅིང་ཡོངས་སུ་ཞུམ་པ་མེད་ལ། མི་འཇིགས་མི་སྔང་སྐྲག་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །སྨྲས་
པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་
གཟུགས་ཀྱི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚོར་བ་ནི་ཚོར་བའི་རང་བཞིན་

དང་བྲལ་བ། འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་དང་བྲལ་བ། འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་དང་བྲལ་བ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་
བའི་རང་བཞིན་དང་བྲལ་བ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ནི། སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་རང་བཞིན་དང་བྲལ་བ། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་
དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་དང་བྲལ་བ། ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ། དངོས་པོ་མེད་པའི་ངོ་བོ་ཉིད་
སྟོང་པ་ཉིད་ཀྱི་བར་དུ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དང་བྲལ་བ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་རྣམས་དང་། སྟོབས་རྣམས་
དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། འཕགས་པའི་བདེན་བ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་
བ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་

པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ནི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་རང་བཞིན་དང་བྲལ་བ། རྒྱུན་དུ་ཞུགས་པ་ནི་རྒྱུན་དུ་ཞུགས་པའི་རང་བཞིན་དང་བྲལ་བ། ལན་ཅིག་ཕྱིར་འོང་བ་དང་།
ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་དང་བྲལ་བ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་རང་བཞིན་དང་བྲལ་བ། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང་།
ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐའ་རང་བཞིན་དང་བྲལ་བ་སྟེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡང་དག་པ་ཇི་
ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མ་བྲལ་བར་ཤེས་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གཟུགས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་
རྣམ་པར་ཤེས་པའི་རང་བཞིན་ནི་ཇི་ལྟ་བུ། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ནི་ཇི་ལྟ་བུ། ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་རང་བཞིན་ནི་དངོས་པོ་མེད་པའོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ནི་དངོས་པོ་མེད་པའོ། །ཡང་དག་པའི་མཐའི་བར་གྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་
རྣམ་གྲངས་དེས་ན། འདི་ལྟར་གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་རང་བཞིན་མེད་པ་དང་། སྐྱེ་མཆེད་རྣམས་ལ་སྐྱེ་མཆེད་ཀྱི། རང་བཞིན་མེད་པ་དང་། ཁམས་རྣམས་ལ་ཁམས་ཀྱི་རང་

བཞིན་མེད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་མེད་པ་དང་། ཡང་དག་པའི་མཐའི་བར་ལ་ཡང་དག་པའི་མཐའི་རང་བཞིན་མེད་པར་ཤེས་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ། །ཚོར་
བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་རྣམ་པར་ཤེས་པའི་མཚན་ཉིད་མེད་དོ། །སྐྱེ་མཆེད་རྣམས་ལ་སྐྱེ་མཆེད་ཀྱི་མཚན་ཉིད་མེད་དོ། །ཁམས་རྣམས་ལ་ཁམས་ཀྱི་མཚན་ཉིད་མེད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་
མེད་དོ། །ཡང་དག་པའི་མཐའི་བར་ལ་ཡང་དག་པའི་མཐའི་མཚན་ཉིད་མེད་དོ། །མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ། །མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མེད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་
བསླབ་པ་འདི་ལ་སློབ་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་
འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་གཟུགས་ཀྱིས་
སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས། འབྱུང་བ་ཡང་མི་དམིགས་སོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མི་དམིགས། འབྱུང་བ་ཡང་མི་དམིགས་སོ། །ཡང་དག་པའི་མཐའི་བར་དུ་ཡང་དག་པའི་མཐས་སྟོང་སྟེ།
དེ་ལ་སྐྱེ་བ་ཡང་མི་དམིགས། འབྱུང་བ་ཡང་མི་དམིགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ཏེ། དེ་ཇི་ལྟ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་

གྱུར་པ་དེ་ལྟ་དེ་ལྟར། ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། མཚན་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །དེ་ཇི་ལྟ་ཇི་ལྟར་ལུས་ཡོངས་སུ་དག་པ་དང་། ངག་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་
པ་དང་། མཚན་ཡོངས་སུ་དག་པ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེད་དོ། །ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པ་དང་། ང་རྒྱལ་དང་ལྡན་པ་དང་། གཡོ་དང་སྒྱུ་དང་ལྡན་པ་དང་། ཕྲག་དོག་དང་
སེར་སྣ་དང་ལྡན་པ་དང་། སྲེད་པ་དང་ལྡན་པ་དང་། ལྟ་བ་དང་ལྡན་པའི་སེམས་མི་སྐྱེད་དོ། །དེ་འདོད་ཆགས་ཀྱི་སེམས་མི་སྐྱེད་ཅིང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། གཡོ་དང་། སྒྱུ་དང་། ཕྲག་དོག་དང་སེར་སྣ་དང་། སྲེད་པ་དང་། ལྟ་བ་དང་ལྡན་པའི་སེམས་མི་
སྐྱེད་པས། ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར་ཏེ། ཁོར་ཟུག་རྟག་པར་རྫུས་ཏེ་སྐྱེ་བར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་མ་གཏོགས་པར་ནམ་ཡང་ངན་སོང་རྣམས་སུ་སྐྱེ་བར་མི་འགྱུར་རོ། །དེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་
ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་གྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ། །དེ་བས་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་དང་ལེགས་པ་འདི་དག་ཐོབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འདི་ཉིད་ལ་བརྩོན་འགྲུས་མི་བཏང་བར་སྤྱད་པར་བྱས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་
ལ་དེ་ལྟར་སྤྱོད་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་ལྔ་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་མཁས་པས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་
ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་ཅེས་བགྱི་བར་སྤྱོད་ན།
མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་རྟག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་བདེ་ཞེས་བགྱི་བར་སྤྱོད་ན་
མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདེ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་
པར་ཤེས་པ་སྡུག་བསྔལ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་
བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་བདག་མེད་ཅེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་དང་། རྣམ་པར་ཤེས་པ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མ་ཞི་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་

གཟུགས་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །གལ་ཏེ་གཟུགས་མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་
ལ་སྤྱོད་དོ། །ཚོར་བ་དང་འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་དབེན་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཐབས་མི་
མཁས་པས། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་
དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་བར་
ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་རྟག་པ་དང་། མི་རྟག་པ་དང་།
བདེ་བ་དང་། སྡུག་བསྔལ་བ་དང་། བདག་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། དབེན་བ་དང་། མི་དབེན་པ་ཞེས་བགྱི་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ་ཞེས་བགྱི་བར་སྤྱོད་ན་དམིགས་པ་ལ་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མཚན་མ་ལ་སྤྱོད་དོ། །བཅོམ་ལྡན་འདས་

གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་མོ་ཞེས་བགྱི་བར་སྤྱོད་ན་ཡང་མཚན་མ་ཉིད་ལ་སྤྱོད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་
མི་མཁས་པར་རིག་པར་བགྱིའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མི་མཁས་པ་ཇི་ལྟར་རིག་པར་བྱ་བ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་
ཤ་ར་དྭ་ཏིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། གཟུགས་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་
དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་
པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་པས། རྣམ་པར་ཤེས་པ་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་།
ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིག་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། རྣ་བ་
དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། གཟུགས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། མིག་གི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་

བྱིན་གྱིས་རློབ། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། མིག་གི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་
ཏེ་བྱིན་གྱིས་རློབ། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་ཏེ་
བྱིན་གྱིས་རློབ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མོས་ཤིང་འདུ་ཤེས་
ཏེ་བྱིན་གྱིས་རློབ། མ་རིག་པ་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་ལེན་པ་དང་། སྲིད་པ་དང་སྐྱེ་བ་དང་། རྒ་ཤི་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་
རློབ། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་
བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། མིག་ལྔ་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་
དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབ་ན། དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་མོས་ཤིང་འདུ་ཤེས་ཏེ་བྱིན་གྱིས་རློབས་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་

པ་བཅྭོ་བརྒྱད་མངོན་པར་འདུ་བྱ་བ་ལ་སྤྱོད་དེ། དེ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་མི་འགྲོལ་བར་
བརྗོད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱིས་ཡང་མངོན་དུ་བྱ་བའི་སྐལ་པ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་ཇི་ལྟར་
སྤྱོད་ན་ཐབས་མཁས་པར་ཤེས་པར་བྱ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཅིང་། གཟུགས་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་
ཡང་མི་སྤྱོད། གཟུགས་ཀྱི་མཚན་མ་ལ་མི་སྤྱོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་མ་ལ་མི་སྤྱོད། གཟུགས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མི་རྟག་ཅེས་བྱ་བ་དང་། གཟུགས་བདེ་ཞེས་བྱ་བ་དང་། གཟུགས་སྡུག་བསྔལ་
ཞེས་བྱ་བ་དང་། གཟུགས་བདག་ཅེས་བྱ་བ་དང་། གཟུགས་བདག་མེད་ཅེས་བྱ་བ་དང་། གཟུགས་ཞི་ཞེས་བྱ་བ་དང་། གཟུགས་མ་ཞི་ཞེས་བྱ་བ་དང་། གཟུགས་སྟོང་ཞེས་བྱ་བ་དང་། གཟུགས་མི་སྟོང་ཞེས་བྱ་བ་དང་། གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་། གཟུགས་
མཚན་མ་མེད་ཅེས་བྱ་བ་དང་། གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་། གཟུགས་སྨོན་པ་མེད་ཅེས་བྱ་བ་དང་། གཟུགས་དབེན་ཞེས་བྱ་བ་དང་། གཟུགས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྟག་ཅེས་བྱ་བར་

མི་སྤྱོད། མི་རྟག་ཅེས་བྱ་བ་དང་། བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། བདག་ཅེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མི་སྟོང་ཞེས་བྱ་བ་དང་། མཚན་མ་ཡོད་
ཅེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། མི་དབེན་ཞེས་བྱ་བར་མི་སྤྱོད་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པར་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་གཟུགས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མེད། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །ཚོར་བ་དང་། འདུ་
ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པ་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་རྣམ་པར་ཤེས་པ་མེད། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་
ཀྱང་སྟོང་པ་ཉིད་དོ། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་དུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་།
ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་
འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་སྟོང་པ་ཉིད་གང་

ཡིན་པ་དེ་ཡང་། སངས་རྒྱས་ཀྱི་ཆོས་རྣམས་མ་ཡིན། སྟོང་པ་ཉིད་ལས་གུད་ན་ཡང་སངས་རྒྱས་ཀྱི་ཆོས་རྣམས་མེད། སངས་རྒྱས་ཀྱི་ཆོས་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མེད་དེ། སྟོང་པ་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་རྣམས། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྟོང་པ་ཉིད་དོ། །
ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། ཐབས་མཁས་པར་ཤེས་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བཅུ་གཅིག་པ། ཚེ་དང་
ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའི་སྐལ་བ་ཡོད་དོ། །དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་ཀྱང་སྤྱོད་དོ་ཞེས་བྱ་
བར་མི་དམིགས་སོ། །མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་མི་དམིགས་སོ། །སྤྱོད་པ་འང་མ་ཡིན་མི་སྤྱོད་པ་འང་མ་ཡིན་ཞེས་བྱ་བར་མི་དམིགས་སོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་ཅེས་བྱ་བར་ཡང་མི་དམིགས་མི་སྤྱོད་ཅེས་བྱ་བར་ཡང་མི་དམིགས། སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་མི་དམིགས། སྤྱོད་པ་ཡང་མ་ཡིན། མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་
ཡང་མི་དམིགས་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་རང་བཞིན་མི་དམིགས་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནི་དངོས་པོ་མེད་པའི་རང་བཞིན་ཏེ། ཚེ་དང་ལྡན་པ་ཤ་
ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྤྱོད་དོ་ཞེས་བྱ་བར་ཡང་མི་དམིགས་སོ། །མི་སྤྱོད་དོ་ཞེས་བྱ་བར་ཡང་མི་དམིགས་སོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཡང་མི་

དམིགས་སོ། །སྤྱོད་པ་འང་མ་ཡིན། མི་སྤྱོད་པ་འང་མ་ཡིན་ནོ་ཞེས་བྱ་བར་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ཆོས་ཐམས་ཅད་དངོས་པོ་མེད་པའི་རང་བཞིན་དུ་ཁོང་དུ་ཆུད་ཅིང་མ་བླངས་པའི་ཕྱིར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་ན། གལ་ཏེ་སེམས་མ་ཞུམ། ཀུན་ཏུ་མ་ཞུམ། མི་སྐྲག །ཀུན་ཏུ་མི་སྐྲག །ཀུན་ཏུ་སྐྲག་པར་མི་འགྱུར་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་དང་ཉེ་བར་གྱུར་པར་རིག་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་ཕྱིར། གཉིས་སུ་མེད་གཉིས་སུ་བྱར་མེད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་
བྱ་བ་སྟེ། རྒྱ་ཆེ་བ་མཆོག་ཏུ་བྱ་བ་ཚད་མེད་པར་ངེས་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོགས་པ་སྟེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
རྫོགས་པར་འཚང་རྒྱའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་འབའ་ཞིག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱའམ། འོན་ཏེ་དེ་ལྟ་བུའི་ཏིང་ངེ་
འཛིན་གཞན་དག་ཀྱང་ཡོད། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཏིང་ངེ་འཛིན་གཞན་དག་ལ་རྣམ་པར་སྤྱོད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་
འགྱུར་བ་ཡོད་དོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་གཞན་གང་དག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་རབ་འབྱོར་གྱིས་སྨྲས་པ།

ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་
མངོན་པར་རྫོགས་པར་འཚང་རྒྱའོ། །དེ་བཞིན་དུ་རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་
དོ། །ཆོས་ཐམས་ཅད་ལས་ཤིན་དུ་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཀྱི་དབྱིངས་སུ་ངེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་
དོ། །ངེས་པའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་ལ་རྒྱལ་པོ་ལྟར་རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །
འོད་ཟེར་རབ་ཏུ་འགྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དཔུང་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡང་དག་པར་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངེས་པའི་ཚིག་ལ་གདོན་མི་ཟ་བར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚིག་
བླ་དགས་ལ་ཡང་དག་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱོགས་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཕྱག་རྒྱ་ཡོངས་སུ་འཛིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉམ་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཡང་དག་
པར་འདུ་བ་རྒྱ་མཚོའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནམ་མཁའ་རྒྱས་པར་འགེངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དབང་པོའི་དཔལ་

ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྒྱུན་གྱི་རྗེས་སུ་སོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེང་གེ་རྣམ་པར་བསྒྱིངས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣྲེལ་ཞི་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉོན་མོངས་པ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་
ཡོད་དོ། །རྣམ་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཚོལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་ལ་རྟེན་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་
འཛིན་ཡོད་དོ། །འོད་མཐའ་ཡས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དག་པ་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །
དགའ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གློག་གི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཟི་བརྗིད་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་པ་དང་
བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཇིགས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉི་མའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཤེས་རབ་སྒྲོན་མ་
ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྣང་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བྱ་བ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡེ་ཤེས་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡོ་རྗེ་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་
ཡོད་དོ། །སེམས་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཀུན་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་ཏུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རིན་ཆེན་མཐའ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་དམ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །

ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགའ་བ་སྤོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཀྱི་འཕགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་འཐོར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་འབྱེད་པ་
ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་མཉམ་པར་འགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དམིགས་པ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འགྱུར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་
མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མིང་ངེས་པར་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་མེད་པར་སྤྱོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རབ་རིབ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །
གཡོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡུལ་ལས་རྒལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སེམས་མེད་པར་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །དགེ་བའི་མེ་ཏོག་རྒྱས་ཤིང་
གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བྱང་ཆུབ་ཀྱི་ཡན་ལག་ཡོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྤོབས་པ་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མི་མཉམ་པ་དང་མཉམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཆོས་ཐམས་ཅད་ལས་འདའ་བ་ཞེས་
བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡོངས་སུ་གཅོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ནེམ་ནུར་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་སུ་བྱ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གཅིག་ཏུ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་
མངོན་པར་བསྒྲུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་གཅིག་ཏུ་འགྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པར་འདོར་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྲིད་པའི་གཞི་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བརྡ་དང་སྒྲ་

ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མཚན་ཉིད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །མངོན་པར་དམིགས་
པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པའི་མཆོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བདེ་བ་དང་སྡུག་བསྔལ་ཐམས་ཅད་ལ་མངོན་པར་དགའ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་
ཡོད་དོ། །གཟུངས་ཀྱི་བློ་གྲོས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཡང་དག་པ་དང་ལོག་པ་ཐམས་ཅད་ཡང་དག་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འགལ་བ་དང་འགོག་པ་ཐམས་ཅད་ཡང་དག་པར་ཞི་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འཐུན་པ་
དང་འགལ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །འོད་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །སྙིང་པོ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཟླ་བ་དྲི་མ་མེད་པར་རྒྱས་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གློག་གི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་
ཡོད་དོ། །རྒྱན་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྣམ་པ་ཐམས་ཅད་དུ་འོད་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་མཉམ་པ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཚུལ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །
ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཉོན་མོངས་པ་མེད་པར་ཡང་དག་པར་གཞོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །གནས་དམིགས་སུ་མེད་པ་ལ་བརྩོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་
དོ། །དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ལུས་ཀྱི་སྐྱོན་ཡང་དག་པར་སེལ་བས་རབ་ཏུ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །

ཤ་ར་དྭ་ཏིའི་བུ་ནམ་མཁའ་ལྟར་ཆགས་པ་མེད་པས་རྣམ་པར་གྲོལ་ཞིང་གོས་པ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ཏིང་ངེ་འཛིན་དེས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་
པར་འཚང་རྒྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དེ་དག་གིས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་ལྟར་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་གང་ལ་བསླབས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་
བ་དེ་ལྟ་བུ་ཚད་མེད་གྲངས་མེད་པ་གཞན་དག་ཀྱང་ཡོད་དེ། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ཡང་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཏིང་ངེ་འཛིན་དེ་དག་གིས་རྣམ་པར་སྤྱོད་པ་དེ་ནི་སྔོན་
གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞུགས་ཤིང་འཚོ་སྐྱོང་བ་ཇི་སྙེད་ཅིག་བཞུགས་པ་དེ་དག་གིས་ཀྱང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་
ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ནི་སྙོམས་པར་ཞུགས་སོ་ཞེས་བྱ་བར་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དོ། །བདག་ནི་སྙོམས་པར་འཇུག་གོ །བདག་གིས་མཉམ་པར་གཞག་པར་བྱའོ། །བདག་ནི་མཉམ་པར་གཞག་པར་

གྱུར་ཏོ་ཞེས་རློམ་སེམས་སུ་འགྱུར་བ་མེད་དེ། དེ་ལ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་ཅིང་མི་རྒྱུའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཏིང་ངེ་འཛིན་འདི་དག་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་བཞིན་གཤེགས་པ་དགྲ་
བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ལུང་བསྟན་པ་ཡོད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡང་གཞན་ལ། ཏིང་ངེ་འཛིན་ཀྱང་གཞན་
བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའོ། །བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་དེ་ལྟར་ཏིང་
ངེ་འཛིན་ཀྱང་གཞན་ལ། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད། བྱང་ཆུབ་སེམས་དཔའ་ཡང་གཞན་ལ་ཏིང་ངེ་འཛིན་ཀྱང་གཞན་ཞེས་བྱ་བ་མེད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ། བྱང་ཆུབ་སེམས་དཔའ་ཉིད་ཀྱང་ཏིང་ངེ་འཛིན་
ཡིན་ན། དེ་ལ་ཏིང་ངེ་འཛིན་བསྟན་པར་ནུས་སམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་འདུ་ཤེས་སུ་བྱེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདུ་ཤེས་སུ་
བྱེད་པ་མེད་དོ། །སྨྲས་པ། ཇི་ལྟར་དེ་ལ་འདུ་ཤེས་སུ་བྱེད་པར་མི་འགྱུར། རབ་འབྱོར་གྱིས་སྨྲས་པ། རྟོག་པ་མེད་པའི་ཕྱིར་རོ། །སྨྲས་པ། དེ་ལ་ཇི་ལྟར་རྟོག་པ་མེད་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཆོས་ཐམས་ཅད་མེད་པའི་ཕྱིར་རྟོག་པ་མེད་དེ། དེ་ལྟར་ན་རིགས་ཀྱི་བུ་དེ་ཏིང་ངེ་
འཛིན་དེ་ལ་རྟོག་པ་མེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། རིགས་ཀྱི་བུ་དེ་ཏིང་ངེ་འཛིན་དེ་ལ་རྣམ་པར་ཤེས་པར་བྱེད་པ་མེད་དོ། །འདུ་ཤེས་སུ་བྱེད་པ་མེད་དོ། །སྨྲས་པ། ཅིའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་མེད་ཅིང་། འདུ་ཤེས་སུ་འགྱུར་བ་མེད། རབ་འབྱོར་

གྱིས་སྨྲས་པ། ཏིང་ངེ་འཛིན་དེ་ཡང་མེད་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་མེད་པའི་ཕྱིར་རྣམ་པར་ཤེས་པར་བྱེད་པ་མེད་དོ། །འདུ་ཤེས་སུ་འགྱུར་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་རབ་འབྱོར་ལེགས་
སོ་ལེགས་སོ། །ཚིག་འདི་ནི་ལེགས་པར་བཤད་དོ། །ཇི་ལྟར་ངས་ཉོན་མོངས་པ་མེད་པ་ལ་རྣམ་པར་སྤྱོད་པའི་ཉན་ཐོས་ཀྱི་ནང་ན་མཆོག་ཏུ་བཤད་པ་དེས་བཤད་པ་ནི་འདི་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་
བཅྭོ་བརྒྱད་ཀྱི་བར་ལ་བསླབ་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པོ། །
བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་
ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བསམ་
གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་

འདྲེས་པ་རྣམས་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་དུ་རྣམ་པར་དག་པའི་ཕྱིར་བདག་མི་
དམིགས་སོ། །སེམས་ཅན་དང་། སྲོག་དང་། འགྲོ་བ་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ཅན་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། ཤེས་པ་པོ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་།
རྟེན་ཅིང་འབྲེལ་པར་འབྱུང་བ་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་སྡུག་བསྔལ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་འདོད་པའི་ཁམས་མི་དམིགས་སོ། །ཤིན་
དུ་རྣམ་པར་དག་པའི་ཕྱིར་གཟུགས་ཀྱི་ཁམས་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་གཟུགས་མེད་པའི་ཁམས་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་ཕ་རོལ་དུ་ཕྱིན་པ་རྣམས་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
རྣམས་དང་། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་།
མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་།
སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་རྒྱུན་དུ་ཞུགས་པ་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་མི་དམིགས་སོ། །

ཤིན་དུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་སེམས་དཔའ་མི་དམིགས་སོ། །ཤིན་དུ་རྣམ་པར་དག་པའི་ཕྱིར་བྱང་ཆུབ་མི་དམིགས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་སངས་རྒྱས་མི་དམིགས་སོ། །གསོལ་པ། བཅོམ་ལྡན་འདས་རྣམ་པར་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་
བཀའ་སྩལ་པ། ཆོས་ཐམས་ཅད་མ་སྐྱེས་པ་དང་། མི་འགག་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་འདི་ནི་རྣམ་པར་དག་པ་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གང་དང་གང་ལ་སློབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།
ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་གང་ལ་ཡང་སློབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོས་ཇི་ལྟར་མངོན་པར་ཆགས་པར་བྱ་བ་དེ་ལྟ་བུའི་རྣམ་པར་ཡོད་པ་མ་ཡིན་ནོ། །གསོལ་པ།
བཅོམ་ལྡན་འདས་འོ་ན་ཆོས་འདི་དག་རྣམ་པ་གང་གིས་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་དེ། དེ་ལྟར་ཡོད་པ་མ་ཡིན་པས། དེའི་ཕྱིར་མེད་ཅེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་མཆིས་པ་མ་ལགས་པ་དེ་ལ་
མཆིས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གཟུགས་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ན་ང་སྟོང་པ་ཉིད་དང་། དངོས་པོ་
མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་དུ་ནང་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱི་བར་དུ་ནང་སྟོང་པ་ཉིད་དང་། དངོས་

པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཡོད་པ་མ་ཡིན་ནོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མེད་པ་ལ་མངོན་པར་ཞེན་པས། སྲིད་པ་ལ་མངོན་པར་ཞེན་ཏེ། དེ་དག་གིས་མེད་པ་ཡོངས་སུ་བརྟགས་པས། མེད་པ་ལ་མངོན་པར་ཞེན་ཅིང་འདི་ལྟ་སྟེ།
ཆད་པ་དང་། རྟག་པའི་མཐའ་གཉིས་ལ་ཆགས་པས། དེ་དག་མི་ཤེས་མི་མཐོང་སྟེ། གང་མེད་པའི་ཆོས་དེ་དག་ཡོངས་སུ་བརྟགས་ནས། མིང་དང་གཟུགས་ལ་མངོན་པར་ཞེན་པ་དེ་དག་དྲན་པ་ཉེ་བར་གཞག་པ་རྣམས་ལ་མངོན་པར་ཞེན་ཅིང་། སངས་རྒྱས་ཀྱི་
ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་མངོན་པར་ཞེན་ཏོ། །དེ་དག་དེ་ལྟར་མངོན་པར་ཞེན་པས་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་ཡོངས་སུ་རྟོག་སྟེ། དེ་དག་མི་ཤེས་མི་མཐོང་ངོ་། །ཅི་མི་ཤེས་མི་མཐོང་ཞེ་ན། གཟུགས་མི་ཤེས་མི་མཐོང་ངོ་། །ཚོར་བ་དང་། འདུ་ཤེས་
དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་ཤེས་མི་མཐོང་ངོ་། །སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་མི་ཤེས་མི་མཐོང་ངོ་། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་ཤེས་མི་མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་དུ་མི་
ཤེས་མི་མཐོང་ངོ་། །དེ་ལྟར་དེ་དག་ནི་བྱིས་པ་ཞེས་བྱ་བའི་གྲངས་སུ་འདོང་བ་སྟེ། དེ་དག་འབྱུང་བ་མ་ཡིན་ནོ། །གང་ནས་འབྱུང་བ་མ་ཡིན་ཞེ་ན། འདོད་པའི་ཁམས་ནས་འབྱུང་བ་མ་ཡིན་ནོ། །གཟུགས་ཀྱི་ཁམས་ནས་འབྱུང་བ་མ་ཡིན་ནོ། །གཟུགས་མེད་པའི་
ཁམས་ནས་འབྱུང་བ་མ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ནས་འབྱུང་བ་མ་ཡིན་ནོ། །དེ་དག་ནི་ཡིད་མི་ཆེས་པ་སྟེ། ཇི་ལྟར་ཡིད་མི་ཆེས་ཞེ་ན། གཟུགས་གཟུགས་ཀྱིས་སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །བྱང་ཆུབ་ཀྱི་བར་དུ་བྱང་ཆུབ་ཀྱིས་
སྟོང་ཞེས་བྱ་བར་ཡིད་མི་ཆེས་སོ། །དེ་དག་ནི་གནས་པ་མ་ཡིན་པ་སྟེ། ཇི་ལྟར་གནས་པ་མ་ཡིན་ཞེ་ན། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་

རོལ་དུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་གནས་པ་མ་ཡིན། ཕྱིར་མི་ལྡོག་པའི་ས་ལ་གནས་པ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་གནས་པ་མ་ཡིན་ནོ། །དེ་དག་ནི་མངོན་པར་ཞེན་པ་མ་ཡིན་
ཏེ། ཇི་ལྟར་མངོན་པར་ཞེན་པ་ཡིན་ཞེ་ན། གཟུགས་ལ་མངོན་པར་ཞེན་པ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་མངོན་པར་ཞེན་པ་ཡིན། མིག་ལ་མངོན་པར་ཞེན་པ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་།
ཡིད་ལ་མངོན་པར་ཞེན་པ་ཡིན། སྐྱེ་མཆེད་དང་། ཁམས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མངོན་པར་ཞེན་པ་ཡིན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་མངོན་པར་ཞེན་པ་ཡིན། ལྟ་བར་གྱུར་པ་རྣམས་ལ་མངོན་པར་ཞེན་པ་ཡིན། བྱང་ཆུབ་ཀྱི་
བར་ལ་མངོན་པར་ཞེན་པ་ཡིན་ཏེ། དེའི་ཕྱིར་ན་བྱིས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སློབ་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས་སམ།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཅིའི་
སླད་དུ་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སློབ་པ་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་
མི་མཁས་པས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེ་ན། བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་

དུ་ཕྱིན་པ་ལ་བརྟགས་ཤིང་མངོན་པར་ཞེ་ན། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་
རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བརྟགས་ཤིང་མངོན་པར་ཞེ་ན། འཕགས་པའི་བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་རྣམས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་ཐར་བ་བརྒྱད་དང་། མཐར་
གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་རྣམས་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་
དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ལ་བརྟགས་ཤིང་མངོན་པར་ཞེན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་བརྟགས་ཤིང་མངོན་པར་ཞེན་པས། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་མི་སློབ་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འབྱུང་བ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྣམ་
པ་གང་གིས་སློབ་པར་འགྱུར་བ་ལགས། ཇི་ལྟར་བསླབས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ།
ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་དམིགས་པའི་ཚུལ་གྱིས་འབྱུང་བ་ཡིན་

ནོ། །བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དེ་མི་དམིགས་ཤིང་ཡང་དག་པར་རྗེས་སུ་མི་མཐོང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ལ་སྤྱོད་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་མི་དམིགས། ཡང་དག་པར་རྗེས་སུ་མི་མཐོང་ཞིང་། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སློབ་པ་ནི། མི་དམིགས་པའི་ཚུལ་གྱིས་
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སྤྱོད་པ་དང་། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་སློབ་པ་ནི། མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་ངོ་། །
གསོལ་པ། བཅོམ་ལྡན་འདས་གང་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་སྟོང་པ་ཉིད་མི་དམིགས་པའི་ཚུལ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པའི་ཚུལ་གྱིས་རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་ལེའུ་དྲུག་པའོ།། །།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་
སྐད་དུ་འདྲི་ཞིང་། ཅི་སྒྱུ་མའི་སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབས་ཤིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི།
ཅི་སྒྱུ་མའི་སྐྱེས་བུ་འདི་བསམ་གཏན་གྱི་ཕ་རོལ་དུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་དུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་

རམ། ཅི་སྒྱུ་མའི་སྐྱེས་བུ་འདི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ལ་བསླབས་ཤིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། སྒྱུ་མའི་སྐྱེས་བུ་འདི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་བསླབས་ཤིང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆི་ན། བཅོམ་ལྡན་འདས་དེ་སྐད་དུ་འདྲི་བ་དེ་ལ་ཇི་སྐད་དུ་བསྟན་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ལྟ་བས་ན། དེ་ཁྱོད་ཉིད་ལ་
དྲིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་ལྟར་ལུང་སྟོན་ཅིག །རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། ཚོར་བའམ། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་
འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མིག་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་གཞན་ལ། སྒྱུ་མ་
ཡང་གཞན་ཞིག་ཡིན་སྙམ་འམ། གཟུགས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། མིག་གི་རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་
ཞིག་ཡིན་སྙམ་འམ། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། མིག་གི་འདུས་ཏེ་རེག་པ་ཡང་གཞན་
ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། རྣ་བའི་འདུས་ཏེ་རེག་པ་དང་། སྣའི་འདུས་ཏེ་རེག་པ་དང་། ལྕེའི་འདུས་ཏེ་རེག་པ་དང་། ལུས་ཀྱི་འདུས་ཏེ་རེག་པ་དང་། ཡིད་ཀྱི་འདུས་ཏེ་རེག་པ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། མིག་གི་འདུས་ཏེ་རེག་པའི་

རྐྱེན་གྱིས་ཚོར་བ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་
བ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱི་
ཕྱོགས་ཀྱི་ཆོས་རྣམས་ཀྱི་བར་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་
བརྒྱད་ཀྱི་བར་ཡང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་ཀྱང་གཞན་ལ། སྒྱུ་མ་ཡང་གཞན་ཞིག་ཡིན་
སྙམ་འམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་གཟུགས་སོ། །བཅོམ་ལྡན་འདས་ཚོར་བ་དང་། འདུ་ཤེས་དང་། འདུ་
བྱེད་དང་། རྣམ་པར་ཤེས་པ་ཡང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་མིག་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། མིག་ཉིད་ཀྱང་སྒྱུ་མ།
སྒྱུ་མ་ཉིད་ཀྱང་མིག་གོ། །བཅོམ་ལྡན་འདས་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་གཞན་མ་ལགས། སྒྱུ་མ་ཡང་གཞན་མ་ལགས་ཏེ། ཡིད་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་ཡིད་དོ། །བཅོམ་ལྡན་འདས་གཟུགས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་

གཞན་མ་ལགས་ཏེ། གཟུགས་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་གཟུགས་སོ། །བཅོམ་ལྡན་འདས་སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ཀྱང་གཞན་མ་ལགས། སྒྱུ་མ་ཡང་