Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 197
Văn bản gốc(Tây Tạng)
Trang 16 / 25 (50.000 ký tự/trang)
ླར་ཡང་མ་ནིང་ཉིད་དུ་བསྒྲུབ་པའོ། །འདི་ཉིད་མ་ནིང་གི་ཚིག་ཏུ་ཤེས་པར་བྱེད་པ་ཡང་། ལོ་ཀཿཔིཥྚ་ཡཾ། བྷུ་བ་ནཾ། ཞེས་གཟུགས་ཀྱི་དབྱེ་བ་བཤད་པས་རྟགས་གཞན་གྱི་ཡང་རྟགས་ཀྱི་གཞིའི་སྒྲ་གསལ་བར་བྱེད་ཅེས་སོ། །གཞི་ནི་འཇིག་རྟེན་ཏེ་མེའི་འགྲོ་བའི་གནས་སོ་ཞེས་རིན་ཆེན་མཛོད་དུའོ། །འཆི་མེད་ཕྲེང་བར་ཡང་གནས་དང་གཞི་ནི་སྐྱེས་བུའི་རྟགས་སོ་ཞེས་པ་སྟེ་འདི་ནི་རྟགས་གཞི་གནས་ སམས་བསྡུས་པའི་སྡེ་ཚན་གྱི་མཐར་ཐུག་པ་མ་ལུས་པར་ཤེས་པར་བྱ་ཞིང་ཁྱད་པར་རབ་ཏུ་སྦྱར་ཏེ་འཆད་པར་བྱེད་དོ། །འཆི་མེད་ཅེས་པ་ནས་ལྷའི་མཐར་ཐུག་པ་ཚིགས་སུ་བཅད་པ་གསུམ་གྱིས་ལྷ་སྤྱི་རྣམས་ཏེ། རིགས་ཀྱི་སྒྲ་ཡིས་རིགས་དང་ལྡན་པ་གསལ་བར་མངོན་པར་བརྗོད་པས་ན་གསལ་བ་རྣམས་ ནི་མང་པོ་ཉིད་ཀྱི་ཕྱིར་མང་པོའི་ཚིག་གིས་ངེས་པར་བསྟན་ཏོ། །འཆི་བར་བྱེད་པས་ན་འཆི་བའོ། །ན་ཉ་ལས་ཛ་ར་མ་ར་མི་ཏྲ་མྲྀ་ཏ་ལ་ཞེས་སྭར་དང་པཱུ་ཏྲའི་ཚིག་ཕྲད་ལས་མྲྀང་ལས་ཨས་ཀྱི་རྐྱེན་ནོ། །འདི་ལ་འཆི་བ་མེད་པས་འཆི་མེད་རྣམས་སོ། །རྟག་ཏུ་ལོ་ཉི་ཤུ་རྩ་ལྔ་ལོན་པ་ལྟ་བུར་གནས་པའི་ཕྱིར་ འདི་ལ་རྒ་བ་མི་སྣང་བས་ན་རྒས་མེད་དེ་དོན་གཞན་གྱི་བསྡུ་བའོ། །རྩེ་བར་བྱེད་པས་ན་བྱེད་པ་པོ་ལ་སོགས་པས་ཨ་ཙ་རྐྱེན་ནོ། །འདི་ལ་སྐྱེ་བ་དང་གནས་པ་དང་འཇིགས་པའི་བདག་ཉིད་ཡོད་པས་སྐབས་གསུམ་མོ། །མི་རྣམས་ཀྱི་བཞིན་དུ་ན་བ་དང་རྒ་བས་ཡོངས་སུ་འགྱུར་ཞིང་ཟད་པ་ནི་མི་ལྡན་ཏེ་ ལོ་ཉི་ཤུ་རྩ་ལྔ་ལོན་པ་ལྟ་བུས་སྐྱེ་ཞིང་གནས་པ་དང་འཆི་བར་ཡང་བྱེད་པས་སོ། །རྣམས་སད་ནི་གཉིད་མེད་དེ་རྟག་ཏུ་བླ་ཐབས་སད་པའོ། །ཛྙཱ་ཀྲཱྀ་པྲཱྀ་ཨི་ཀ་ཉེ་ལས་ཀའོ། །བཅུད་ལྡན་ཞེས་པ་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྒྱ་མཚོ་བསྲུབས་ཏེ། །ལྷ་མོ་དཔལ་མོ་བྱུང་བ་ཁྱབ་འཇུག་གིས་ཁྱེར། ཟླ་བ་ ཕྱེད་པ་བྱུང་བ་དབང་ཕྱུག་གིས་སྤྱི་བོའི་རྒྱན་དུ་བྱས། དུག་བུམ་པ་གང་བྱུང་བ་དབང་ཕྱུག་གིས་མགྲིན་པར་བཞག་པས་མགྲིན་པ་སྔོན་པོར་སོང་། ཆང་བུམ་པ་གང་བྱུང་བ་དེ་ལྷ་རྣམས་ཀྱིས་ཁྱེར་བས་སུ་ར་སུ་ར་ཞེས་གྲགས་ཏེ་ཆང་ངམ་རྒྱ་མཚོའི་བཅུད་དམ་བདུད་རྩིར་ཡང་རུང་ངོ་། །རྒྱ་མཚོ་བསྲུབས་པ་ ལས་བྱུང་བའི་ཆང་འདི་ལ་ཡོད་པས་བཅུད་ལྡན་ཏེ་ཨཪྴ་སོགས་ལས་ཨཙའོ། །དེ་ཡང་ཆང་ཡོངས་སུ་གཟུང་བས་ལྷ་རྣམས་ལ་བཅུད་ལྡན་ཞེས་མངོན་པར་གྲགས་སོ་ཞེས་བཤད་དོ། །ལྷའི་སོར་མོ་ལ་སོགས་པའི་ཚིགས་རྣམས་མཛེས་པས་ན་ཚིགས་བཟང་ངོ་། །ཡང་ན་འདི་རྣམས་ཀྱི་ལུས་ ཤིན་ཏུ་བཟང་བས་སོ། །འདི་རྣམས་ཀྱི་ཡིད་ལ་བསམ་པ་ཙམ་གྱིས་དགོས་འདོད་ཐམས་ཅད་འགྲུབ་པས་ཡིད་བཟང་ངོ་། །སུམ་རྩེན་དབང་ནི་བདེ་འགྲོའི་དབང་པོ་སྟེ་གཙོ་བོ་རྣམས་སོ། །མཐོ་རིས་ཀྱི་སྒྲ་དྻཽ་ཞེས་པ་ནམ་མཁའ་ལ་བརྟེན་པས་ཏེ། པྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱི་ཕྱིར་ཨོ་ ཡིག་ནི་ཨཽ་ཉིད་དུ་བྱས་པའོ། །སྐབས་གསུམ་གྱི་ལྷག་མར་ནི་དི་ཝ་ཨཏ་མཐའ་ཅན་དུ་བཤད་དོ། །གཞན་ཡང་མཐོ་རིས་ཀྱི་འཇིག་རྟེན་ལ། ལྷའི་འཇིག་རྟེན་དང་། སྱཱ་ད་བ་རོ་ཧ་དང་། འབྲས་བུ་འབྱུང་བ་དང་། མནྡ་ར་དང་། སཻ་བི་ཀ་དང་། བརྒྱ་བྱིན་གྱི་གནས་དང་། མཁའ་དང་། གནམ་དང་། ནམ་མཁའ་ཞེས་སོ། །ཨར་དང་ཨུཎ་དང་ཨཏ་མཐའ་རྣམས་ཀྱང་རྟགས་རྗེས་སུ་བསྟན་པར་ཀློག་སྟེ། དེ་བ་ཌིམྦ་ནི་ཀུ་ཏུམྦ་དི་བོ་ལྭ་མྲ་ཞེས་རྟ་དབྱངས་ཀྱིས་ཀྱང་སངས་རྒྱས་ཀྱི་སྤྱོད་པ་རབ་ཏུ་སྦྱོར། མི་མཛེས་པ་མེད་པ་དང་ནོ་བི་ནཱ་པུ་རཾ་མ་རུ་ཏྭཱ་ཏཱ་བྲྀཏྟ་བ་དྷི་ཡ་ཐཱ་དི་ཝཾ་ཞེས་སོ། ། བྲྀ་ཥི་ཏཀྵི་ར་ཛི་བནྡྷི་པྲ་ཏི་དི་བི་ཡུ་རྣམས་ལ་ཀ་ནི་ནའོ་ཞེས་པས་མང་པོ་ཉིད་དང་འབའ་ཞིག་པ་ལས་ཀྱང་དི་བི་ལས་ཀ་ནི་ནའོ། །དེ་ཡིས་དི་བཽ་ཀ་ས་ཞེས་པ་ནི་བྷ་གའི་འགྲེལ་པ་མཛད་པའི་འོ། །དི་བི་ལས་ཨུཏ་ལ་བྱས་པའི་སྒྲ་ཕ་རོལ་ལ་དགག་པ་མེད་པའི་ཕྱིར་ཨུ་ཡིག་ཉིད་ཡཎ་ཏུ་བསྒྱུར་ བས་དི་བཽ་ཀ་ས་ཞེས་པ་ནི་སློབ་དཔོན་བྱམས་པ་སྲུང་བའོ། །མིང་གི་ཕྲེང་བར་ཡང་སྒྲ་ཕ་རོལ་ལ་དགག་པ་མེད་པའི་ཕྱིར་ཡཎ་མཐོ་རིས་སྣང་བྱེད་རབ་ཏུ་སྦྱར་བས་མཐོ་རིས་ལ་ནམ་མཁའ་དང་གནམ་ཞེས་བཤད་པ་མཐོང་ངོ་། །ཨ་དི་ཏི་ནི་མི་སྦྱིན་ཏེ་དྲང་སྲོང་འོད་སྲུངས་ཞེས་བྱ་བའི་ཆུང་ མའོ། །དེ་ལ་ཨེ་ར་ཀིནྟ་ཞེས་པས་དཱི་ཤ་ཨིཏ་ལ་དང་ཨཱས་ཨཱུད་ཅེས་པས་བུ་རྒྱུད་ལ་ཨེདྷ་ཀའོ། །དི་བ་ས་ལས་ཨནྟི་འཇུག་པ་ལས་ཀྭི་པའོ། །སཔྟ་མི་ལས་མང་པོ་ལའོ་ཞེས་པས་འཇིག་གོ། །སུ་ཥ་མ་ལ་སོགས་པ་ཉིད་ཀྱི་ཕྱིར་ཥ་ཉིད་དོ། །འཇིག་པ་ཡང་འདོད་དོ། །འདིའི་ མགྲིན་པ་དང་ལག་པ་དང་། རྐང་པ་རྣམས་ལ་བཀྲ་ཤིས་པའི་རི་མོ་ཡོད་པས་ལེགས་བྲིས་སོ། །བསྔགས་པ་ལ་ཨཪྴ་སོགས་ལས་ཨ་ཙའོ། །མི་སྦྱིན་དགའ་ཞེས་པ་དེའི་བུ་རྣམས་སོ། །ཨ་དི་ཏིའི་བུ་ཡིན་པས་ན་ཨ་དི་ཏིའི་བུ་སྟེ། འདིར་ཨ་དི་ཏི་ལ་ཎྱའོ། ། རྀ་ཡིག་ཞེས་བྱ་བ་ལྷ་རྣམས་ཀྱི་དང་པོའི་མའི་མིང་སྟེ་དེ་ལས་བྱུང་བས་རྀ་ཡིག་བུ་ཞེས་སྐབས་གསུམ་གྱི་ལྷག་མ་ལས་འབྱུང་ངོ་། །དེའི་ཕྱིར་བྷ་བནྟི་ལའོ་ཞེས་པ་དང་ཤཾ་ཀུ་ལ་སོགས་པ་རྣམས་སོ་ཞེས་པས་ཀུ་རཏ་དང་ཏ་དབྱི་བ་འང་ངོ་། །གཉིད་མེད་པས་རྨི་ལམ་ཡང་མེད་དོ། །མརྟྱཱ་ནི་ འཆི་བ་སྟེ། མྲྀ། གྲཱྀ། བཱ་ཧ་སི། ཎ་མི། ད་མི། ལླ་སཱི། ཧུརྦི་རྣམས་ལས་ཏནའོ། །སྲུ་ར་སརྣྟ་ཀྵེ་མ་པ་བིཥྛ་ལས་སོ་ཞེས་པས་རང་དོན་ལ་ཡ་ཏའོ། །མི་འཆི་བས་འཆི་མེད་དེ་འཆི་བ་མེད་པའི་ཆོས་ཅན་རྣམས་སོ། །འདིའི་ཟས་བདུད་རྩི་ཡིན་པས་ནི་བདུད་རྩི་ཟས་སོ། །མེ་ལ་སྲེག་བླུགས་ བྱས་པ་ལྷ་རྣམས་ཀྱིས་ཐོབ་པས་ན་བསྲེག་བྱ་ཟ་བའི་དོན་དུ་འདིའི་ཞལ་མེ་ཡིན་པས་ན་མེ་ཞལ་ལོ། །མཆོད་སྦྱིན་ཟས་ཞེས་ཀྱང་བྱའོ། །ཀྲ་ཏུ་ལ་ཟ་བར་བྱེད་པ་ལ་ཀྭི་པའོ། །འདི་རྣམས་ཁྲོས་པའི་དམོད་པའི་མཚན་ཉིད་ཅན་གྱི་ཚིག་ནི་མདའ་སྟེ་མདའི་བྱ་བ་བྱེད་པའི་ཕྱིར་ཚིག་མདའོ། །ལྷ་མ་ ཡིན་རྣམས་འཇོམས་པས་ན་ལྷ་མིན་དགྲའོ། །འདི་རྣམས་ལ་ཚོགས་བཟང་པོ་ཡོད་པས་ན་ཚོགས་བཟང་ངོ་། །དེ་འདིའི་ལྷ་ཞེས་པས་ཚིག་ཕྲད་ལས་དེ་བ་ལས་རང་གི་དོན་ལ་ཏ་ལའོ། །ཏལ་ལ་ཨཱི་ཏ་ཨཱུཏ་ལས་ཀྱང་ངོ་ཞེས་པས་བུད་མེད་ཉིད་དོ། །ལྷ་ཉིད་ཁོ་ན་ལྷ་སྟེ་པྲ་ཛྙཱ་ལ་སོགས་ པ་རྣམས་ལས་ཡང་ནའོ་ཞེས་པས་ཨཎའོ། །རང་གི་དོན་ཅན་གྱི་རང་བཞིན་ལས་རྟགས་རྣམས་ཨཔ་ལ་རྗེས་སུ་མི་འཇུག་ཅེས་པས་སྐྱེས་པ་དང་མ་ནིང་ཉིད་དོ། །ཉི་མ་སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ཚོགས་པའི་ལྷ་སྟེ་འདུས་པར་གྱུར་པའི་ལྷ་རྣམས་སོ། །དེ་ནི་ལྷ་རྣམས་ འདུས་པའི་བྱེ་བྲག་ཏུ་བཤད་པས་ཚོགས་པའི་ལྷའི་སྒྲར་བརྗོད་དོ་ཞེས་པའི་དོན་ཏོ། །དེ་ལ་ཉི་མ་བཅུ་གཉིས་ཏེ། །སྣ་ཚོགས་ལྷ་རྣམས་བཅུ་རུ་དྲན། །ནོར་ལྷ་བརྒྱད་དུ་ཡང་དག་བཤད། །དེ་བཞིན་དགའ་ལྡན་སུམ་ཅུ་དྲུག །འོད་གསལ་དྲུག་ཅུ་རྩ་བཞི་དང་། །རླུང་ལྷ་ཞེས་བྱ་བཞི་བཅུ་ དགུ། །ཕྲེང་བ་ཆེན་པོ་ཞེས་བྱ་བ། །དེ་བཞིན་ཉིས་བརྒྱ་ཉི་ཤུའོ། །གྲུབ་པ་ཞེས་བྱ་བཅུ་གཉིས་བཤད། །དྲག་པོ་རྣམས་ནི་བཅུ་གཅིག་བརྗོད། །འདི་དག་ཚོགས་པའི་ལྷ་རྣམས་སོ། །དེ་ལ་ཉི་མའི་སོ་རང་མིང་རྣམས། །དབང་པོ་བྱེད་༢་པོ་ལམ་༣་པ་དང་། །ཆར་༤་འབབ་སྟོད་༥་བྱེད་སྔོན་༦་མིན་ འཕགས་༧། །མི་༨་གཟུགས་ཁྱབ༩་འཇུག་འོད་ཅན་༡༠་དང་། །ཆུ་༡༡་བདག་བཤེས་༡༢་གཉེན་ཉིད་ཀྱང་ངོ་། །ནོར་༡་དང་སེམས་༢དཔའ་མཆོད་སྦྱིན་དང་། །གསལ་༤་བ་༥་དུས་དང་འདོད་༦་ཁུར་མིག་༧། །སྐྱེས་༨་བུ་རང་གི་ནི་འདི་ལྡ་སྟེ་གཡོན་༩་དང་དངོས་༡༡་པོ་སྟེ། །དེ་རྣམས་སྣ་ཚོགས་ལྷ་རུ་བསྒྲགས། ། ཆུ་༡་དང་བརྟན་པ་༢་ཟླ་བ་དང་། །འཛིན་༤་བྱེད་རླུང་༥་དང་མེ་༦་དང་ནི། །ནམ་༧་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་རུ་དྲན། །ཤེད་༡་དང་ཡིད་༢་རྗེས་ཁྱབ་༣་འཇུག་དང་། །ཤེད་༤་བུ་མི་ཡི་བུ་རྣམས་ནི། །དེ་བཞིན་དུ་ནི་དཀའ་༥་ཐུབ་གཏེར། །༦་མུ་ཁྱུད་༧་ངང་པ་ཆོས་༨་དང་གྲགས་༩། །ཉིན་༡༠་མཚན་ མཉམ་༡༡་བྱེད་ལས་༡༢་སྐྱེས་ཏེ། །གྲུབ་པའི་ལྷ་རྣམས་བཅུ་གཉིས་གྲགས། །༡་མ་སྐྱེས་རྐང་གཅིག་འཕེལ་༢་དང་བསྟོད་༣། །དྲག་༤་པོ་དང་ནི་༥་བརྩོན་འགྲུས་ལྡན། །༦་འཕྲོག་བྱེད་དེ་ནས་བདེ་༧་འབྱུང་དང་། །སྤྱན་༨་གསུམ་གཞན་༩་ལས་རྒྱལ་བ་དང་། །༡༠་དབང་ལྡན་དང་ནི་༡༡་ས་གསུམ་པ། །དྲག་པོ་བཅུ་ གཅིག་ཤེས་པར་བྱ། །ལྷག་མ་རྣམས་ནི་ལུང་ལས་ཤེས་པར་བྱ་སྟེ། འདིར་ནི་མངས་པའི་འཇིགས་པས་མ་བརྗོད་དོ། །ཨ་ཤིང་ལ་ཊི་ཀ་ཤི་ཁ་ཊི་བི་ཤ་ལས་ཀྭ་ནའོ། །འདི་ལ་དུག་སྣ་ཚོགས་ཡོད་པས་རྟགས་གཞན་དུ་འགྱུར་བ་མ་ཡིན་པའོ། །ན་ནཱ་ཤུ་ཎྠྱཱཾ་སྐྱེས་པ་སྟེ་ལྷའི་རབ་ཏུ་དབྱེ་བ་ མ་ལུས་པ་ལ་གསུམ་རྣམས་ཞེས་དྲག་པོའོ། །གྲུབ་པ་དང་སྣ་ཚོགས་ལ་ཡང་དྲག་པོ་རྣམས་ཀྱང་ཞེས་པ་ལ་སོགས་པ་སྔོན་གྱི་རབ་ཏུ་སྦྱོར་བ་བསྟན་པའི་ཕྱིར་དང་། རབ་ཏུ་བྱེད་པ་མ་ལུས་པ་འགྲེལ་པར་བྱེད་པའི་ཕྱིར་དང་མིང་གི་གཙོ་བོ་གཞན་མ་ཡིན་པའི་ཕྱིར་སརྦ་ལ་སོགས་པའི་བྱ་བ་རྣམས་ མི་འགོག་གོ་ཞེས་རྟོག་པར་བྱེད་དོ། །བ་ས་གནས་ལའོ། །པ་ཊ་ཨ་སི་བ་སི་ཏྲ་པི། ཧ་ནི། མ་ནི། ཨནྡི། ཀནྡི། བནྡི་རྣམས་ལས་སོ་ཞེས་པས་ཨུའོ། །དགའ་བར་བྱེད་པ་ལ་ཏུཊའོ། །དེ་རྣམས་ལ་བྱེད་པ་ལྡན་པ་ལས་རང་རང་ཡོངས་སུ་སྨོས་པས་ཏུ་ཥྚ་དགའ་བ་ཉིད་ལས་ཞེས་པས་སུབའོ། ། བྱིངས་ལས་འགྲོ་བའི་དོན་མེད་པ་དང་ལས་མེད་པ་དང་གཞི་ལ་ཡང་ངོ་ཞེས་པས་ཀྟའོ། །ཤིན་ཏུ་ཕུལ་དུ་བྱུང་ཞིང་མཛེས་པ་ལ་གསལ་བའི་ངང་ཚུལ་གྱི་ཕྱིར་འོད་གསལ་ལོ། །སྠཱ། བྷཱས། ཞེས་པས་ཝ་རའི་རྐྱེན་ཡང་ངོ་། །ཕྲེང་ཆེན་ཞེས་པ་འདི་རྣམས་ཀྱི་གྲལ་བསྒྲིགས་པ་ སྟེ། ཐུན་མོང་བའི་སྒྲུབ་པ་ལས་མིང་ལ་ཡང་ཡཱ་བ་སོགས་རྣམས་ལས་ཀནའོ། །ཕྲེང་ཆེན་ཞེས་པའི་ལྷ་འདི་རྣམས་ལ་རྒྱལ་པོ་ཆེན་པོ་ཞེས་པ་ནི་ལེགས་པའི་ལམ་ལ་བསྔགས་པར་སློབ་དཔོན་དཔའ་བོས་སོ། །བྲཱྀ་ཧྱ་ལས་ཡ་ཏ་དང་ཨི་ནིས་ཀྱང་ངོ་ཞེས་པས་ཋ་ནའོ། །བསྒྲུབ་པར་བྱ་བས་ན་བསྒྲུབ་ བྱ་སྟེ། རྀ་དང་ཧལ་ལས་ཎྱ་ཏའོ། །རིག་པ་ནི་མིག་སྨན་དང་སྔགས་ལ་སོགས་པ་སྟེ། འཛིན་པར་བྱེད་པ་ལ་ཨ་ཙའི་རྐྱེན་ནོ། །རིག་པ་འཛིན་པ་ནི་མེ་ཏོག་སོ་ཅན་ལ་སོགས་པ་རྣམས་སོ། །འདི་གནས་གཞན་དུ་མ་བཤད་པས་ན་རྟགས་ཀྱི་དབྱེ་བ་བཤད་པའི་ཕྱིར་དུ་ཟླས་དབྱེར་གསལ་ལོ། ། རྣམ་གྲངས་ནི་ར་བྷ་སའི་མཛོད་ལས། རིག་འཛིན་འདོད་པའི་གཟུགས་ཅན་དང་། །མཁའ་སྤྱོད་བདེན་དང་ལང་ཚོ་ཅན། །ཞེས་སོ། །ཆུ་སྐྱེས་ནི་ལྷའི་བཙུན་མོ་སྟེ་ལྷའི་སྨད་འཚོང་ཨུརྦ་ཤི་ལ་སོགས་པའོ། །ཡཀྵ་མཆོད་པ་ལའོ་ཞེས་པ་ཙུ་ར་ལ་སོགས་པའི་ལྷག་མ་ལ་མཆོད་པ་བྱེད་དོ་ ཞེས་པས་ཨ་ཙ་རྐྱེན་ནོ། །ཡཀྵ་གནོད་སྦྱིན་ཏེ་ལུས་ངན་ལ་སོགས་པ་རྣམས་སོ། །སྲིན་པོ་ནི་འཇིགས་སུ་རུང་བ་ལ་སོགས་པ་རྣམས་སོ། །དྲི་ཟ་ནི་ལྷའི་གླུ་མཁན་ཏེ་སྒྲ་ངན་སྤངས་དང་དབྱངས་འདེམ་ལ་སོགས་པའོ། །མི་འམ་ཅི་ནི་མིའི་ལུས་པོ་ལ་རྟའི་གདོང་པ་ཅན་ལ་སོགས་པ་གླུ་ དབྱངས་ཀྱི་རྩེ་བའོ། །ཤ་ཟ་ནི་སེམས་ཅན་གྱི་བྱེ་བྲག་ཤ་རྗེན་ཟ་བ་ལུས་ངན་པོའི་རྗེས་སུ་སྤྱོད་པ་རྣམས་སོ། །པྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱི་ཕྱིར་པི་ཤི་ཏ་ནི་པི་རུ་བསྒྱུར་ཞིང་། ཨཱ་ཤ་ཡང་ཤཱ་ཙ་རུ་བསྒྱུར་བ་པི་ཤཱ་ཙའོ། །ཤ་ཀུ་ནི། ཤ་ཀུནྟི། པི་ཤཱ་ཙ། པི་ཤཾ་གཱ། ཤ་པ་ཐ། ནི་ཤཱ་ཐ། ཀྲྀ་ཤ །ཨ་ནུ་ཀི་ཤོ་ར་རྣམས་སོ་ཞེས་དྲོ་བའི་དབྱེའོ། །གཏེར་རྣམས་འཛིན་པར་བྱེད་པས་ན། ཀྲྀ་བྲྀ་ཥི། མྲྀ་ཛི། ཤཾ་སི། དུ་ཧི། གུ་ཧ་ལས་ཞེས་པས་ཀྱང་སའི་རྐྱེན་ནོ། །མིང་ལ་ཡཱ་བ་སོགས་ལས་ཀ་ནའོ། །ཡང་ན་གསང་བར་བྱེད་པས་ན་ཌ་ཞེས་པས་ཌའི་རྐྱེན་ནོ། །གུ་ཧྱ་ཀ་ གསང་བ་པ་རྣམས་ཏེ་ནོར་བུ་བཟང་པོ་ལ་སོགས་པ་ལུས་ངན་པོའི་རྗེས་སུ་སྤྱོད་པ་རྣམས་སོ། །གྲུབ་པ་ནི་ཆུང་ངུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །འབྱུང་པོ་ནི་འགའ་ཞིག་སྐད་ཆེན་པོས་སྨྲ་བར་བྱེད་པ་ཤ་ཟའི་བྱེ་བྲག་སྟེ། ཁ་འོག་ཏུ་ལྟ་བ་དང་སྟེང་དུ་ལྟ་བ་ལ་སོགས་པ་རྣམས་ སོ། །བྷཱུ་ཏ་ལ་སྦྱོར་བ་ལས་ཨཪྴ་སོགས་ལ་ཨཙ་རྐྱེན་ནོ། །དེ་རྣམས་ལ་ལྷ་ལས་བྱུང་བའི་སྒྲ་བརྗོད་པར་བྱ་སྟེ། དེ་རྣམས་ཉིད་དང་པོ་ལྷ་རྣམས་ཀྱི་རྒྱུར་བྱས་པ་ལས་བྱུང་བའི་ཕྱིར་རོ། །ཡང་ན་ལྷ་རྣམས་བཞིན་དུ་མའི་སྐྱེ་གནས་ལས་མ་བྱུང་བས་ན་ལྷའི་སྐྱེ་གནས་ཅན་ཞེས་པའོ། ། ཚིགས་སུ་བཅད་པ་གཅིག་གིས་ལྷ་མ་ཡིན་གྱི་མིང་སྟེ། །རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་བཅུད་ལྷ་རྣམས་ཀྱིས་བདག་ཏུ་བྱས་ཏེ། །ལྷ་མ་ཡིན་རྣམས་ཀྱིས་མ་ཐོབ་པས་ཨ་སུ་ར་ཞེས་བྱ་སྟེ། བཅུད་མི་ལྡན་པ་ཞེས་པའོ། །དོ་ཀུན་ཏུ་འགེམས་པ་ལའོ། །མིང་ལཀྟི་ཡང་ངོ་། །དོ། སོ། མཱ། སྠཱ་རྣམས་ཀྱི་ཏི་ལ་ཨ་ཏིའོ་ཞེས་སོ། །ཕ་དྲང་སྲོང་འགྲོ་སྐྱོང་གསེར་ཅན་ལ་སོགས་པ་དང་། མ་སྦྱིན་བྱེད་མའི་བུ་ཡིན་པས་ན་སྦྱིན་སྐྱེས་སོ། །དི་ཏྱ་ལ་དི་ཏྱ་ལས་ཞེས་པས་འདིས་ཎྱཱི་རྐྱེན་ནོ། །ཚིག་ལས་ནི་ཨེ་ར་ཀིནྟ་ཞེས་པ་དང་དཱི་ཥ་ཨཱུཏ་ཨཱ་ས་ཞེས་སོགས་ཀྱིས་དྷ་ཀ་རྐྱེན་ནོ། །གཞུ་སྐྱེས་ནི་ གཞུ་ཞེས་བྱ་བའི་མ་ལས་སྐྱེས་པ་ལྷ་མ་ཡིན་བདེ་མཆོག་ལ་སོགས་པའོ། །སྔོན་དྲང་སྲོང་གསལ་བ་ཞེས་བྱ་བ་ལ་མི་སྦྱིན་དང་སྦྱིན་མ་དང་ད་ནུ་ཞེས་བྱ་བ་ལ་སོགས་པ་བུ་མོ་བཅུ་གསུམ་ཡོད་པ་ལས་དི་ཏི་སྟེ། སྦྱིན་མ་ཞེས་བྱ་བ་ནི་ལྷ་མ་ཡིན་རྣམས་ཀྱི་དང་པོའི་མའོ། །སྦྱིན་སྐྱེས་དང་སྦྱིན་བྱུང་ཞེས་པ་ ལ་སོགས་པའི་ལྷ་མ་ཡིན་གྱི་མིང་གི་དབྱེ་བ་ནི་མའི་མིང་ལས་དྲངས་པའི་ཁྱད་པར་ཏེ། མཚུངས་པའི་ངང་ཚུལ་གྱི་ཕྱིར་དང་ལྷན་ཅིག་སྤྱོད་པའི་ཕྱིར་ཐ་སྙད་གཅིག་པ་ཉིད་དུ་བསྟན་པ་ལས་དབྱེ་བ་མེད་པར་འབྲེལ་ལོ། །དེ་བཞིན་དུ་སྒྲོལ་བ་པོས་བཤད་པའི་སྦྱིན་བྱུང་དང་སྦྱིན་སྐྱེས་རབ་ཏུ་སྦྱར་བ་དེ་ཡང་སྦྱིན་ སྐྱེས་ཐོབ་པ་ལ་དཔལ་ཞེས་དྲངས་པ་ཉིད་འོས་པར་ཟད་དོ། །སྦྱིན་སྐྱེས་དང་སྦྱིན་བྱུང་ནི་དཔེར་ན། གསེར་ཅན་གྱིས་བཤད་པ། དཱ་ན་བ་མི་བ་དཱཾ་ཥྚ་བི་བྷིནྣ་བཀྵཿསྠ་ལམ་ཞེས་སོ། །དོན་དམ་པའི་དབྱེ་བ་ལ་བརྟེན་ནས་ནི་ཐུབ་པ་དང་མི་དག་བཞིན་སྦྱིན་སྐྱེས་དང་སྦྱིན་བྱུང་ངོ་ཞེས་པ་མཱ་གྷ་བཞེད་དོ། ། དབང་པོའི་དགྲ་ཞེས་ཀྱང་བྱའོ། །བ་སངས་སློབ་མ་ནི་ལྷ་མ་ཡིན་རྣམས་གཟའ་པ་བ་སངས་ཀྱི་སློབ་མའོ། །སྔོན་གྱི་ལྷ་ཞེས་པ་ཁྱད་པར་གྱི་བསྡུ་བ་སྟེ། སྔོན་ལྷའི་གནས་ལྷ་མ་ཡིན་གྱི་ཡིན་པ་ལ་དེ་ལྷ་རྣམས་ཀྱིས་ཕྲོགས་ནས་ལྷ་མ་ཡིན་རྣམས་རི་རབ་ཀྱི་རྒང་ན་ མར་བསྐྲད་དོ་ཞེས་གྲག་གོ། །ལྷ་ལ་སྨོད་ནི་ལྷ་རྣམས་ལ་མངོན་པར་མི་དགའ་བར་བྱེད་པ་སྟེ། དྭི་ཥ་ལ་ཀྭི་པའོ། །ཚིག་མཐའ་ལས་མིང་མ་ཡིན་པ་ལ་ཊ་མ་ཡིན་ཞེས་པས་ཏྲ་སྡེ་ཕ་རོལ་གྱི་བདུན་པའི་མང་པོའི་ཚིག་གི་ཥྚུ་ཉིད་ནི་སློབ་དཔོན་པཱ་ཎི་ནིས་བཀག་གོ། །སུ་ལ་སོགས་པ་རྣམས་སརྦ་ ནཱ་མའི་གནས་ལ་མ་ཡིན་པས་རང་བཞིན་གྱིས་དེ་རྣམས་ཚིག་གི་མིང་ཅན་ནོ། །སུ་ར་བིཊྶུ། སྭཱ་རཱ་ཊུ། ས་མྲཱཊྶུ། ཥ་ཊྶུ། ཞེས་པ་ལ་སོགས་པ་ལ་ནི། སློབ་དཔོན་ཙནྡྲ་གོ་མིས། ཊ་མ་ཡིན་པ་ལ་ཡང་། ན་བ་ཏི། ན་ག་ར། དག་གི་དང་པོའི་འོ་ཞེས་ཚིག་དང་པོའི་ཥྚུ་ཉིད་དགག་པ་བྱས་པས་ ན་སུ་པ་ཀྱི་པ་ཡིག་ཥྚུ་ཉིད་མི་ཐོབ་ན། ཅིའི་ཕྱིར་ཨེའི་དབྱིངས་ཀྱི་ཚོགས་ཉིད་ཨ་ཏ་མཐའི་ས་ཡིག་ཏུ་བསྒྱུར་བས་གནོད། ཋའི་རྐྱེན་ནི་བྷཱ་ཥའི་རྒྱ་ཆེར་འགྲེལ་པ་དང་། བྱམས་པ་སྲུང་བས་ཀྱང་པྲྀ་ཥོ་ད་ར་ལ་སོགས་པར་ཥཌྜྷ་ཥཌྜྷ་ཞེས་རྣམ་པར་བརྟགས་ཏེ་ཥྚུ་ཉིད་དཔེར་བརྗོད་དོ། །ཡང་ འདིར་སྨྲས་པ། ཥྚུ་ཉིད་སྒྲུབ་པ་ལ་རིགས་ལ་བརྟེན་པ་ལས་སུ་པ་ཀྱི་པ་ཡིག་དེའི་ངོ་བོར་མེད་དེ། དཔེར་ན་སྤྲིན་གྱི་ཕོ་ཉར། ཏྲ་ཀྵུ་སི་བྷཱ་ཏྲི་ཛ་ཡཾ་ཞེས་པ་དང་། རྀཏ་ལས་བིད་ལ་ཞེས་པ་ལ་སོགས་པར་ཥ་ཥྛིའི་འཇིགས་པ་མེད་དོ། །དེ་ལྟར་ཡང་ལྔ་པ་ཕ་རོལ་གྱིའོ་ཞེས་པ་འདིར་རཏྣ་མ་ ཏིས་སོ། །རིགས་ཀྱིས་ནི་འདོད་པ་ན་སྤྱོད་པའི་ཡུལ་ཇི་སྲིད་པ་ཡོངས་སུ་རྫོགས་པ་དེ་སྲིད་དུ་འདོད་དོ་ཞེས་སོ། །བྷ་བ་ཏཱི་སུ་ཏ་ལ་སོགས་པ་ཙམ་སྨོས་པ་ནི་འབྲས་བུ་མེད་དོ། །འགྲེལ་པར་སྨོས་པ་ནི་རྐྱེན་ལ་ཡང་ཇི་ལྟ་བ་བཞིན་འགྱུར་རོ། །ཨེ་ཀ་ཀཱ་མྱ་ཏི། སརྦ་ཀཱ་མྱ་ཏི་ཙམ་སྨོས་པ་ནི་ དགག་པའི་ཡུལ་ལ་ཡང་ཇི་ལྟ་བ་བཞིན་འགྱུར་རོ། །འདིའི་ཐམས་ཅད་དགག་པ་ནི་དགའ་བ་ཐམས་ཅད་པ་སྟེ། ཐམས་ཅད་ཀྱི་ཡིད་དུ་འོང་བ་ཞེས་པའོ། །མ་ཏཱནྟ་རཾ་ཡང་དཔེར་ན། བ་ཀུ་ལའི་སྡེབ་སྦྱོར་ལའོ་ཞེས་པའི་འདིར་ཚིགས་སུ་བཅད་པའི་རྣམ་གྲངས་ཀྱི་སྡེབ་སྦྱོར་གྱི་སྒྲ་ཉེ་བར་ བླངས་པས་ན་དེར་ཡང་ཇི་ལྟར་བསྟན་པའི་སྒྲུབ་པ་ཐམས་ཅད་རྣམ་པར་བརྟགས་པའི་ཕྱིར་འདི་དག་རྒྱལ་པོ་ལ་སོགས་པ་བཞིན་རབ་ཏུ་སྦྱར་རོ་ཞེས་སོ། །ཐམས་ཅད་མཁྱེན་པ་ཞེས་པ་ནས་ཐུབ་པའི་མཐར་ཐུག་པ་ཐམས་ཅད་ནི་སངས་རྒྱས་ཀྱི་མཚན་ནོ། །སརྦཾ་ཛཱ་ན་ཏི་ལས་པྲ་ལ་སོགས་པ་ མེད་པ་ལས་ཀའོ། །སརྦ་ཛྙཱ། ཀུན་མཁྱེན་ནོ། །འདིའི་ཡེ་ཤེས་ཀྱིས་ལེགས་པར་རྟོགས་པའམ། ཡང་ན་འཁོར་བར་སླར་མི་ལྡོག་པར་ལེགས་པར་གཤེགས་སོ། །ཡང་ན་མཆོག་ཏུ་བདེ་བའི་བདག་ཉིད་གྲུབ་པར་གཤེགས་པས་ན་བདེ་གཤེགས་སོ། ། དེ་སྐད་དུ་ཡང་། ལེགས་པའི་ལམ་ལ་བསྔགས་པར། ཐུགས་ཀྱིས་ཕན་དང་བདེ་བ་མཆོག་བརྙེས་པས། །བརྩེ་ཆེན་ཡེ་ཤེས་རྣམ་པར་དག་དང་ལྡན། །རྨད་བྱུང་གྲོང་དུ་རིམ་དང་རིམ་མིན་གྱིས། །ཇི་བཞིན་གཤེགས་པ་དེ་ནི་བདེ་གཤེགས་བརྗོད། །ཅེས་སོ། །སངས་རྒྱས་ ཐམས་ཅད་དང་ལྡན་པས་སངས་རྒྱས་ཏེ། དེ་སྐད་དུ་ཡང་མདོ་སྡེའི་མན་ངག་གི་རྒྱན་དུ། གཡོ་དང་མི་གཡོ་ཟད་དང་མ་ཟད་མཐའ་དག་གི །འདས་ལ་ཉེ་བར་རྟོགས་པ་མངོན་པར་མི་ལྡན་པ། །གང་ཡིན་འདི་དེ་རྣམ་རྟོག་བྱང་ཆུབ་རྩ་བ་སྟེ། །དེ་ཕྱིར་བློ་ཆེན་བཅོམ་ལྡན་འདས་ཏེ་སངས་ རྒྱས་སོ། །ཞེས་སོ། །མང་པོ་ལས། ལས་དང་བཅས་པ་ལས་ཀྱང་དེ་འགྲོ་བའི་དོན་དང་ལས་མེད་པ་དང་གཞི་ལ་ཡང་ངོ་ཞེས་པས་ཀྟའོ། །ཆོས་ཀྱི་རྒྱལ་པོ་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཆོས་ཀྱི་རྒྱལ་པོའོ། །ས་ཁི་ཨ་ཧ་ས་རཱ་ཛ་ན་རྣམས་ཞེས་པས་ཊ་ཙ་རྐྱེན་ནོ། །ཨུ་ཎ་ སོགས་རྣམས་ལ་མ་ཡིན་ནོ་ཞེས་པས་ཨནྟིའི་ཨཙ་ལ་སོགས་པ་དབྱིའོ། །ཐུབ་པ་རྣམས་ཇི་ལྟར་བྱོན་པ་དེ་བཞིན་དུ་ཞི་བར་གཤེགས་པས་ན་དེ་བཞིན་གཤེགས་པ་སྟེ་དེའི་ཕྱིར་དེ་བཞིན་གཤེགས་པའོ། །ཡང་ན་ཡང་དང་ཡང་དུ་སྲིད་པར་བྱོན་པ་དེ་ལྟར་རབ་ཏུ་ཞི་བར་གཤེགས་པས་ན། དེ་བཞིན་གཤེགས་པའོ། །ཡང་ན་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་འཇིག་རྟེན་ལ་ཕན་པའི་རྣམ་པ་དེ་དག་གིས་གཤེགས་པས་ན་དེ་བཞིན་གཤེགས་པའོ། །ཇི་ལྟ་ཇི་ལྟར་གང་དང་གང་ལ་ཕན་པའི་རྣམ་པ་དེ་ལྟ་དེ་ ལྟར་དེར་གཤེགས་པའི་བརྩེ་བ་ལྡན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། སྦྱིན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་འདོད་པའི་སྐྱོན་ལས་ཐུགས་རྣམ་པར་གྲོལ་བའོ། །བརྗོད་པ་གཉིས་བཞིན་སུ་པ་དང་སུ་པ་དོན་གཅིག་ཅེས་པའི་བསྡུ་བའོ། །ཀུན་ཏུ་བཟང་པོ་ ཞེས་པ་ལ་ཀུན་དུ་ནི་བསོད་ནམས་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །བཟང་པོ་ནི་གཙོ་བོའོ། །བཅོམ་ལྡན་འདས་ཞེས་པ་ལ། ཆེ་བའི་བདག་ཉིད་ཡང་དག་པའི་མཆོག་ནི་བཅོམ་ལྡན་ཏེ། དེ་སྐད་དུ། ཡོན་ཏན་མཚུངས་མེད་མ་ལུས་ཡང་དག་ལྡན། །མ་ལུས་ཉེས་པ་དང་བྲལ་བླ་ མ་ནི། །གང་ཕྱིར་ཆེ་བདག་མཆོག་གིས་རྣམ་བརྒྱན་པ། །དེ་ཕྱིར་འདི་ནི་བཅོམ་ལྡན་འདས་ཞེས་བསྒྲགས། །ཞེས་སོ། །བརྩོན་འགྲུས་ལ་སོགས་པ་ཡང་བཅོམ་ལྡན་ཏེ། དེ་སྐད་དུ་རྣམ་བཤད་རིགས་པར། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་ དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་སྐལ་ཞེས་བྱ། །དེ་དག་དང་ལྡན་པས་ཀྱང་བཅོམ་ལྡན་འདས་སོ། །ཉོན་མོངས་པ་ལ་སོགས་པའི་བདུད་དང་འདོད་པའི་ཁམས་ཀྱི་བདག་པོ་བདུད་ཡིད་སྲུབ་འདུལ་བས་ན་བདུད་འདུལ་ཏེ། ཛི་ལ་ཀྭི་པའོ། ། འཇིག་རྟེན་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རང་བཞིན་ཏེ་འཇིག་རྟེན་དུ་རབ་ཏུ་གྲགས་སོ། །ཡང་ན་མཐོ་རིས་ལ་སོགས་པའི་རང་བཞིན་རྣམས་སོ། །ཕུལ་དུ་བྱུང་བར་འདུལ་བར་བྱེད་པས་ཛི་ལ་ཀྭི་པ་རྐྱེན་ནོ། །བདུད་འདུལ་བས་ན་རྒྱལ་བའོ། །རཱ་སྣ་ལ་སོགས་པ་ རྣམས་སོ་ཞེས་པས་ཛི་ལ་ན་ཀ་རྐྱེན་དུའོ། །ལྷའི་སྤྱན་དང་། ལྷའི་སྙན་དང་། ཕ་རོལ་གྱི་སེམས་མཁྱེན་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ཟག་པ་ཟད་པ་མཁྱེན་པ་དང་། ནམ་མཁའ་ལ་འགྲོ་འོང་མཛད་པའི་སྐུའི་བཀོད་པ་ལ་སོགས་པའི་མཚན་ཉིད་ཀྱི་རྫུ་འཕྲུལ་རྣམས་ ནི་མངོན་ཤེས་དྲུག་གོ། །འདིའི་སྟོབས་བཅུ་རྣམས་ནི་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་སྟེ་ལུང་ལས་ཤེས་པར་བྱའོ། །འདིར་ནི་མངས་པའི་འཇིགས་པས་རྒྱས་པར་མ་བྱས་སོ། །གཉིས་མ་ཡིན་པ་ནི་གཉིས་མེད་དེ། དེ་ཁོ་ན་ཉིད་གསུང་བའི་ངང་ཚུལ་འདི་ལ་མངའ་ བས་གཉིས་མེད་གསུང་བའོ། །རིགས་མ་ཡིན་པ་ལས་ངང་ཚུལ་དང་ཡང་ཡང་དག་ལའོ་ཞེས་པས་བ་ད་ལ་ཎི་ནིའོ། །སེམས་ཅན་རྣམས་འདུལ་བར་མཛད་ཅིང་ཕན་པ་རྗེས་སུ་སྟོན་པར་མཛད་པས་རྣམ་འདྲེན་ཏེ། ཎཱི་ལ། ཎཱུ་ལའོ། །ཐུབ་པ་རྣམས་ཀྱི་རྒྱལ་པོར་གྱུར་པས་ན་ཐུབ་དབང་ངོ་། ། དཔལ་གྱིས་གང་བས་ན་དཔལ་སྟུག་སྟེ། ཀྵུ་བྷྣཱ་སྭཱ་ཧཱ་ལས་ཚིག་སྔ་མ་ལས་མིང་ལའོ་ཞེས་པས་ནཎ་ཉིད་དོ། །དེ་ཡང་། དཔེ་བྱད་བརྒྱད་ཅུའི་རིན་པོ་ཆེ་ཡིས་བཀྲ། །སུམ་ཅུ་རྩ་གཉིས་མཚན་བི་ནཱ་ཡ་གྱིས་མཚན་པ་གང་། །དེ་ནི་ཚངས་མིན་ལྷ་བདག་རྣམས་ཀྱི་མིན། །དེ་བཞིན་གཤེགས་ པ་རྣམས་ཀྱི་དཔལ་གྱི་སྐུ། །ཞེས་བཤད་དོ། །སྟུག་པོ་ནི་ཚོགས་པ་སྟེ་དེས་བྱས་པའི་ཕྱིར་བྱེད་པ་པོའི་བསྡུ་བའོ། །སེམས་ཅན་རྣམས་ལ་སྟོན་ཅིང་འདུལ་བར་བྱེད་པས་ན་བྱེད་པ་པོ་ལ་ཞེས་པས་ཏྲི་ཙའོ། །དེ་བཞིན་དུ་ཀྟི་ཏི་ཤི་ལ་ཞེས་པ་འདིར་ཤཱསྟཱ་ཞེས་དཔེར་བརྗོད་སོ་སོར་བྱས་པས་ འདི་ཉིད་ལ་ཡང་ན་ཏྲྀ་ཙ་བཤད་ཅེས་རཏྣ་མ་ཏིའོ། །དེ་ཉིད་ཀྱི་ཕྱིར་ཨཱ་པ་ཏྲི་སོགས་ཉིད་ལས་རིང་པོ་ཉིད་དོ། །ཤཱསྟཱ་རཽ། ཤསྟཱ་རཾ། དེ་ནི་རིགས་ཁོ་ན་ངེས་པ་ལ་འཇུག་སྟེ། དཔེར་ན་བྲམ་ཟེ་ཀཽཎྜི་ནྱ་ཉིད་ཟས་ཟ་བས་བྲམ་ཟེ་ཟས་ཟ་བ་མི་འགོག་པར་རྒྱལ་རིགས་ལ་སོགས་པ་ཟ་བ་འགོག་པ་ བཞིན་ནོ། །དེ་ཁོ་ན་རྒྱུད་རབ་ཏུ་གསལ་བར་སློབ་དཔོན་སྲུང་བས་བཤད་དོ། །བྱེ་བྲག་ཏུ་བཤད་པའི་ཕྱོགས་ལ་ཚིག་འདི་དག་ན་སྟཱ་སོགས་སྨོས་པ་ཚིག་ངེས་པའི་དོན་དུ་བཤད་པ་དེས་མིང་གི་སྒྲ་ཉིད་ལས་གཞན་མ་ཡིན་པ་ལ་འཇུག་གོ་ཞེས་སོ། །སྔོན་གྱི་དྲང་སྲོང་ལས་སོ་ཞེས་པའི་ཤེས་བྱེད་ ལས་ལུང་ལས་བསྟན་པ་རྣམས་ལ་ཞེས་པའི་དོན་ལ་ཞེས་པས་བོད་རྐྱེན་ནོ། །རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་མཁྱེན་ཚིའོ་པའམ་ཡང་ན་ཐུབ་པ་བཞིན་དུ་ཆོས་མི་གསུང་བས་ཐུབ་པའོ། །མ་ནི་ལས་ཨུཏ་ཀྱང་ངོ་ཞེས་པས་ཨིའི་རྐྱེན་དང་ཨཏའི་ཨུཏ་ཉིད་ཀྱང་ངོ་། །སངས་རྒྱས་ ཀྱི་ཡོན་ཏན་དཔག་ཏུ་མེད་པ་རྣམས་ནི་ལུང་ལས་ཤེས་པར་བྱ་སྟེ། འདི་རྣམས་སངས་རྒྱས་སྤྱི་ཙམ་གྱི་རྣམ་གྲངས་སོ། །ཚིགས་སུ་བཅད་པ་གཅིག་གིས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ནོ། །ཤཱཀྱའི་རིགས་སུ་འཁྲུངས་པའི་ཕྱིར་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་ པ་སྟེ། བུ་རམ་ཤིང་པའི་རིགས་ལས་བྱུང་བའི་རྒྱལ་པོ་ཀེ་ཙ་ན་ཞེས་བྱའི་བུ་ཕས་ནགས་སུ་བསྐྲད་དེ། ནགས་དེ་ན་ཐུབ་པ་སེར་སྐྱ་ཞེས་བྱ་བ་ལ་བརྟེན་ནས་ཤིང་ཤཱཀ་ཞེས་བྱ་བའི་དྲུང་དུ་གནས་བཅས་ཏེ་སེར་སྐྱའི་སློབ་མར་གྱུར་ཏེ་རིག་པ་དང་ལྡན་ནོ། །དེས་ན་ཤཱཀྱ་སྟེ། དི་ཀ་ སོགས་ཉིད་ལས་ཡཏའོ། །དེ་ཡང་མཛེས་ཤིང་དགའ་བའི་སྤྱོད་པའི་སྙན་དངགས་ལས། ཤཱ་ཀའི་ཤིང་གིས་ཁེབས་པ་ཡི། །གནས་སུ་གང་ཕྱིར་འཆག་བྱེད་པ། །དེ་ཕྱིར་བུ་རམ་ཤིང་རིགས་ལས། །བྱུང་སྟེ་ཤཱཀྱ་ཞེས་སུ་བཤད། །ཅེས་གསུངས་སོ། །ཤཱཀྱའི་རིགས་ལས་ འཁྲུངས་པས་ཤཱཀྱ་ཡང་འདི་ཡིན་ལ་ཐུབ་པ་ཡང་ཡིན་པས་ཤཱཀྱ་ཐུབ་པ་སྟེ། ཁྱད་པར་གྱི་བསྡུ་བའོ། །ཤཱཀྱ་སེང་གེ་ནི་ཤཱཀྱའི་གཙོ་བོའོ། །འདི་འཁྲུངས་མ་ཐག་ཏུ་རིན་པོ་ཆེའི་གཏེར་དག་བྱུང་ཞིང་དོན་ཐམས་ཅད་གྲུབ་པས་དོན་གྲུབ་ཅེས་མཚན་དུ་བྱས་པའོ། །འདིའི་དོན་གཞན་ དང་ཁྱད་པར་དང་ཁྱད་པར་ཅན་གྱི་ལམ་དུ་འདོད་པ་ལས་ཨགྣི་ལ་བྱས་པ་ལ་སོགས་པ་བཞིན་དུ་མཐའི་ལྷག་མ་ཉིད་ཅེས་པས་གྲུབ་པའི་སྒྲ་ནི་སྔ་མའི་ཚིག་ཕྲད་མ་ཡིན་ནོ། །ཟས་གཙང་ནི་རིག་པ་བཞིན་དུ་ཟ་བར་བྱེད་པས་ཟས་གཙང་ཞེས་གཙུག་ལག་ལས་མངོན་པར་བརྗོད་དོ། །འདིའི་ཟས་ གཙང་བས་ན། ཤ་ཀནྡྷཱུ་ལ་སོགས་པ་ཉིད་ཀྱི་ཕྱིར་གཞན་གྱི་གཟུགས་ཉིད་དང་། དེའི་བུ་རྒྱུད་ལ་ཨཏ་ལས་ཨིཉའོ། །གཽ་ཏ་མ་ནི་ཐུབ་པ་སེར་སྐྱའི་རིགས་སུ་སྐྱེས་པའོ། །དེའི་སློབ་མ་ནི་ཤཱཀྱ་གཽ་ཏ་མ་སྟེ་བཅོམ་ལྡན་འདས་ཀྱང་དེའི་རིགས་ལས་འཁྲུངས་པས་ན་གཽ་ཏ་མ་སྟེ། དེའི་བདག་པོ་ལ་ཞེས་ པས་ཨཎ་རྐྱེན་ནོ། །གོ་ཏྲ་ནི་རིགས་ལ་ཨུཏྟ་མ་ནི་མཆོག་གོ། །དེས་ན་བླ་མའི་རིགས་དང་ལྡན་པ་ཞེས་ཀྱང་བྱ་སྟེ། དེ་ཡང་མཛེས་དགའི་སྤྱོད་པ་ལས། །དེ་ནི་བླ་མ་ཀཽཏྶའི་རིགས། །དེ་ལས་བྱུང་བ་གཽ་ཏ་མ། །ཞེས་བཤད་དོ། །ཇི་སྐད་དུ། ཟས་སྟེར་འཇིགས་པ་སྐྱོབ་པ་དང་། །གང་ཡིན་རིག་པ་ སྦྱིན་བྱེད་དང་། །སྐྱེད་པར་བྱེད་དང་བག་སྟེར་པ། །ལྔ་པོ་དེ་རྣམས་པ་ཞེས་བྱ། །ཞེས་དྲན་པའི་གཞུང་ལ་བརྟེན་ནས་སོ། །བུ་རྒྱུད་ཀྱི་རྐྱེན་འཆད་པར་འདོད་པ་ལ་རྀ་ཥི། ཀུ་རུ། བྲྀཥྞི། ཨནྡྷ་ཀ་ལས་ཨཎའོ། །དེའི་ཚེ་ཨ་ཏྲི་རྒྱུན་ཤེས་དང་བྷྲྀ་གུ་ངན་སྤོང་ལ་སོགས་པ་མང་པོ་ལ་བུད་མེད་མིན་པ་ལ་འཇིགས་ པས་གཽ་ཏ་མའོ། །ཇི་ལྟར་བྷ་ར་ཏའི་སློབ་མ་རྣམས་ཀྱི་བུ་རྒྱུད་འཆད་པར་འདོད་པ་ལ། ཨུཏྤ་སོགས་ལ་ཨ་ཉ་དང་ཡཉ་དང་ཨིཉ་རྣམས་མང་པོ་རྣམས་ལ་བུད་མེད་མིན་པ་ལ་ཞེས་པས་འཇིགས་པས་ཞེས་སོ། །ཛ་ན་སྐྱེ་བ་དང་ཏ་ནོ་ཏི་དང་ཀ་རོ་ཏི་ལ་བི་ཙའོ། །ཛ་ནི་ཏ། ཏྲི་ཙ་ལས་ཨུཎ་ལ་ཨིཊ་དབྱི་བ་ མེད་པས་ཛ་ན་ཡི་ཏཱ་ཞེས་པར་འགྱུར་རོ། །ཉི་མའི་གཉེན་དང་ལྷ་མོ་སྒྱུ་འཕྲུལ་སྲས་རྣམས་ཏེ་རྒྱས་པར་ལུང་ལས་ཤེས་པར་བྱའོ། །ཚིགས་སུ་བཅད་པ་གཉིས་ཀྱིས་ཚངས་པ་སྟེ་འདིའི་ལུས་ཀྱི་ཚད། ཚད་མེད་ཅིང་ཁྱད་པར་དུ་འཕགས་པ་གང་ཡིན་པ་སྟེ། བྲྀ་ཧ་ཏ་རྒྱ་ཆེ་བའོ་ཞེས་བཤད་པས་ ཚངས་པ་ཞེས་སཱམྦ་སུ་རཱ་ཎ་ལས་བཤད་དོ། །བྱོ་མ་ལ་སོགས་པ་རྣམས་སོ་ཞེས་པས་བྲྀ་ཧི་ལས་མ་ནིང་དང་ནམ་ཨཱ་ག་མ་ཡང་ངོ་། །དེ་ནི་ཚངས་པ་ཞེས་བཏགས་ཏེ་དེའི་ལུས་ཀྱི་ཚད་ཁྱབ་འཇུག་གིས་སྟེང་ནས་མར་བལྟས། དབང་ཕྱུག་གིས་འོག་ན་ཡར་བལྟས་ཀྱང་མ་རྙེད་དོ་ཞེས་གྲག་གོ། ། བདག་སྐྱེས་ནི་ལས་ཀྱི་རླུང་གིས་མ་འཕངས་པས་ཏེ་ཀྭི་པ་རྐྱེན་ནོ། །ལྷ་ལས་རྒན་ནི་ལྷ་རྣམས་ཀྱི་ཆེ་ཤོས་ཡིན་པའི་ཕྱིར་རོ། །གནས་རྣམས་ཀྱི་མཆོག་ལ་གནས་པས་མཆོག་གནས་ཏེ། ཨུཎ་སོགས་ཀྱི་ཚིག་ཕྲད་ཀྱི་མདོས་ཨ་ནའི་ན་དབྱི་བ་ཡང་ངོ་། །བདུན་པ་ལ་མང་པོ་ལ་ཞེས་པས་མི་ འཇིག་གོ། །སྐྱེ་དགུའི་བདག་པོ་རྣམས་ཀྱི་ཡང་ཕ་ཡིན་པས་ན་མེས་པོའོ། །གསེར་གྱི་མངལ་ནི་དྲན་པའི་གཞུང་ལས། །ཁྱབ་འཇུག་རང་བྱུང་བཅོམ་ལྡན་གྱིས། །སྐྱེ་དགུ་སྣ་ཚོགས་བསྒྲུབ་འདོད་པས། །དང་བོར་ཆུ་རྣམས་བསྐྱེད་བྱས་ནས། །དེ་ལ་ས་བོན་རབ་ཏུ་འཕངས། །གསེར་གྱི་ མདོག་ཅན་རབ་མཛེས་པའི། །སྒོ་ང་ཆུ་ལས་རང་བྱུང་སྟེ། །དེ་ལས་མཆོད་སྦྱིན་རང་བྱུང་བ། །ཚངས་པ་རང་བྱུང་རྣམ་པར་གྲགས། །གསེར་གྱི་མདོག་ཅན་དེ་ཉིད་ལ། །བཅོམ་ལྡན་དེ་ནི་ལོ་གཅིག་གནས། །སྒོ་ང་དུམ་བུ་གཉིས་གྱུར་པས། །སྟེང་དང་འོག་ཏུ་དེ་ནས་ཆགས། །ཞེས་སོ། ། ཉེ་བར་སྤྱོད་པ་ལས་གསེར་གྱི་མདོག་ཅན་གྱི་སྒོ་ང་ནི་གསེར་ཡིན་ལ་དེའི་སྙིང་པོ་ནི་མངལ་ལོ། །འཇིག་རྟེན་དབང་ནི་གཙོ་བོའོ། །རང་བྱུང་ཞེས་ཀྱང་བྱ་སྟེ་ཀྭི་པ་རྐྱེན་སྭ་ཡཾ་བྷཱུ་ལ་ནོ། །གདོང་བཞི་ནི་ཚངས་པས་ཐིག་ལེ་མཆོག་མ་ཞེས་པའི་བུ་མོ་ཞིག་སྤྲུལ་པས་དེ་ལ་རང་ཉིད་ཆགས་ཏེ། བུ་མོ་དེ་ གཡས་གཡོན་ལ་སོགས་པའི་ཕྱོགས་བཞིར་སོང་བ་ལ་བལྟས་པས་གདོང་པ་བཞི་བྱུང་ངོ་། །སྟེང་གི་ཕྱོགས་སུ་སོང་བ་ལ་བལྟས་པས་སྟེང་གི་གདོང་པ་དང་ལྔ་བྱུང་སྟེ། དབང་ཕྱུག་གིས་ནམ་མཁའ་ནས་མཐོང་ནས་དེར་ངོ་ཚ་བའི་ཆད་ལས་ལ་སྟེང་གི་གདོང་པ་བཅད་ དོ། །དེ་ནས་གདོང་བཞིར་གྲགས་ཏེ། འདི་ལ་གདོང་བཞི་ཡོད་པས་སོ། །དྷ་ཏཱ་བྱེད་པ་པོ་ཞེས་ཀྱང་བྱ་སྟེ། ད་དྷ་ཏིའི་བྱིངས་ལ་རྣམ་པར་འཛིན་པར་བྱེད་པ་ལ་ཏྲྀ་ཙ་རྐྱེན་ནོ། །ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་བྱུང་བའི་ཕྱིར་འདི་ལ་པདྨའི་སྐྱེ་གནས་ཅན་ཞེས་བྱའོ། །ཉེས་ཅན་ནི་རང་གིས་སྤྲུལ་པའི་བུ་ མོ་ལ་ཆགས་པས་ན་སྟེང་གི་གདོང་པ་ཡང་བཅད་དེ་དེས་ན་ཉེས་ཅན་ཏེ། དྲུ་ཧི་ལ་མང་པོ་ལས་སོ་ཞེས་པས་དྲུ། དཀྵི་དག་ལ་ཨིན་ཡང་ངོ་། །འབྱུང་བ་རྣམས་རྣམ་པར་བསྒྲུབ་པར་འདོད་པས་ན་སྣ་ཚོགས་སྒྲུབ་བྱེད་ཅེས་ཏེ། ར་ཙ་སོ་སོར་འབད་པ་ལའོ་ཞེས་ཙུར་ལ་སོགས་པར་འཇུག་པ་ལས་ བརྗོད་དོ། །བྱེད་པ་པོ་ལ་ཨ་ཙ་རྐྱེན་ནོ། །པྲྀ་ཥོ་ད་ར་དྲུ་ཧི་ཌ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨ་ཡིག་གི་ཨི་ཉིད་དང་ནུ་མ་ཨཱ་ག་མ་ཡང་ངོ་། །བི་རིཉྪ་ཞེས་པ་སྣ་ཚོགས་སྐྱེད་པར་བྱེད་པས་སྣ་ཚོགས་སྒྲུབ་བྱེད་དོ། །པདྨའི་གདན་ཅན་ཞེས་ཀྱང་བྱ་སྟེ། སློབ་དཔོན་ར་བྷ་སའི་བཞེད་པའོ། །སྲིད་པ་ གསུམ་གྱི་གྲོང་ཁྱེར་སྒྲུབ་པ་ལ་མཁས་ཤིང་མངོན་པར་བྱ་བ་ཉིད་ཀྱིས་ན་སྣ་ཚོགས་སྒྲུབ་བྱེད་ཅེས་པ་ནི་སློབ་དཔོན་སམྦ་ལཱིའི་བཞེད་པ་ཡང་ངོ་། །འབྱིན་བྱེད་ནི་འགྲོ་བ་ཐམས་ཅད་དེ་ལས་བྱུང་བར་འདོད་པའོ། །སྲྀ་ཛ་ཏཱི་ནི། ཏྲི་ཙ་ལ་སྲྀ་ཛི་དྲི་ཤ་དག་གི་ཛྷ་ལ་ལ་ཨ་མའོ། །སྐྱེ་དགུའི་བདག་པོ་ ནི་སྐྱེ་འགྲོ་ཐམས་ཅད་ཀྱི་གཙོ་བོའོ། །རིག་བྱེད་པ་ཞེས་ཀྱང་བྱ་སྟེ། བིད་རིག་པར་བྱེད་པ་ལའོ། །བི་དྷིའི་ཨིན་ལས་ཨ་སིའོ། །སྣ་ཚོགས་བྱེད་ནི་ལྷ་ཚངས་པས་བསྐལ་པ་འཆགས་པའི་དུས་སུ་སྐྱེ་བོ་གཞན་ཡང་བདག་གིས་བསྐྱེད་པར་བྱའོ་སྙམ་དུ་བསམས་པ་ལས་བྱུང་བའོ། །བི་ཤྭ་ལ་སྲྀ་ ཇ་ཏི་ལས་ཀྭི་པའོ། །ནྱངྐུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཚིག་མཐའ་ལ་ཝལ་དང་པོའི་ཙ་ཀུ་ཉིད་དང་། ཨ་ཙ་དང་པོ་མ་ཡིན་པ་ལ་ནི་པཱ་ཏའི་ན་མི་འདོད་པའི་ཡུལ་གྱི་ཕྱིར། བི་ཤྭ་སྲྀ་ཀའོ། །གང་དག་ནྱངྐུ་ལ་སོགས་པར་སྲྀ་ཛི་མི་འདོད་པ་དེ་དག་གི་ལུགས་ལས་ཥ་ཉིད་དོ། །བི་ཤྭ་སྲྀ་ཌ། སློབ་དཔོན་པཱ་ཎི་ནི་པ་ རྣམས་ཀྭིན་གྱི་རྐྱེན་གྱི་ཀུ་ཞེས་པ་འདིར་ཀྭི་ནའི་རྐྱེན་དེ་གང་ལས་ཀྭི་ནའི་རྐྱེན་ཞེས་དེར་བསྒྱུར་བ་ཡང་དག་པར་ཤེས་པར་བྱེད་པའི་ཕྱོགས་ལ་ཀྭི་ནའི་རྐྱེན་མཐའི་ཀུ་ཉིད་དོ། །སྭགྦྷྱ་མ། ཀྭི་ས་པའི་མཐའ་མ་ཡིན་པའི་ནི། རཛྫུ་སྲྀགྦྷྱཱ་མ། དེ་མ་བསྒྱུར་བ་ཡང་དག་པར་ཤེས་པར་བྱེད་པ་ལ་ནི་ཀྭི་པའི་མཐའི། རཛྫུ་ སྲྀགྦྷྱཱ་མ། བི་ཤྭ་སྲྀབྷྱཱ་མ། དེ་བཞིན་དུ། པྲ་ཛཱ་སྲྀ་ཀ་ལ་སོགས་པའོ། །བི་ད་དྷཱ་ཏི་ལ། པྲ་མ་ལ་སོགས་པ་རྣམས་ལས་ད་དྷཱ་ལས་ཀི་བི་དྷིའོ། །དེ་རྣམས་ཀྱིས་ཚངས་པའི་མིང་རྣམས་སོ། །ཕྱེད་དང་བཅས་པའི་ཚིགས་སུ་བཅད་པ་བཞིས་ཁྱབ་འཇུག་སྟེ། ཁྱབ་འཇུག་ཅེས་པ་འགྲོ་བ་ མཐའ་དག་དེ་ཡིས་ཁྱབ་ཅིང་བཅིངས་པའི་ཕྱིར་ན་ཁྱབ་འཇུག་གོ། །སྲྀ། བི་ཥི་དག་ལས་ཀིཏ་ཅེས་པས་ནུབ་བོ། །ལམ་སྣ་ཚོགས་ལ་བརྟེན་པས་ན་སྲེད་མེད་དེ། དེ་ཉིད་གཅིག་བུའི་བུ་ཡིན་པས་སྲེད་མེད་ཀྱི་བུའོ། །ཚིག་སྔ་མ་ལས་མིང་ལའོ་ཞེས་པས་ཎ་ཉིད་དོ། །གཞན་རྣམས་ཀྱིས་ཡང་ངོ་ ཞེས་པའི་ཕྱོགས་ལ་རིང་པོའོ། །ནོར་ལྷའི་བུ་དང་སྲེད་མེད་ཀྱི་བུ་ཡང་སྟེ། ནོར་ལྷ་ནི་སྣ་ཚོགས་གཟུགས་སོ་ཞེས་སྐབས་གསུམ་གྱི་ལྷག་མར་རོ། །ནག་པོའི་ཡོན་ཏན་དང་ལྡན་པའི་ཕྱིར་ནག་པོའོ། །རྟུལ་མོའི་བུ་ནི་མའི་མིང་ལས་ཏེ་བི་ཀུཎྛ་ཞེས་པའི་མ་ལས་སྐྱེས་པས་ན། ལྷག་མ་ ལས་ཨཎའོ། །ཨ་ཤྭཏྠ་ཐོས་ནི་བིཥྚ་རའི་ཤིང་དྲུང་ན་གནས་པར་ཐོས་སོ། །ཨ་སུན་རྐྱེན་ནོ། །དབང་པོའི་དབང་ཕྱུག་ནི་དབང་པོ་རྣམས་ཀྱི་བདག་པོའོ། །མེ་ཏོག་ལྟོ་ནི་ལྷ་མོ་གྲགས་མ་ཞེས་བྱ་བ་ཁྱབ་འཇུག་གི་ཆུང་མའོ། །དེས་མེ་ཏོག་ཕྲེང་བ་མགོ་ལ་འཇོག་པར་འདོད་པ་ལ་མ་སླེབ་པས་ ལྟོ་བ་ལ་བཞག་གོ། །དེ་ཡིས་ཉེ་བར་མཚོན་པས་མེ་ཏོག་ལྟོ་ཅན་ནོ། །སྐྲ་ཅན་གསོད་ནི་ལྷ་མ་ཡིན་སྐྲ་ཅན་ཞེས་བྱ་བ་ཁྱབ་འཇུག་གིས་བསད་དོ་ཞེས་གྲག་གོ། །ཀེ་ཤི་ནི་ཞེས་པ་ལ་ལྷ་མ་ཡིན་བསད་དོ་ཞེས་པས་ཌ་རྐྱེན་ནོ། །པྲྀ་ཥོ་ད་ར་སོགས་པ་ཉིད་ཀྱི་ཕྱིར་ཡི་གེའི་རྣམ་འགྱུར་དག་ གོ། །དེ་ལྟར་ཡང་། གང་ཕྱིར་ཁྱོད་ཀྱིས་སྐྲ་ཅན་བསད། །དེ་ཕྱིར་བདག་གིས་བསྟན་པ་ཐོས། །སྐྲ་ཅན་ཞེས་བྱ་འཇིག་རྟེན་དུ། །བྱུང་བ་མིང་གི་བསྙད་པ་ཉིད། །ཅེས་བཤད་དོ། །སྒྱེས་བུ་སྦྲང་རྩི་ཞེས་བྱ་བའི་རིགས་ལས་བརྒྱུད་ནས་བྱུང་བས་སྦྲང་རྩིའི་བུ་ཞེས་གྲགས་སོ། །སྐྱེ་བོ་ རྣམས་རང་གིས་བསད་ཅིང་འབྱིན་པའི་ཕྱིར་ན་བདག་སྐྱེས་སོ། །ཀྭིས་རྐྱེན་ནོ། །སྦྱིན་དགྲ་ནི་ལྷ་མ་ཡིན་སྦྱིན་བྱེད་ཅེས་བྱ་བ་དེ་ཡིས་བསད་དེ་དེས་ན་སྦྱིན་དགྲའོ། །པད་དཀར་མིག་ནི་ཁྱབ་འཇུག་གིས་དྲག་པོ་མཆོད་པའི་ཕྱིར་པདྨ་དཀར་པོ་སྟོང་གི་གཏོར་མའི་གཟུགས་བྱས་ པ་ལ། དྲག་པོས་དེ་ལ་གཅིག་མི་སྣང་བར་བྱས་པ་ན། འདིས་མིག་གཅིག་ཕྱུང་ནས་པདྨ་དཀར་པོའི་གནས་སུ་བཞག་པས་པད་དཀར་མིག་ཅེས་གྲགས་སོ། །ཀླྀ་སྐླྀ་ལས་རང་གི་ཡན་ལག་ལ་ཥ་ཙའོ། །གླང་རྫི་ནི་འདི་བ་ལང་སྐྱོང་བའི་རིགས་སུ་གྱུར་པ་ན་ཆར་ཆེན་པོ་འབབ་པའི་ཚེ་འདིས་རི་བོ་ བཏེག་ནས་བསྲུངས་པས། དེ་ནས་བྲམ་ཟེ་རྣམས་ཀྱིས་པ་ལང་སྐྱོང་བའི་དཔོན་དུ་བསྐོས་སོ། །དྷཱ་རི་པཱ་རི་ཞེས་པ་ལ་སོགས་པས་ཤའོ། །ཤ་ལ་མུ་ཙ་ལ་སོགས་པ་རྣམས་ཀྱི་ཞེས་པས་ནུ་མའོ། །མཁའ་ལྡིང་རྒྱལ་མཚན་ནི་འདིའི་རྟགས་མཚན་ནོ། །གོས་སེར་ཅན་ནི་འདིའི་གོས་ལས་སོ། ། མི་འཛག་ཅེས་པ་འདིའི་གོ་འཕང་རྟག་པས་ཉམས་པ་དང་འགྱུར་བ་མེད་པའོ། །རྭ་གཞུ་ཞེས་པ་ཁྱབ་འཇུག་གི་གཞུ་སྟེ་དེ་དང་ལྡན་པས་ཨིནའོ། །བི་ཥུའི་སྒྲ་ལས་མང་པའི་ཚིག་གི་དོན་རྣམས་རྒྱས་པས་མི་ཟད་པའོ། །བིཥུ་དོན་སྣ་ཚོགས་པར་བཤད་པའི་ཕྱིར་འདིར་ཅིའི་ཕྱིར་མི་ཟད་པའི་སྡེ་ ཚན་དུ་རྣམ་པར་བརྟགས་ཏེ་སྤྲོས་ཞེས་པ་ནི་སློབ་དཔོན་པོ་པཱ་ལི་ཏའོ། །དེས་ན་བིཥུ་ཉིད་ཀྱང་དེ་ལས་ལྔ་སྦྱོར་བ་ཞེས་དང་ཀིནྟ་ཞེས་ལོ་མ་སོགས་ཀྱི་མདོར་རཏྣ་མ་ཏིས་བཤད་དོ། །འགྲོ་བ་ཐམས་ཅད་ལ་འདིས་ཁྱབ་པས་སྣ་ཚོགས་ཏེ་བི་ཤྭཀླེ་ནའོ། །འདིར་མིང་ལ་ཀུ་མ་ཡིན་པ་ལས་ ཞེས་པས་ཀ་སྡེ་ལས་ཕ་རོལ་གྱི་ཥ་ཉིད་མེད་དོ། །འགྲོ་བ་འཇོམས་ནི་རྒྱ་མཚོའི་ནང་ན་གནས་པའི་ལྷ་མ་ཡིན་གྱི་འགྲོ་བ་ཞེས་པ་འདིས་བསད་པས་འགྲོ་བ་འཇོམས་ཏེ། ནནྡི་སོགས་ལས་ལྥུའོ། །གཞན་དག་བསྐལ་པ་འཇིག་པའི་དུས་སུ་འགྲོ་བ་འཇོམས་ཞེས་སོ། །སྟེང་གི་དབང་པོ་ནི་ ས་གཞིའི་སྟེང་གི་དབང་པོ་འཇིག་རྟེན་གྱི་གཙོ་བོ་སྟེ། ཨུ་པ་རཱནྟྲ་ལ་སྲྀ་ཥོ་ད་ར་ལ་སོགས་པ་ཉིད་ཀྱིས་ཨུ་པེནྡྲ་ཞེས་བྱས་པའོ། །དེ་ཡང་། བདག་གི་སྟེང་ལམ་དབང་པོ་ནི། །ས་ཡི་དབང་ཕྱུག་ཁྱོད་གནས་པ། །ནག་པོ་ཞེས་པ་སྟེང་གི་དབང་། །འདི་ནི་གནམ་གྱི་ལྷ་ཉིད་དོ། །ཞེས་བཤད་དོ། ། ཡང་ན་དབང་པོ་དང་ཉེ་བས་ཉེ་དབང་ཞེས་པ་སྟེ་གཞན་གྱི་དོན་གྱི་བསྡུ་བའོ། །དབང་པོ་གཞན་སྐྱེས་ནི་ལྷའི་དབང་པོའི་ནུ་བོ་སྟེ། ལྷ་རྣམས་ཀྱི་དགྲ་ལྷ་མ་ཡིན་རྣམས་བསད་པས་དབང་པོ་གཞན་སྐྱེས་སོ་ཞེས་གྲག་གོ། །དེ་ཉེ་བར་མཚོན་པ་དང་དེའི་ཉེ་བར་སྤྱོད་པ་ལས་འདིའི་ལག་ན་འཁོར་ལོ་སྟེ། ། ཕྱག་བཞིའི་གཡས་དང་པོ་འཁོར་ལོའོ། །ཁྱབ་འཇུག་གི་ལྟེ་བ་ནི་པདྨའི་ལྟེ་བ་སྟེ། ནཱ་བྷི་ལས་ཞེས་པས་ཨཙ་རྐྱེན་ནོ། །ལྷ་མ་ཡིན་སྦྲང་རྩི་ཞེས་བྱ་བའི་དགྲ་ཡིན་པས་སྦྲང་རྩིའི་དགྲའོ། །གནས་གང་དང་གང་ཡིན་པ་ཐམས་ཅད་ཁྱབ་འཇུག་གིས་ཁྱབ་པས་འདུག་གནས་ལྷ་སྟེ་མང་པོ་ལ་ཀྲྀ། བཱ། པཱ། ཛི། མི། སྭ་དི། སཱ་བྷྱ། སྲྀ་རྣམས་ལས་ཨུཎའོ། །འདུག་གནས་ཀྱང་འདི་ཡིན་པས་འདུག་གནས་ལྷའོ། །ནོར་ལྷའི་བུ་ཞེས་པ་ཡང་འདིའི་མིང་སྟེ་སྔར་སྲེད་མེད་ཀྱི་བུ་བཤད་པའི་སྐབས་སུ་བཤད་ཟིན་ཏོ། །གོམ་གསུམ་གནོན་ཞེས་པ་ལྷ་མ་ཡིན་སྟོབས་ལྡན་བསླུ་བའི་དོན་དུ་འདིས་ གོམ་པ་གསུམ་གྱིས་མནན་པ་སྟེ། ལྷ་མ་ཡིན་སྟོབས་ལྡན་ལ་ཁྱབ་འཇུག་གིས་མིའུ་ཐུང་གི་གཟུགས་སུ་བྱས་ཏེ་ས་གཞི་གོམ་པ་རེ་བླངས་པས་གསུམ་ཡང་ཁྱེར་ཟེར་བས་ལུས་བསྐྱེད་དེ་རི་རབ་དང་རྒྱ་མཚོའི་མཐིལ་ལ་རྐང་པ་གཉིས་གཞག་ནས་གཅིག་གིས་ས་མེད་པས་སྟོབས་ལྡན་གྱི་མགོ་ ལ་བཞག་གོ། །དེས་ན་གོམ་གསུམ་གནོན་ཞེས་གྲག་གོ། །།ལྷ་མོ་དགའ་བྱེད་ཅེས་བྱ་བ་ཁྱབ་འཇུག་གི་མའི་མིང་གིས་བཏགས་ཏེ། དེ་བ་ལ། བུ་རྒྱུད་ལ་ཨ་ཏ་ལས་ཨིཉའོ། །ཀིཏ་ལ་ཡང་ངོ་ཞེས་པས་ལ་སོགས་པས་ཨ་ཏ་ཨེ་ཙའོ། །མིང་སྔོན་མ་ཉིད་ཀྱི་ཕྱིར་བྲྀཌྜྷྱཾ་བྷཱ་བ་ཨི་ཏྱ་ ནཱཪྵཾ་ཞེས་པ་རིགས་སྟོན་པའོ། །འདི་ལས་མིའི་རིགས་ལའོ་ཞེས་པས་དཱི་ཥའོ། །དཻ་བི་ཀི་ལྷ་མོ་སྟེ་དེ་དགའ་བར་བྱེད་པ་ནི་དེའི་བུའོ། །དཔའ་བོའི་རྒྱུད་ནི་ཁྱབ་འཇུག་གི་མེས་པོའི་རྒྱུད་ལ་དཔའ་བོ་ཞེས་བྱ་བ་བྱུང་བས་དེའི་བརྒྱུད་པའོ། །དཔལ་གྱི་བདག་པོ་ཞེས་ཀྱང་བྱའོ། །སྐྱེས་བུའི་མཆོག་ནི་ བདག་ཡིན་ཏེ་དེས་ན་མཆོག་གི་བདག་ཉིད་ཀྱི་ཕྱིར་སྐྱེས་བུ་མཆོག་ཅེས་བྱའོ། །མེ་ཏོག་ཕྲེང་ལྡན་ནི་དེ་ནགས་ཀྱི་མེ་ཏོག་གི་ཕྲེང་བ་དང་ལྡན་པས་བྲྀ་ཧྱ་མ་ལཱ་ལ་སོགས་ལས་ཨི་ཎིའོ། །སྟོབས་ལྡན་འཇོམས་ཞེས་ཀྱང་བྱ་སྟེ། འདི་ལ་ལྷ་མ་ཡིན་སྟོབས་ལྡན་འཇོམས་པའི་ངང་ཚུལ་ལྡན་པས་ རིགས་ལས་ཞེས་སོགས་ཀྱི་ཎི་ནིའོ། །འཁར་བའི་སྒྲ་ནི་ལྷ་མ་ཡིན་འཁར་བ་ཞེས་པ། རྐང་པ་གཉིས་ནས་འཐེན་ནས་བཀས་ནས་བསད་པས་སོ། །འོག་དབང་སྐྱེས་ནི་ཚངས་པ་སྒོ་ང་ལས་སྐྱེས་ཤིང་དབང་ཕྱུག་རང་འབྱུང་ཡིན་ལ། འདི་ཉིད་འོག་གི་དབང་པོ་ ལས་སྐྱེས་པ་སྟེ་མངལ་སྐྱེས་སོ། །ཀུན་འགེངས་ནི་འགྲོ་བ་ཐམས་ཅད་དེས་ཁྱབ་ཅིང་གང་བའི་ཕྱིར་ན་ཀུན་འགེངས་ཏེ། བྷྲྀ་བྲྀ་ཏྲྀ་ཛི། ཞེས་པ་ལ་སོགས་པ་ཁ་རྐྱེན་ནོ། །ལྷ་མིན་འཇོམས་ནི་ལྷ་མ་ཡིན་ཀཻ་ཊ་བྷ་ཞེས་བྱ་བ་བསད་པས་སོ། །རྡེབ་བྱེད་ནི་ལྷ་མ་ཡིན་རྣམས་བྲག་དང་ས་ལ་རྡེབ་ ཅིང་གསོད་པ་སྟེ། ཨི་ཥི། བྱཱ་དྷ། བྷི་དི། གྲྀ་དྷི། དྷྲྀ་ཥི། པྲྀ་ཐི། མྲྀ་དི་ལས་ཀུའོ་ཀ་འགྲོ་བ་དེ་རྣམས་ཀྱིའོ་ཞེས་པས་ཡཎ་ཨིཀ་ཏུ་བསྒྱུར་བས་བི་དྷུཿདཔལ་གྱི་བྷྲི་ལ་བེའུས་མཚན་པ་ཞེས་པ་ནི་འདིའི་སྙིང་ག་ལ་སྤུའི་བྱེ་བྲག་དཔལ་བེའུས་དབྱིབས་ཀྱིས་བྱས་པ་སྐྱེས་བུ་ཆེན་པོའི་མཚན་གྱི་ཁྱད་ པར་ཞིག་ཡོད་པས་དེའི་རྟགས་ཀྱིས་མཚན་པས་ན་དཔལ་བེའུས་ཞེས་པས་བྱུ་དྷི་མ་མཚན་པ་ཞེས་སོ། །དཔལ་བེའུས་མཚན་པ་དང་འོག་སྡེབ་བགྱེད་དབང་སྐྱེས་དང་སྦྲང་རྩིའི་བུ་དང་རང་བྱུང་ཞེས་པ་རྣམས་རིན་ཆེན་མཛོད་ཀྱིའོ། །དེ་ལ་དེ་དག་གིས་ཉེ་བར་མཚོན་པ་དང་ཉེ་བར་སྤྱོད་པ་ལས་དཔལ་ བེའུས་མཚན་པ་ཞེས་སོགས་ཚིག་རྣམ་པར་སྦྱར་རོ། །དེ་རྣམས་ཀྱིས་ཁྱབ་འཇུག་གི་མིང་གི་རྣམ་གྲངས་སོ། །ནོར་གྱི་ལྷ་ནི་རིན་པོ་ཆེ་ལ་རྩེའོ། །བྱ་བ་ལས་ཨཎའོ། །ཨཎ་ཀའི་རྔ་ཅན་ནོ་ཞེས་ཕ་རོལ་མོའི་བཟོ་ཁྱད་པར་ཕུལ་དུ་བྱུང་བ་ཤེས་པ་སྟེ། ཁྱབ་འཇུག་གི་ཕའི་མིང་ངོ་། །ཚིགས་ སུ་བཅད་པ་གཉིས་ཀྱིས་སྟོབས་བཟང་སྟེ་ཁྱབ་འཇུག་གི་ཕུ་བོ་ཡིན་ནོ། །སྟོབས་བཟང་ནི་འདི་ལ་སྟོབས་ཕུལ་དུ་བྱུང་བ་ཡོད་པའོ། །ལྷ་མ་ཡིན་རབ་འཕྱང་བསད་པས་ན་རབ་འཕྱང་གསོད་ཅེས་ཏེ། ཊཀ་ལ་ཞེས་པས་ཊཀ་རྐྱེན་ནོ། །ཀ་འགྲོ་བ་ལ་ཡང་ཧ་ན་ལས་སོ་ཞེས་པས་ཨཏ་དབྱིའོ། ། ཀྫིནྣ་ཧ་ནའི་ཧ་ཞེས་པས་ཀུ་ཉིད་དོ། །སྟོབས་ལྷ་ནི་གང་ལ་སྟོབས་ཕུལ་དུ་བྱུང་བ་ལྡན་པ་སྟེ། སྟོབས་ཀྱང་འདི་ཡིན་ལ་ལྷ་ཡང་ཡིན་པས་སྟོབས་ལྷའོ། །འདིར་ཨཪྴ་སོགས་ལས་ཨཙ་རྐྱེན་ནོ། །མི་འཛག་ཅེས་པ་ནི་ཁྱབ་འཇུག་སྟེ་དེའི་སྔོན་དུ་སྐྱེས་པས་ན་མི་འཛག་སྔོན་སྐྱེས་ཞེས་བྱའོ། ། རཱིང་ཉན་པ་ལའོ། །བི་ཙའི་མཐའ་ལས་མ་ཏུབ་ལ་རྒྱུ་སྐར་ནམ་གྲུ་ལ་ཞེས་གོ་ར་སོགས་སུ་བཀླགས་པའི་ཕྱིར་མིང་ལའོ་ཞེས་པས་བ་ཉིད་ཡང་ནའོ། །རེ་བ་ཏཱི་དེས་ཉེ་བར་མཚོན་པ་དང་ཟླ་བ་དང་ལྡན་པའི་དུས་སུ་སྐྱེས་པས་ན་ནམ་གྲུ་སྐྱེས་ཞེས་བྱའོ། །དུས་ཀྱི་ཐུན་མཚམས་ལས་རྒྱུ་སྐར་ལ་ཨ་ཎའོ། ། བཏྶ་ཤཱ་ལ་རྒྱུ་སྐར་རྣམས་ལས་མང་པོ་ལ་ཞེས་པས་འཇིག་གོ། །ཨཎ་ལ་སོགས་པ་འཇིག་པ་ལ་ལུཀྱ་གོ་ཎྱཱ་དི་ནཱཾ་ཞེས་པས་དཱིཥ་ཡང་འཇིག་པ་ལ་སླར་ཡང་གོ་ར་སོགས་ཉིད་ལས་དཱི་ཥའོ། །དེ་དགའ་བར་བྱེད་པ་ནི་བདག་པོ་སྟེ་གཟུགས་ཕུན་སུམ་ཚོགས་པས་དགའ་བར་བྱེད་པའོ། །མཐར་ འཛིན་པར་བྱེད་པའི་དོན་ལ་ཛྭ་ལ་སོགས་པ་རྣམས་ལས་ཨཎ་ལའོ་ཞེས་པས་ཎའོ། །འདོད་པ་རྣམས་སྐྱོང་བར་བྱེད་ཅིང་རྣམ་པར་རོལ་པའི་ཕྱིར་ཞེས་པས་ཨཎའོ། །འདིའི་མཚོན་ཆ་ཐོང་ཤོལ་ཡིན་པས་ན་ཤོལ་གྱི་མཚོན་ནོ། །གོས་སྔོན་ཅན་ནི་འདིའི་གོས་ལས་སོ། །སྣར་མ་ཞེས་བྱ་ བ་ནོར་ལྷའི་ཆུང་མའོ། །དེའི་བུ་ཡིན་པས་ན་སྣར་མའི་བུ་རྒྱུད་ལ་ཤུ་བྷྲ་སོགས་ལས་ཌྷ་ཀའོ། །ཏཱ་ལ་ནི་ཤིང་གི་ཁྱད་པར་ཏེ། དེ་ཡང་སམྦ་སུ་རཱ་ཎ་ལས། རྒྱལ་མཚན་བསྒྲེང་བའི་སྐབས་སུ་ནི། །ཏཱ་ལ་ཏཱ་ལའི་རྣམ་པར་བྱ། །ཆུ་སྲིན་ཆུ་སྲིན་དབྱིབས་ཅན་ནོ། །ཞེས་བཤད་དོ། །གཏུན་ ཤིང་དང་གཤོལ་དང་ཏཱ་ལ་རྣམས་འཛིན་པས་ན་ཞེས་སློབ་དཔོན་ར་བྷ་སས་ཀྱང་བཤད་དོ། །གཤོལ་གྱིས་དགྲ་བོ་ཡང་དག་པར་འགུགས་པར་བྱེད་པས་ན་ལེགས་འགུགས་ཏེ་ནནྡི་སོགས་ལས་ལྤུའོ། །ཐོང་པའི་ལག་ཅེས་ཀྱང་བྱ་སྟེ། འདིར་སི་ར་དང་ལྒང་ལ་དང་ཧ་ལ་ཞེས་པ་ལ་སོགས་པ་ ནི་དེས་ཉེ་བར་མཚོན་པ་དང་ཉེ་བར་སྤྱོད་པ་ལས་འདིའི་ཕྱག་མཚན་ནོ། །ཀླུ་འཇོམས་ནི། ཆུ་བོ་ཡ་མུ་ནཱ་ཞེས་བྱ་བའི་ཀླུ་ཀཱ་ལིནྡཱི་ཞེས་པ་དེ་གཤོལ་གྱི་མཚོན་ཆས་དྲལ་ནས་བསད་ཞེས་གྲག་གོ། །ནནྡི་སོགས་ལས་ལྻུའོ། །སྟོབས་ལྡན་ནི་ཐོང་ཤོལ་སྟོབས་ཕུལ་དུ་བྱུང་བ་དང་ ལྡན་པ་སྟེ། ཨཪྴ་སོགས་ལས་ཨཙའོ། །དེ་རྣམས་ཀྱིས་སྟོབས་ལྡན་གྱི་མིང་ངོ་། །མྱོས་བྱེད་ཅེས་པ་ནས་ཚངས་སྤོང་ཞེས་པའི་མཐར་ཐུག་པ་ཁྱབ་འཇུག་གི་བུ་འདོད་པའི་མིང་ངོ་། །འདོད་པས་མྱོས་བྷི་ད་ལ་པར་བྱེད་པའི་ཕྱིར་མྱོས་བྱེད་དེ། ནནྡཱི་སོགས་ལས་ལྻུའོ། །མྱོས་པར་བྱེད་དོ་ ཞེས་པས་ཀིཔའོ། །ཡིད་སྲུབ་ནི་སེམས་གཡེང་བར་བྱེད་པའོ། །གསོད་བྱེད་ཅེས་པ་ནི་འདོད་པའི་གནས་སྐབས་བཅུ་ལ་སོགས་ཏེ་ཆགས་པའི་དབང་གིས་འཆི་བར་ཡང་བྱེད་དོ། །འདི་ནི་ཀུན་གྱིས་བཟློག་པར་དཀའ་བའི་ཕྱིར་ན་རབ་སྟོབས་སོ། །ཉའི་རིགས་ཀྱི་ཆུ་སྲིན་ ཉིད་ཉ་སྟེ། འདིས་མཚན་པས་ན་ཉའི་ཏོག་ཅན་ནོ། །ཚངས་འཇོམས་ནི་ཚངས་པ་ཡང་ཀུན་ཏུ་རྨོངས་པའི་མཚོན་ཆས་རང་གི་སྤྲུལ་པའི་བུ་མོ་ལ་ཆགས་པར་གྲག་གོ། །འདིར་བྲཧྨ་ཎིདྲྀསྟ་བཱན། ཞེས་པ་ཀནྡཱརྦཿཞེས་པར་བསྒྱུར་བ་ནི་པྲྀ་ཥོ་ད་ར་ལ་སོགས་པའོ། །ཡང་ན་ཀ་མ་ཞེས་པ་ཨམ་ མཐའ་ཅན་ནི་མི་ཟད་པ་བདེ་བ་བརྗོད་པའོ། །བདེ་བ་དང་ལྡན་པས་ན་བདེ་བ་ཅན་ནོ། །དེ་རྣམས་ལ་དྲྀ་ཥྱ་ཏི་ཨུརྞྞ་ས་ཏི་ཞེས་པ་ཨཙའོ། །དྲྀསྟ་ཉིད་ལས་དརྤཱ་ཀཿའོ། །སྙེམས་པ་ནི་ཐམས་ཅད་འདོད་པ་ལ་དགའ་བར་བྱེད་པའོ། །ལུས་མེད་ནི་དབང་ཕྱུག་རི་བོ་གངས་ཅན་ལ་ལྷ་མོ་གཽ་རཱིས་མཆོད་ པ་བྱེད་ཅིང་གནས་པ་ན་ལྷ་རྣམས་ཐེ་ཚོམ་དུ་གྱུར་ཏེ། གཽ་རཱི་དང་ལྷན་ཅིག་དཀའ་ཐུབ་བྱེད་པ་བདེན་ནམ་ཟེར་ནས་དེར་འདོད་པའི་ལྷ་བལྟར་བཏང་བ་དང་། འདོད་པའི་ལྷའི་མདའ་ལྔ་རིམ་གྱིས་འཕངས་པས། དང་པོ་དང་གཉིས་པ་ལ་རྟོག་པ་ཙམ་ཡང་མ་བྱུང་། གསུམ་པ་དང་བཞི་པ་ལ་ རྟོག་པ་ཙམ་དུ་གྱུར་ཏེ་ལྔ་པ་ཕོག་པ་དང་གཽ་རཱི་དང་གནས་པས་དཀའ་ཐུབ་ཞིག་གོ། །དེའི་སྐད་ཅིག་ཕྱི་མ་ལ་འགྱོད་ནས་ཅི་ཉེས་སྙམ་དུ་བསམས་པས་འདོད་པས་ཉེས་པར་ཤེས་ནས་མིག་གསུམ་ནས་མེ་བྱུང་སྟེ་འདོད་པའི་ལྷ་བསྲེགས་སོ། །དེ་ནས་འདོད་པ་གཏན་ནས་མེད་ན་སྐྱེ་བ་ལེན་པ་ མེད་པས་ལུས་མེད་པའི་སེམས་ཅན་དུ་བྱས་སོ། །འདོད་པ་ནི་སྦྱོར་བ་ལ་སོགས་པའི་འདོད་པའོ། །ཀ་མ་ཡ་ཏི་ལ་སུར་ཏེཙྪམ་སྐྱེད་པར་བྱེད་པ་དང་སྦྱོར་བ་པོ་ལ་ཎིའི་མཐའ་ལས་ཨ་ཙའོ། །ཨ་མའི་མཐའ་ལས་ཀྱང་ངོ་ཞེས་པས་ཐུང་ངུ་ནི། ཀ་མི་ཨ་མི་ཙམ་རྣམས་ཀྱི་མ་ཡིན་ནོ་ ཞེས་པས་མེད་དོ། །འདིའི་མདའ་ལྔ་ནི། སྨྱོ་བྱེད་དང་། སྲེད་བྱེད་དང་། ཀུན་དུ་རྨོངས་བྱེད་དང་། སྐེམ་ཀ་མུལ་ཀཱ་མ་བསྒྲུབ་པའོ་བྱེད་དང་། འཆི་བྱེད་ཅེས་པ་རྣམས་སོ། །དེ་ཡང་རྒྱལ་བའི་ལྷའི་སྡེབ་སྦྱོར་གྱི་རྒྱ་བསྟན་བཅོས་ཀྱི་ཆེར་འགྲེལ་པ་ལས། དགའ་བྱེད་རབ་ཏུ་སྲེད་བྱེད་དང་། །རྨོངས་ བྱེད་དེ་བཞིན་བརྒྱལ་བར་བྱེད། །འཆི་བྱེད་རྣམས་ནི་འདོད་དབང་གི། །མདའ་ལྔ་རྣམས་སུ་རབ་ཏུ་བསྒྲགས། །ཞེས་བཤད་དོ། །རང་གི་ཡིད་ལ་དྲན་པའི་ཕྱིར། དྲན་པ་སྟེ་སྨྲ་ར་ཡ་ཎྱུ་ཀཎྛེ་ཡ་ཏི་ཨཙའོ། །སྡོམ་པའི་སྒྲ་ནི་ལྷ་མ་ཡིན་སྡོམ་པ་ཞེས་བྱ་བ་འདིས་བསད་པས་དེའི་ཕྱིར་ན་སྡོམ་ པའི་དགྲའོ། །ཡང་འདོད་ཆགས་ལ་སོགས་པས་དབང་པོ་ལྔ་པོ་གསོད་པའི་ཕྱིར་ན་ཡང་སྡོམ་པའི་དགྲའོ། །རང་གི་ཡིད་ལས་ཕོ་མོ་སྦྱོར་བ་ལ་སོགས་པ་འབྱུང་བའི་ཕྱིར་ན་ཡིད་ལས་སྐྱེས་ཏེ། ཞེས་སྨྲྀ་ལ། སྒེག་པའི་ཚུལ་གྱིས་སྲོག་ཆགས་རྣམས་ཀྱི་ཡིད་ལས་སྐྱེས་སོ་ཞེས་པས་ཌ་རྐྱེན་ནོ། ། བདུན་པ་མང་པོ་ཞེས་པས་འཇིག་གོ། །མེ་ཏོག་མདའ་ཅན་ནི་བྱིའི་ལུས་ལ་རྨ་མེད་པར་སྙིང་ལ་འབགས་པའོ། །རང་ལས་བྱུང་བས་ན་གཞན་ལས་མ་སྐྱེས་པའོ། །འདོད་པ་འཕེལ་བས་མེ་ཏོག་གཞུ་ཅན་ནོ། །དགའ་མ་ནི་འདོད་ལྷའི་ཆུང་མའོ། །དེ་ནས་དགའ་མའི་བདག་གོ། །དགའ་རབ་དབང་ ཕྱུག་ཅེས་ཀྱང་བྱའོ། །ཆུ་སྲིན་རྒྱལ་མཚན་ཞེས་ཀྱང་བྱའོ། །བདག་ལས་བྱུང་ནི་གཞན་མ་ཡིན་པའོ། །ཚངས་སྤོང་ནི་དཀའ་ཐུབ་རྒྱང་དུ་འཕེན་པའོ། །སཱུ་དེད་པ་ལའོ། །པྲཧྨ་ཏ་པཿསུ་བ་ཏི་ཞེས་པས་ཀྭི་པའོ། །ཚངས་སྤོང་སྟེ་འདོད་པའོ། །འཆི་མེད་ཕྲེང་བར་བྲཧྨ་སཱུའི་སྒྲ་ལས་ཕ་རོལ་དུ་ འདོད་པ་བརྗོད་པ་ལས་ཨིའི་སྒྲ་བཀླགས་སོ། །ཀྲྀཙྪ་ཡོཿ ཉའི་ཏོག་དང་མདའ་ལྔ་པ་དང་མེ་ཏོག་མདའ་ཅན་དང་། ཚངས་སྤོང་དང་། ཨི་དང་། མ་འགགས་པ་དང་། ཨུ་ཥའི་བདག་ཅེས་པ་རྣམས་སོ། །དྲག་པོའི་འབངས་ཀྱིས་སྦྱར་བའི་མཁས་པའི་མགུལ་རྒྱན་གྱི་དྲིས་ལན་ལས། ཆོས་ཐམས་ ཅད་ལ་འཇིགས་པ་མེད་པ་ནི་ཚངས་པ་རང་ཉིད་ཅེས་སོ། །ར་བྷ་སས་ནི་དེའི་བུམ་འགགས་པ་ལ་བརྗོད་དོ། །མ་འགགས་པ་ཚངས་པའི་ལྟེ་བའི་པདྨ་ལས་བྱུང་ངོ་ཞེས་ལུང་དུའོ། །འགྲོ་བའི་ཏོག་ནི་ཁམས་གསུམ་ཐམས་ཅད་དེའི་འོད་ཟེར་གྱིས་ཁྱབ་པས་འགྲོ་བའི་ཏོག་གོ། །བ་དན་གསལ་ བ་ལ་ཏོག་བཟུང་བས་ན་མཚོན་པར་བྱེད་དོ་ཞེས་སློབ་དཔོན་ར་བྷ་སའོ། །སྣ་ཚོགས་ནི་ཁྱབ་བྱ་ལ་ཏོག་ནི་འདིའི་གཟི་བརྗིད་གསལ་བའོ། །མངོན་པར་ཁྱབ་པ་དང་གཞི་ལ་བདུན་པའི་བསྡུ་བའོ། །རང་ལས་མི་འགག་པར་སྣང་བས་ན་ཏོག་གོ་ཞེས་སྐབས་གསུམ་གྱི་ལྷག་མ་ལས་སོ། ། དེ་ལ་རྀ་ཤྱོ་མྲྀ་ག་ནི་འདིའི་རྒྱལ་མཚན་གྱི་སྟོག་ཏེ་ཞེས་ཚིག་རྣམ་པར་སྦྱོར་རོ། །རལ་གྲིའི་མཚོན་ཆ་ནི་མ་འགགས་པ་སྟེ་དེ་བཞིན་དུ་ཨེ་བཪྵྱ་ཀེ་ཏ་ན་ཞེས་པ་ཡང་ལུང་ལས་སོ་ཞེས་པས་རྀ་ཤྱའི་སྒྲའི་རེ་ཕ་དང་པོ་དབྱངས་དང་པོ་ཡང་ངོ་། །དེ་ཡང་སཱམྦ་སུ་ར་ཎ་ལས་བཤད་དེ་ ཏཱ་ལ་ཏཱ་ལའི་རྣམ་པར་བྱ། །ཆུ་སྲིན་ཆུ་སྲིན་དབྱིབས་སུ་བྱ། །དེ་ལྟར་ཉེ་བར་ཞུགས་པ་ནི། །རྀ་ཤྱའི་ཉེ་བར་དེ་བརྗོད་དོ། །ཞེས་སོ། །གཞན་གྱིས་འགོག་མི་ནུས་པས་མ་འགགས་པའོ། །ཨུཥཱ་ནི་ལྷ་མ་ཡིན་མདའ་ཞེས་བྱ་བའི་བུ་མོའོ། །དེ་རྣམས་འདོད་ལྷའི་བུའོ། །མཚོན་བྱེད་ཅེས་པ་ ནས་འཕྲོག་བྱེད་ཡུམ་ཞེས་པའི་བར་གྱིས་ཁྱབ་འཇུག་གི་ཆུང་མའོ། །ཐམས་ཅད་འདིས་མཚོན་ཏེ་སྟོན་པས་མཚོན་བྱེད་མའོ། །ལཀྵི་ལས་མུད་ཡང་ནའོ་ཞེས་པས་ཨི་རྐྱེན་ནོ། །ཨ་རྱནྟ་ཉིད་ལས་སུ་དབྱི་བ་མེད་དོ། །ཇི་ལྟར་འདི་ལཀྵྨཱི་ཡིན་ཞེ་ན། ཀྱེ་དཔལ་མོ་ཞེས་བརྗོད་པ་འདི་ནི་འདིར་ འགྱུར་ཏེ། མ་ཏལླཀྵྨཱི་བ་ཛ་སྭ་ཀཉྩི་ད་པ་ར་མི་ཏི། ཨེ་ར་ཀནྟི་ལས་དཱི་ཥའོ་ཞེས་སློབ་དཔོན་བསྲུང་བས་སོ། །གསལ་བར་ལྷན་ཅིག་བརྗོད་པ་ལའོ་ཞེས་པས་འདིར་ལུས་མཆོག་ཡང་དག་པར་བརྗོད་པ་ལ་ཀུཀྐུ་ཊ་ཞེས་དཔེར་བརྗོད་སོ་སོར་བསྒྲུབ་པ་ཉིད་སློབ་དཔོན་པཱུརྞ་ཙནྡྲི་ན་ས་དཱི་ཨུང་ཞེས་ པ་འདིར་རབ་ཏུ་སྦྱར་ཏེ་བསྟན་པ་ལས་ཨང་ཨིཏ་ལས་ཨས་ཨཱིཏ་ཨཱུཏ་སྨོས་པར་བཤད་དོ། །དེའི་ལུགས་ལ་དཱི་ཥ་མེད་ཀྱང་བོད་པ་ལ་ཐུང་དུ་ཉིད་དོ། །ལུགས་གཞན་ལས་ནི་དབྱིངས་ཀྱི་དཔུང་གཉེན་དུ་ལཀྵྨཱི་ལ་སོགས་པའི་མིང་འདི་དག་ཐུང་དུ་མ་ཡིན་པ་ཉིད་བཤད་དོ། །ལག་པར་རྟག་ཏུ་པདྨ་ ལྡན་པའི་ཕྱིར་ཨཪྵ་སོགས་ལས་ཨཙའོ། །པདྨ་ནི་ཀ་མ་ལའོ། །ཁྱད་པར་མེད་པ་ལའང་བརྗོད་པ་འདིའི་དགོངས་པ་ནི་འདམ་སྐྱེས་དང་མཚོ་སྐྱེས་ཞེས་པར་མི་སྦྱོར་རོ་ཞེས་པའོ། །བསྟན་པར་བྱ་བས་ན་དཔལ་ལོ། །ཤྲྀ། སྲུ། དྲུ། པྲུ། ཛུ་རྣམས་ལ་ཀྭིས་སྟེ་རིང་པོའོ། །ཨེ་ར་ཀནྟི་ལས་དཱིཥ་ལ་ཤྲྀ་ ཞེས་པ་དང་ཨས་ལ་ཞེས་དབྱིངས་རབ་ཏུ་གསལ་བའི་ཊཱི་ཀ་ལས་སློབ་དཔོན་བྱམས་པ་སྲུང་བས་སོ། །དཔལ་མོའི་བདག་པོའི་དུང་དང་འཁོར་ལོ་དང་བེ་ཅོན་དང་རལ་གྲི་དང་ནོར་བུ་རྣམས་རིམ་པ་ཇི་ལྟ་བར་ལྔ་སྐྱེས་ལ་སོགས་པའི་མིང་ཅན་ནོ། །ནུབ་ཕྱོགས་ཀྱི་རྒྱ་མཚོ་ནི་ཉ་ཏི་མིའི་གཟུགས་འཛིན་པའི་ལྷ་ མ་ཡིན་ལྔ་སྐྱེས་ཞེས་བྱ་བ་གནས་པ་དེའི་རུས་པ་ལས་སྐྱེས་པས་ལྔ་སྐྱེས་ལས་བྱུང་བ་ཞེས་བྱ་བ་སྟེ། གམྦྷཱི་ར་དང་པཉྩ་ཛ་ན་ལས་ཉྱའོ། །དད་པ་ཅན་རྣམས་ཀྱིས་བདེ་བླག་ཏུ་མཐོང་བའི་ཕྱིར་ལེགས་མཐོང་སྟེ། ཤཱ་སི་ཡུ་དྷི། དྲྀ་ཤི དྷྲྀ་ཥི། མྲྀ་ཥ་ལས་ཞེས་པས་ཡུ་ཙའོ། །ཁྱབ་འཇུག་འདིའི་ དབྱུག་པ་ནི་སའི་ནང་དུ་ཞུགས་པས་ས་རྣམས་དགའ་བར་བྱེད་པས་ནས་མོས་ཏེ། ལྷག་མ་ལས་ཞེས་པས་ཨཎའོ། །རལ་གྲི་པཉྩ་ཛ་ནྱ་ནི་དགའ་བྱེད་དེ། སྨོན་པ་ལ་ཝུནའོ། །ཥྚུ་བྷ་རེངས་པ་ལའོ། །ས་རྣམས་རེངས་པར་བྱེད་པས་ན་ས་རེངས་བྱེད་དེ་འཕྲོག་བྱེད་དོ། །ཀ་བ་བཞིན་དུ་མི་གཡོ་ཞིང་ བརྟན་པར་བྱེད་པའོ། །ནཱ་རྱནྟ་དག་ལས་ཞེས་པས་ཥ་ཉིད་མེད་ལ། ཨིཀ་མཐའ་ཉེ་ལས་ཀཽམ་དཀ་ལ། ཀའོ། །དེ་འདིའི་ལྷག་མ་ལས་ཨཎའོ། །དེ་རྣམས་ཁྱབ་འཇུག་གི་རྟགས་རྣམས་སོ། །ཚིགས་སུ་བཅད་པ་གཅིག་གིས་བྱ་ཁྱུང་གི་མིང་ངོ་། །འདབ་བཟང་ཞེས་པ་གཤོག་པ་མཆོག་དང་ལྡན་ པ་སྟེ། ཡོད་པའི་དོན་ལ་མ་ཏུས་རྐྱེན་ནོ། །རྀ་པ་ཞེས་པས་ཝ་ཉིད་ནི། ཀོ་སྟུ་བྷ། །ཡ་ཝ་སོགས་ཉིད་ལས་བཀག་གོ། །ག་རུ་དུག་ཡིན་ལ། འཇོམས་པས་ན་ཌ་སྟེ། པྲྀ་ཥོ་ད་ར་སོགས་ཀྱིས་ག་རུ་ཌའོ། །དྲང་སྲོང་ཏྲི་ཀྵའི་བུ་རྒྱུད་ཡིན་པས་སྐར་མིག་བུ་སྟེ། གརྒ་སོགས་ལས་ཡཉའོ། །འདུལ་བྱེད་སྐྱེས་ ནི་མ་འདུལ་བྱེད་མའི་བུ་རྒྱུད་ཡིན་པས་ན་སྟེ། དཱི་ཨཱས་ཏི་ཨཱུད་ལས་ཞེས་པས་ཌྷ་ཀའོ། །དེ་ཡང་འདུལ་བྱེད་མ་དང་བཀྲ་ཤིས་མ་ཞེས་པ་གཉིས་ཀྱིས་རྒྱལ་པོ་ཞིག་གི་ཆུང་མ་བྱས་པ་ན་ལན་ཅིག་གི་ཚེ་ཉི་མའི་ཤིང་སྐར་མིག་རྟ་མཐོང་བས། འདུལ་བྱེད་མ་དཀར་པོ་ཞེས་ཏྲིཀྵ་ལསྨྲ། བཀྲ་ཤིས་མ་ནི་ནག་ པོ་ཞེས་སྨྲ། དེ་གཉིས་རྒྱལ་བྱས་ཏེ་གང་བདེན་པས་རྒྱལ་པོའི་བཙུན་མོ་བྱེད་པར་བྱས། མི་བདེན་པས་གཡོག་མོ་བྱེད་པར་བྱས་ནས་བལྟ་བར་བྱའོ། །དེ་ནས་ཀླུ་ཞིག་ཡོད་པ་ལ་བཀྲ་ཤིས་མས་བསྙེན་བཀུར་བྱས་ཏེ། ཁྱོད་ཀྱིས་ཉི་མའི་རྟ་ནག་པོར་མཐོང་བར་གྱིས་ཤིག །དེ་ལྟར་མ་བྱས་ན་ཁོ་ མོ་གཡོག་བྱ་དགོས་པར་ཡོད་དོ་བྱས་པས་དེས་ཁས་བླངས་སོ། །ཉི་མའི་རྟ་ནག་པོར་མཐོང་ནས་འདུལ་བྱེད་མས་གཡོག་མོ་བྱས་སོ། །ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ན་དྲང་སྲོང་ཏྲིཀྵས་སྒོ་ང་གསུམ་བྱིན་ཏེ། འདིས་ཁྱོད་ལ་ཕན་པར་འགྱུར་གྱི་ཞག་བདུན་མ་བརྟོལ་ཅིག་ཟེར་རོ། །དེ་རིངས་ཏེ་ཉི་མ་གསུམ་ ན་གཅིག་བརྟོལ་བ་ན་གློག་ཏུ་གྱུར་ཏེ་ནམ་མཁའ་ལ་སོང་ངོ་། །ཡང་དྲུག་ན་གཅིག་བརྟོལ་བ་དང་སྐར་མ་སྐྱ་རེངས་སུ་སོང་། བདུན་པ་ན་གཅིག་བརྟོལ་བ་དང་བྱ་ཁྱུང་དུ་སོང་སྟེ་མ་ལ་ཕྱག་བྱས་ཏེ་ཁྱོད་ཀྱི་བྱ་བ་གང་དགོས་པ་བདག་གིས་བྱའོ་ཞེས་ཟེར་རོ། །ཀླུའི་ཉེས་པས་ཀླུ་ རྣམས་མེད་པར་གྱིས་ཤིག་ཅེས་སྨྲས་ཏེ། དེ་ནས་ཀླུ་རྣམས་བྱ་ཁྱུང་གིས་ཟ་བར་བྱེད་དོ། །མཁའ་འགྲོའི་དབང་ཕྱུག་ཅེས་ཀྱང་བྱའོ། །ཁྱབ་འཇུག་གི་ཤིང་རྟ་ནི་བྱ་ཏྲི་ཏྲིའི་སྒོ་ང་རྒྱ་མཚོའི་འགྲམ་ན་ཡོད་པ་ཆུའི་རླབས་ཀྱིས་མཚོ་ནང་དུ་སོང་ངོ་། །དེར་རྒྱ་མཚོ་ཟད་པར་འདོད་པས་གཤོག་ པ་ཆུར་བཅུག་ཅིང་འདོན་པ་ན། དྲང་སྲོང་ཅིག་ན་རེ་དུད་འགྲོ་ནི་མཐུ་ཆུང་བ་ཟེར་བས། བྱ་ཁྱུང་ཡང་དེ་ན་གནས་པས་ཐོས་ཏེ་ཁྲོས་ནས་འདབ་མ་ཕྱེད་ཀྱིས་རྒྱ་མཚོ་བཀབ། ཕྱེད་ནམ་མཁའ་ལ་ཕྱར་བས་དེ་ན་གནས་པའི་ཀླུ་རྣམས་སྐྲག་སྟེ་ཕྱག་འཚལ་ནས་དེ་མ་ཐག་ཏུ་གཏད་དོ། །དེ་ནས་ལྷ་ རྣམས་ཀྱང་ཤིན་ཏུ་སྐྲག་པར་གྱུར་པ་ན་ཁྱབ་འཇུག་གིས་ཤིན་ཏུ་རིད་པའི་དྲང་སྲོང་གཅིག་ཏུ་སྤྲུལ་ནས་དེའི་དྲུང་དུ་ཕྱིན་པ་ན་དེ་ཡང་བརྩེ་བ་སྐྱེས་ཏེ་གནས་སོ། །དི་ལ་ཁྱོད་ཀྱིས་བདག་གི་བྱ་བ་དོན་ཆེན་པོ་ཞིག་ཡོད་པ་ལ་ལུས་ཀྱིས་མི་སྤྱོད་པས་དེ་ཁྱོད་ཀྱིས་སྒྲུབས་ཤིག་ཅེས་སྨྲས་སོ། །དེ་བདག་གིས་ བྱའོ་ཞེས་ཁས་བླངས་སོ། །དེའི་ཚེ་སྣ་ལ་བཅུག་ནས་འགྱུར་བ་མེད་པར་བྱས་སོ། །དེ་ནས་ཁྱོད་ཀྱིས་བདག་ལྷའི་ཡུལ་དུ་ཁུར་ཅིག་ཅེས་སྨྲས་སོ། །འདིར་ནི་ཁྱབ་འཇུག་གི་བཞོན་པར་གྱུར་པ་སྨོས་སོ། །ཀླུ་མཐར་བྱེད་པ་ནི་རླག་པར་བྱེད་པའོ། །གསེར་འདབ་ཅན་ནི་འདིའི་གཤོག་པ་གསེར་གྱི་ མདོག་ལྟར་མཛེས་པའི་ཕྱིར་རོ། །ལྟོས་འགྲོ་ཟ་ནི་སྦྲུལ་རྣམས་ཟ་བའོ། །དེ་རྣམས་བྱ་ཁྱུང་གི་མིང་ངོ་། །ད་ནི་དབང་ལྡན་ནས་བརྩམས་ཏེ་ཕྱོགས་ཀྱི་ལྷ་ལ་སོགས་པ་བཤད་པར་བྱའོ། །ཚིགས་སུ་བཅད་པ་ལྔའི་དབང་ཕྱུག་གི་མིང་གི་རྣམ་གྲངས་སོ། །ཤམ་ཞེས་པ་ནི་མི་ཟད་པའི་དགེ་བའོ། །དེ་དང་ ལྡན་པའི་ཕྱིར་བདེ་ལྡན་ཀྱང་ངོ་། །བདེ་འབྱུང་ནི་མཆོག་ཏུ་དགའ་བའི་གཟུགས་ཀྱིས་རྟག་ཏུ་གནས་པས་ན་བདེ་འབྱུང་ངོ་། །ཤངྐུ་ལ་སོགས་པ་རྣམས་སོ་ཞེས་པས་ཀུ་དང་མཐའ་དབྱི་བ་འོང་ངོ་། །སུས་དང་སུཔ་དོན་གཅིག་ཅེས་པས་བསྡུ་བའོ། །འདོད་པ་རབ་ཏུ་འབྱུང་བས་འབྱུང་པོ་རྣམས་ཞེས་ པས་དབང་པོ་དང་དབང་ཕྱུག་དང་དབང་ལྡན་རྣམས་ཀྱི་ཨཱི་ཤ་དང་། ཨཱི་ཤྭ་ར་དང་། ཨཱི་ཤ་ན་ཡང་ངོ་། །ཨཀ་མཐའ་ཉེ་ལས་ཀ་དང་། ཨཱི་ཤྭ་ར་ནི་རང་དོན་ལས་ཞེས་པའི་ཚིག་ཕྲད་ལས་བར་ཡང་ངོ་། །ནུས་པ་དང་ན་ཚོད་དང་ངང་ཚུལ་རྣམས་ལའོ་ཞེས་པས་ཤཱ་ན་ཡང་ནའོ། །ཕྱུགས་བདག་ནི་ར་དང་རི་ དགས་ལ་སོགས་པ་ཐག་པས་བཏགས་པ་བཞིན་དུ་འདིས་ཀྱང་འཇོམས་བྱེད་ལ་སོགས་པའི་འཁོར་རྣམས་བཏགས་པས་བདག་པོ་ཞེས་སློབ་དཔོན་ར་བྷ་སའོ། །ཕྱུགས་ནི་སྐྱེས་བུ་རྣམས་ཏེ་དེ་རྣམས་འཁོར་བའི་འཆིང་བ་ལས་སྐྱོབ་བ་ན་ཞིང་གི་བདག་པོའོ་ཞེས་གཞན་དག་གོ། །ཞི་བ་ནི་ཡོན་ཏན་ གྱི་གནས་སྐབས་དང་བྲལ་བ་མཆོག་ཏུ་དགའ་བའི་རང་བཞིན་གྱི་ཕྱིར་རྣམ་འགྱུར་མེད་པར་གྱུར་པ་སྟེ། ཤི་བ་ལ་སོགས་པ་རྣམས་སོ་ཞེས་པས་ཀྭན་དང་། ཨི་ཉིད་དང་མ་དབྱི་བ་ཡང་ངོ་། །དེའི་མཚོན་ཆ་ནི་མདུང་ངོ་། །དབང་ཕྱུག་ཆེན་པོ་ནི་གོང་ན་རྒྱལ་པོ་གཞན་མེད་པའོ། །གསོད་བྱེད་ནི་ བསྐལ་པ་འཇིག་པའི་དུས་ན་འདིས་ཐམས་ཅད་འཇིག་པའོ། །འབྱུང་བ་རྣམས་འཇིག་པ་ལ་ཤྲི་ཎོ་ཏི་སྟེ། གྲཱྀ། ཤྲྀ་དག་ལས་ཝའོ། །བདེ་བ་ནི་ངེས་པར་ལེགས་པའི་མཚན་ཉིད་ཀྱི་དགའ་བའོ། །དེ་བྱེད་པས་ན་བདེ་བྱེད་དེ་ཀ་རོ་ཏི་ལ་ཨ་ཙའོ། །གཙུག་ན་ཟླ་བ་ནི་རྒྱ་མཚོ་བསྲུབས་པ་ལས་བྱུང་ བའི་ཟླ་བའི་དབུ་རྒྱན་ནོ། །འབྱུང་པོའི་དབང་པོ་ནི་ས་ལ་སོགས་པ་འབྱུང་བ་ལྔ་པོ་རྣམས་ཀྱིས་མི་རྣམས་རིགས་པ་བཞིན་སྐྱེད་ཅིང་རབ་ཏུ་འཇོམས་པས་སོ་ཞེས་པ་རིན་ཆེན་མཛོད་དུའོ། །ཡང་ན་འཇོམས་བྱེད་ལ་སོགས་པས་འབྱུང་པོ་རྣམས་ཀྱི་དབང་པོའོ། །དགྲ་སྟའི་དུམ་བུ་ནི་གཡུལ་གྱི་ དུས་སུ་དབང་ཕྱུག་གི་དགྲ་སྟ་ཁ་ཆག་གོ་ཞེས་གྲག་གོ། །རི་དབང་ནི་རི་བོ་ཀེ་ལ་ཤའི་བདག་པོའོ། །རི་སྨོད་ནི་འཇོམས་བྱེད་ལ་སོགས་པའི་འཁོར་རྣམས་རི་བོ་གངས་ཅན་ལ་ཉེ་བར་སྤྱོད་པའི་ཚེ་སྤྲུལ་པས་རིའི་གཟུགས་ཆུང་ངུར་བྱས་སོ། །པྲ་ལ་སོགས་པ་མེད་པ་ལས་ཀའོ། །ཡང་ན་རི་ལ་ཉལ་ ཞིང་གནས་པར་བྱེད་པ་སྟེ་ཌ་རྐྱེན་ནོ། །ཚིམ་བྱེད་ནི་སྙིང་སྟོབས་ཀྱི་ཡོན་ཏན་རྫོགས་པར་གྱུར་པས་བདེ་བར་བྱེད་པ་སྟེ་ཨིཀ་མཐའ་ཉེ་ལས་ཀའོ། །འཆི་ལས་རྒྱལ་ནི་དྲང་སྲོང་དཀར་པོ་ཞེས་པ་ལ་འཆི་རྟགས་བྱུང་བ་ལ་དབང་ཕྱུག་གི་བྱིན་གྱིས་བརླབས་པའི་གཞུང་འཆི་ལས་རྒྱལ་བཀླགས་ པས་འཆི་རྟགས་ལས་རྒྱལ་བས་ན་འཆི་ལས་རྒྱལ་ཏེ། བྷྲྀ་བྲྀ་ཏྲཱྀ་ཞེས་པ་ལ་སོགས་པས་ཁ་རྐྱེན་ནོ། །གཟིག་གོས་ནི་དེའི་པགས་པ་ལས་བྱས་པའི་གོས་སོ། །སྐྱོ་མེད་གཞུ་ནི་པི་ནཱ་ཀཱི་ཞེས་འབྱུང་སྟེ་དབང་ཕྱུག་ཁོ་ནའི་གཞུའི་མིང་ངོ་། །འཇོམས་བྱེད་ནི་དབང་ཕྱུག་གི་ འཁོར་རོ། །དྲག་ཤུལ་ནི་ཁྲོས་པའི་དུས་སུ་ངའི་སྟེང་ན་སུ་ཡང་མེད་དོ་སྙམ་པའོ། །ཨུན་ཚོགས་པ་ལའོ། །ཛིལ དཱུ་ར་ལ་སོགས་པ་རྣམས་སོ་ཞེས་པ་སར་ཀའོ། ཉིད་ཀྱང་ངོ་། །དཔལ་གྱི་མགྲིན་ནི་རྒྱ་མཚོ་བསྲུབས་པ་ལས་དུག་ནག་པོ་བརྩེགས་པ་བུམ་པ་གང་བྱུང་བ་དེ་གཞན་དུ་ བཞག་ན་སེམས་ཅན་འཆི་བར་བྱེད་ཅིང་ལྟོ་བར་སོང་ན་འཚིག་པར་བྱེད་པས་དབང་ཨུ་ཐ་སྒྲུབ་པ་ཕྱུག་གི་མགྲིན་པར་བཞག་གོ། །དེའི་སྟོབས་ཀྱིས་མགྲིན་པ། ཙུའ་ བེེ་ཌཱུརྱའི་མདོག་ལྟར་ཤིན་ཏུ་ལེགས་པར་གྱུར་པས་ན་དཔལ་གྱི་མགྲིན་པ་སྟེ། དཔེར་ན་བདག་གི་ཁ་ནི་དབྱངས་ཅན་ དང་མགྲིན་པ་ནི་དཔལ་ཞེས་པ་བཞིན་གཞན་གྱི་དོན་གྱི་བསྡུ་བའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་མགུལ་ནག་ཅེས་ཀྱང་བྱའོ། །ཐོད་པ་འཆང་བ་ཡང་ངོ་། །གཡོན་ཕྱོགས་ལྷ་ནི་ཆགས་ཅན་ཟུར་གྱིས་ལྟ་བས་མཛེས་པ་བཞིན། འཇིག་རྟེན་ལས་འདས་པ་ལ་གནས་པས་འཇིག་རྟེན་ལས་ཕྱིར་ལོག་ པའམ་ཤིན་ཏུ་ལེགས་པའི་ཕྱིར་གཡོན་ཕྱོགས་ལྷའོ། །ལྷ་ཆེན་པོ་ནི་ལྷ་ཐམས་ཅད་ཀྱིས་ཀྱང་མཆོད་པའི་ཕྱིར་རོ། །གང་ཞིག་ལྷ་རྣམས་ཐམས་ཅད་ཀྱིས། །མཆོད་པའི་ཚད་ནི་ཆེན་པོས་མཆོད། །མ་ཧཱ་ཞེས་པ་མཆོད་པའི་བྱིངས། །དེ་ཕྱིར་ལྷ་ཆེན་མཆོད་ཆེན་བརྗོད། །ཞེས་སཱསྦྲ་སུ་ར་ཎ་ ལས་སོ། །སྣ་ཚོགས་མིག་ནི་བི་ཏུ་པཱཀྵ་ཞེས་འབྱུང་སྟེ་འདིའི་མིག་གཡས་པ་ཉི་མ། གཡོན་པ་ཟླ་བ། དབུས་མེའི་མིག་གོ། །སཀྠི་ཨཀྵི་ལས་རང་གི་ཡན་ལག་ལས་ཥ་ཙའོ། །མིག་གསུམ་པ་ཞེས་ཀྱང་བྱའོ། །མེའི་ཁུ་བ་ཞེས་པ་ནི་གཞོན་ནུ་སྨིན་དྲུག་གི་སྐབས་སུ་བཤད་པར་བྱའོ། །སྔོན་རབས་སྡོང་བུ། ། ཀུན་མཁྱེན་དང་རལ་ཁུར་ཅན་ཞེས་ཀྱང་བྱ་སྟེ། ཛ་ཊ་ཚོགས་པ་ལའོ། །ཨིར་ཞེས་པས་ཨུཎ་སོགས་ཅན་གྱི་ཨའོ། །ཁུར་ནི་ཚོགས་ཏེ་འདིའི་རལ་པའི་ཚོགས་སོ། །ཚངས་པས་སྦྱིན་སྲེག་བྱས་པ་ན་མེའི་ནང་དུ་དཔྲལ་བ་ནས་རྡུལ་ལྷུང་བས་མེ་སྔོན་པོ་དང་དམར་པོར་སོང་། །དེ་ལས་དབང་ཕྱུག་ སྐྱེས་པས་སྔོན་དམར་ཅན་ཞེས་བྱའོ། །དེ་ཡང་། རྟ་ནི་དམར་པོར་བྱུང་གྱུར་ཅིང་། །དེ་ཚེ་སླར་ཡང་སྔོན་པོར་གྱུར། །སྔོན་དམར་ཞེས་པ་འདི་དག་ལས། །གཙོ་བོ་འདི་ནི་བྱུང་བར་གྱུར། །ཞེས་བཤད་དོ། །འཕྲོག་པ་ནི་མུན་པའི་ཡོན་ཏན་གྱིས་འགྲོ་བ་ཐམས་ཅད་འཕྲོག་པར་བྱེད་པ་སྟེ་ཨཙ་རྐྱེན་ ནོ། །དྲན་པ་ནི་འདོད་པའི་ལྷའོ། །དེ་མིག་ནས་མེ་ཕྱུང་བས་བསྲེགས་པས་ན་དྲན་འཇོམས་སོ། །བསྐལ་པ་འཇིག་པའི་དུས་ན་འགྲོ་བ་ཐམས་ཅད་ཀྱང་འདིས་འཇོམས་པས་ན་འཇོམས་བྱེད་དོ། །བྱེད་པ་པོ་ལའང་གྷ་ཉའོ། །བྲསྠའི་བྷ་རྫའོ། །ཨམྦ་ཀ་ནི་མིག་གོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་ བརྩེགས་མདའི་མེས་བསྲེགས་པས་གྲོང་གསུམ་མཐར་བྱེད་དོ། །གང་གཱ་འཛིན་པ་ནི་མཐོ་རིས་ཀྱི་གནས་ཐམས་ཅད་བསྐལ་པའི་མེས་བསྲེགས་པའི་དུས་སུ་ལྷ་མོ་གང་གཱ་ལྷུང་ནས་བྱུང་བ་ན་ནམ་མཁའ་ལ་རལ་བ་བརྐྱང་ནས་རལ་པའི་སྟེང་དུ་གཟུང་ངོ་། །སྒྲའི་བསྒྲུབ་ཚུལ་གྱིས་འདིར་ཡང་མིག་གསུམ་པ་སྨོས་པ་སྟེ། སྔ་མ་ནི་ཏྲི་ ལོ་ཙ་ན་ཡིན་ལ། འདིར་ནི་ཏྲི་དང་ཨམྦ་ཀ་སྦྱར་བ་ཏྲྱ་མྦ་ཀ་ཞེས་པའོ། །དེ་ནས་གང་གཱ་འཛིན་དུ་གྲགས་སོ། །ལྷ་མ་ཡིན་ལོང་བ་ཞེས་པ་བསད་པས་ལོང་བའི་དགྲའོ། །ཁྱུ་མཆོག་རྒྱལ་མཚན་ནི་གླང་གི་རྒྱལ་མཚན་ནོ། །མཆོད་སྦྱིན་འཇོམས་ནི་ཨུ་མའི་ཕ་དྲང་སྲོང་གསལ་བ་ཞེས་བྱ་བས་མཆོད་སྦྱིན་བྱེད་པའི་ཕྱིར་ལྷ་ ཐམས་ཅད་གདན་དྲངས་ལ། དབང་ཕྱུག་གཅེར་བུར་གནས་པས་ངོ་ཚ་སྙམ་སྟེ་མ་བོས་སོ། །དེར་དབང་ཕྱུག་ཁྲོས་ཏེ་བསད་དོ་ཞེས་གྲག་གོ། །ནམ་མཁའི་སྐྲ་ཅན་ནི་ནམ་མཁའ་ལ་རལ་པ་བརྐྱང་པ་སྟེ། མངོན་ཁྱབ་དང་གཞི་ལ་བདུན་པའི་བསྡུ་བའོ། །ཞུགས་པར་གྱུར་པའི་དོན་ཅན་ ཉིད་ཀྱི་ཕྱིར་བྱ་བའི་ཚིག་མི་སྦྱར་རོ། །སྲིད་པ་ནི་ཡོན་ཏན་རྫོགས་པས་འདི་ལས་སྣ་ཚོགས་འབྱུང་བས་སྲིད་པ་སྟེ། ཨསྟི་བསྒྱུར་བའི་བྷཱུ་ལས་རྀཏ་ཀྱི་ཨུཏ་ཀྱི་ཨ་སའོ། །ཤྲི་བྷུ་དག་ལས་པྲ་ལ་སོགས་པ་མེད་པ་ཞེས་པས་ཤྲི་དང་ལྷན་ཅིག་སྤྱོད་པའི་བྷུ་སོགས་ཉིད་ལ་གྷ་ཉའོ། །འདིས་འཇིགས་ བྱེད་ཆེན་པོའི་གཟུགས་སུ་བྱས་ཏེ་ཁམས་གསུམ་པོ་འཇིགས་པར་བྱེད་པར་བྱེད་པས་ན་འཇིགས་བྱེད་དེ། བྷཱི་ལས་ཥུཀ་ཀྱང་ངོ་ཞེས་པས་མ་བྷཱི་མ་ཀའོ། །བྷ་བ་གནས་བྱེད་ནི་བསྐལ་པ་ཞིག་ཀྱང་གནས་པ་སྟེ། དྷེ་ནུ་ལ་སོགས་པ་རྣམས་སོ་ཞེས་ས་ནུའི་ཎ་ཉིད་ཀྱང་ངོ་། །རུའི་ཞེས་པས་ར་དབྱི་ཞིང་ དྲ་ཕྱིས་པ་ལ་ཨཎ་ལས་ཞེས་པས་རིང་པོའོ། །དུ་བྱེད་ནི་རུ་དྲ་སྟེ། ཚངས་པས་དབང་ཕྱུག་སྐྱེ་བ་ལེན་དུ་བཅུག་པས་དེ་ནས་དབང་ཕྱུག་དུས་སོ། །དེས་ན་དུ་བྱེད་དུ་གྲགས་སོ། །དེ་ཡང་། ཁྱོད་ལ་རུ་དྲ་ཞེས་པའི་མིང་། །དུ་བའི་ཕྱིར་ན་ཐོབ་པ་ཡིན། །ཞེས་བཤད་དོ། །ཏཉྩི་ བཉྩི། །ཤ་ཀི། ཀྵི་པི། ཀྵུ་དི། ཏུ་དི། མ་དི། མནྡི། ཙནྡ་རྣམས་ལས་ར་ཀའོ། །ཨུ་མཱ་ནི་དབང་ཕྱུག་ན་རེ། གངས་ལྡན་ལ་དཀའ་ཐུབ་ལ་འགྲོ་ཞེས་སྨྲས་པས་ཨུ་མཱ་རེངས་ཏེ་ཨུ་ཞེས་སྨྲས་ཏེ། ཨུ་མཱ་རུ་གཞན་དུ་དྲག་པོར་གྲགས་སོ། །གྲགས་སོ། །དེའི་བདག་པོ་དབང་ཕྱུག་གོ། །དེ་རྣམས་ཀྱི་དབང་ཕྱུག་ གི་མིང་ངོ་། །ཏུ་དྲའི་བསྒྲུབ་ཚུལ་གི་མིང་ངོ་། །ཆུས་གང་དག་བྱེད་ནི་དབང་ཕྱུག་གི་ཁོ་ནའི་རལ་པའི་མིང་སྟེ། ཀ་སརྡ་ཞེས་འབྱུང་ངོ་། །སརྦྦ་རྫོགས་པ་ལའོ། །སམྤད་ལ་སོགས་པས་ཀྭི་པའོ། །ཝའི་ར་ལས་དབྱིའོ། །ཀ་ནི་གང་གཱའི་ཆུ་ལ། པཱུ་ར་ནི་གང་བ་སྟེ་སྒྲ་སྒྲོགས་པར་བྱེད་དག་པར་བྱེད་པས་ན་སུས་ལས་ཞེས་པས་ ཀའོ། །ཡང་ན་ཀ་ནི་རྒྱན་དུ་གྱུར་པ་སྟེ་ཚངས་པའི་མགོའོ། །གང་ལ་འཛིན་པར་བྱེད་པ་ལ་ཌ་རྐྱེན། ཀ་སརྡྡཿའོ། །རལ་པ་བཅིངས་པ་ཞེས་ཀྱང་བྱའོ། །སྐྱོ་མེད་ཁྱབ་ཅེས་པ་ནི་དབང་ཕྱུག་གི་གཞུའི་མིང་སྟེ། གྲོང་ཁྱེར་གསུམ་སྲེག་པའི་མདའ་མེ་འབར་བའི་ཚོགས་ནམ་མཁར་ཁྱབ་པས་ བཅོམ་པས་ན་པ་ནཱ་ཀའོ། །ཨ་སི་ཉིད་འདིར་ཨ་སི་ཧི་ཏར་བཤད་པ་ནི་བྱ་བ་བརྗོད་པ་སྟེ། པྲ་ལ་སོགས་པའི་བསྡུ་བ་བརྗོད་པའོ། །ཤ་ཀནྟུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨ་ཡིག་ནི་ཕ་རོལ་གྱི་གཟུགས་ཉིད་དོ། །དེའི་རྣམ་གྲངས་སྒྲ་ལྡན་གཞུ་སྟེ། གཱཎྜི་ཨ་ཛ་ག་ལས་མིང་ལའོ་ཞེས་པས་ཝ་རྐྱེན་དང་ གཞན་རྣམས་ལ་སྐྱེ་མེད་ཁྱབ་ཡང་ངོ་ཞེས་པས་རང་བཞིན་གྱི་མཐའ་རིང་པོ་ཉིད་དོ། །ཨཛ་གཱ་ཝཾ་ཞེས་ཀེ་ཤ་ལ་སོགས་པའི་མདོར་པཱུརྞ་ཙནྡྲ་ནས་དཔེར་བརྗོད་དོ། །མིང་གི་བྲེང་བར་ནི་དང་པོ་རིང་པོར་སྣང་སྟེ། སྠ་ཎརྡྷ་ནུ་ར་ཛ་གཱ་ཝཾ་ཞེས་སོ། །ཤངྒ། དྷ་ནུ། སྨ་རཱ་རི། ཨ་ཛ་གཱ་ཝཾ། ཨ་ཛ་སྱ་བཱ་ པཻ་ཀཾ། ཞེས་པ་རྣམས་རིན་ཆེན་མཛོད་དང་བྷ་ཥའི་འགྲེལ་པར་སྐྱེས་བུ་མཆོག་གིས་ཀྱང་བཤད་དོ། །གཞན་དག་ནི་གཎྜི་ཨ་ཛ་ཀ་ལས་མིང་ལའོ་ཞེས་པ་ཨ་ཛ་ཁྱབ་འཇུག་གོ། །ཀ་ཚངས་པའོ། །དེ་དང་ལྡན་པས་ཝའོ་ཞེས་སོ། །དེ་ཡི་འཁོར་ནི་རབ་འཇོམས་སོགས་ཞེས་པ་འདིར་སཱ་རི་ཥ་འཁོར་ དེ་ནི་སཱ་རི་ཥ་ད་ཞེས་པར་བསྒྲུབས་པ་སྟེ། འདི་རྣམས་ཀྱི་དབང་ཕྱུག་གི་མི་མཐུན་པའི་ཕྱོགས་འཇོམས་པ་གཏུམ་པོ་དང་། དགའ་བྱེད་དབང་ཕྱུག་དང་། ནག་པོ་ཆེན་པོ་དང་། བྷྲྀང་གི་ཎི་ལ་སོགས་པའི་ཚོགས་རྣམས་སོ། །སཱ་རི་ཥ་ད་ལས་ཨརྒྱཤྩ་ཞེས་པས་ཎའོ། །དེ་རྣམས་རབ་འཇོམས་ འཁོར་རྣམས་སུ་བཤད་དེ། དྲག་པོ་ལ་སྡང་བ་རྣམས་རབ་ཏུ་འཇོམས་པར་བྱེད་པས་ཨ་ཙ་རྐྱེན་ནོ། །ཚངས་མ་ལ་སོགས་མ་མོ་རྣམས་ཞེས་པ་ནི། ལྷ་མ་ཡིན་ཏུ་ཏུ་དང་དབང་ཕྱུག་འཐབས་པ་ན་དེའི་དུས་སུ་དབང་ཕྱུག་གི་རྡུལ་ས་ལ་ལྷུང་བ་ལས་ཚངས་མ་ལ་སོགས་པའི་མ་མོ་བདུན་དུ་གྱུར་ ཏེ། དེ་ཡང་འདི་ལྟར། ཚངས་མ་དང་། ཁྱབ་འཇུག་མ་དང་། དབང་མོ་དང་། ཕག་མོ་དང་། ལུས་ངན་མོ་དང་། དྲག་མོ་དང་། གཞོན་ནུ་མ་རྣམས་སོ། །ཚངས་མ་ནི་རྒྱལ་རིགས་མ་རུ་བརྗོད་དེ། ཎིའི་མཐའ་ལས་བྱེ་བ་ལས་ཨཎ་ལའོ་ཞེས་པར་མཚོན་བྱ་དང་མཚོན་བྱེད་དུ་སློབ་དཔོན་ སྐྱེས་བུ་མཆོག་གིས་བྱས་སོ། །ཚིག་སྔ་མ་ལས་མིང་ལའོ་ཞེས་པས་ཎ་ཉིད་དོ། །ཊིཏ་ཌྷ་ཨཎ་ལ་སོགས་པར་དཱི་པའོ། །ཚངས་པའི་མཐུ་ལས་བྱུང་བ་ནི། །ཚངས་མ་ཞེས་པར་མངོན་པར་བརྗོད། །ཅེས་པ་སྟེ། གཏུམ་མོ་བདག་ཉིད་ཆེན་མོའོ། །ཚངས་མ་ཞེས་པ་ལ་སོགས་པར་ཨསྟུ་ ཞེས་བཀླགས་པ་ནི་ཚངས་པ་འདི་ཚངས་མ་སྟེ། ལྷག་མ་ལས་ཨཎའོ། །ཨུཎ་སོགས་ལ་མ་ཡིན་ཞེས་པས་ཨནྟིའི་ཨ་ཙ་ལ་སོགས་པ་དབྱིའོ། །ཚངས་མར་གྱུར་པ་ནི་ཚངས་པའི་ནུས་པ་དང་བྷ་ར་ཏཱི་དང་སོ་མ་བལླ་རཱི་ཞེས་པ་དྲག་པོས་ཀྱང་ངོ་། །ཀ་ཡེ་ཚངས་མ་ལུས་ངན་མ། །ཁྱབ་ འཇུག་དྲག་མོ་སྐེམ་བྱེད་མ། །གཏུམ་མོ་ཟླ་བ་མ་ཁྱོད་འདུད། །ཅེས་བཱ་ལ་རཱ་མ་ཡ་ཎ་སློབ་དཔོན་མངོན་པར་དགའ་བས་ཀྱང་ངོ་། །ཁྱབ་བདག་ནི་ཕུན་སུམ་ཚོགས་པ་རྣམས་ཀྱི་བདག་པོའོ། །རྣམ་གྲངས་ནི་ཁྱབ་བྱེད་དོ། །ཆུང་ངུ་ལ་སོགས་པ་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་དེ། ཆུང་ངུ་ དང་། ཡང་བ་དང་། ཐོབ་པ་དང་། རབ་ཏུ་ཐོབ་པ་དང་། དེ་བཞིན་དུ་མཆོད་པར་བྱ་བ་དང་། དབང་བ་དང་། དབང་སྒྱུར་བྱེད་པ་དང་། འདོད་པ་བཞིན་གནས་པ་སྟེ། ཕྲ་བ་ལ་སོགས་པའི་རབ་ཏུ་དབྱེ་བས་དབང་ཕྱུག་གི་ཡོན་ཏན་གྱི་འབྱོར་པ་བརྒྱད་དུ་མངོན་པར་བརྗོད་དོ། །དེ་ལ་ཕྲ་བ་ནི་གང་ གི་ཡོན་ཏན་ཕྲ་བར་གྱུར་པས་རྒྱུ་དང་འབྲས་བུ་དང་བཅས་པའི་ཉེར་སྤྱོད་རྣམ་པར་སྤྱོད་པས་ན་ཕྲ་བ་ཞེས་བརྗོད་དོ། །ཡང་བ་ནི་ཡང་བ་དེ་ཉིད་རླུང་བཞིན་དུ་ཆེས་ཡང་བ་གང་ཡིན་པའོ། །ཐོབ་པ་ནི་གང་འདོད་པ་རབ་ཏུ་ཐོབ་པ་སྟེ། དཔེར་ན་སོར་མོའི་རྩེ་མོས་ཀྱང་ཟླ་བ་ལ་ རེག་པའོ། །རབ་ཏུ་ཐོབ་པ་ནི་འདོད་པ་ལ་གེགས་མེད་པ་སྟེ། དཔེར་ན་ཆུ་ལ་བྱ་བ་བཞིན་དུ་ས་ལ་ཡང་བྱིའུ་ཟུལ་བྱེད་པའོ། །མཆོད་པར་བྱ་བ་ནི་མཆོད་པ་ཉིད་དོ། །འཁོར་གྱིས་བརྗེད་པར་བྱ་བ་གང་ཡིན་པའོ། །དབང་བ་ནི་གཙོ་བོར་གྱུར་པ་ཉིད་དེ། བརྟན་པ་དང་གཡོ་བའི་འབྱུང་པོ་རྣམས་ སྒྱུར་བར་བྱེད་པ་གང་ཡིན་པའོ། །དབང་སྒྱུར་བར་བྱེད་པ་ནི་དབང་བྱེད་དེ། རང་གི་རྒྱུད་ལ་སྤྱོད་པ་གང་ཡིན་པའོ། །འདོད་པ་ལ་འདོད་པས་གནས་པའི་ངང་ཚུལ་གང་ཡིན་པ་དེའི་དངོས་པོ་ནི་འདོད་པ་བཞིན་གནས་པ་ཉིད་དོ། །བྱིངས་རྣམས་ནི་དོན་དུ་མ་ཅན་ཉིད་ཀྱི་ཕྱིར་འདིར་ཤཱི་ངའི་བྱིངས་ ནི་གནས་པར་བྱེད་པའི་དོན་ཏེ། ས་དང་ནམ་མཁའ་དང་བར་སྣང་ལ་ཀུན་དུ་གནས་པའི་ཡོན་ཏན་གང་ཡིན་པའོ་ཞེས་པའི་དོན་ཏོ། །དེ་དག་ནི་གྲངས་བདུན་ཅུ་པའི་རྒྱ་ཆེར་འགྲེལ་དུ་སློབ་དཔོན་ཛ་ཡ་མཾ་ག་ལས་རྣམ་པར་ཕྱེ་བའོ། །ཚིགས་སུ་བཅད་པ་ཕྱེད་དང་གཉིས་ཀྱི་ཨཱུ་མཱའི་མིང་ངོ་། ། ཨུ་མཱ་ཞེས་པ་མ་མ་སྟེ། དཀའ་ཐུབ་བཀག་པས་དེ་ནས་ཨུ་མར་གྲགས་ཏེ། བཞིན་བཟང་མར་འགྲོའོ། །ཀ་ཏྱཱ་ཞེས་པའི་བུ་མོ་ཡིན་པས་ཀ་ཏྱཱའི་བུ་མོའོ། །གརྒ་སོགས་ལས་ཡཉའོ། །ལོ་ཧི་ཏ་སོགས་རྣམས་དང་ཤ་ཀ་ལའི་མཐའ་རྣམས་ལ་ཞེས་པས་ཥྥའོ། །ཥི་ཏ་ལས་དཱི་ཥའོ་ སེར་སྐྱ་མ་ནི་དབང་ཕྱུག་དཀའ་ཐུབ་ལ་ཞུགས་ནས་སེར་སྐྱ་མ་ཁྱོད་དང་ལྷན་ཅིག་མི་གནས་པའི་དཀའ་ཐུབ་བྱེད་དོ་ཞེས་ཟེར་ནས། དབྱར་ཟླ་ར་བ་ལ་ཕྱོགས་བཞི་ནས་མེ་བཞི་དང་། སྟེང་ནས་ཉི་མ་དང་ལྡས་གདུངས་པ་ན། དེར་དབང་ཕྱུག་འོངས་ཏེ་ས་འོག་ནས་གངྒཱ་བཏོན་ནས་མེ་ཞི་བར་བྱས་ སོ། །དེར་ཁ་དོག་ནག་མོར་སོང་བ་དང་ནག་མོ་ཞེས་སྨྲས་པ་ན། སླར་ཁྲོས་ཏེ་སྡུག་བསྔལ་སྤྱད་པས་ཁ་དོག་སེར་སྐྱར་སོང་ཞེས་གྲག་གོ། །གཽ་རཱི་ལ་སོགས་པ་ལས་དཱི་ཥ་དང་། བྷ་ཛ་གོ་ཎ་སོགས་ལས་དཱི་ཥའོ། །གནས་སྐབས་ཀྱི་དབྱེ་བས་དཀར་མོ་དང་ནག་མོར་བརྗོད་དོ། །གངས་ལྡན་བུ་ མོ་ནི་གངས་རིའི་ལྷའི་བུ་མོ་ཡིན་པས་གངས་ལྡན་བུ་མོ་སྟེ། བུ་བརྒྱུད་ལ་ཞེས་པས་ཨཎའོ། །འདོད་པ་རབ་ཏུ་བྱུང་བར་གྱུར་པ་རྣམས་ལས་ཞེས་པས་སྔ་མ་བཞིན་ཝ་ར་ཙའོ། །སཱི་བ་ར་ལ་སོགས་པ་རྣམས་སོ་ཞེས་པས་ཊཱ་ར་ཙི་དང་ཨི་ཤྭ་རཱི་ཞེས་བྱ་བ་ཡང་འདིའི་མིང་ངོ་། །ཡཱ་བ་བཱི། ཀརྦ་རཱི་དང་། ཨི་ཤྭ་རཱི་དང་། ཨི་ཤྭ་རཱ་ཞེས་པ་སྐབས་གསུམ་གྱི་ལྷག་མར་རོ། །ནུས་པ་དང་ནུས་པ་ལྡན་པ་དབྱེར་མེད་པ་ནི་ཞི་བའི་ནུས་པ་སྟེ་ཞི་མའོ། །ཨིནྡྲ་པ་རུ་ཎི་ལ་སོགས་པ་རྣམས་སོ་ཞེས་པས་སྲིད་མ་དང་། འཚེ་བྱེད་མ་དང་། དྲག་མོ་དང་། ཚིམ་བྱེད་མ་རྣམས་ནི་སྐྱེས་བུའི་རྟགས་ཀྱི་ཚུལ་གྱིས་དཱི་ཥ་ རྗེས་སུ་ལྡན་པའོ། །བཀྲ་ཤིས་ཐམས་ཅད་འདི་ལ་ཡོད་པ་དེ་ལ་གསལ་བར་བྱེད་པ་ནི། ཀུན་ལ་བཀྲ་ཤིས་མའོ། །ལོ་མ་མེད་ནི། འདི་དཀའ་ཐུབ་ལ་གནས་པ་ན་ལྗོན་ཤིང་གི་ལོ་མ་རྙིངས་པ་ལ་ཡང་ཡོངས་སུ་མི་སྤྱོད་པས་སོ། །རི་སྐྱེས་ནི་རིའི་བུ་མོ་སྟེ་ལྷག་མ་ལ་ཞེས་པས་ཨཎའོ། ། རྫོང་ན་གནས་ནི་བགྲོད་དཀའ་བའི་རིལ་དཀའ་ཐུབ་ཀྱིས་གནས་པ་སྟེ། ཨཪྴས་སོགས་ལ་ཨཙའོ། །གཏུམ་མོ་ནི་དྲག་པོའི་ཉམས་དང་ལྡན་པ་སྟེ། ཨཙ་རྐྱེན་ནོ། །ཡང་ན་ཤྭ་ན་སོགས་ཉིད་ཀྱི་ཕྱིར་དཱི་ཥའོ། །གཏུམ་མོ་ནི་གཏུམ་བྱེད་མའོ། །ཡ་བ་སོགས་ལས་ཀནའོ། །ཀ་ལ་ཨུཎའི་ཐུང་ དུའོ། །འགྲོ་བའི་མ་ཞེས་ཀྱང་བྱ་སྟེ། འདིར་ཨམྦི་ཀཱ་ནི་མའོ། །དེ་ལ་ནག་མོ་དང་སེར་སྐྱ་མ་ཞེས་པ་ནི་སྐབས་གསུམ་གྱི་ལྷག་མ་ལས་སོ། །ཨུ་ནི་བདེ་བྱེད་དེ། དེ་འདི་དང་ལྷན་ཅིག་གནས་པས་ལྷན་ཅིག་གཞན་གྱི་དོན་གྱི་བསྡུ་བའོ། །གཽ་རཱི་ནི་ངག་གི་དོན་ལ་ཞེས་པ་གོའི་སྒྲ་ལ་ཨུཎ་སོགས་ཅན་ ལ་མ་ཡིན་ཞེས་སོ་སོར་གནས་པ་ལ། ཨུཎ་སོགས་མ་ཡིན་པའི་ཌོའོ། །རྐྱེན་མཐའ་ཉེ་བར་མཚོན་པར་དྱཽ་རཽ་ཉིད་འདིར་མ་ཡིན་ནོ། །འགའ་ཞིག་ནི་ག་ཡིག་མི་བརྗོད་དོ་ཞེས་པཱ་ཎི་ནིའི་འགྲེལ་པ་མཛད་པ་སློབ་དཔོན་བཱ་མ་ནས་བཤད་དོ། །ཨོཏ་ཨཽཏ་ཅེས་ཤཱ་ཀ་ཊཱ་ཡ་ནའི་མདོར་ཡང་ངོ་། །ཤཱ་ཀ་ ཊ་ཡ་ནིའི་ལུགས་ཀྱང་འདིར་ཨཽ་ཉིད་མེད་པ་ཅི་ཞེ་ན། གང་གི་ཚེ་མཚན་ཉིད་ཅན་དུ་བཤད་པའི་ཕྱིར་ཧེ་ཙི་ཏྲ་གོ། །ཧེ་ཙི་ཏྲ་ག་བ་ཞེས་པ་འདིར་མིན་ནོ། །བཤད་པ་ལས་མ་བརྗོད་པའི་ཕྱིར་འདིར་ཨཽ་ཉིད་མེད་དོ་ཞེས་སློབ་དཔོན་སྲུང་བས་ཀྱང་སྟེ། གཉིས་པ་འདི་ཉིད་རིགས་སོ། །དེ་བཞིན་དུ་ གཟུགས་ཀྱི་སྙེ་མར་ཡང་སློབ་དཔོན་དྲག་པོའི་འབངས་ཀྱིས་ཨཱང་ཤ་སུའི་ཨོ་ཨ་ཝར་བསྒྱུར་ཏེ་དཔེར་བརྗོད་པར་ས་བཾ་ས་བ་ཞེས་ཡོད་ཀྱི་ཙི་ཏྲ་གཽ་ནི་མེད་པ་ཉིད་དོ། །དེ་རྣམས་ཀྱིས་ཨུ་མའི་མིང་གི་རྣམ་གྲངས་སོ། །ཚིགས་སུ་བཅད་པ་གཅིག་གིས་ལོག་འདྲེན་གྱི་མིང་ གི་རྣམ་གྲངས་སོ། །བགེགས་རྣམས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ལོག་འདྲེན་ཏེ། པྲ་ལ་སོགས་པའི་བསྡུ་བའོ། །བགེགས་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་བགེགས་ཀྱི་རྒྱལ་པོའོ། །སྔ་མ་བཞིན་དུ་ཊ་ཙ་ལ་སོགས་པའོ། །མ་གཉིས་ནི་དབང་ཕྱུག་ལ་ཆུང་མ་གཉིས་ཏེ་གཅིག་གངྒཱའོ། ། དེ་ལ་བུ་གཅིག་སྐྱེས་པ་ན་ཨུ་མས་བལྟར་ཕྱིན་ཏེ། བུ་སྟོན་ཅེས་སྨྲས་པས་བུ་ལ་མགོ་མེད་དོ་ཟེར་ནས་སྟོན་དུ་མ་འདོད་དོ། །ཨུ་མཱ་ཁྲོས་ཏེ་མགོ་མེད་པར་གྱུར་ཅིག་ཅེས་སྨྲས་པས། དེར་བུ་ལ་བལྟས་པས་མགོ་མེད་པར་སོང་འདུག་སྟེ། སླར་ཨུ་མ་ལ་ཞུས་པས་མགོ་བྱང་དུ་བསྟན་པའི་རོ་གང་ རྙེད་པ་ཅིག་གི་མགོ་ཆོད་ལ་སྦྱོར་ཅིག་དང་བུའི་མགོ་ཡོད་པར་འགྱུར་རོ་ཞེས་ཟེར་བས། དེར་མིའི་མགོ་མ་རྙེད་ནས་གླང་པོ་ཆེའི་རོ་གཅིག་དང་ཕྲད་དེ། ད