Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 187
Văn bản gốc(Tây Tạng)
Trang 19 / 19 (50.000 ký tự/trang)
ཀྱང་འདོད་པ་བསྒྲུབ་པར་བྱ་བ་ཡིན་པར་བསྟན་པ་ཉིད་ཀྱིས་བསྟན་པ་ཡིན་ནོ། །ཡང་ན་ འདུས་པ་ཉིད་ཀྱིས་འདུས་པའི་དོན་ཉིད་སྒྲུབ་པར་འདོད་ན་མ་བརྗོད་པར་ཡང་བསྒྲུབ་པ་ངེས་པར་བསྟན་པ་ཉིད་ཀྱིས་ཤུགས་ཀྱི་འདོད་པ་བསྒྲུབ་པའི་གཏན་ཚིགས་བཤད་པའི་ཕྱིར་རོ། །ཅིའི་ཕྱིར་འགེགས་པར་བྱེད་ཅེས་བྱ་བ་ནི་མ་བསྟན་ཏོ་ཞེས་བྱ་བར་རྒོལ་བ་མི་རིགས་སོ་ཞེས་བྱ་བ་ཡིན་ནོ། །གལ་ ཏེ་འདུས་པ་རྣམས་གཞན་འདུས་པ་མ་ཡིན་པ་ལ་ཕན་པར་ཞེས་བྱ་བ་ནི་འདུས་པས་འདུས་པ་མ་ཡིན་པའི་དོན་བྱེད་པའོ། །ཁ་ཅིག་འདུས་པ་གཞན་རྣམས་གཞན་འདུས་པ་ལ་ཕན་པ་ཞེས་འདོན་ཏོ། །དེ་ལྟར་ན་བདག་མེད་པར་སྨྲ་བ་ལ་ཀླན་ཀར་སྦྱར་བའོ། །འགལ་བ་མ་ཡིན་པ་ཉིད་དུ་ བསྒྲུབ་པ་ནི་འདྲ་བ་ཉིད་དོ། །སྔ་མ་ལྟར་ན་ནི་འགལ་བ་ཡིན་པར་བསྒྲུབ་པར་བྱ་བ་ཙམ་དུ་བྱའོ། །གལ་ཏེ་འགའ་ཞིག་ཏུ་འབྲས་བུ་བསྐྱེད་པའི་དོན་རྣམས་མཐར་ཐུག་པར་ཚོགས་པ་ཡང་ཡིན་ཞེས་བྱ་བ་ནི་ངེས་པར་འབྲས་བུ་འབྱིན་པའི་ཕྱིར་གཞན་ལ་ཕན་པ་བྱེད་པ་མི་འགྲུབ་སྟེ། ཅིའི་ཕྱིར་ ཞེ་ན། དེ་ལྟ་མོད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སོ་སོར་ཕན་པ་བྱེད་པ་དག་ལས་ཞེས་བྱ་བ་ལ་སོགས་པས་ནི་འདུས་པ་ཁོ་ན་ལ་ཕན་པར་བྱེད་པར་བསྒྲུབ་པས་འགལ་བ་ཉིད་དུ་སྟོན་ཏེ། སོ་སོར་ཕན་པ་བྱེད་པ་ནི་འདུས་པ་རྣམས་སོ་སོར་ཕན་པ་བྱེད་པའོ། །ཕན་པར་བྱ་བའི་རང་བཞིན་ གཞན་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་སྔ་མ་ལས་ཁྱད་པར་དུ་གྱུར་པའོ། །དེ་ལྟར་ན་ཕན་པར་བྱེད་པ་དེ་ནི་མི་རྟག་པ་ཉིད་དོ། །རང་བཞིན་གཞན་མི་སྐྱེ་བ་ནི་ཕན་པར་བྱ་བ་ཉིད་མ་ཡིན་ནོ། །ཐ་དད་པའི་རང་བཞིན་གྱིས་ཕན་པ་ཞེས་བྱ་བ་ནི་སྔ་མ་ལས་གཞན་དུ་གྱུར་པ་ནི་ཕན་པ་སྟེ། སྐད་ཅིག་ མ་གཞན་སྐྱེད་པ་ཡིན་གྱི་ཕན་པར་བྱ་བ་གཅིག་ལ་དུས་གཅིག་ཏུ་ཕན་པ་དུ་མ་བྱེད་པ་ནི་མ་ཡིན་ཏེ། ཕན་པར་བྱ་བ་དུ་མར་གྱུར་ན་འདུས་པ་ཕན་པར་བྱ་བ་མ་ཡིན་གྱི་རེ་རེ་ལ་ཕན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཕན་པར་བྱ་བའི་སྐབས་གཞན་དང་གཞན་དག་སྐྱེ་བའི་ཕྱིར་མི་ རྟག་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་ཕན་པར་བྱ་བའི་སྐད་ཅིག་མ་འདུས་པ་ཁོ་ན་ལ་དོན་བྱེད་པར་གྲུབ་པའོ། །གལ་ཏེ་ཕན་པ་བདག་ལ་དོན་གཞན་ཡིན་ན་ཕན་པ་ལས་གཞན་པའི་བདག་དེ་ལས་ཕན་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་པ་རྣམས་ཕན་པ་སྐྱེ་ན་ཡང་བདག་དེ་ལས་ཐ་ དད་པ་ཞིག་མ་ཡིན་ཞེས་བྱ་བ་ཐུག་པ་མེད་པར་འགྱུར་བ་ལ་སོགས་པའི་རིག་བྱེད་བརྟག་པ་ལ་སོགས་པ་སྨྲས་ཟིན་ཏོ། །གལ་ཏེ་བདག་ལ་མི་ཕན་པ་ཉིད་ཡིན་ན་བདག་དེ་ལ་ཕན་པའི་དོན་དུ་སྒྲུབ་པ་བཀོད་པ་དོན་མེད་པ་ཉིད་ཡིན་པས་བདག་ལ་ཕན་པར་བྱེད་པ་དེའི་དོན་ དུ་སྒྲུབ་པ་ནི་རང་གི་ཚིག་དང་འགལ་བ་ཡིན་ནོ། །དེའི་ཕྱིར་རང་བཞིན་གཅིག་ཏུ་མི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཕན་པའི་ཁྱད་པར་ཕྱི་མ་ཕྱི་མ་དག་ཏུ་སྐྱེད་པ་དེའི་ཕྱིར་ཕན་པར་བྱ་བ་དེ་རང་བཞིན་གཅིག་ཏུ་མི་འགྱུར་བའི་ཕྱིར་འདུས་པའི་ཁོ་ནའི་དོན་བྱེད་པར་གྲུབ་པས་འདུས་པ་མ་ཡིན་ པའི་དོན་བྱེད་པར་འདོད་པ་ལས་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཉིད་ཡིན་ནོ། །གཉིས་ཀ་ལ་མ་གྲུབ་པ་ཡང་འགལ་བ་ཡིན་ཏེ་ཞེས་བྱ་བ་ནི་ཡང་གི་སྒྲས་ནིའོ། །བདག་དང་བཅས་པ་དང་བདག་མེད་པ་ལས་གཞན་པའི་ཕུང་པོ་གང་ལ་ཞེས་བྱ་བ་ནི་ དེ་གཉིས་པས་ཕྱི་རོལ་ཏུ་གྱུར་པའི་ཆོས་འགའ་ཞིག་ལའོ། །གལ་ཏེ་དེ་ལ་ཡོད་པར་གྱུར་ན་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གཉི་ག་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་དེ་དག་ལ་ཐེ་ཚོམ་ཟ་བར་མི་འགྱུར་ཏེ་གཉི་ག་ལས་ལྡོག་པར་གྲུབ་པའི་ཕྱིར་རོ། །དེའི་བདག་ཉིད་ཀྱིས་གྲགས་པར་མ་གྲུབ་ པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་དོན་བདག་དང་བདག་མེད་པའི་བདག་ཉིད་ཀྱིས་ཆོས་སུ་ཚད་མས་མ་གྲགས་པའི་ཕྱིར་རོ། །དེ་དག་ལས་ལྡོག་པ་མེད་དོ་ཞེས་བྱ་བ་ནི་བདག་བཅས་དང་བདག་མེད་གཉི་ག་ལས་ལྡོག་པ་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་དང་བདག་མེད་པ་གང་ལ་ ཡང་ཡོད་པར་མ་གྲུབ་པའི་ཕྱིར། །མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པས་ན་རྟོགས་པར་བྱེད་པ་མ་ཡིན་པའི་ཕྱིར་མ་ངེས་པ་མ་ཡིན་ནོ་ཞེ་ན། གོ་བར་མི་བྱེད་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཅིའི་ཕྱིར་ཞེ་ན། གང་ཞིག་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་སྲོག་ལ་སོགས་པ་འདི་ཆོས་ ཅན་གསོན་པོའི་ལུས་ལ་འགའ་ཞིག་དང་འབྲེལ་བའི་ཕྱིར། རྟགས་དེ་ལས་ཆོས་ཅན་དེ་ལས་རྟོགས་པ་འཇུག་པར་འགྱུར་བའི་ཕྱིར་ཏེ། འདི་ལྟར་སྲོག་ལ་སོགས་པ་འདི་ཅི་བདག་དང་བཅས་པ་ཞིག་གམ་བདག་མེད་པ་ཞིག་གི་ཆོས་ཅན་ཡིན་ནོ་ཞེས་སོ། །མ་འབྲེལ་པ་ཞེས་བྱ་བ་ནི་ཆོས་དང་ ངོ་། །གཉི་ག་ལས་ཕྱི་རོལ་དུ་གྱུར་པ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གཉི་ག་དག་ལས་ཕྱི་རོལ་དུ་གྱུར་པ་ཡིན་ན་ནི། དེ་བདག་དང་བདག་མེད་པ་གཉི་ག་ལས་ལོག་པའི་ཕྱིར་སྲོག་ལ་སོགས་པ་དེ་ལས་གསོན་པོའི་ལུས་དེ་ལ་གོ་བ་དང་ཐེ་ཚོམ་ཟ་བར་མི་བྱེད་པ་དེར་འགྱུར་རོ། །གལ་ ཏེ་དེ་ལྟ་ན་ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་དང་བདག་མེད་པ་གང་ལ་ཡང་ཡོད་པར་མ་གྲུབ་ཀྱང་དེ་ལས་སྟོན་པ་འཇུག་པ་དེ་ལྟ་ནའོ། །མ་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་མིག་གིས་གཟུང་བར་བྱ་བ་དེ་ཆོས་ཅན་དང་མ་འབྲེལ་པའི་ཕྱིར་རོ། །སྲོག་ལ་སོགས་པའི་བྱེ་བྲག་ལ་ཞེས་བྱ་བ་ ནི་བདག་དང་བདག་མེད་པའི་ཆོས་ཡིན་པའི་བྱེ་བྲག་ལའོ། །བསྐལ་པའི་ཕྱིར་ཞེས་བྱ་བ་ནི་བདག་ཚད་མས་མ་མཐོང་བའི་ཕྱིར་རོ། །འཇུག་པ་དང་ལྡོག་པ་ནི་བུམ་པ་ལ་སོགས་པ་ཆོས་ཅན་ཁྱད་པར་གྱི་ཁྱད་པར་གང་ལ་ཡང་བདག་ཡོད་པ་དང་མེད་པ་ངེས་པར་མ་གྲུབ་པའི་ ཕྱིར་རོ། །དེ་ལ་སྲོག་ལ་སོགས་པ་ཡང་ངོ་ཞེས་བྱ་བ་ནི་བདག་དེ་ལ་སྲོག་ལ་སོགས་པ་འཇུག་པ་དང་། ལྡོག་པ་ཡང་ཚད་མས་མ་མཐོང་བའོ། །འཇུག་པ་དང་ལྡོག་པ་མ་གྲུབ་པ་དེའི་ཕྱིར་དོན་གཞན་སྲོག་ལ་སོགས་པ་བདག་གི་འབྲས་བུར་མ་གྱུར་པའི་ཕྱིར་བདག་ལ་སོགས་པས་རྗེས་ སུ་འགྲོ་བ་མ་གྲུབ་པ་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་སྲོག་ལ་སོགས་པ་དང་བདག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དག་ཅེས་བྱ་བ་ནི་རིགས་པ་ཅན་ནོ། །གོ་བར་བྱེད་པ་ཁོ་ནས་ཞེས་བྱ་བ་ནི་སྲོག་ལ་སོགས་པས་བདག་གོ་བར་བྱེད་པ་ཁོ་ན་སྟེ། སྲོག་ལ་སོགས་པ་དེ་ནི་ འདིའི་རིགས་ཅན་དེ་དག་བདག་སྒྲུབ་པའི་གཏན་ཚིགས་ཡིན་ཏེ། གཅིག་ཏུ་ལྡོག་པ་ཅན་ཞེས་བྱ་བར་འདོད་པའོ། །དེ་གཅིག་ཏུ་ལྡོག་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པ་ཞེས་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྲོག་ལ་སོགས་པ་མི་མཐུན་ པའི་ཕྱོགས་ཁོ་ན་ལ་མི་འཇུག་པའི་ཕྱིར་མཐུན་པའི་ཕྱོགས་ལས་ནི་ལྡོག་པ་མེད་དེ་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་གསོན་པོའི་ལུས་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར་ལ་གསོན་པོའི་ལུས་ལས་གཞན་པ་ཐམས་ཅད་ནི་མི་མཐུན་པའི་ཕྱོགས་ཡིན་པར་འདོད་པ་ལས་མཐུན་ པའི་ཕྱོགས་མེད་པ་ལ། མེད་པས་ལྡོག་པ་ནི་ཡུལ་དུ་མི་རིགས་པའི་ཕྱིར་རོ། །གཅིག་ཏུ་རྗེས་སུ་འགྲོ་བ་ཅན་ནི་འོག་ནས་སྟོན་ཏོ། །མཉན་པར་བྱ་བ་ཉིད་ཀྱང་རྟག་པ་དང་མི་རྟག་པ་གང་ལ་ཡང་ཡོད་པར་མ་གྲུབ་པའི་ཕྱིར་ཕྱོགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་མ་ཡིན་ པས་ལྡོག་པ་ཅན་གྱི་རྟགས་ཉིད་དུ་འགྱུར་རོ་ཞེ་ན་བྱེ་བྲག་པ་ན་རེ་མཉན་པར་བྱ་བ་ཉིད་ནི་དེ་ལྟ་མ་ཡིན་ཏེ། གཉི་ག་ལས་ལྡོག་པའི་ཕྱིར་རོ་ཞེས་བྱ་བས་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་པའི་ཕྱིར་ཏེ། ལོག་པ་ནི་འདིར་མ་མཐོང་བ་ཡིན་པས་སོ། །སྲོག་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཞེའོ། །དེ་ལྟ་ བུའི་ལྡོག་པའི་རྣམ་པ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལས་གཅིག་ཏུ་ལྡོག་པ་སྨྲས་པ་དེས་སོ། །བདག་མེད་པ་ཉིད་ལ་མེད་པ་ཉིད་དོ་ཞེས་ངེས་པ་སྨྲ་ན་དོན་གྱིས་གཞན་མ་ཡིན་པ་བདག་དང་འདྲེ་བས་བདག་ལ་སྲོག་ལ་སོགས་པ་འཇུག་པར་བརྗོད་པ་ཡིན་ལ། དེ་ལྟ་ན་བདག་ཁོ་ན་ ལ་འཇུག་པ་དེ་ཉིད་མེད་ན་མི་འབྱུང་བ་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་འགྲོ་བ་གྲུབ་པས་སྲོག་ལ་སོགས་པ་ལྡོག་པ་ཉི་ཚེ་ཅན་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མ་མཐོང་བས་ལྡོག་པ་མི་འགྲུབ་པའི་ཕྱིར་སྲོག་ལ་སོགས་པ་བདག་གམ་བདག་མེད་པའི་བྱེ་བྲག་གི་རྗེས་སུ་འགྲོ་བ་མེད་པ་ལ་ ལྡོག་པ་ཡང་མེད་དོ། །གལ་ཏེ་མ་མཐོང་བས་ལྡོག་པ་མི་འགྲུབ་སྟེ། དེ་ལྟ་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཉན་པར་བྱ་བ་ཉིད་ཇི་ལྟར་ལྡོག་པ་ཅན་ཞེས་གསུངས་ཤེ་ན། སློབ་དཔོན་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་སོ། ། གཞན་དུ་ན་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་ལྡོག་པ་དེས་ན་མཉན་པར་བྱ་བ་ཉིད་ཐེ་ཚོམ་ཟ་བའི་རྒྱུར་ངེས་པའི་གཏན་ཚིགས་ལྟར་སྣང་བར་སློབ་དཔོན་གྱིས་གསུངས་སོ། །འདི་ལྟར་རྟགས་མཉན་པར་བྱ་བ་གང་རྟག་པ་གང་ལ་མི་སྲིད་པ་དེ་སྒྲ་ལ་དམིགས་པ་ལས་སྒྲ་རྟག་པ་དེ་ལ་ཐེ་ཚོམ་ ཟ་བར་རིགས་པ་མ་ཡིན་ཏེ། འདི་ལྟར་མེ་མེད་པ་ལ་མི་སྲིད་པའི་དུ་བ་ཕྱོགས་ལ་དམིགས་པ་ལས་མེ་མེད་པ་ལ་ཐེ་ཚོམ་བྱ་བར་མི་རིགས་པ་བཞིན་ནོ། སྲོག་ལ་སོགས་པ་མེད་པས་བདག་མེད་པ་ནི་ཤི་བའི་ལུས་དང་བུམ་པ་ལ་སོགས་པ་ལ་ཁྱབ་པའི་ཕྱིར་དུ་བ་མེད་པས་མེ་མེད་པ་ལ་ཁྱབ་པ་ ལྟར་རོ། །དེའི་ཕྱིར་ཉེ་བའི་ལུས་དང་བུམ་པ་ལ་སོགས་པ་རྒྱུ་བདག་ལོག་པའི་ཕྱིར། སྲོག་ལ་སོགས་པ་ལོག་པའི་ཕྱིར་ཏེ་མེ་ལོག་པས་དུ་བ་ལོག་པ་བཞིན་ནོ། །དེ་ལྟར་ན་འབྲས་བུ་སྲོག་ལ་སོགས་པ་ལྡོག་པའི་ཁྱབ་པར་བྱེད་པ་ཡིན་ལ། དེ་གསོན་པོའི་ལུས་ལ་ལོག་སྟེ་སྲོག་ལ་སོགས་ པ་ཡོད་པར་གྱུར་ན་ཁྱབ་པར་བྱ་བ་དག་མེད་པ་ཡང་ལྡོག་པའི་ཕྱིར་གསོན་པོའི་ལུས་ལ་བདག་གྲུབ་པོ་སྙམ་པའོ། །ལན་སྦྱིན་པ་ནི་མ་འབྲེལ་པ་སྲོག་ལ་སོགས་པ་མེད་པ་སྟེ་ལྡོག་པས་ཉེ་བར་མི་སྦྱོར་བ་བདག་མེད་པ་སྟེ་ལོག་པ་ལ་ཁྱབ་པ་མི་འགྲུབ་སྟེ། འབྲེལ་པ་མེད་པའི་ཕྱིར་རོ། ། དེ་ལོག་པས་མི་འཇུག་ཅེས་བྱ་བ་ནི་བདག་ལོག་པས་སྲོག་མི་འཇུག་པའོ། །བཟློག་པའི་འབྲེལ་པ་ནི་ཉེ་བར་སྦྱོར་བ་ལོག་པ་དེ་དང་འབྲེལ་པ་ལོག་པས་ཁྱབ་པའོ། །ཤིན་ཏུ་བསྐལ་པ་དེ་ནི་བདག་གོ། །སྲོག་ལ་སོགས་པ་མེད་པས་ཁྱབ་པ་བདག་མེད་པ་ཡང་གང་ཞེས་བྱ་བ་ནི་ལྡོག་པའི་ཁྱབ་ པའི་ཡུལ་མི་མཐུན་པའི་དཔེ་འདྲི་བའོ། །གཞན་ལ་ཡང་མི་མཐོང་ན་ཞེས་བྱ་བ་ནི་མ་མཐོང་བ་ཙམ་གྱིས་བདག་མེད་པར་འགྲུབ་ན་གཞན་ཡང་ཕྱོགས་ལ་ཡང་མ་མཐོང་བའི་ཕྱིར་དེ་ཡང་བདག་མེད་པར་འགྱུར་ལ། དེ་ལྟ་མ་ཡིན་པ་བདག་དེ་བུམ་པ་ལ་སོགས་པ་ལ་མེད་དོ་ཞེས་བྱ་བ་གང་ ལས་དེ་མ་མཐོང་བ་ཙམ་དུ་ཁྱད་པར་མེད་པའི་ཕྱིར་རོ། །ལྡོག་པ་མི་ཤེས་པ་མེད་པས་དེའི་ཞེས་བྱ་བ་ནི་བདག་གང་ལས་ལོག་པ་མི་ཤེས་པ་དེའིའོ། །འགའ་ཞིག་མཐོང་བ་ཁོ་ན་ལ་ཞེས་བྱ་བ་ནི་གསོན་པོའི་ལུས་འགའ་ཞིག་ཁོ་ན་ལའོ། །བདག་ནི་དེ་ལྟར་གཞན་ཡོད་པ་དང་ མེད་པར་རྟོགས་པ་མ་ཡིན་ནོ། །གལ་ཏེ་གང་ཡང་ཞེས་བྱ་བ་ལ་སོགས་པ་ནི་ལྡོག་པ་ཅན་གྱི་སྦྱོར་བའི་ངག་གོ། །དེ་ལ་ཡང་ཞེས་བྱ་བ་ནི་བདག་ལོག་པས་སྲོག་ལ་སོགས་པ་ལྡོག་པར་སྒྲུབ་པ་དེ་ཡང་ངོ་། །རྒྱུ་དང་འབྲས་བུ་དངོས་པོ་མ་ཡིན་པས་ཞེས་བྱ་བ་ནི་བདག་ནི་རང་ལས་ཐ་དད་པ་ སྲོག་ལ་སོགས་པ་རྒྱུ་མ་གྲུབ་པས་སོ། །དེ་ཡང་ལེའུ་གཉིས་པར་མི་དམིགས་པའི་དབྱེ་བའི་སྐབས་སུ་དོན་གཞན་དགག་པར་སྨྲས་པ་ཡིན་ནོ། །མ་མཐོང་བའི་ཕྱིར་རོ་ཞེས་བརྗོད་ཅེས་འདས་མ་ཐག་པར་བརྗོད་ཟིན་ཏེ། འདི་ལྟར་བདག་དང་བཅས་པའི་དཔེའི་ཆོས་འགའ་ཡང་ཚད་ མས་གྲུབ་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་ཏུ་བདག་མཐོང་བར་ཁས་བླངས་ཀྱང་མཐུན་པའི་ཕྱོགས་ལ་མཐོང་བ་ཙམ་གྱིས་ནི་རྗེས་སུ་འགྲོ་བ་མི་འགྲུབ་སྟེ། ལྡོག་པ་མ་གྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་ལྡོག་པ་ལས་ནི་ཞེས་བྱ་བ་བུམ་པ་ལ་སོགས་པ་ལ་བདག་ མ་མཐོང་བ་ཙམ་གྱིས་མེད་པར་འདོད་པའོ། །ནུས་པའི་རྒྱུ་གཞན་ཞེས་བྱ་བ་ནི་བློ་ལ་སོགས་པ་བུམ་པ་ཡོད་ཀྱང་སྲོག་ལ་སོགས་པ་མི་འབྱུང་ན། བློ་ལ་སོགས་པའི་གཞན་པའི་རྒྱུ་མེད་པས་སྲོག་ལ་སོགས་པ་མེད་པར་འགྱུར་རོ་ཞེས་དཔག་པར་རུང་ན་དེ་ལྟ་བུའི་ནི་བུམ་པ་ལ་སོགས་པ་ ལ་མི་སྲིད་དོ། །གལ་ཏེ་བློ་ལ་སོགས་པ་དེ་ཡང་བདག་མེད་པས་སོ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པ་ལ་བློ་ལ་སོགས་པ་མེད་པ་དེ་ཡང་བདག་མེད་པས་སོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ནི་བདག་མེད་པས་བློ་ལ་སོགས་པ་མེད་པ་ནི་མ་ཡིན་པའོ། །ཅིའི་ཕྱིར་ཞེ་ན། བློ་ལ་སོགས་པ་དེ་ལ་ བདག་ལས་གཞན་པའི་དངོས་པོའི་ནུས་པ་མ་མཐོང་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། རེ་ཞིག་ཅེས་བྱ་བ་ནི་རིམ་ལ་ལྟོས་པ་སྟེ། ཤེས་པ་དང་། དབང་པོ་དང་། ཡུལ་རྣམས་ཀྱི་རིམ་པས་སོ། །རྣམ་པར་ཤེས་པ་སྔ་མ་ནི་མཚུངས་པ་དེ་མ་ཐག་པའོ། །གཞན་དག་ཤེས་པའི་རྒྱུ་ ཡོད་ཅེས་བྱ་བ་རྟག་པ་ཡོད་པར་འདོད་དེ་ཡུལ་དུ་མ་དག་ཉེ་ཡང་ཤེས་པ་ཡུལ་ཀུན་ཅིག་ཅར་སྐྱེ་བའི་ཕྱིར་ཡིད་ཅེས་བྱ་བ་གཅིག་ཡོད་པར་རྗེས་སུ་དཔག་སྟེ། ཡིད་གཅིག་པོའི་དབང་གིས་ཤེས་པ་རིམ་གྱིས་སྐྱེ་བ་དེ་ལྟ་མ་ཡིན་ན་ནི། ཡུལ་ཀུན་ལ་དུས་གཅིག་ཏུ་ཤེས་པ་སྐྱེ་བར་ཐལ་བར་ འགྱུར་རོ་ཞེས་ཟེར་ཏེ། དེ་དགག་པའི་ཕྱིར་དེ་ཡང་ཡུལ་གཞན་སྤང་བ་དང་ཞེས་བྱ་བ་སྨོས་ཏེ། ནུས་པ་མ་ཡིན་པའི་ཤེས་པ་སྔ་མ་དེ་ཡུལ་གཞན་སྤོང་བ་སྟེ། ཡུལ་གཅིག་ལ་གཏོད་པར་འདོད་པས་ཡུལ་གཞན་ལ་དམིགས་པའི་རྣམ་པར་ཤེས་པ་གཞན་དུས་གཅིག་ཏུ་མི་སྐྱེ་བ་ཡིན་ གྱི། ཡིད་རྟག་པ་ནུས་པ་མེད་པས་ནི་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དུ་རེ་རེས་དོན་མེད་པ་དག་མི་རུང་བའི་ཕྱིར་རོ། །གནོད་པ་ཅན་ལས་ནི་རྣམ་པར་ཤེས་པ་ཕྱི་མ་འཁྲུལ་པ་སྐྱེའོ་ཞེས་བྱ་བར་སྦྱར་རོ། །སྩོགས་པའི་སྒྲ་གཉིས་ཀྱིས་ནི་མི་གསལ་བ་ལས་ནི་མི་གསལ་བ་སྐྱེའོ་ ཞེས་གོ་རིམས་བཞིན་དུ་སྦྱོར་རོ། །དབང་པོ་ལ་སོགས་པའི་ཞེས་བྱ་བ་ནི་ཡུལ་རྣམས་ཀྱང་ངོ་། །བློ་ཡང་དབང་པོ་ལ་སོགས་པ་རྣམས་ཀྱི་རྐྱེན་ཡིན་པར་བརྗོད་དོ། །དེ་ཡང་དབང་པོ་ལ་སོགས་པ་རྣམས་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའི་རྒྱུ་དག་ གིས་སོ། །འདི་ཞེས་བྱ་བ་ནི་བློ་ལ་སོགས་པ་འབྲས་བུ་རྣམས་སོ། །བདག་ཉིད་ཀྱི་དངོས་པོ་ནི་འབྲས་བུར་གྱུར་པ་བློ་ལ་སོགས་པ་རྣམས་རང་གི་བདག་ཉིད་ཀྱི་དངོས་པོ་དང་རྗེས་སུ་འགྲོ་བ་སྟེ་ཡོད་པ་དང་ལྡོག་པ་སྟེ་མེད་པའོ། །ཅན་ཞེས་བྱ་བ་ནི་རྒྱུར་གྱུར་པའི་ཆོས་དེ་དག་ཙམ་གྱི་རྗེས་སུ་འགྲོ་ བ་ལྡོག་པ་དང་ལྡན་པ་ཡིན་པའོ། །འདི་ཉིད་རྒྱུ་ཡིན་ཏེ་ཞེས་བྱ་བ་ནི་གང་གི་རྗེས་སུ་འབྲས་བུ་བྱེད་པ་དེ་ཉིད་རྒྱུ་ཡིན་ཏེ། རྗེས་སུ་བྱ་བའི་ཆོས་གཞན་བཞིན་ནོ། །གང་གི་རྗེས་སུ་འབྲས་བུ་བྱེད་པ་དེ་ཉིད་རྒྱུ་ཡིན་པ་དེའི་ཕྱིར་དེ་ལ་ཡང་མ་མཐོང་བར་རྒྱུ་གཞན་བརྟག་ན་རྒྱུ་ཐུག་པ་མེད་པར་ཐལ་བར་ འགྱུར་རོ། །གང་དུ་ཡོད་ན་ཡོད་པ་ཉིད་ཅེས་བྱ་བ་ནི་ས་བོན་དང་། ས་དང་། ཆུ་དང་། དྲོད་དང་གང་ཞིག་ཡོད་ན་རྒྱུ་ཡིན་པ་ལའོ། །དེ་ལས་གཞན་དུ་ཞེས་བྱ་བ་ལས་ས་བོན་ལ་སོགས་པ་དེ་ལས་གཞན་པ་ཡང་ངོ་། །སྔར་བཤད་པའི་རིམ་པ་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལས་ཐེ་ཚོམ་ ཟ་བ་དེའི་ཕྱིར། མཉན་པར་བྱ་བ་ཉིད་དང་། སྲོག་ལ་སོགས་པ་ཡང་འཁྲུལ་པ་ཅན་དུ་མཚུངས་ཏེ། སྲོག་ལ་སོགས་པ་གོ་བར་བྱེད་པ་མ་ཡིན་ནོ། །ལྡོག་པ་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉན་པར་བྱའོ། །ཇི་ལྟར་འཁྲུལ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །དེ་ལ་མི་ མཐུན་པའི་ཕྱོགས་ཁོ་ན་ལས་ལྡོག་པ་ནི་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་དེ་མི་མཐུན་པའི་ཕྱོགས་ལས་ཀྱང་ལོག་པའི་ཕྱིར་ཏེ་བུམ་པ་ལ་སོགས་པ་ནི་མི་རྟག་པ་ཉིད་དུ་བསྒྲུབ་པའི་མཐུན་པའི་ཕྱོགས་ཡིན་ནོ། །དེ་བཞིན་དུ་འདི་ཞེས་བྱ་བ་ནི་མཉན་པར་བྱ་བ་ཉིད་མཐུན་ པའི་ཕྱོགས་ལས་ལོག་པ་དེ་བཞིན་དུའོ། །འདི་ཞེས་བྱ་བ་ནི་སྲོག་ལ་སོགས་པ་འདིའོ། །མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པ་མེད་པས་སྨྲ་བ་མ་ཡིན་ནམ་ཞེས་བྱ་བ་རྗེས་སུ་འགྲོ་བ་མེད་པར་སྔར་སྨྲས་པ་མ་ཡིན་ནམ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སྲོག་ལ་སོགས་པ་དེ་མཐུན་ པའི་ཕྱོགས་ལ་མེད་པ་ཉིད་ཡིན་ལ་མཐུན་པའི་ཕྱོགས་ལ་མེད་པ་དེ་གཞན་མཉན་པར་བྱ་བ་ལ་ཡང་མཚུངས་ཏེ། མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་པ་ཉིད་ཡིན་པས་སོ། །གཞན་ཡང་སྲོག་ལ་སོགས་པ་མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཞེས་བརྗོད་པས་ཀྱང་ ངོ་། །དགག་པ་གཉིས་ཀྱིས་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ཉིད་ལ་ཞེས་བྱ་བ་དང་མེད་པ་ཞེས་བྱ་བ་དག་གིས་སོ། །རྣལ་མ་རྟོགས་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་ཡོད་པར་རྟོགས་པའོ། །གཞན་དུ་ཞེས་བྱ་བ་ནི་རྣལ་མའི་དོན་མཐུན་པའི་ཕྱོགས་ལ་ཡོད་པ་མི་རྟོགས་པའོ། ། རྣམ་པར་གཅད་པ་མེད་པས་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་མེད་པ་རྣམ་པར་གཅོད་ན། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་ཞེས་བྱ་བ་གཅིག་ཏུ་ལྡོག་པ་ཅན་དུ་སྨྲ་བ་ངེས་པར་གཟུང་བ་གཅད་པར་བྱ་བ་མེད་པས་སོ། །དེ་ལྟར་ངེས་པར་གཟུང་བར་འབྲས་བུ་དང་བཅས་པར་འདོད་ ན་ནི། མཐུན་པའི་ཕྱོགས་ལ་མེད་པ་རྣམ་པར་གཅོད་པའི་ཕྱིར་རྗེས་སུ་འགྲོ་བ་ཡོད་པར་བསྟན་པས་གཅིག་དུ་ལྡོག་པ་ཅན་དུ་མི་འགྱུར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་ཉིད་ལ་མེད་པར་ངེས་པར་གཟུང་བ་མེད་པར་སྨྲ་ན་ཡང་། མི་མཐུན་པའི་ཕྱོགས་ཁོ་ན་ལ་མེད་པར་མི་འགྱུར་གྱི་ མཐུན་པའི་ཕྱོགས་ལ་ཡང་མེད་པ་ཞེས་བྱ་བར་འགྱུར་བས་རྗེས་སུ་འགྲོ་བ་མེད་པར་ནི་འགྱུར་མོད་ཀྱི། དེ་ལྟ་ན་ལྡོག་པ་ངེས་པར་མི་འགྲུབ་པའི་ཕྱིར་ཏེ། ལྡོག་པ་ངེས་པ་ནི་རྗེས་སུ་འགྲོ་བ་ལ་རག་ལས་པའི་ཕྱིར་རོ། །དེ་ཉིད་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། མཐུན་པ་དང་མི་མཐུན་པའི་དཔེ་དག་ལས་གང་ཡང་རུང་བ་གཅིག་གིས་ཏེ། མཐུན་པའི་ཕྱོགས་དཔེས་རྗེས་སུ་འགྲོ་བ་དངོས་སུ་སྟོན་ཅིང་ལྡོག་པ་ཤུགས་ཀྱིས་སྟོན་ཏེ། དེ་མེད་ན་རྗེས་སུ་འགྲོ་བ་ཉིད་འགྲུབ་པའི་ཕྱིར་རོ། །དེས་ན་དེ་གཉི་ག་རྟགས་ལ་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། ། མི་མཐུན་པའི་དཔེ་ནི་སྟོན་པ་དངོས་སུ་སྟོན་ཅིང་རྗེས་སུ་འགྲོ་བ་ཤུགས་ཀྱིས་ཡིན་པར་བསྟན་པ་ཆོས་མཐུན་པ་དང་། མི་མཐུན་པ་ཉིད་ཀྱི་སྦྱོར་བས་སློབ་དཔོན་གྱིས་གསུངས་སོ། །དགག་པ་བཀག་ན་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ལ་མེད་པ་བཀག་ནའོ། །སྒྲུབ་པའི་རང་བཞིན་ནི་མཐུན་ པའི་ཕྱོགས་ལ་ཡོད་པར་འགྱུར་བ་སྟེ་དེ་ལྟ་མ་ཡིན་ན་མཐུན་པའི་ཕྱོགས་ལ་མེད་པ་ཉིད་རྣམ་པར་གཅད་པར་མི་འགྱུར་བའི་ཕྱིར་རོ། །གལ་ཏེ་མཐུན་པའི་ཕྱོགས་ཡོད་པ་མ་ཡིན་པས་ཞེས་བྱ་བ་ནི་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ཡོད་པ་མ་ཡིན་ཏེ། སྲོག་དང་ལྡན་པ་ཐམས་ཅད་ ཕྱོགས་སུ་བྱས་པའི་ཕྱིར། དེའི་ཕྱིར་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ཅུང་ཟད་ཀྱང་མ་གྲུབ་པ་དེ་ལས་ལྡོག་པ་མི་སྲིད་དེ་ཡུལ་མེད་པའི་ཕྱིར་རོ། །ལྡོག་པའི་ལྡོག་པ་ནི་མེད་པ་མེད་པའོ། །དེ་ནི་མཐུན་པའི་ཕྱོགས་མེད་པ་ལ་ཇི་ལྟར་འདོད་དེ། འདི་ལྟར་མེད་པ་བཀག་པ་ནི་ཞེས་བྱ་བ་སྨོས་ ཏེ། མེད་པ་ལ་དེ་ཡོད་ལ་ཞེས་བྱ་བ་ནི་དེ་མཐུན་པའི་ཕྱོགས་མེད་པ་ཡིན་ཏེ། ཡང་རྗེས་སུ་འགྲོ་བ་མེད་པ་བཀག་པ་རྗེས་སུ་འགྲོ་བ་ཡོད་པ་དེ་ཡོད་ལ་མཐུན་པའི་ཕྱོགས་མེད་པ་དེ་ལ་རྗེས་སུ་འགྲོ་བ་ཡོད་པ་དགག་པ་མེད་པ་རང་གི་རང་བཞིན་ནི་མི་སྲིད་དོ་ཞེས་བྱ་བ་མེད་པ་ལ་ཡོད་པ་ཡོད་ལ་མེད་པ་ མེད་དོ། །ཞེས་འགལ་བ་ནི་མི་སྲིད་དོ་ཞེས་སྒོ་གཉི་གར་འགལ་བ་སྨྲ་བ་ནི་འཐིང་སླད་དུ་བྱ་བའོ། །དེ་ཉིད་བཤད་པའི་ཕྱིར་གང་དེ་དག་དགག་པའི་ཡུལ་ཡང་མི་འདོད་ལ་ཞེས་བྱ་བ་ནི་མེད་པ་དགག་པའི་ཡུལ་ཡང་མི་འདོད་ལ། ཡོད་པ་མ་ཡིན་པ་མེད་དོ་ཞེས་བྱ་བས་ཡོད་པ་ཡོད་པར་ ཡང་ཐ་སྙད་དུ་བྱེད་པའོ། །སྩོགས་པས་ནི་མེད་པ་ལ་མེད་པ་ནི་མི་སྲིད་པར་ཐ་སྙད་དུ་བྱེད་པའོ། །མེད་པ་ལ་མེད་པ་ཉིད་ཙམ་བྱ་བའི་སྐབས་ནི་ལེའུ་གཉིས་པར་རྟགས་ཀྱི་མཚན་ཉིད་བསྟན་པའོ། །ཡོད་པར་བསྒྲུབ་པ་འཇུག་པའི་ཕྱིར། །ཞེས་བྱ་བ་ནི་སྲོག་ལ་སོགས་པ་བདག་ དང་འགལ་བའི་མ་གྲུབ་པའི་རྟགས་ཡོད་པའི་ཕྱིར་བདག་མེད་པ་ཡང་མ་ཡིན་ལ་གོ་བར་མི་བྱེད་པ་ཡང་མ་ཡིན་ནོ། །འོན་ཀྱང་སྔར་བཤད་པའི་ཚུལ་གྱིས་འབྲེལ་པ་ཡང་མ་གྲུབ་པའི་ཕྱིར་སྲོག་ལ་སོགས་པ་ལས་ཐེ་ཚོམ་ཟ་བར་འགྱུར་རོ། །གལ་ཏེ་མ་ཡིན་ཏེ་ཞེས་བྱ་བ་ནི་སྲོག་ལ་སོགས་པ་ བདག་ལ་ཐེ་ཚོམ་ཟ་བ་ནི་མ་ཡིན་ཏེ་ལྡོག་པ་ངེས་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། བུམ་པ་ལ་སོགས་པ་བདག་མེད་པ་དག་ལས་ལོག་པའི་ཕྱིར་དེ་དག་བདག་མེད་པ་ཉིད་དུ་ནི་སངས་རྒྱས་པས་ཁས་བླངས་པའི་ཕྱིར་རོ་ཞེ་ན། ཚད་མ་མ་ཡིན་པ་ཁས་བླངས་པ་ཞེས་ བྱ་བ་ནི་རིགས་པར་བྱས་པ་མ་ཡིན་པར་ཁས་བླངས་པ་ལས་དེ་ལྟར་གྱུར་ན་ཞེས་བྱ་བ་ནི་སངས་རྒྱས་པས་ཁས་བླངས་པས་བུམ་པ་ལ་སོགས་པ་བདག་མེད་པར་གྱུར་ན་ནི་གསོན་པོའི་ལུས་ཀྱང་མེད་པ་ཉིད་དུ་ཧ་ཅང་ཡང་ཐལ་བར་འགྱུར་ཏེ། དེ་ལྟར་ཕ་རོལ་ཁས་ ལེན་པའི་ཕྱིར་རོ། །གལ་ཏེ་གསོན་པོའི་ལུས་ནི་ཁོ་བོ་ཅག་གིས་བདག་དང་བཅས་པར་ཁས་བླངས་པའི་ཕྱིར་ལ་བུམ་པ་ལ་སོགས་པ་ནི་བདག་མེད་པར་ཁས་བླངས་པའི་ཕྱིར་ཁྱད་པར་ཡོད་དོ་ཞེ་ན། ལུང་གིས་བདག་འགྲུབ་པར་འགྱུར་གྱི་ཞེས་བྱ་བ་སྨོས་ཏེ། བདག་ཡོད་པར་རང་གིས་ ཁས་བླངས་པས་འགྲུབ་པ་བདག་མེད་པར་ཡང་གཉི་གའི་ཁས་བླངས་པས་འགྲུབ་པའི་ཕྱིར་རོ། །སྲོག་ལ་སོགས་པ་བདག་ལ་ཐེ་ཚོམ་ཟ་བ་དེའི་ཕྱིར་གལ་ཏེ་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལས་མ་ལོག་ཀྱང་དེ་ལོག་པ་མ་མཐོང་ན་ཡང་སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལས་ལྡོག་པ་ ལ་ཐེ་ཚོམ་ཟ་བར་འགྱུར་ཏེ་དེ་ལས་ལྡོག་པར་འགྱུར་རོ་དེ་ཉིད་བསྟན་པའི་ཕྱིར་བདག་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཐམས་ཅད་དུ་བལྟར་མི་རུང་བའི་ཕྱིར་གང་ན་ཡོད་པ་དང་མེད་པ་ཉིད་དུ་མ་གྲུབ་པའི་ཕྱིར་བུམ་པ་ལ་སོགས་པ་ལས་སྲོག་ལ་སོགས་པ་ཡང་མཐུན་པའི་ ཕྱོགས་ལས་ལོག་པ་ཡིན་པར་དོགས་པར་འགྱུར་རོ། །མཐུན་པའི་ཕྱོགས་ལ་ངེས་པ་མེད་པ་དེ་ཉིད་མི་མཐུན་པའི་ཕྱོགས་ལ་ཡང་མཐུན་པའི་ཕྱོགས་གཅིག་ལ་ངེས་པར་འགྲུབ་ན་གཞན་གྱི་མི་མཐུན་པའི་ཕྱོགས་ལ་མི་འཇུག་པར་ངེས་པར་འགྲུབ་སྟེ། དེ་ལྟ་ན་གདོད་མཐུན་པའི་ཕྱོགས་ཉིད་ ལ་ཡོད་པར་ངེས་པར་འགྲུབ་པའི་ཕྱིར་རོ། །དེ་ལས་གཞན་དུ་མི་མཐུན་པའི་ཕྱོགས་ལ་གཞན་ལ་མཐུན་པ་འགའ་ཞིག་ལ་རྟགས་མེད་པར་གྲུབ་ཀྱང་མི་མཐུན་པའི་ཕྱོགས་དེ་ཉིད་མ་མཐོང་བ་དག་ལ་ནི་ལྡོག་པ་སྟེ། ཐེ་ཚོམ་ཟ་བ་ཡིན་ཏེ། རྫས་ཀྱི་བྱེ་བྲག་མཐའ་དག་མ་ཡིན་པ་ལ་ཁྱབ་པ་ཞེས་ བྱ་བ་ནི་དེ་འདྲ་བ་ཐམས་ཅད་ལ་ཡོད་པ་མ་ཡིན་པའི་དོན་ཁ་ཅིག་གོ། །དེ་དག་མཐོང་བའི་རྫས་ཁ་ཅིག་ལ་མེད་པར་གྲུབ་ཀྱང་ཡང་རྫས་དེ་དང་རིགས་འདྲ་བ་གཞན་ལ་ཡང་སྲིད་པ་མཐོང་བ་སྟེ། སའི་རང་བཞིན་ཅན་ཤིང་དང་རུས་པ་དང་། རྡོ་ལ་སོགས་པ་ཕལ་ཆེ་བ་ཁ་ཅིག་ལྕགས་ཀྱིས་ འཇོམས་ཏེ། གཅོད་པ་དང་། འབིགས་པ་དང་། གཅོད་པ་དག་མཐོང་ཡང་། ཡང་སའི་རང་བཞིན་དང་འདྲ་བའི་རྡོ་རྗེ་དག་ལ་ལྕགས་ཀྱིས་འཇོམས་པ་མེད་པ་བཞིན་ནོ། །དེའི་ཕྱིར་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ངེས་ན་དེ་ཉིད་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པ་ཡིན་གྱི་དེ་མཐུན་ པའི་ཕྱོགས་ཁོ་ན་ལ་ངེས་པ་དེ་མ་གྲུབ་ན་མི་མཐུན་པའི་ཕྱོགས་མཐོང་བ་འགལ་ཞིག་ལ་མེད་པའི་ཡོད་ཀྱང་དེ་མ་མཐོང་བ་དག་ལ་མེད་པ་ཉིད་ལ་ཐེ་ཚོམ་ཟ་བར་འགྱུར་ཏེ། མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པར་ངེས་ན་དེ་ཉིད་མི་མཐུན་པའི་ཕྱོགས་ལ་ཡང་ཡོད་པར་དོགས་པའི་ཕྱིར་རོ། །འགལ་ བའི་མཚན་ཉིད་བསྟན་པ་དག་ཀྱང་མ་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་འགལ་བའི་མཚན་ཉིད་གཉིས་སྔར་བསྟན་པ་དག་ཀྱང་བདག་ལྟར་མི་རུང་བ་དང་ལྷན་ཅིག་མ་གྲུབ་པའི་ཕྱིར། བདག་མེད་པ་ལ་སྲོག་ལ་སོགས་པ་ལྡོག་པ་ལ་ཐེ་ཚོམ་ཟའོ། །གལ་ཏེ་འགལ་བ་གཉིས་པོ་དག་མ་གྲུབ་ ཀྱང་ཚད་མས་གནོད་པའི་འགལ་བ་ཡོད་དོ་ཞེ་ན། སྲོག་ལ་སོགས་པ་རྣམས་ངེས་པར་བདག་དེའི་འབྲས་བུ་ཡིན་ན་ནི་བདག་མེད་པ་དང་། སྲོག་ལ་སོགས་པ་འགལ་བར་འགྱུར་ཏེ། སྲོག་ལ་སོགས་པ་དང་དེ་མེད་པ་ནི་ཕན་ཚུན་སྤངས་པས་གནས་པའི་ཕྱིར་རོ། །འགལ་བ་ཉིད་ཡིན་ལ། དེ་དང་འགལ་བ་སྲོག་ལ་སོགས་པ་མེད་པ་དེ་ཁྱབ་པ་དག་མེད་པ་ཡོད་པའི་ཕྱིར་དགག་པར་བྱ་བ་སྲོག་ལ་སོགས་པ་དེ་དང་འགལ་བ་སྲོག་ལ་སོགས་པ་མེད་པས་ཁྱབ་པ་བདག་མེད་པ་དམིགས་པ་རྟགས་ཀྱི་ཚད་མས་གནོད་པའི་འགལ་བར་འགྱུར་ན། འགལ་བ་འདིའི་རྩ་བར་གྱུར་ པ་སྲོག་ལ་སོགས་པ་དང་བདག་ཏུ་འབྲེལ་བ་འགའ་ཡང་མ་གྲུབ་པའི་ཕྱིར་འགལ་བས་ཁྱབ་པ་དམིགས་པ་རྟགས་མི་སྲིད་དོ། །འབྲས་བུ་སྨོས་པ་ནི་མཚོན་པ་ཡིན་པའི་ཕྱིར་དེ་བདག་ཉིད་ཀྱི་འབྲེལ་པ་ཡང་མ་གྲུབ་སྟེ། བདག་རང་གི་ངོ་བོ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ཉིད་དེ་ཡང་མ་ གྲུབ་པོ་ཞེས་བསྟན་ཟིན་ཏོ། །ཞེས་བྱ་བ་བདག་ལྟར་མི་རུང་བ་ལ་མཐོང་བ་དང་མ་མཐོང་བ་གཉིས་ཀྱིས་རང་བཞིན་ལ་མངོན་སུམ་ལ་རག་ལས་པའི་འབྲེལ་པའི་མི་འགྲུབ་པོ་ཞེས་འདས་མ་ཐག་ཏུ་བསྟན་ཟིན་ཏོ། །གལ་ཏེ་སྲོག་ལ་སོགས་པ་དེ་བདག་མེད་པ་ལས་ལོག་པ་ཡོད་ན་ཡང་། དེ་ལྟར་ན་སྲོག་ལ་སོགས་པ་དེ་ཡོད་པས་གསོན་པོའི་ལུས་ལ་བདག་མེད་པ་མེད་པར་འགྱུར་ཏེ། བདག་མེད་པ་ཡོད་ན་སྲོག་ལ་སོགས་པ་མེད་པར་འགྱུར་ཏེ་དེ་ལས་ལོག་པའི་ཕྱིར་རོ། །དེས་བདག་མེད་པ་མེད་པར་འགྲུབ་ཀྱང་བདག་ནི་མི་འགྲུབ་པོ། །ཅིའི་ཕྱིར་ བདག་མེད་པ་ལོག་ན་བདག་མི་འགྲུབ་ཅེ་ན། གང་གི་ཁྱོད་ཀྱི་ལུགས་ལྟར་ན་ལྡོག་པ་མེད་ན་ཡང་ཞེས་བྱ་བ་མེད་པ་མེད་ན་ཡང་ངོ་། །མེད་པ་མེད་པ་དེ་ལ་ཡོད་པ་གྲུབ་པར་ནི་མི་འདོད་དོ། །ཇི་ལྟར་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་ལྡོག་པ་མེད་ཀྱང་དེ་སྲོག་ལ་སོགས་པ་ ཡོད་པར་མི་འདོད་པས་སོ། །དངོས་པོའི་རང་བཞིན་བསམ་པ་ལ་ནི་མཐུན་པའི་ཕྱོགས་ལ་མི་ལྡོག་ན་ཞེས་བྱ་བ་རྟགས་ལྡོག་པ་མེད་ན་མཐུན་པའི་ཕྱོགས་ལ་གཏན་ཚིགས་སུ་འགྲོ་བ་དང་ལྡན་དེ་མེད་པ་མེད་པ་ནི་ཡོད་པ་ཡིན་ཏེ། དགག་པ་བཀག་པ་ནི་བསྒྲུབ་པའི་རང་ བཞིན་ཡིན་པའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ལྡོག་པ་མེད་རྗེས་སུ་འགྲོ་བ་མེད་ན་ནི་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་མེད་ཀྱང་ལྡོག་པ་ཡོད་པར་འགྱུར་རོ། །དེ་ལྟར་ན་ནི་སྲོག་ལ་སོགས་པ་རྟགས་ཀྱིས་བདག་ཡོད་མ་ཡིན། བདག་མེད་མིན་དེ་གང་ཡང་རྟོགས་པར་མི་ འགྱུར་རོ། །གལ་ཏེ་སྲོག་ལ་སོགས་པ་བདག་མེད་པ་ལས་ལྡོག་པ་གསོན་པོའི་ལུས་ལ་ཡོད་པས་བདག་མེད་པ་ལྡོག་པ་དེས་ན་བདག་ཡོད་པར་རྟོགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ལྡོག་པ་ངེས་པ་བསམ་པའི་སྐྱོན་གྱིས་གོས་པ་མེད་དོ་སྙམ་པའོ། །བསྒྲུབ་པའི་སྒོ་ཁོ་ན་ནས་ཞེས་བྱ་བ་ནི་ སྲོག་ལ་སོགས་པ་ཡོད་པ་ཙམ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པ་དྲན་པ་ལ་མི་ལྟོས་པར་བདག་གྲུབ་ནའོ། །ད་ནི་ཞེས་བྱ་བ་ལྡོག་པ་ལས་མི་ལྟོས་ནའོ། །བདག་མེད་པ་ལས་ལྡོག་པའི་ཞེས་བྱ་བས་ལྡོག་པ་ཅན་གྱི་རྟགས་ཀྱིའོ། །འདི་ནི་ཞེས་བྱ་བ་ལྡོག་པ་ཅན་གྱི་རྟགས་དེ་ནིའོ། །དེ་ལ་མི་སྲིད་ པ་ཞེས་བྱ་བས་བདག་མེད་པ་དེ་ལ་སྲོག་ལ་སོགས་པ་མི་སྲིད་པ་སྟེ། ལྡོག་པ་ཅན་ཡིན་པའི་ཕྱིར་ལྡོག་པ་ཅན་སྲོག་ལ་སོགས་པ་གསོན་པོའི་ལུས་ལ་ཡོད་ན་རྟགས་དེ་རང་དེ་ལ་ཡོད་པས་གསོན་པོའི་ལུས་དེ་ལ་བདག་མེད་པར་མི་སྲིད་པར་སྒྲུབ་པར་བྱེད་པའི་ཕྱིར་བདག་མེད་པ་དེ་སྲིད་ན་བདག་ ཡོད་པར་བསྒྲུབ་པའི་ཕྱིར། དེ་ལ་ལྡོག་པ་ཅན་གྱི་རྟགས་ཡིན་པར་ཁྱོད་བརྗོད་ན། ད་ནི་ལྡོག་པའི་ཐབས་ལས་གཞན་པ་བསྒྲུབ་པ་འགའ་ཞིག་གིས་བདག་ཉེ་བར་གྲུབ་ནའོ། །ཡང་ན་ནི་ཞེས་བྱ་བ་སྐྱོན་གཞན་སྟོན་པ་སྟེ་འདི་ལྟར་བསྒྲུབ་པའི་སྒོ་ཁོ་ན་ནས་གྲུབ་ན་ཡང་སྲོག་ལ་སོགས་པ་དེ་བདག་ ཁོ་ན་ལ་ཡོད་པར་ངེས་པའི་རྒྱུ་མཚན་ཅི་ཞིག་གྲུབ་པས་སྲོག་ལ་སོགས་པས་གྲུབ་པའི་སྒོ་ནས་བདག་གསོན་པོའི་ལུས་ལ་གོ་བར་བྱེད་དོ་ཞེས་བརྗོད་པར་བྱ། དེ་ལྟར་གྲུབ་ན་ཞེས་བྱ་བ་ནི་ངེས་པའི་རྒྱུ་ཅུང་ཟད་མེད་པར་གྲུབ་པའི་སྒོ་ནས་ངེས་པ་དེ་ལྟར་གྱུར་ན་བུམ་པས་སྣམ་བུ་སྒྲུབ་པའི་སྒོ་ཁོ་ན་ ནས་ངེས་པ་ལ་སོགས་པ་ཧ་ཅང་ཐལ་འགྱུར་རོ། །ཐུན་མོང་མ་ཡིན་པའི་མ་ངེས་པ་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་འགའ་ཡང་མ་གྲུབ་པའི་ཕྱིར་དེ་དག་ལ་ཡོད་པ་དང་། མེད་པ་ཞེས་བྱ་བར་ངེས་པ་ནི་མེད་ལ་ཕྱོགས་ནི་ཡོད་པའི་ཕྱིར་རོ། །ཐུན་མོང་བ་ཞེས་བརྗོད་ པ་ནི་གཞལ་བར་བྱ་བ་ཉིད་དེ་ཞེས་བྱ་བ་ནི་མི་རྟག་པ་གྲུབ་པ་ལ་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉི་གས་ཡོད་པའི་ཕྱིར་ཐུན་མོང་མ་ཡིན་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ནམ་མཁའ་ལ་སོགས་པ་འདུས་མ་བྱས་རྟག་པ་དག་གཞལ་བར་བྱ་བ་ཉིད་ཡིན་པའི་ཕྱིར་གཞལ་བར་ བྱ་བ་ཉིད་མི་རྟག་པ་ལ་མ་ངེས་པ་ཡིན་ནམ་ཞེ་ན་འདུས་མ་བྱས་ལ་སྐུར་པ་འདེབས་པ་ཞེས་བྱ་བ་སྨོས་ཏེ། གང་དག་འདུས་མ་བྱས་བརྟགས་པ་ཡིན་གྱི་དངོས་པོ་ཡོད་པ་མ་ཡིན་པར་འདོད་པ་དག་ལ་ཡང་འདུས་མ་བྱས་མེད་པའི་ཕྱིར། ཡུལ་མེད་པ་ལ་འཇུག་པ་མི་རིགས་པའི་ཕྱིར་དེ་ ལ་གཏན་ཚིགས་རྗེས་སུ་འགྲོ་བ་མི་རིགས་པའི་ཕྱིར་མ་ངེས་པ་མེད་ལ། དེ་ཉིད་ཀྱི་ཕྱིར་མཐུན་པའི་ཕྱོགས་མི་རྟག་པ་ཁོ་ན་ལ་ཡོད་པའི་ཕྱིར་རྗེས་སུ་འགྲོ་བ་མི་འཁྲུལ་པའི་ཕྱིར་གཞལ་བར་བྱ་བ་ཉིད་ནི་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བ་ནི་གཏན་ཚིགས་ཉིད་རིགས་པ་ཅན་དག་སྨྲ་བའོ། ། འདི་ལ་ཡང་ཞེས་བྱ་བ་ནི་ལྡོག་པ་ཅན་ལྡོག་པ་ཉི་ཚེར་མི་རིགས་པར་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །འདི་པ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་འདི་ལ་ཇི་ལྟར་མི་མཐུན་པའི་ཕྱོགས་ལས་ལྡོག་པ་མེད་དེ་རྗེས་སུ་འགྲོ་བ་ཡོད་ན་ལྡོག་པ་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་ རྗེས་སུ་འགྲོ་བ་ཅན་ཞེས་བྱ་བ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་ཡིན་ལ། དེ་ལྟར་ཅི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པས་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་རྣམ་པར་མི་གཅོད་ན་ནི་དེ་ན་སྲིད་པར་སྟོན་པ་ཡིན་ལ་དེ་ལྟ་ན་ནི། མཐུན་པའི་ཕྱོགས་ ཁོ་ན་ལ་ཡོད་པ་ཞེས་བྱ་བའི་ངེས་པར་བཟུང་བའི་འབྲས་བུ་ཡང་ཅིའི་ཕྱིར་རོ། །དེ་མ་ཡིན་པ་ཡང་ཡོད་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་ཡོད་པ་རྣམ་པར་གཅོད་ན་ཡང་མི་མཐུན་པའི་ཕྱོགས་ལ་མེད་པའི་ཕྱིར་ཇི་ལྟར་ལྡོག་པ་མེད་པ་ཡིན། གལ་ཏེ་ཡོད་པ་རྣམ་པར་གཅོད་ པ་མེད་དེ་ལྡོག་པར་ཇི་ལྟར་འགྱུར་ཞེ་ན། ཡོད་པ་རྣམ་པར་གཅད་པ་ལས་གཞན་པ་ནི་ལྡོག་པ་ནི་མེད་དོ་ཞེས་བྱ་བ་སྨོས་ཏེ། ཡོད་པ་རྣམ་པར་གཅད་པ་ཉིད་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་གཞི་མེད་པ་ལས་ལྡོག་པ་དང་། རྗེས་སུ་འགྲོ་ བ་གཉི་ག་ལ་མེད་དོ་ཞེ་ན། གང་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་མེད་པ་ནི་གཞིར་མི་རུང་བའི་ཕྱིར་རོ་ཞེ་ན། དེས་ན་མེད་པ་ལ་ལྡོག་པ་མི་རིགས་སོ་ཞེས་བྱ་བ་འདི་ཡང་འོངས་པ་ཡིན་ཏེ། དེ་ལ་ཡང་ཁོ་བོས་ཡང་ཇི་ལྟར་ན་མེད་པ་ལ་རྗེས་སུ་འགྲོ་བ་འགོག་ཅིང་སྨྲས་ཏེ་ཞེས་ བྱ་བ་འདས་མ་ཐག་ཏུ་བསྟན་པའི་རིམ་པས་འགོག་པར་བྱེད་དོ། །གལ་ཏེ་མེད་པས་ཀྱང་དེས་སྟོང་པའི་དངོས་པོ་འདྲེན་པར་བྱེད་པའི་ཕྱིར་གཞལ་བར་བྱ་བ་ཉིད་མེད་པ་ལ་ཞུགས་པས་ཀྱང་མི་རྟག་པ་ཁོ་ན་ལ་ཞུགས་པ་ཡིན་ནོ་ཞེ་ན། དངོས་པོའི་མཚན་ཉིད་རྗེས་སུ་འདྲེན་པ་ནི་མེད་པར་ བཀག་པས་མི་སྲིད་པའི་ཕྱིར་ཏེ་མི་ནུས་པའི་ཕྱིར་རོ། །དེ་འདྲེན་ན་ནི་དེ་མེད་པས་བཀག་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་མེད་ཅེས་བྱ་བ་ནི་སྒྲའི་ཡུལ་ནི་མེད་པར་བཀག་པ་མ་ཡིན་ནོ་ཞེ་ན། མེད་ཅེས་བྱ་བའི་ཡུལ་ནི་མ་ཡིན་པར་བཀག་པ་དངོས་པོ་འདྲེན་པ་གཅིག་པུ་མ་ཡིན་གྱི། འོན་ཀྱང་བཀག་ པ་ཡང་ཡིན་ཏེ་གཏན་མེད་པ་ལྟ་བུའོ། །དེའི་ཕྱིར་མེད་པར་བཀག་པ་དེ་དང་མེད་པའི་སྒྲ་མི་འགལ་ལོ། །དེ་ལྟར་ན་གཞལ་བར་བྱ་བ་ནི་མེད་པར་བཀག་པ་ཡང་འཇུག་སྟེ། མེད་ཅེས་བྱ་བའི་སྒྲ་དང་ཤེས་པ་ཡུལ་དུ་བྱེད་པའི་ཕྱིར་རོ། །དེ་ལྟ་ན་མེད་པ་ལ་ནི་མི་རྟག་པ་ཉིད་མེད་དེ་མི་རྟག་པ་ཉིད་ནི་འདིར་ དངོས་པོ་གཡོ་བ་དོན་བྱེད་པའི་རང་བཞིན་ལ་བརྗོད་པའི་ཕྱིར་རོ། །དེ་ལ་མེད་པར་བཀག་པའི་མེད་པ་ལ་མེད་པའི་ཕྱིར་རོ། །གཞལ་བར་བྱ་བ་ཉིད་དེ་ལ་ཞུགས་པ་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཡིན་ནོ། །གལ་ཏེ་ཡང་མི་སྲིད་དོ་ཞེས་ཟེར་བ་ནི་གསལ་བྱེད་དེ། འདི་ལྟར་གཏན་མེད་ པ་དེ་ལ་མེད་པའི་སྒྲ་འཇུག་པ་མི་སྲིད་དེ། འདི་ལྟར་གཞི་ལ་སོགས་པ་ཞེས་བྱ་བ་མེད་པ་ལ་འཇུག་གོ་ཞེས་བྱ་བ་བདུན་པའི་དོན་ལ་སོགས་པས་མེད་པ་ལས་མི་ལྡོག་ཅེས་བྱ་བ་ལ་དངང་བ་ལ་སོགས་པའི་རྣམ་པར་དབྱེ་བའི་དོན་རྣམས་མེད་པའི་ཡུལ་ལ་ཉེ་བར་དྲན་པར་མི་རིགས་ཏེ། ཡུལ་ མེད་པའི་ཕྱིར་རོ་ཞེ་ན། འདིའི་ལན་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་གཉིས་པའི་མེད་ཅེས་བྱ་བ་ལ་སོགས་པར་ཡང་དང་ཡང་དུ་བསྟན་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་ལྡོག་པ་མེད་པ་ན་རྗེས་སུ་འགྲོ་བ་མེད་ཅིང་རྗེས་སུ་འགྲོ་བ་ཡོད་ན། དེ་ཉིད་ཀྱིས་ལྡོག་པ་ཡང་ཡོད་དེ། ངེས་པ་ནི་སྒྲ་གཉིས་ པ་ཅན་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བ་ལྡོག་པ་དང་མི་ལྡན་པའི་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བའི་རྟགས་ནི་འགའ་ཡང་མེད་དོ། །གཞན་ཡང་གཞལ་བར་བྱ་བ་ཉིད་རྗེས་སུ་འགྲོ་བ་ཉིད་ཅེས་བྱ་བ་ཉི་ཚེ་མ་ཡིན་པར་ཟད་ཀྱི་ཐུན་མོང་གི་མ་ངེས་པ་ཉིད་ཀྱང་ཡིན་པར་བསྟན་པའི་ཕྱིར། གཞལ་ བར་བྱ་བ་ཉིད་མི་མཐུན་པའི་ཕྱོགས་ལ་རྗེས་སུ་འགྲོ་བ་ཞེས་བྱ་བ་འདིར་ཡོད་པའོ། །དེ་ནི་མི་རིགས་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གསུམ་དུ་བརྗོད་ཟིན་ཏོ་ཞེས་བྱ་བ་ནི་ལེའུ་གཉིས་པར་རོ། །རྗེས་སུ་འགྲོ་བ་མེད་པ་ཉིད་ཀྱི་ཆོས་ཀྱིས་སྟོང་པ་ཞེས་བྱ་བ་ནི་རྗེས་སུ་ འགྲོ་བ་མེད་པར་རྣམ་པར་གཅོད་པའོ། །གལ་ཏེ་རྣམ་པར་གཅོད་པ་ནི་རྣམ་པར་རྟོག་པས་བྱས་པ་སྟེ། དངོས་པོའི་ངོ་བོ་ནི་མ་ཡིན་ནོ་ཞེ་ན། དངོས་པོའི་མཚན་ཉིད་ཁོ་ན་ཆོས་ཡིན་པ་ནི་མ་ཡིན་ཏེ་འདི་ལྟར་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ཆོས་ཉིད་ཡིན་ན་ནི་དངོས་པོ་ཡང་ ཡིན་ན། ཡིད་ཀྱིས་གཞན་ལ་བརྟེན་ཏེ་བརྟགས་པ་ཡང་ཆོས་ཉིད་ཡིན་པའི་ཕྱིར་རྣམ་པར་གཅད་པ་དག་ཀྱང་ཆོས་ཞེས་བྱ་བ་སྟེ། ལྡོག་པའི་བྱེ་བྲག་གི་ཆོས་རྣམས་དེ་ལྟ་བུ་དེའི་ཕྱིར་ཡོད་པ་ལ་བརྟེན་ནས། དེ་ལ་ལྟོས་ཏེ་རྣམ་པར་གཅད་པ་ཙམ་ཡང་ཡིན་ལ་རང་གི་མཚན་ཉིད་ འཛིན་པའམ། གཞན་ལ་བརྟན་པར་སྣང་བའི་ཕྱིར་ཆོས་ཞེས་བྱའོ། །དེ་ཉིད་བཤད་པའི་ཕྱིར་མེད་པ་ཡང་རྣམ་པ་འགའ་ཞིག་གི་ཐ་སྙད་ཀྱི་ལམ་དུ་སྦྱོར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་ཚུལ་གྱིས་རྣམ་པར་གཅད་པའི་མཚན་ཉིད་འཛིན་པ་དང་། ཡིད་ ལ་སྣང་བས་ཐ་སྙད་དུ་ངེས་པའི་ཕྱིར་རོ། །གཞན་དུ་ན་ཞེས་བྱ་བ་མེད་པ་ལ་སྒྲའི་ཡུལ་ཆོས་སུ་མི་སྦྱོར་ནའོ། །དེ་ལ་ཐ་སྙད་དུ་མི་བྱ་བར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་མེད་པ་ལ་མེད་པར་རྟོགས་པའི་སྒྲ་དང་ཤེས་པས་མི་གཅོད་པར་འགྱུར་རོ། དེ་ལྟར་ན་ཡོད་པའི་ཆོས་ཀྱི་ཐ་སྙད་ཀྱང་ཡོད་པར་མི་ འགྱུར་ཏེ། དེའི་དངོས་པོ་མེད་པར་མ་བསལ་བར་དེའི་ངོ་བོ་ངེས་པར་མི་ནུས་པའི་ཕྱིར་རོ། །གཉི་ག་དང་གཉི་ག་མ་ཡིན་པའི་ཞེས་བྱ་བ་ནི་མེད་པ་ལ་མེད་པར་གཉི་ག་དང་། དེ་གཉི་ག་མ་ཡིན་པའི་རྣམ་པར་གཞག་པ་དག་གྲུབ་པར་བྱེད་པ་སྟེ། ཚད་མས་མ་ངེས་ནའོ། །ཡོད་པར་འདོད་ པའི་གྲུབ་མཐའ་ལ་སོགས་པའི་སོ་སོར་མི་མཐུན་པར་སྨྲ་བ་དང་ལྡན་པ་དག་དེའི་གྲུབ་མཐའ་དང་ལྡན་པ་དང་ལྡན་པ་དེ་མ་ཡིན་པ་དག་གཅིག་ཏུ་བྱེ་བྲག་ཕྱེད་པར་ངེས་པར་གཟུང་བར་མི་འགྱུར་ཏེ། འདི་ལྟར་མེད་པ་ཤེས་པས་ཡུལ་དུ་མ་བྱས་ན་ཡོད་པ་ཡང་མི་ངེས་པའི་ཕྱིར་དང་། དེ་གྲུབ་ པའི་མཐའ་མེད་པར་མ་ངེས་ན་དེའི་གྲུབ་པའི་མཐའ་དང་ལྡན་པ་ཡང་ངེས་པར་མི་ནུས་པའི་ཕྱིར། གྲུབ་པའི་མཐའི་དབྱེ་བ་དག་ངེས་པར་བཟུང་བ་སྟེ། ཐ་སྙད་དུ་བྱེད་པར་མི་འགྱུར་རོ། །གཞུང་ལུགས་ཐ་དད་པའི་ཐ་སྙད་ཀྱང་མེད་པར་ནུས་པ་དེའི་ཕྱིར་གང་ལྟར་ཇི་ལྟར་ཡང་ རུང་ཞེས་བྱ་བ་ནི་མ་ཡིན་པར་དགག་པའམ་མེད་པར་ཡང་རུང་། ཡོད་པ་ལས་བཟློག་པ་ཙམ་ཡོད་པའི་ཆོས་ཀྱི་བྱེ་བྲག་རྟོགས་ཀྱང་རུང་། སྒྲ་དང་ངེས་པའི་ཤེས་པ་འདིས་མེད་པར་བྱེད་པ་ནའོ། །མེད་པ་དེ་ཉིད་གཞལ་བར་བྱ་བ་ཞེས་བྱའོ། །དེའི་ཕྱིར་གཏན་མེད་པ་ལ་ཡང་གཞལ་ བར་བྱ་བ་ཉིད་རྗེས་སུ་འགྲོ་བའོ། །གལ་ཏེ་སྒྲ་དང་རྟོགས་པར་རང་དགའི་ཡུལ་ནི་དངོས་པོ་མེད་པའི་ཕྱིར་གཞལ་བར་བྱ་བར་མི་འགྱུར་རོ། །དེའི་ཕྱིར་གཞལ་བ་ནི་མེད་པ་ལ་མི་འཇུག་གི་ཚད་མའི་ཡུལ་ཁོ་ན་ལ་གཞལ་བར་བྱ་བ་ཡིན་ལ་དེ་ནི་དངོས་པོར་ཡོད་པ་སྟེ། མི་སླུ་བ་ཅན་ཡིན་ པའི་ཕྱིར་རོ་ཞེ་ན། ཚད་མའི་ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་མེད་པ་ཚད་མའི་ཡུལ་ཡིན་ན་དེ་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་མི་སླུ་བར་མི་འགྱུར་རོ་ཞེ་ན། ཚད་མའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་ཡུལ་ལ་གཞན་གྱིས་མི་གནོད་པ་སྟེ་ ཞེས་བྱ་བ་ནི་ཚད་མ་རང་གི་ཡོད་པའམ། མེད་པར་གཉི་གའམ། གཉི་ག་མ་ཡིན་པར་གཞག་པ་ལ་ཚད་མས་གཞན་གྱིས་མི་གནོད་པ་སྟེ། དེ་དང་ཚད་མ་སླུ་བར་མི་བྱེད་པ་ཡིན་ནོ། །སླུ་བར་མི་བྱེད་པ་དེ་ནི་མེད་པར་འཇོག་པ་འདིའི་ཚད་མའི་མཚན་ཉིད་ལ་ཡོད་པའི་ ཕྱིར་མེད་པ་གཞལ་བར་བྱ་བ་ཉིད་དུ་གྲུབ་པོ། །གལ་ཏེ་མེད་པ་འགའ་ཡང་མེད་དེ་ཞེས་བྱ་བ་ཐམས་ཅད་ཀྱང་རྟག་པར་ཡོད་པ་ཉིད་དེ་ཞིག་པ་དང་མ་སྐྱེས་པ་དག་ཀྱང་ངོ་བོའི་རང་བཞིན་དུ་མི་གསལ་བར་གནས་པའི་ཕྱིར་རོ། །འགྲོ་བ་ཐམས་ཅད་ཇི་ལྟར་ཡང་སྟེ་གསལ་བའམ་མི་ གསལ་བ་ཇི་ལྟར་ཡང་ཡོད་པའི་ཕྱིར། གཞལ་བར་བྱ་བའི་ཡོད་པ་ཁོ་ན་ལ་འཇུག་གོ་ཞེ་ན། གང་ལྟར་དེ་ཡོད་པ་མ་ཡིན་པའི་རྣམ་པ་སྟེ། གསལ་བ་ན་སྔར་མི་གསལ་བ་ཡོད་པའི་རྣམ་པ་དེ་ལྟར་ཡོད་པ་མ་ཡིན་པ་དེ་ཉིད་ལ་མི་གསལ་བ་མེད་པ་ཞེས་བྱ་ཞིང་། ཞིག་པ་ན་ ཡང་མི་གསལ་བར་གྲུབ་པས་གསལ་བའི་རྣམ་པ་དེ་མེད་པ་ཉིད་ལ་མེད་པ་ཞེས་བྱའོ། །ཡང་གང་དག་རི་བོང་རྭ་མེད་ཅེས་སྨྲ་བ་ལ། རི་བོང་ཡང་ཡོད་བ་ལང་ལ་སོགས་པའི་རྭ་དག་ཀྱང་ཡོད་པའི་ཕྱིར། རི་བོང་རྭ་མེད་ཅེས་སྨྲ་བ་ནི་བཞད་གད་དུ་བྱེད་པ་དེ་ནི་བདག་ཉིད་ལ་ བཞད་གད་དུ་བྱེད་པ་ཡིན་སྟེ། དེ་ལྟར་རི་བོང་གི་རྭ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་འདིར་རི་བོང་གི་ཡན་ལག་ཏུ་གྱུར་པའི་རྭ་འགོག་གི་བ་ལང་ལ་སོགས་པའི་རྭ་ཙམ་ཐམས་ཅད་མེད་པར་ནི་མི་སྨྲ་བ་ལའོ། །ཅི་ཞེས་བྱ་བ་ནི་དྲི་བ་སྟེ། འབྲེལ་པ་ཁོ་ན་མེད་པར་བྱེ་བྲག་ཏུ་ བྱེད་ལ་རྭ་ཅན་ཞེས་བྱ་བ་ལ་ཡང་རྭ་དང་བ་ལང་ལ་སོགས་པའི་རྫས་བོར་ནས་འབྲེལ་བ་ཞིག་ཡོད་དོ་ཞེས་འབྲེལ་པ་ཙམ་ཡོད་པར་བྱེ་བྲག་ཏུ་བྱེད་ཀྱི་རྭ་ལ་སོགས་པ་ལ་མི་ལྟོས་སམ་ཞེས་བྱ་བའོ། །རྭ་དང་རྫས་ཀྱི་རང་བཞིན་ཡང་རྒྱུ་བ་ལང་གི་རྫས་དང་འབྲས་བུའི་རང་བཞིན་ སོ་སོར་ཐ་དད་པ་གྲུབ་པའི་ཕྱིར་ཐ་དད་པ་རྒྱུ་དང་འབྲས་བུར་གནས་པ་དེ་ཉིད་འབྲེལ་པ་ཡིན་པ་དེའི་ཕྱིར། ཅིས་ན་རི་བོང་གི་རྭ་མེད་ཅེས་བྱ་བ་འདི་ལ་རི་བོང་གི་རྫས་རྭ་དག་ལ་རྒྱུ་དང་འབྲས་བུའི་རང་བཞིན་མེད་དོ་ཞེས་སྨྲས་པ་ཡིན། རྒྱུ་ཅིས་ན་རྫས་རྭ་དག་ བོར་ཏེ་འབྲེལ་པ་ཉི་ཚེ་མེད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་བརྟེན་ཏེ་གལ་ཏེ་རྭ་ཅན་བ་ལང་དག་དང་དེའི་རྭ་དང་རང་བཞིན་མི་འདྲ་བའི་བྱེ་བྲག་ཡོད་ལ། རི་བོང་རྭ་ལ་ནི་བ་ལང་དང་རྭའི་བྱེ་བྲག་དེ་ལྟ་བུ་རང་བཞིན་ཅུང་ཟད་ཀྱང་མེད་དེ་རི་བོང་ནི་རྫས་ལས་གཞན་བ་ལང་ལྟར་མེད་དོ་ཞེ་ ན། གང་ཞིག་འབྲེལ་པ་མེད་དོ་ཞེས་བྱ་བར་འདོད་པ་ཡང་། རང་བཞིན་བྱེ་བྲག་ཅན་རྒྱུ་དང་འབྲས་བུས་འབྲེལ་པ་དེ་ཉིད་མེད་པར་འདོད་པ་ཡིན་ནོ། །གལ་ཏེ་འབྲེལ་པ་མེད་དོ་ཞེས་བརྗོད་པར་མི་བྱ་སྟེ། འདི་ལྟར་འབྲེལ་པ་ཅན་རི་བོང་གི་རྫས་ཉིད་ཡོད་ཀྱི་འབྲེལ་པ་ ཅན་རྭ་ནི་མེད་པའི་ཕྱིར་གཉིས་མི་སྲིད་པ་ལ་འབྲེལ་ཞེས་བྱ་བ་དགག་པར་བྱ་བ་མི་སྲིད་པས་དགག་པ་འབྲེལ་མེད་ཅེས་ཀྱང་མི་བརྗོད་དོ་ཞེ་ན། མཁས་པའི་ཚིག་རིགས་པ་དང་ལྡན་ནོ་ཞེས་བྱ་བ་ནི་རྫས་གཉིས་མེད་པ་དེ་ཉིད་འབྲེལ་པ་ཡིན་ལ་དེ་ལ་འབྲེལ་པ་མེད་ཅེས་བརྗོད་དུ་མི་ རུང་བར་ཡང་སྨྲ་བས་བསྒྲུབ་པས་འབྲེལ་པ་མེད་པ་ཡང་ཡིན་ལ་འབྲེལ་པ་མེད་པ་ཉིད་དུ་གཞག་པར་འདོད་པས་སོ། །འོ་ན་ནི་མེད་པ་ལ་ཅི་ཞིག་དགག་ཅེ་ན། འབྲེལ་པ་བརྟགས་པས་ཁས་བླངས་པ་དེ་བཀག་པ་མེད་པའི་ཕྱིར་རོ། །གལ་ཏེ་ཁས་ བླངས་པའི་འབྲེལ་པ་དང་། འབྲེལ་པ་ཅན་གྱི་རྫས་ཀྱང་མེད་དེ་མ་འབྲེལ་པའི་རི་བོང་གི་རྫས་གཞན་འགའ་ཞིག་གོ་ཞེ་ན། ཁོ་བོ་འདོད་པ་ཉེ་བར་གཞག་པ་ཡིན་ཏེ། འདི་ལྟར་རྭ་དང་འབྲེལ་པའི་རི་བོང་མེད་ཅེས་པའི་ཕྱིར་རོ། །ཕ་རོལ་ཞེས་བྱ་བ་ནི་སྒྲུབ་པའི་ མཐའ་མཛད་པའོ། །ཕན་ཚུན་འགལ་བར་འགྲུབ་ཅིང་རང་གི་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པ་ཅན་གྱི་རྟགས་གཉིས་ཆོས་ཅན་གཅིག་ལ་དུས་གཅིག་ཏུ་འཇུག་པའི་འགལ་བ་མི་འཁྲུལ་བ་ཅན་ནོ། །འགལ་བ་མི་འཁྲུལ་བ་ཉིད་སྲིད་པ་མེད་པ་ལ་ཞེས་བྱ་བ་ནི་མེད་ན་མི་ འབྱུང་བ་དང་འགལ་བ་སྒྲུབ་པའི་གཏན་ཚིགས་ཀྱིས་ཟླ་དག་ཏུ་འགལ་བའི་ཕྱིར་རོ། །གལ་ཏེ་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་ལས་གཞན་པ་སྲིད་དོ་ཞེ་ན། མི་འཁྲུལ་བ་ཅན་གཞན་ནི་མི་སྲིད་དོ་ཞེས་བྱ་བ་སྨོས་ཏེ། འདིར་རང་གིས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་ བ་ཅན་ནི་འདོད་པ་དེ་ནི་རྟགས་གསུམ་པ་གཞན་འགའ་ཡང་མེད་པའི་ཕྱིར་དངོས་པོས་ཞུགས་པའི་རྟགས་ལ་འདིར་མི་སྲིད་དོ། །འོ་ན་གང་ལ་འདི་སྲིད་ཅེ་ན། རང་བཞིན་ཕྱིན་ཅི་ལོག་ཏུ་ཉེ་བར་སྟོན་པའི་ཕྱིར་དེ་ཕན་ཚུན་འགལ་བས་ཁྱབ་པའི་ཆོས་གཉིས་ཉེ་བར་སྦྱོར་བར་ བྱེད་པ་སྲིད་པའི་ཕྱིར་རོ། །དེ་ལྟར་ན་ལུང་ལ་བརྟེན་ཏེ་ལུང་གི་དོན་དེ་དཔྱད་པ་དག་ལ་འགལ་བ་དང་། རང་གིས་བསྒྲུབ་པར་བྱ་བ་ལ་ཡང་མི་འཁྲུལ་ཏེ་ལུང་གིས་ཚུལ་གསུམ་སྒྲུབ་པ་ཉིད་དུ་སྟོབས་མཚུངས་པའི་ཕྱིར། གང་གིས་ཀྱང་སུན་དབྱུང་བས་གནོད་པ་ནི་མི་ནུས་ཀྱི་ འོན་ཀྱང་ཕན་ཚུན་ཐེ་ཚོམ་དུ་བྱེད་པའི་ཕྱིར་གགས་དག་བྱེད་པའོ། །ཐམས་ཅད་དུ་སོང་བ་ཞེས་བྱ་བ་ནི་བ་ལང་ཉིད་ཀྱི་མིང་ནི་རང་གི་རྟེན་བ་ལང་དག་དང་དེས་སྟོང་པའི་ཡུལ་ནམ་མཁའི་ཕྱོགས་ལ་སོགས་པ་ཐམས་ཅད་དུ་ཡོད་པའོ་ཞེས་བྱ་བར་སྒྲུབ་པའོ། །གཏན་ཚིགས་ནི་རང་ དང་འབྲེལ་པ་ཅན་ཡུལ་ཐམས་ཅད་ན་གནས་པ་དག་དང་ཅིག་ཅར་དུ་མངོན་པར་འབྲེལ་པའི་ཕྱིར་ཞེས་བྱ་བ་སྟེ། སྤྱི་བ་ལང་ཉིད་དང་འབྲེལ་པ་ཅན་བ་ལང་གི་གསལ་བ་ཁྲ་བོ་དང་འཕེལ་རྒྱུད་ཕྱོགས་ཐམས་ཅད་ན་ཡོད་པ་དག་དང་། ཅིག་ཅར་དུ་མངོན་པར་འབྲེལ་པ་ཞེས་པ་ བ་ལང་གི་གསལ་བ་གཅིག་ལ་ཡོད་པའི་བ་ལང་གི་གསལ་བ་དག་ཀྱང་སྤྱི་མ་བཅད་པར་འབྲེལ་པ་སྟེ། སྤྱི་བ་ལང་ཉིད་ནི་གཅིག་པ་ཆ་ཤས་གཞན་དང་ཕན་ཚུན་གཡོ་བ་དང་བྲལ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གསལ་བས་སྟོང་པ་དག་ན་ཡང་སྤྱི་ཡོད་དོ། །དེ་ལྟར་ན་ མ་ཡིན་ན་དུམ་བུར་གྱུར་པས་གཅིག་ཉིད་ཉམས་ལ་གལ་ཏེ་གཅིག་པོ་འགྲོ་བས་རིམ་གྱིས་གསལ་བ་རྣམས་དང་འབྲེལ་པ་ནི་གཡོ་བའི་བྱ་བ་ཅན་དུ་ཡང་འགྱུར་ལ་ཅིག་ཅར་འབྲེལ་པར་ཡང་མི་འགྱུར་རོ། །དེ་ཉིད་བཤད་པའི་ཕྱིར་དེ་དང་འབྲེལ་པ་ཅན་གྱི་རང་བཞིན་ཙམ་ དང་ཞེས་བྱ་བ་སྨོས་ཏེ། བ་ལང་གི་གསལ་བ་གཅིག་དང་འབྲེལ་པ་ཅན་རང་བཞིན་ཙམ་སྟེ། དེ་ལ་ཐ་དད་མེད་དེ་གཅིག་ཉིད་ཡིན་པའི་ཕྱིར་རོ། །རང་བཞིན་དེ་ཁོ་ན་དང་ཡུལ་དང་རྫས་སོ་སོར་ངེས་པའི་གསལ་བ་ཐམས་ཅད་རྗེས་སུ་འབྲེལ་པའི་གསལ་བ་དེ་ ཐམས་ཅད་ཀྱི་ཡུལ་ན་སྤྱི་དེ་ཉིད་གནས་པ་ཡང་ཡིན་ཏེ། དེའི་ཕྱིར་བར་དག་ན་ཡོད་པར་འདོད་པའོ། །དེ་ལས་ཟློག་ན་ནི་གང་ཞིག་གང་ན་མེད་པ་དེ་ནི་ཞེས་བྱ་བ་སྨོས་ཏེ། དེ་གསལ་བའི་བར་རྣམས་ན་མེད་ན་ནི་གསལ་བ་ལྟར་ཡུལ་དང་རྫས་དང་ངེས་པའི་ཕྱིར་གསལ་བ་དེའི་ཡུལ་ ན་གསལ་བ་གཅིག་ལ་ཡོད་པའི་བདག་ཉིད་ཀྱིས་ཁྱབ་པ་མ་ཡིན་ཏེ། དཔེར་ན་གསལ་བ་དག་བཞིན་ནོ་ཞེས་ཟེར་རོ། །ཅིག་ཤོས་ན་རེ་གལ་ཏེ་ནམ་མཁའི་ཡུལ་དེ་བར་སྣང་ན་བུམ་པའི་གཟུགས་ཉིད་ཀྱི་སྤྱི་བོ་ཡོད་པ་མ་ཡིན་ཡང་བུམ་པའི་གསལ་བ་ཡུལ་ཐམས་ཅད་ན་གནས་པ་དག་གི་ ཡུལ་ན་གཟུགས་ཉིད་ཀྱིས་ཁྱབ་པ་ཅན་མ་ཡིན་ནམ། སོགས་པས་ནི་ཨུཏྤལ་སྔོན་པོ་དྲི་ཉིད་ཀྱི་སྤྱི་ཡང་བར་ན་ཡོད་པ་མིན་ཡང་ཨུཏྤལ་སྔོན་པོའི་གསལ་བ་ཡུལ་ཐམས་ཅད་ལ་གནས་པ་དག་གི་ཡུལ་ན་བདག་ཉིད་ཀྱིས་ཁྱབ་པ་མ་ཡིན་ནམ་ཞེས་བྱ་བས་དེའི་ཡུལ་ན་བདག་ཉིད་ཀྱིས་ཁྱབ་པར་ བྱེད་པ་ཉིད་བར་ན་མེད་པ་ཉིད་ལ་འཇུག་པས་མ་ངེས་པ་སྨྲའོ། །ཅིག་ཤོས་ལན་སྦྱིན་པ་ནི་ཡང་དག་པར་སྦྱོར་བ་དང་འདུ་བའི་དག་ལས་ཞེས་བྱ་བ་སྨྲ་སྟེ། དེ་ལ་ཡང་དག་པར་སྦྱོར་བ་ནི་ནམ་མཁའི་ཞེས་བྱ་བ་ཕྱོགས་ཅན་དང་ཕྱོགས་བུམ་པ་ལ་སོགས་པ་ཐ་དད་པ་དག་འབྲེལ་པར་ འདོད་པའོ། །འདུ་བས་ནི་བུམ་པ་དང་བུམ་པ་ཉིད་བདག་ཉིད་ཅིག་ཅར་འབྲེལ་བའོ། །དེས་ན་བུམ་པའི་གཟུགས་ཉིད་དང་ཨུཏྤ་ལའི་དྲི་ཉིད་གཅིག་ཡིན་ཡང་འབྲེལ་པའི་སྟོབས་ཀྱིས་གསལ་བ་ཐམས་ཅད་འབྲེལ་པ་དག་སྨྲ་བ་ནི་བསྟན་བཅོས་ཏེ། དྲང་སྲོང་གཟེགས་ཅན་གྱིས་བཤད་ པའི་ལུང་ཡིན་ནོ། །དེ་ལྟ་ན་ནི་གཟུགས་ཉིད་གཅིག་གིས་གསལ་བའི་བར་ན་མེད་ཀྱང་འདུ་བའི་སྟོབས་ཀྱིས་གསལ་བ་མཐའ་དག་དང་འབྲེལ་པར་འགྱུར་མོད་ཀྱི་བསྟན་བཅོས་ལས་བླངས་པ་བཞག་སྟེ། འཇིག་རྟེན་པའི་ཕྱོགས་ལ་བསྟན་ནས་ཞེས་བྱ་བ་མཐོང་བའི་ཚད་མ་ལ་བརྟེན་ཏེ་ དཔྱོད་པའོ། །གལ་ཏེ་འཇིག་རྟེན་པའི་ཕྱོགས་ལ་བརྟེན་ན་ཇི་ལྟ་བུ་ཞེ་ན། རྣམ་པར་བཅད་པ་དང་རྣམ་པར་མ་བཅད་པ་སྣའི་རྣམ་པར་ཤེས་པ་སྐྱེ་བའི་མཚན་ཉིད་དུ་སྨྲས་ཏེ་ཞེས་བྱ་བ་སྨྲ་སྟེ་འབྲེལ་པ་ཅན་དང་འབྲེལ་པ་དག་ཆད་པར་སྣང་བ་དང་མ་ཆད་པར་སྣང་བ་དག་གིས་ཐ་དད་པ་ དང་ཐ་མི་དད་པའི་འབྲེལ་པར་བརྗོད་དོ། །ཐ་དད་པ་དང་ཐ་མི་དད་པར་འབྲེལ་བ་གྲུབ་པ་དག་ལ་གོ་རིམས་བཞིན་དུ་ཡང་དག་པར་སྦྱོར་བ་དང་འདུ་བ་དག་གིས་འབྲེལ་པར་བརྗོད་པའོ། །དེ་ལྟར་ལུང་ལས་བསྟན་པ་བཞག་སྟེ། རིགས་པས་འོངས་པ་བཅད་པ་དེས་ན་སྤྱི་འདི་རང་གསལ་བ་ གཅིག་ལ་ཡོད་པ་ཙམ་དེ་དང་གསལ་བ་གཞན་མཐའ་དག་དང་འབྲེལ་པ་ཅན་ཡིན་པའི་ཕྱིར་བར་རྣམས་ལ་ཡང་གནས་པ་ནི་བསྒྲུབ་པར་བྱ་བའོ། །དེ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་དོན་ཙམ་སྟེ། ཅིག་ཅར་ཆ་ཤས་མེད་པར་འབྲེལ་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་གང་དག་ཁ་ཅིག་ ཅེས་བྱ་བའི་དོན་ཏོ། །གང་གི་རྟེན་ལ་ཁྱབ་པར་གྲུབ་ན་ཞེས་བྱ་བ་ནི་གསལ་བའི་བར་ན་མེད་པར་འདོད་པའོ། །དེས་ཀྱང་དེའི་ཡུལ་ན་གནས་པ་ཞེས་བྱ་བ་གསལ་བ་གཅིག་གི་ཡུལ་ན་གནས་པའི་སྤྱི་དེ་ཉིད་གཞན་དེ་དག་གི་ཡུལ་ན་ཡང་གནས་པར་ཅི་སྟེ་མི་འདོད་དེ། དེ་དེ་ལྟར་འདོད་ པ་ཉིད་མ་ཡིན་ནམ། དེ་ལྟར་འདོད་ན་ནི་གསལ་བའི་བར་ན་ཡང་ཡོད་པར་ཁས་བླངས་པ་ཡིན་ཏེ། སྤྱི་གཅིག་ཉིད་ཡིན་པའི་ཕྱིར་དང་གཡོ་བ་ཡང་མེད་པས་སོ། །གལ་ཏེ་སྤྱི་གསལ་བ་གཅིག་ལ་འབྲེལ་ནས་ཡང་ཡུལ་གཞན་ན་གནས་པ་དག་དང་རིམ་གྱིས་འབྲེལ་ཏོ་ཞེ་ན། བྱ་བ་མེད་པས་ ཞེས་བྱ་བ་སྨོས་ཏེ། ཕན་ཚུན་གཡོ་བའི་བྱ་བ་མེད་པའི་ཕྱིར་རིམ་གྱིས་མི་སྲིད་དོ། །གལ་ཏེ་གསལ་བ་གཅིག་དང་འབྲེལ་པ་དེ་གཡོ་བ་མེད་ན་ནི་གསལ་བ་ཉིད་ལ་འབྲེལ་གྱི་བར་ན་མེད་པའི་ཕྱིར། གསལ་བ་མེད་པའི་ཡུལ་གཞན་དུ་སྔོན་མ་བྱུང་བའི་བ་ལང་གི་གསལ་བའི་དངོས་པོ་སྐྱེས་ པ་ན་སྤྱི་དེ་སྔར་དེ་ན་མེད་པའི་ཕྱིར་དང་དེར་འགྲོ་བ་ཡང་མེད་པའི་ཕྱིར་གསལ་བ་དེ་དང་སྤྱིར་འབྲེལ་པར་མི་རིགས་པའི་ཕྱིར་དེ་བ་ལང་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །སྤྱི་རང་གི་རང་བཞིན་གཅིག་དང་གསལ་བ་ཐམས་ཅད་འབྲེལ་པ་ནི་བར་ན་ཡོད་པ་མེད་ན་མི་འབྱུང་བའོ། །ཉི་མའི་འོད་ཀྱིས་ ཞེས་བྱ་བ་གཅིག་གིས་མང་པོ་དང་འབྲེལ་པ་ནི་བར་སྟོང་པ་དག་ན་ཡང་ཡོད་པས་ཁྱབ་པའི་ཡུལ་བསྟན་པའོ། །དམིགས་པའི་རིག་བྱར་གྱུར་བ་ལ་ཞེས་བྱ་བ་ནི་སྤྱི་ནི་དབང་པོས་གཟུང་བར་འདོད་པས་སོ། །མངོན་པར་གསལ་བའོ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའོ། ། གལ་ཏེ་གསལ་བ་ཡོད་པའི་ཡུལ་ན་ནི་གསལ་བ་དེའི་བར་ན་ནི་མི་གསལ་ལོ་ཞེ་ན། ཐ་མི་དད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ་སྤྱི་དེ་ནི་གཅིག་ཉིད་ཡིན་པའི་ཕྱིར་རོ། །གཅིག་ལ་གསལ་བ་ལྟར་ཞེས་བྱ་བ་བ་ལང་ལ་གསལ་བ་ལྟར་བ་ལང་དེའི་བར་དག་ན་ཡང་གསལ་བར་འགྱུར་ཏེ་མི་གསལ་བས་སྟོང་པ་ སྟེ། གསལ་བ་གཅིག་པུ་ཡིན་པའི་ཕྱིར་རོ། །གལ་ཏེ་བསྒྲིབས་པའམ་གནས་ཐག་རིང་བའི་ཕྱིར་མི་གསལ་ལོ་ཞེ་ན། གཅིག་ཉིད་ཡིན་པ་དེའི་ཕྱིར་བསྒྲིབས་པ་ཡང་མ་ཡིན་ལ་ཞེས་བྱ་བ་ནི་བསྒྲིབས་པས་ཀྱང་མི་གསལ་བར་མི་རུང་སྟེ། མི་གསལ་བ་སྟོང་པའི་ཕྱིར་རོ། །གནས་ཐག་རིང་བ་བས་ཀྱང་ བར་དུ་མི་གསལ་བར་མི་རིགས་ཏེ་སྔ་མ་བཞིན་ནོ། །གལ་ཏེ་བར་ན་ཡོད་པ་ལ་མཐོང་བའི་རྒྱུ་མེད་དོ་ཞེ་ན། མཐོང་བའི་བདག་ཉིད་ཀྱང་དབང་པོ་དང་རང་གི་རྟེན་གསལ་བར་འབྲེལ་པ་སྟེ། དེས་སྤྱི་གསལ་བར་བྱེད་པའོ། །དེ་ནི་སྤྱི་གཅིག་པ་ཉིད་ཡིན་པ་ན་ཡོད་པ་འདི་ལ་ཡང་ཡོད་དེ་སྤྱི་ཐ་དད་པ་མེད་པ་ཉིད་ཀྱི་ ཕྱིར་རྟེན་འདུ་བ་ཅན་ཏེ། འདུ་བ་མ་འབྲེལ་པ་ཡང་མ་ཡིན་པ་སྟེ་བར་ན་གནས་པ་མ་འབྲེལ་ལ་གསལ་བ་གནས་པ་འབྲེལ་པ་ནི་གཅིག་ཉིད་དུ་མི་འགྱུར་རོ། །གལ་ཏེ་སྤྱིའི་ཡུལ་ན་གནས་པའི་གསལ་བ་དང་། དབང་པོའི་སྦྱོར་བ་ལ་མི་གསལ་བ་ལྟོས་ན། སྤྱི་དེ་རྟེན་དང་ཡུལ་མཚུངས་པ་ནི་མཐོང་བ་བར་ན་ གནས་པ་ཡུལ་མི་མཚུངས་པ་ནི་མི་མཐོང་བས་ན་རྟེན་དང་མཚུངས་པ་དང་མི་མཚུངས་པར་འགྱུར་རོ། །འགལ་བ་ཡང་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་མཚུངས་པ་དང་མི་མཚུངས་པ་སྤྱི་གཅིག་ལ་འགལ་བ་འབའ་ཞིག་ཏུ་མ་ཟད་པ་གཅིག་ལ་ཐེ་ཚོམ་སྐྱེད་པར་བྱེད་དོ་ཞེས་བྱ་བར་སྤྱི་གཅིག་ བར་ན་གནས་པ་དང་། མི་གནས་པར་ཐེ་ཚོམ་སྐྱེད་པར་བྱེད་དོ། །འགལ་བའི་ཆོས་དང་འབྲེལ་པ་ཅན་ཉིད་གཉིས་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་ངེས་པའི་ཆོས་གཉིས་སོ། །དེ་ཡང་འདིར་ནི་རང་གི་ངོ་བོ་ཙམ་དང་ཅིག་ཅར་མཐའ་དག་འབྲེལ་པ་དང་དབང་པོས་གཟུང་བར་བྱ་བ་དག་གོ། །གཅིག་ལ་ དེ་དག་མེད་དོ་ཞེས་བྱ་བ་ནི་ཆོས་ཅན་གཅིག་ལ་འགལ་བ་མི་འཁྲུལ་པའི་རྟགས་ཀྱི་དངོས་པོས་འཇུག་པ་མེད་པའོ། །གལ་ཏེ་དེ་ལྟར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་བྱས་པའི་ཕྱིར་ཞེས་བྱ་བ་དངོས་པོའི་སྟོབས་ཀྱིས་ཞུགས་པ་ལས་འགལ་བ་མི་འཁྲུལ་པ་ཅན་བསྟན་པ་ཇི་ལྟ་བུ་ཞེ་ན། སློབ་དཔོན་གྱིས་ནི་ཞེས་ བྱ་བ་ལ་སོགས་པ་སྨོས་སོ། །ཕྱོགས་ཙམ་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའོ་ཞེས་བྱ་བར་མ་བྱས་པར་གཉི་ག་ཡང་ལུང་ལས་གྲགས་པར་མཚུངས་པ་ཙམ་དུ་དགོངས་ནས་གསུངས་པའོ། །འདིར་གཞན་དག་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་དགོངས་པ་འདི་ལྟར་འདྲེན་ཏེ་སློབ་ དཔོན་གྱིས་དཔེར་བརྗོད་པ་ནི་ལེགས་པར་རྫོགས་པ་ཡིན་ཏེ། བྱ་བ་ཉིད་གཏན་ཚིགས་ཡིན་ལ་སྒྲ་ཉིད་འགལ་བ་མི་འཁྲུལ་པ་ཅན་ཞེས་བྱ་བ་གཏན་ཚིགས་ལྟར་སྣང་བ་ཉིད་ཡིན་པར་སྟོན་པར་བཞེད་པས་སོ་ཞེས་ཟེར་རོ། །སྒྲ་ཉིད་ཅེས་བྱ་བ་སྒྲ་སྤྱིའི་གསལ་བ་ལས་ལྡོག་པ་ཅན་དེ་ཐ་དད་པ་དང་། སྤྱི་ དེ་ཉིད་དབང་པོས་རྟོགས་པར་བྱ་བ་དང་། དེ་ཉིད་རྟགས་དེ་གསུམ་པོ་འདི་དག་ནི་བྱེ་བྲག་པ་དང་དཔྱོད་པ་འདིའི་ཚད་མ་མ་ཡིན་པས་འཇུག་སྟེ་ཁས་ལེན་པའོ། །གལ་ཏེ་བྱས་པ་ཉིད་བྱེ་བྲག་པའི་ལུང་ལས་གྲགས་པ་ཡིན་པའི་ཕྱིར། གཉི་ག་མཚུངས་པའི་ཕྱིར་འགལ་བ་མི་འཁྲུལ་པ་ཅན་ཡིན་ ནོ་ཞེ་ན། བྱས་པའི་གནས་སྐབས་ཀྱང་ཞེས་བྱ་བ་ནི་བྱས་པའི་རང་བཞིན་ནི་ལུང་ལ་མི་བརྟེན་ཏེ། ལུང་མེད་པ་དག་གིས་ཀྱང་ཚད་མས་རྟོགས་པའི་ཕྱིར་ལུང་ལས་བཀོད་པ་མ་ཡིན་ནོ། །དེའི་ཕྱིར་མཚུངས་པ་མ་ཡིན་ནོ། །གལ་ཏེ་སྒྲ་ཉིད་ཀྱང་དངོས་པོ་སྟེ་གཟུང་བར་བྱ་བ་ཡིན་ནོ་ཞེ་ན། བསྒྲུབ་པར་ བྱ་བ་ཡང་འབྲེལ་པ་ལས་ཡིན་ན་ཞེས་བྱ་བ་སྨོས་ཏེ། མཉན་པར་བྱ་བ་ཉིད་ཅེས་བྱ་བ་སྒྲ་ཉིད་ཚད་མས་གྲུབ་ཏུ་ཆུག་ན་ཡང་རྟག་པ་དང་འབྲེལ་པ་ནི་ནམ་ཡང་གྲུབ་པ་མེད་དེ། དེ་དམིགས་པའི་ཕྱིར་དང་། རྟག་པ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ཡང་མེད་དེ་བརྟགས་པར་ལྡོག་པ་མེད་པ་ལ་ ལྡོག་པ་མི་སྲིད་ལ་དེ་མེད་ན་རྗེས་སུ་འགྲོ་བ་ཡང་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རབ་ཏུ་བྱེད་པ་དང་། དམ་བཅའ་བ་དང་གཏན་ཚིགས་དག་བསྟན་ནས། ད་ནི་དཔེའི་རབ་ཏུ་བྱེད་པ་བསྟན་པའི་ཕྱིར། གཏན་ཚིགས་མཚན་ཉིད་གསུམ་ཉིད་ཕྱིར། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཏན་ཚིགས་ནི་བསྒྲུབ་པར་བྱ་བ་རྟོགས་པའི་རྒྱུའོ། །དེ་ཙམ་གྱིས་རྗེས་སུ་དཔག་པ་སྐྱེད་ནུས་པའི་ཕྱིར་རོ། །དཔེ་དག་ལོགས་ཤིག་མི་བརྗོད་དོ། །འདི་ལྟར་དཔེ་ནི་གཏན་ཚིགས་ཀྱི་ཁོངས་སུ་འདུས་པ་ཡིན་གྱི་རྟགས་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པ་ནི་མ་ ཡིན་ནོ། །དེ་ཙམ་གྱིས་དོན་རྟོགས་པའི་ཕྱིར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་རྟོགས་པ་དེ་རྗེས་སུ་དཔག་པ་སྐྱེ་བའོ། །གལ་ཏེ་དཔེ་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པ་མ་ཡིན་པས་དཔེའི་མཚན་ཉིད་ཤེས་པར་བྱ་བའི་ཕྱིར་ཅི་སྟེ་མི་བསྟན་ཞེ་ན། དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པ་དེ་ཉིད་ ཀྱིས་དཔེའི་མཚན་ཉིད་ཀྱང་རྟོགས་པར་ནུས་པའི་ཕྱིར་ཏེ། འདི་ལྟར་གཏན་ཚིགས་ཀྱི་མཚན་ཉིད་ནི། བྱེ་བྲག་མེད་པར་ཞེས་བྱ་བ་དེ་ལས་བྱུང་བ་དང་དེའི་བདག་ཉིད་ཀྱིས་འབྲེལ་པས་མ་ཕྱེ་བར་རོ། །གཞན་དུ་ན་ཞེས་བྱ་བ་ནི་དཔེ་བསྟན་པ་ལས་གཞན་དུ་སྤྱིའི་མཚན་ཉིད་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་ མཐུན་པའི་ཕྱོགས་ལ་མེད་པ་དང་། དེའི་འབྲས་བུ་ཉིད་དུ་ངེས་པའམ། རང་བཞིན་གྱིས་ཁྱབ་པ་དག་བསྟན་པར་མི་ནུས་ཏེ། འདི་ལྟར་ཚང་བང་ལ་སོགས་པ་རྒྱུ་དང་འབྲས་བུ་གཉིས་ཀ་དམིགས་ན་འབྲེལ་པ་འཛིན་པ་དེ་ཉིད་ཀྱི་རྗེས་སུ་འགྲོ་བར་གོ་བར་འགྱུར་རོ། །འབྲེལ་པ་ལ་སོགས་གཉི་ག་མེད་ན་ལྡོག་པར་རྟོགས་པར་འགྱུར་ རོ། །འདི་ཡང་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པ་འདི་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་དོན་བསྟན་པ་ན་སྟེ། ཚང་བང་དང་གཞན་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ནི་དཔེའི་མཚན་ཉིད་བསྟན་པ་ཡིན་ཏེ། དཔེའི་མཚན་ཉིད་རྗེས་སུ་འགྲོ་བ་ལ་ཚང་བང་ལྟ་བུའོ་ཞེས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ གཉི་ག་ངེས་པར་བརྗོད་པ་དང་འབྲེལ་པ་ལ་སོགས་པ་ལ་གཉི་ག་མེད་པར་ངེས་པར་བསྟན་པ་དེ་ཙམ་དུ་ཟད་པས་སོ། །དེ་དག་གིས་དཔེའི་སྐྱོན་རྣམས་ཀྱང་གསལ་བ་ཡིན་ཏེ་ཞེས་བྱ་བ་ནི་དཔེའི་མཚན་ཉིད་མཐུན་པའི་དཔེ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གཉི་ག་ཡོད་པར་ངེས་ཤིང་ཅིག་ཤོས་ནི་གཉི་ག་ མེད་པར་ངེས་པར་རྗེས་སུ་འགྲོ་བ་དང་། ལྡོག་པ་ངེས་པ་ཅན་དུ་བསྟན་པ་ཉིད་ཀྱིས་མཐུན་པའི་དཔེ་ལ་མ་ཚང་ངམ་མ་ངེས་སམ། རྗེས་སུ་འགྲོ་བ་མ་ཚང་ན་དཔེ་མ་ཡིན་ནོ་ཞེས་དོན་གྱིས་རྟོགས་ཏེ་དཔེ་དོན་མི་བྱེད་པའི་ཕྱིར་རོ། །ཅིག་ཤོས་ཀྱང་གཉི་ག་མེད་པར་མ་གྱུར་ཏམ་མ་ངེས་སམ། ལྡོག་པ་མེད་དམ། མ་ བསྟན་ན་དཔེ་ལྟར་སྣང་བའོ་ཞེས་རྟོགས་ཏེ་རང་གི་དོན་མི་ནུས་པའི་ཕྱིར་རོ། །དེའི་ཚུལ་ལ་རེག་མིན་ཉིད་འགྱུར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་ཚུལ་ཕྱོགས་ཀྱི་ཆོས་དང་འབྲེལ་པའོ། །དེ་ལ་མ་རེག་པ་ནི་དེའི་རང་བཞིན་མི་ལྡན་པའོ། །དེ་ལྟ་བུའི་ཤེས་པར་འདོད་པའི་ཆོས་དང་བསྒྲུབ་པར་བྱ་བ་དག་དང་མ་འབྲེལ་ ཕྱིར་ན་དོན་མེད་པའོ། །གལ་ཏེ་ཆོས་ཅན་བསྒྲུབ་པར་བྱ་བ་དག་དང་འབྲེལ་ན་ནི། གཏན་ཚིགས་ཀྱི་རང་བཞིན་ཡིན་པའི་ཕྱིར། དཔེ་ཞེས་མིང་ཙམ་ལ་དགག་པ་མེད་དོ། །གལ་ཏེ་རང་བཞིན་དེ་དག་མི་ལྡན་ན་ནི་སྒྲུབ་པར་བྱེད་པའི་དོན་མེད་དོ། །ཆོས་ཅན་དང་མ་འབྲེལ་པར་བསྒྲུབ་པར་བྱ་བ་དང་། མ་འབྲེལ་བས་ནི་ འདོད་པ་རྟོགས་པ་མེད་དེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྱོད་ཅི་ལྟར་ན་ཡང་དཔེའི་ཕྱོགས་ཀྱི་ཆོས་སྟོན་པ་ནི་མ་ཡིན་ནམ་ཞེ་ན། བདེན་ཏེ་འདི་ཕྱོགས་དང་མ་འབྲེལ། །ཞེས་སྨོས་པ་ནི་དེའི་གཏན་ཚིགས་ལས་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པར་འགྱུར་བ་དགག་པའི་ཕྱིར་ཏེ། གཏན་ཚིགས་ཀྱི་ མཚན་ཉིད་གསུམ་དང་བྲལ་བ་ལ་སྒྲུབ་པར་བྱེད་པ་མི་སྲིད་དོ་ཞེས་བསྟན་པའི་དོན་དུའོ། །དཔེ་གཏན་ཚིགས་ལས་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་གཏན་ཚིགས་ཀྱི་མཚན་ཉིད་ཤེས་པར་བྱ་བའི་ཡན་ལག་ཡིན་ལ། གཏན་ཚིགས་ཀྱི་མཚན་ཉིད་རྟོགས་པས་ནི་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་ པའི་ཕྱིར་རོ། །གཞན་དུ་གལ་ཏེ་གཏན་ཚིགས་ཀྱི་མི་འཁྲུལ་པའི་ཆོས་ཉིད་རྗེས་སུ་འགྲོ་བ་དང་། ལོག་པ་དག་དང་འབྲེལ་པ་གཉིས་དཔེ་ཡིས་རབ་ཏུ་མི་སྟོན་ན། བསྒྲུབ་པར་བྱ་བ་བསྒྲུབས་པས་དཔེ་དེས་ཅི་ཞིག་ཕན་པར་བྱེད་དེ། འདི་ལྟར་དཔེ་དེ་ཆོས་ཅན་དང་མ་འབྲེལ་པའི་ཕྱིར་ཚང་བང་དུ་མཐོང་བའི་དུ་བའི་ རྒྱ་མཚོར་མེ་བཞིན་ནོ། །གལ་ཏེ་ཉེ་བར་འཇལ་བའི་ཚད་མ་ནི་དཔེ་ཡིན་ཏེ། འདི་ལྟར་བ་མེན་མ་རྟོགས་པ་ལ་རྟགས་སྦྱར་བ་མེད་པར་བ་མེན་བ་ལང་འདྲ་བའོ་ཞེས་བསྟན་པ་ནི་བ་མེན་གྱི་རྣམ་པ་རྟོགས་པའོ་ཞེ་ན། དེ་ལ་ཡང་བ་མེན་རྟོགས་པ་ནི་མེད་ཀྱི་བ་ལང་གི་རང་བཞིན་ཅན་གྱི་རྣམ་པ་འབའ་ཞིག་གོ། །གལ་ཏེ་རྭ་ ཅན་ལ་སོགས་པ་རྣམ་པ་འདྲ་བའི་ཕྱིར་རྟོགས་སོ་ཞེ་ན། འགའ་ཞིག་གི་འདྲ་བ་ཙམ་གྱིས་བདག་ཉིད་གཞན་བ་ལང་ལས་ཐ་དད་པའི་ཆོས་ཀྱང་། སོ་སོར་ངེས་པར་ཉེ་བར་འཇལ་བས་བསྒྲུབ་པར་འགྱུར་བ་མེད་དོ། །འདི་ལྟར་དོན་རྣམས་ལ་ཚུལ་གང་དག་ཀྱང་ཅུང་ཟད་དམ་མང་བ་ཇི་ལྟར་མི་འདྲ་བ་ནི་མེད་དེ་བུམ་པ་ དང་། བ་མེན་དུ་ཡང་གཟུགས་ཉིད་དང་། །ཤེས་བྱ་ཉིད་ལ་སོགས་པ་འདྲ་བའི་ཕྱིར། །དེས་བ་མེན་ཉེ་བར་འཇལ་བར་འགྱུར་རོ། །གལ་ཏེ་ཅུང་ཟད་འདྲ་བས་བདག་ཉིད་ཐམས་ཅད་མཚུངས་པར་རྟོགས་ན་ནི། སྣ་ཚོགས་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་ཏེ། ཅུང་ཟད་མི་འདྲ་བ་ནི་མེད་པའི་ཕྱིར་རོ། ། གལ་ཏེ་དེ་ལྟ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། མངོན་སུམ་ལ་སོགས་པས་གནོད་པའི་ཕྱིར་རོ། །འདྲ་བ་ཙམ་ཐམས་ཅད་ནི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ཏེ། དེའི་ཕྱིར་བསྒྲུབ་པར་བྱ་བ་དེས་མངོན་པར་ཁྱབ་པ་སྟེ་ངེས་པ་ཡོད་པའི་ཁྱབ་པར་བྱ་བའི་ཆོས་ཀྱི་འབྲེལ་པ་སྟེ། ཁྱབ་པར་བྱེད་པ་ལ་རག་ ལས་པའི་དངོས་པོ་དེ་དང་ལྡན་པ་སྟེ། རང་བཞིན་དེ་དང་གཏན་ཚིགས་དང་ལྡན་པར་དཔེས་རབ་ཏུ་སྟོན་པའི་ཕྱིར། ཁྱབ་པ་རབ་ཏུ་སྟོན་པའི་འདྲ་བ་དཔེ་ཞེས་བྱ་བ་དེ་ཁོ་ན་སྒྲུབ་པའི་ཡན་ལག་སྟེ། དེ་ཡང་གཏན་ཚིགས་ཀྱི་མཚན་ཉིད་རྟོགས་པའི་ཡན་ལག་གི་ཚུལ་གྱིས་བརྒྱུད་པས་སྒྲུབ་པར་བྱེད་པར་བརྗོད་ཀྱི་དཔེ་ དངོས་སུ་བསྒྲུབ་པར་བྱ་བའི་རྟོགས་པ་ནི་མེད་དོ། །དེས་ན་དཔེ་འདི་མངོན་པར་སྒྲུབ་པར་བྱེད་པ་རང་རྒྱུད་པ་མ་ཡིན་ཏེ། དེ་མ་འབྲེལ་པ་ན་ཞེས་བྱ་བ་དཔེ་དེ་ཆོས་ཅན་ལ་མ་འབྲེལ་ན་སྟེ་འབྲེལ་པ་མ་ཡིན་པས་དོན་མེད་པ་ཅན་ཡིན་ནོ། །ཡང་ན་གཏན་ཚིགས་དེ་དཔེས་འབྲེལ་པ་མ་བསྟན་དཔེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཁོ་ན་ བསྒྲུབ་པར་མི་ནུས་པའི་ཕྱིར་དོན་མེད་པ་ཅན་ཡིན་ནོ། །གལ་ཏེ་གཏན་ཚིགས་དེ་འབྲེལ་པ་བསྒྲུབ་ན་ནི། དེ་ཉིད་ཀྱིས་ཕྱོགས་རྟོགས་པའི་ཕྱིར་དཔེ་ལོགས་ཤིག་ཏུ་དོན་བྱེད་པ་མེད་པ་ཅན་ཡིན་ནོ། །རྟོགས་པའི་ཚིག་གི་དོན་བརྒྱད་དེ་མངོན་སུམ་དང་དེར་སྣང་བ་ལ་སོགས་པའོ། །དེ་ཡང་ལེའུ་དང་པོས་ནི་མངོན་སུམ་དང་ མངོན་སུམ་ལྟར་སྣང་བ་གཉིས་བསྟན་ཏོ། །གཉིས་པས་ནི་རྗེས་སུ་དཔག་པ་དང་། དེར་སྣང་བ་གཉིས་སོ། །གསུམ་པས་ནི་སྒྲུབ་པ་དང་། དེར་སྣང་བ་དང་། སུན་འབྱིན་པ་ངོ་བོ་དང་། དེར་སྣང་བ་དག་བསྟན་པ་ལས་དྲུག་བཤད་ཟིན་པས། ད་ནི་སུན་འབྱིན་པ་དེར་སྣང་བ་དག་བཤད་པར་བཞེད་ནས། མ་ཚང་ བ་ལ་སོགས་པ་བརྗོད་པ་སུན་འབྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མ་ཚང་བ་ལ་སོགས་པ་ཞེས་བྱ་བ་ནི་མ་གྲུབ་པ་དང་། མ་ངེས་པ་དང་། འགལ་བ་དག་གི་དབྱེ་བ་རྒྱས་པར་བསྟན་པ་རྣམས་སོ། །དེ་དག་རྗོད་པར་བྱེད་པ་ནི་ཞེས་བྱ་བ་ནི་རྒོལ་བ་གང་སྒྲུབ་པ་མ་ཚང་བ་ལ་སོགས་པ་སྨྲ་བ་དེས། སྨྲ་ བ་ན་ཕྱིར་རྒོལ་བས་དེ་ཁོ་ན་ལྟར་ཕྱིར་རྗོད་པར་བྱེད་པ་སྟེ། མ་ཚང་བ་ལ་མ་ཚང་བ་ཞེས་བྱ་བ་ལ་སོགས་པ་ཕྱིན་ཅི་མ་ལོག་པར་བརྗོད་ན། ཕྱིར་རྒོལ་གྱིས་བརྗོད་པ་དེ་དག་ནི་སུན་འབྱིན་པ་ཞེས་བྱ་སྟེ། ཚིག་དེས་ནི་ཕ་རོལ་དེ་རྒོལ་བའི་འདོད་པའི་དོན་གྲུབ་པ་ལ་གེགས་བྱེད་པའི་ནུས་པའི་ཕྱིར། གལ་ཏེ་སྐྱོན་མ་བརྗོད་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་བརྗོད་པར་འདོད་པ་གྲུབ་པ་ལ་གེགས་བྱེད་དོ་ཞེས་བརྗོད་པ་དེ་ནི་མི་རིགས་ཏེ། དོན་དེ་ཉིད་མ་ཚང་བ་ལ་སོགས་པར་གནས་པས་མི་ནུས་པ་ཡིན་གྱི། བརྗོད་པས་མི་ནུས་པར་མི་བྱེད་སྙམ་པའི་ཀླན་ཀའོ། །སྐྱེས་བུའི་ནུས་པ་གྲུབ་པོ་ཞེས་བྱ་བ་ ནི་ལོག་པར་རྟོགས་པ་ཅན་དང་། ཡང་དག་པའི་ཤེས་པ་ཅན་ཉིད་ཀྱིས་སྐྱེས་བུའི་བྱེ་བྲག་གིས་རང་གི་འདོད་པ་གྲུབ་པར་མི་ནུས་པ་དང་། གཞན་དགག་པར་འདོད་པ་ནུས་པའི་ཕྱིར། རྩོད་པ་འཕེན་པ་དང་། རྒྱལ་བའི་བྱེ་བྲག་ནི་བརྗོད་པས་གྲུབ་སྟེ། སྒྲུབ་པ་སུན་འབྱིན་པ་དག་གིས་ཕམ་པ་དང་། རྒྱལ་བ་དག་ གི་ནུས་དེ་ཡང་བརྗོད་པ་ལས་གཞན་གྱིས་མི་འགྲུབ་པའི་ཕྱིར་བརྗོད་པ་ནི་སུན་འབྱིན་པ་ཞེས་བྱ་སྟེ། དེ་ཡང་སྐྱོན་དེ་ལྟ་བུར་རྗོད་པར་བྱེད་པ་སྟེ། མ་ཚང་བ་ལ་སོགས་པའི་སྒྲུབ་པ་སྨྲས་ཟིན་པ་ནི་ཕྱིར་རྒོལ་བས་ཀྱང་མ་ཚང་བ་ལ་སོགས་པ་ཉིད་སྐྱོན་བརྗོད་ཟིན་པའི་ཕྱིར། ཡང་རྒོལ་བས་ཡོངས་ སུ་རྫོགས་པར་སྨྲ་བ་ལ་སོགས་པ་སྟེ། གཞན་དུ་བསྒྲུབ་པ་ལ་སོགས་པས་ལེགས་པར་འཇོག་པར་བྱེད་ན། ཕྱིར་རྒོལ་བས་སྐྱོན་བརྗོད་པས་དེས་རྒོལ་བའི་འདོད་པ་ཕྱི་མའི་གགས་མི་བྱེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་གཞན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། སྔ་མའི་མཚན་ཉིད་ཡིན་ན་དེ་གྲུབ་པར་བྱེད་པ་ གཞན་ཡིན་པའི་ཕྱིར། སྔ་མའི་གགས་བྱེད་པའི་ཕྱིར། སུན་འབྱིན་པ་ཉིད་ཡིན་ནོ། །ཕྱོགས་སྔ་མ་སྨྲ་བར་འདོད་པ་དང་བཅས་པར་གྱུར་ན་ཞེས་བྱ་བ་ནི། ཚང་བར་འདོད་པ་ལ་སོགས་པས་སྨྲ་བའི་བསམ་པ་རྫོགས་པའི་ཕྱིར་སྨྲ་བར་འདོད་པ་དང་བཅས་པར་གྱུར་ན་ནི། བར་དེར་མ་ཚང་བ་ལ་སོགས་ པ་སྐྱོན་བརྗོད་ཀྱང་སྐབས་མ་ཡིན་པའི་ཕྱིར་སུན་འབྱིན་པ་མ་ཡིན་ནོ། །ངག་གནས་པར་གྱུར་པ་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་སྨྲ་བ་ནི་བརྗོད་པར་འདོད་པ་རྫོགས་པར་གྱུར་ནའོ། །དེ་ལྟ་བས་ན་ཁྱེད་སྨྲ་བ་ཡོངས་སུ་རྫོགས་སམ་ཞེས་དྲིས་ཏེ། རྫོགས་སོ་ཞེ་ན་སུན་འབྱིན་པར་བརྗོད་པར་བྱའོ། །གཞན་དུ་ན་སུན་ འབྱིན་པ་ལྟར་སྣང་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ངག་གནས་པར་གྱུར་པ་ན་དེ་ལ་སྐྱོན་བརྗོད་པ་ནི་དེ་གྲུབ་པར་བྱ་བ་ལ་སུན་འབྱིན་པ་ཉིད་དོ་ཞེས་གསུངས་ཏེ། །གཞན་དུ་ནི་མ་ཡིན་ཏེ། དེ་ཉིད་དེར་སྣང་བ་སྟེ་སུན་འབྱིན་པའི་གནས་སུ་སྦྱར་ལ་སུན་མི་ཕྱིན་པའི་ཕྱིར་རོ། །དེར་སྣང་བ་ནི་ལྟག་ཆོད་དེ་སུན་ འབྱིན་པའི་གནས་སུ་སྨྲ་བ་སུན་འབྱིན་པར་མི་ནུས་པ་སྟེ་ཉེས་པ་མ་ཡིན་པ་བརྗོད་པའོ། །དེའི་ཕྱིར། ཉེས་པ་ཉེ་བར་བརྗོད་མིན་པ། །ཞེས་བྱ་བ་གསུངས་སོ། །གལ་ཏེ་ལྟག་ཆོད་ཀྱི་རབ་ཏུ་བྱེད་པ་ནི་གྲངས་ངེས་པར་ཐུབ་པ་རྐང་མིག་ལ་སོགས་པས་བསྟན་ན་དེ་འདིར་ཅིའི་ཕྱིར་མ་བསྟན་ཞེ་ན། ལོག་པའི་ལམ་ ལ་མཐའ་མེད་ཉིད། །ཕྱིར་ན་དེ་འདིར་སྤྲོས་མི་བྱ། །ཞེས་བྱ་བ་སྨོས་སོ། །མཐའ་མེད་ཡང་ཅིའི་ཕྱིར་ཞེ་ན། ལོག་པའི་ལམ་གྱི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་དག་ལ་མཐའ་མེད་དེ་འདོད་རྒྱལ་དུ་འཇུག་པའི་ཕྱིར་རོ། །ཇི་སྐད་སྨྲ་བའི་མཚན་ཉིད་ཅེས་བྱ་བ་ནི་ཐུབ་པ་རྐང་མིག་གིས་སྨྲས་པའི་ མཚན་ཉིད་དོ། །ལྟག་ཆོད་དེ་དག་གི་ནང་དུ་ཡང་མི་འདུ་བས་ན་གཞན་ཡིན་ནོ། །འོན་ཏེ་སུན་འབྱིན་པ་ཡིན་ན་ཡང་ལྷག་པའི་ལྟག་ཆོད་ཏུ་མི་འགྱུར་ན་དེ་སུན་འབྱིན་པའི་ནང་དུ་ཡང་མི་འདུ་སྟེ། འདི་ལྟར་ཉེས་པ་ཉེ་བར་མི་བརྗོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བདག་མེད་ཅེས་བྱ་བ་སྒྲའི་དོན་རྣམ་པར་རྟོག་པའི་ ཡུལ་ནི་མི་འགོག་པར་དེ་ལ་སྐུར་པ་མི་འདེབས་ཀྱི། འོན་ཀྱང་བདག་ཁས་ལེན་པ་ཉིད་ཀྱང་མ་ཡིན་ཏེ། རང་གི་མཚན་ཉིད་དེའི་ཕྱིར་དོན་དུ་བདག་མེད་དོ་ཞེས་འགོག་པའི་ཕྱིར་མེད་ཅེས་བྱ་བའི་སྨྲ་བ་དང་མི་འགལ་ལོ། །གལ་ཏེ་རྣམ་པར་རྟོག་པ་ལ་སྣང་བའི་བདག་སྒྲའི་དོན་ཅིའི་ཕྱིར་མི་འགོག་ཅེ་ན། དེ་ནི་ བསྒྲུབ་པར་མི་འདོད་པའི་ཕྱིར་བསྒྲུབ་པར་བྱ་བའི་དོན་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་པའི་ཕྱོགས་ཀྱི་མཚན་ཉིད་ཀྱིས་བསྟན་ཟིན་ཏོ། །དེ་མི་འདོད་པ་ཡང་ཅིའི་ཕྱིར་ཞེ་ན། རྟོག་པ་དང་ལྡན་པ་དག་ནི་ཕྱིའི་ཁོ་ན་ལ་གཏད་ནས་བཀག་པ་དང་། བསྒྲུབ་པའི་ཐ་སྙད་དག་བྱེད་དེ་དོན་བྱེད་པ་དང་འབྲེལ་པའི་ ཕྱིར་རོ་ཞེས་ལེའུ་འདི་ཉིད་དུ་བསྟན་ཟིན་ཏོ། །དེའི་བློ་ལ་སྣང་བ་ཡོད་མོད་ཀྱི་དེ་བཏང་སྙོམས་སུ་བྱས་ནས། དེས་དོན་བྱེད་པ་མེད་པའི་ཕྱིར་རོ། །འདོད་པ་དང་ལྡན་པའི་སྐྱེས་བུ་ནི་མ་ནིང་གི་གཟུགས་ལ་རྟོགས་པ་མི་བྱེད་དོ་ཞེས་སོ། །གལ་ཏེ་གང་ཡང་རུང་བའི་ཤན་ཙམ་གྱིས་ཞེས་བྱ་བ་སུན་འབྱིན་པའི་ གནས་སུ་རྗེས་སུ་བརྗོད་པ་ལ་སོགས་པ་ཅུང་ཟད་ཙམ་གྱིས་ལྟག་ཆོད་སྨྲ་བ་དག་གི་ཁོངས་སུ་འདུ་ནའོ། །མི་མཚུངས་པ་སྟེ་འདུ་བར་མི་འདོད་པ་ལྟག་ཆོད་ཀྱང་ཅུང་ཟད་འདྲ་བའི་ཕྱིར་ཕན་ཚུན་འདུ་བར་འགྱུར་ལ་དེ་ལྟ་ན་ནི་དབྱེ་བ་ངེས་པར་འགྲུབ་བོ། །དེ་ལྟ་བས་ན་སྤྱིའི་མཚན་ཉིད་སུན་འབྱིན་པ་ལྟར་སྣང་བ་ན་ལྟག་ ཆོད་དོ་ཞེས་སོ། །ཁྱད་པར་ནང་གི་བྱེ་བྲག་དག་ནི་ཁོངས་སུ་མི་འདུ་བའི་ཕྱིར། དེ་ལོག་པའི་རྟོག་པ་སྣ་ཚོགས་པའི་ཕྱིར་རོ། །སྤྱིའི་མཚན་ཉིད་དེ་ཡང་སུན་འབྱིན་པ་ལྟག་ཆོད་དོ་ཞེས་སྔ་མ་ལྟར་བརྗོད་པར་བྱའོ། །གལ་ཏེ་ལྟག་ཆོད་ཀྱི་སྤྱིའི་མཚན་ཉིད་ཀྱང་ཅིའི་ཕྱིར་རྒྱས་པར་མི་བསྟན་ཞེ་ན། སྒྲུབ་པ་དང་སུན་འབྱིན་ པ་སྔར་རྒྱས་པར་བསྟན་པའི་མཚན་ཉིད་ཤེས་པ་ཉིད་ཀྱིས་ལན་ལྟར་སྣང་བའི་མཚན་ཉིད་ཀྱང་བདེ་བླག་ཏུ་རྟོགས་པའི་ཕྱིར་ཏེ། ཚང་བང་ལ་སོགས་པ་ཡུལ་ཡིན་པ་ལ་དེར་བརྗོད་པར་ཞུགས་པ་ལ་ནི་སུན་འབྱིན་པ་ཡིན་ཏེ། རང་གི་ཡུལ་ལ་ཞུགས་པའི་ཕྱིར་རོ། །གལ་ཏེ་སྐྱོན་མེད་པའམ་ཡོད་ཀྱང་བརྗོད་པ་མ་ཡིན་ པ་ལྟག་ཆོད་ཀྱི་ཡུལ་མ་ཡིན་པ་སྟེ། དེ་ལ་སུན་འབྱིན་པ་མི་འཇུག་པའི་ཕྱིར་རོ། །དེ་ནི་སུན་འབྱིན་པ་ལྟར་སྣང་བའི་ཕྱིར་རོ། །དེ་ལྟར་ཡུལ་ལ་མ་ཞུགས་པ་དེས་ནི་རྒོལ་བའི་འདོད་པའི་རྟོགས་པའི་གེགས་མི་བྱེད་པའི་ཕྱིར་རོ། །སུན་འབྱིན་པ་མ་ཡིན་ཏེ། དེའི་མཚན་ཉིད་རྟོགས་པའི་གགས་བྱེད་པས་སྟོང་པའི་ཕྱིར་ རོ། །དོན་འདི་རིགས་ཕྱིར་མདོ་ནི་ཡོད་པའི་ལུགས་གཟིགས་པའི་ལུང་ནི་རྣམ་པར་མ་སྤངས་པ་ཞེས་བྱ་བར་སྦྱར་ཏེ། བདག་གི་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ལུགས་མ་སྤངས་པར་ཏེ་ལུང་དང་མཐུན་པར་གཞུང་འདིར་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་སློབ་དཔོན་གྱི་ལུང་ཉིད་བདག་གིས་ བླངས་ཀྱི་སློབ་དཔོན་གྱི་རྣམ་པར་བཤད་པ་བྱེད་པ་དག་ལ་ནི་ལྟོས་པ་མེད་དེ། དེ་དག་མི་རིགས་པར་སྨྲ་བའི་ཕྱིར་རོ། །དེའི་ཕྱིར་མདོ་ནི་དོན་ཡོད་ལུགས་ཞེས་བྱ་བ་གཞན་དག་གིས་བཤད་པའི་འགྲེལ་པ་དག་ནི་མདོ་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་གྱི་ལུང་ཁོ་ན་བླངས་ཏེ། རིགས་པ་དང་ལྡན་པའི་ དོན་སྟོན་པའི་ཕྱིར་རོ། །དོན་ཡོད་ཅེས་བྱ་བ་ནི་སློབ་དཔོན་གྱི་མདོ་དོན་ཡོད་པ་སྟེ། འབྲས་བུ་མེད་པ་ཅུང་ཟད་ཀྱང་མེད་ཅེས་བྱ་བའི་ཐ་ཚིག་གོ། །ལུགས་ནི་དེའི་རིགས་པའི་གཞུང་ལུགས་སོ། །གཟིགས་པ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་བདག་གིས་རྟོགས་པར་བྱ་ཕྱིར་ཞེས་བྱ་བ་ནི། བདག་ཉིད་དང་ འཇིག་རྟེན་གཞན་དག་གིས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་མདོའི་འོ། །དྲི་མེད་བློ་ཡིས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོའིའོ། །དེ་ལྟར་ན་དྲི་མེད་བློ་ཡི་མདོ་དགོངས་པ་ཞེས་བྱ་བར་སྦྱར་རོ། །ངེས་པར་འདི་ཉིད་ཡིན་ཏེ་ཞེས་བྱ་བར་སྦྱར་ཏེ་འདིར་ཁོ་བོས་བཤད་པ་ལྟར་རོ། །དེ་ལྟར་ན་རང་དང་གཞན་གྱི་སྡེ་པ་དག་གིས་བཤད་པ་ལྟར་ནི་མ་ ཡིན་ཏེ། དེ་དག་ནི་རིགས་པར་སྨྲ་ལ། མདོའི་དོན་ནི་རིགས་དང་ལྡན་པའི་ཕྱིར་དང་། དེ་ཡང་སློབ་དཔོན་བློ་དྲི་མ་མེད་པའི་ཕྱིར་ཏེ། གཞན་དག་གིས་བཤད་པ་ལྟར་ཡིན་ན་ནི་མདོ་ཡང་རིགས་པ་དང་ལྡན་པར་མི་འགྱུར་ལ། བློ་དྲི་མ་མེད་པར་མི་འགྱུར་ཏེ་མི་རིགས་པའི་དོན་རྗོད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་ཁྱེད་ཁོ་ནས་རིགས་པ་ རྟོགས་པར་ཇི་ལྟར་ཞེ་ན། མ་བསྒོམས་བློ་ཅན་སྐྱེ་བོས་རྟོགས་མ་ཡིན། །ཞེས་བྱ་བ་སྨོས་ཏེ། རང་དང་གཞན་གྱི་སྡེ་པ་གང་དག་མ་བྱངས་པའི་བློ་ཅན་དག་གིས་སློབ་དཔོན་དྲི་མ་མེད་པའི་བློ་མངའ་བའི་དགོངས་པ་རྟོགས་པར་མི་ནུས་ཀྱི། གང་དག་སྐྱེ་བ་ནས་སྐྱེ་བ་རྣམས་སུ་སྦྱངས་པའི་སྐྱེ་བོས་རྟོགས་པ་ཡིན་ནོ་ཞེས་བྱ་བར་བདག་ཉིད་ནི་ སྐྱེ་བ་དང་། སྐྱེ་བ་རྣམས་སུ་བློ་བསྒོམས་པ་དང་ལྡན་པར་སྟོན་ཏོ། །དེ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོའི་རབ་ཏུ་བྱེད་པ་རྣམས་ཀྱི་དོན་གྱི་ཚུལ་དག་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི། སློབ་དཔོན་གྱི་དོན་རབ་ཏུ་བྱེད་པ་ཉིད་ཡིན་གྱི་བཤད་པ་བྱེད་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ཡང་བདག་ཉིད་ཀྱིས་ཤིན་ཏུ་ཡུན་རིང་ པོར་གོམས་པ་ཆེད་ཆེ་བར་བྱས་པའི་སྟོབས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །རྟོག་གེ་ངན་པའི་སྟོབས་ཀྱིས་རྣམ་དག་རིགས་པའི་བད་མ་འདི། ཁ་འབྱེད་ཚིག་བཤད་ཉི་ཟེར་དག་གིས་རབ་ཏུ་གསལ་བྱས་ལས། །སྟོན་ཀའི་ཟླ་བ་ལྟར་དཀར་བདག་གིས་ཐོབ་དེས་འཇིག་རྟེན་ཀུན། །སྣང་བྱེད་ཡེ་ཤེས་དཔལ་བཟང་བདག་ཉིད་ཐོབ་པས་དགའ་ བར་ཤོག །ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས། གཞན་གྱི་དོན་རྗེས་སུ་དཔག་པའི་ལེའུ་སྟེ་གསུམ་པའོ།། །།ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་མཁས་པའི་གྲགས་པས་རྒྱ་མཚོའི་མཐས་ཀླས་པར་ཁྱབ་པ། སློབ་དཔོན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།གནས་ བརྟན་མཁས་པ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བརྩོན་འགྲུས་ཀྱིས་བསྒྱུར། ཁྱུང་པོ་མཚན་བཞི་ཁམས་ཟླ་ཧོར་ཕྲུག་གིས་སྦྱིན་པར་བྱ་བའི་ཆོས་རྣམས་ཉེ་བར་སྦྱར་ཞིང་གསོལ་བ་བཏབ་ནས། གཞུང་ཉེ་བར་སྦྱར་ཏེ་བརྩམས་ནས་བསྒྱུར་བ་ལགས་སོ།། །།