Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 171
Văn bản gốc(Tây Tạng)
Trang 18 / 18 (50.000 ký tự/trang)
ེར་གྱི་སྐད་དོད་ཡིག་འབྲུ་བཞི་ཆད་པར་བྷ་ན་ཝཱ་ཀཾ་ཞེས་པ་བཅུག །ཡལ་ འདབ་བཅུ་གཉིས་པར། དེ་ནས་དུས་ཀྱི་ས་བདག་གི །ཞེས་སོགས་ཤློ་ཀ་གཅིག་གི་ཕྱེད་ཕྱི་མའི་རྐང་པ་དང་པོའི་ཞེས་བྱ་བའི་སྐད་དོད་ཡིག་འབྲུ་གསུམ་ཆད་པར་ནཱ་མཱི་ཡ་ཞེས་པ་བཅུག །ཡལ་འདབ་བཅུ་བཞི་པའི། ཟད་བྱེད་རྣམས་ཀྱིས་མཐོང་བར་གྱུར། །ཞེས་པའི་མཐོང་བར་གྱུར་གྱི་སྐད་ དོད་ཆད་པ་དཪྴ་སོགས་ཡིག་འབྲུ་དྲུག་བཅུག །ཡལ་འདབ་སུམ་ཅུ་རྩ་དྲུག་པའི་རྒྱ་སྐད་ཙ་ཏུ་ར་སོགས་རྐང་པ་གཅིག་བོད་སྐད་དུ་མ་བསྒྱུར་འདུག་པ། ཡོངས་སུ་སྤྱོད་པ་བཞི་ཡི་ནི། །ཞེས་པར་བསྒྱུར། ཡལ་འདབ་ཞེ་གཅིག་པའི་བུདྡྷ་སོགས་ཀྱི་བོད་སྐད་རྐང་པ་གཅིག་ཆད་པ། འཇིགས་པ་ རྟོགས་ཤིང་ཁོང་ཆུད་པས། །ཞེས་པར་བསྒྱུར། ཡལ་འདབ་བཞི་བཅུ་རྩ་བདུན་པའི། དེ་དག་དྲེགས་པས་ཁེངས་པ་དང་། །ཞེས་པའི་སྐད་དོད་ཆད་པ་རྐང་པ་གཞན་རྣམས་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་ལྔ་བཅུ་རྩ་གཉིས་པའི། ཆོས་མིན་མང་བའི་རྒྱལ་སྲིད་ཅེས་སོགས་ རྐང་པ་གཉིས་ཀྱི་སྐད་དོད་ཆད་པ་རྐང་པ་གཞན་གཉིས་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་དྲུག་ཅུ་རྩ་དྲུག་པའི། མཁའ་དང་རལ་གྲི་འགྲོགས་པ་ཡི། །ཞེས་པའི་སྐད་དོད་རྐང་པ་གཅིག་ཆད་པ་རྐང་པ་གཞན་གསུམ་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་ བདུན་ཅུ་རྩ་དྲུག་པའི། དབེན་པར་རྣམ་པར་གནས་པ་ཡི། །ཞེས་པའི་སྐད་དོད་རྐང་པ་གཅིག་ཆད་པ་རྐང་པ་གཞན་གསུམ་དང་མཐུན་པར་ཁ་སྒོ་ཕན་པའི་སྡེབ་སྦྱོར། ཡལ་འདབ་བདུན་ཅུ་རྩ་དགུ་པའི། རང་གི་གནས་སུ་ས་བདག་དེ། །ཞེས་པའི་སྐད་དོད་རྐང་པ་གཅིག་དང་། ཡལ་འདབ་ བརྒྱད་ཅུ་རྩ་བཞི་པའི། གཏེར་ནི་བརྒྱ་ཡིས་བསྐོར་བ་དེ། །ཞེས་པའི་སྐད་དོད་རྐང་པ་གཅིག་ཆད་པ་རྣམས་འདར་པ་ལོ་ཙཱ་བའི་རྣམ་དཔྱོད་ལས་ལེགས་པར་འཐོན་ཞིང་། ཡང་ཡལ་འདབ་གཉིས་པའི། ཀྱེ་མ་ས་སྤྱོད་དཔལ་གྱི་སྡེས། །ཞེས་སོགས་ཤློ་ཀ་གཅིག་གི་རྒྱ་སྐད། ཡལ་འདབ་དྲུག་ པའི་ནང་གི། དེ་ནས་གསུམ་པའི་གྲོང་ཁྱེར་བཻ་ཌཱུརྱ་རང་བཞིན། །ཞེས་སོགས་ཤློ་ཀ་གཅིག་དང་། ཡལ་འདབ་ཞེ་བརྒྱད་པའི་ནང་གི། དེ་ཡིས་གསལ་བར་འདི་བརྗོད་ཚེ། །ཞེས་སོགས་ཤློ་ཀ་གཉིས། ཡལ་འདབ་རེ་གཉིས་པའི་ནང་གི། ས་ཡི་བདག་པོ་ཚངས་པས་བྱིན། །ཞེས་སོགས་ཤློ་ཀ་ གཉིས་ལ་སྐད་ཤན་སྦྱར་ཡོད་པའི་གླེགས་བམ་རྣམས་སྒོ་མཐུན་པར་རྒྱ་སྐད་མི་འདུག་པས། ཡལ་འདབ་གཉིས་པའི་ཤློ་ཀ་གཅིག་པུ་སྡེབ་སྦྱོར་དབང་པོ་རྡོ་རྗེ། ཡལ་འདབ་དྲུག་པའི་ཤློ་ཀ་གཅིག་པུ་སྡེབ་སྦྱོར་ཉེ་དབང་རྡོ་རྗེ། ཡལ་འདབ་ཞེ་བརྒྱད་པའི་ཤློ་ཀ་གཉིས་པོ་སྡེབ་སྦྱོར་ཁ་སྒོ་ ཏ་ཡང་མ། ཡལ་འདབ་རེ་གཉིས་པའི་ཤློ་ཀ་གཉིས་པོ་སྡེབ་སྦྱོར་རྐང་བཀྲའི་སྒོ་ནས་ངེད་རང་གིས་རྒྱ་སྐད་དུ་བསྒྱུར། ཡལ་འདབ་དགུ་པའི་ནང་གི། མེ་དང་མཚུངས་པའི་འོད་ལྡན་པ། །ཞེས་པའི་རྗེས་སུ་རྒྱ་དཔེར་ཏེ་ཥཱཾ་སོགས་ཚིག་རྐང་གཅིག་གི་རྒྱ་སྐད་མ་གཏོགས་བོད་སྐད་མི་འདུག་ པར། གསལ་བས་དེ་རྣམས་པར་ཁྱབ་པས། །ཞེས་བོད་སྐད་དུ་བསྒྱུར། ཡལ་འདབ་རེ་དྲུག་པའི་ནང་གི། དེ་ལ་དུང་གི་ཁ་ཞེས་པ། །ཁྱི་ནི་འཇིགས་སུ་རུང་བ་ཡོད། །ཅེས་པ་འདི་རྫོགས་མཚམས་སུ་རྒྱ་དཔེར་བནྠཱསྠི་སོགས་ཚིག་རྐང་གཉིས་ཀྱི་སྐད་དོད་འདུག་པ་སྐད་ཤན་སྦྱར་ཡོད་པའི་གླེགས་ བམ་ཚོར་བོད་སྐད་དུ་མ་བསྒྱུར་བར་ས་སྟོང་བཞག་འདུག་ཅིང་། ཐམས་ཅད་མཁྱེན་པ་བཙོང་ཁ་བ་ཆེན་པོའི་ཕྱག་དཔེ་སྐད་ཤན་སྦྱར་མེད་པ་དེར་ཡང་ཚིག་རྐང་གཉིས་པོ་དེ་མི་འདུག་པས། ལམ་གནས་མཐའ་དག་གང་མཐོང་བ། །གདོན་མི་ཟ་བར་རྣམ་འཇོམས་པ། །ཞེས་པའི་ཚིག་རྐང་གཉིས་ པོ་འདི་རྒྱ་དཔེ་ལས་བོད་སྐད་དུ་བསྒྱུར་ཡོད་པ་སླར་ཡང་རྒྱ་བོད་ཀྱི་ཡི་གེ་ཁུངས་བཙུན་པའི་རིགས་རྙེད་ན་མཁས་པ་རྣམས་ཀྱིས་ལེ་ཚན་འདི་རྣམས་ལ་དག་མི་དག་གི་དཔྱད་པ་མཛད་དགོས་ཡོད་ཅིང་། རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་རྣམས་ལ་སྐད་ཤན་སྦྱར་ཡོད་པ་འདི་བློ་ བསྐྱེད་ཤིན་ཏུ་ཆེ་བ་འོང་འདུག་པས། པར་དུ་བརྐོས་ཤིང་མཆན་བུ་རྣམས་བརྐོས་ཚེ་གླེགས་བམ་རྫོག་པོར་སོང་དོགས་པས། རྡུལ་ཁྲོད་དུ་གཡོ་འགུལ་མེད་པར་འཇོག་པ་རྣམས་ལ་མཆན་གྱིས་དགོས་པ་མེད་ཅིང་། བློ་གྲོས་དང་བརྩོན་པར་ལྡན་པ་རྣམས་ཀྱིས་མཆན་བུ་རྣམས་སླར་བྲིས་ཆོག་པའི་ དབང་དུ་བྱས་ཏེ་པར་གྱི་མ་དཔེའི་སྟ་གོན་བྱས་པ་བཞིན། ས་སྐྱོང་ཕྱག་མཛོད་ཕྲིན་ལས་རྒྱ་མཚོས་བཀོད་པས་ཁྱབ་པར་བྱས་ནས་ཞུས་དག་པ་རབ་འབྱམས་པ་དགེ་འདུན་ཆོས་འཕེལ། ལོ་ཙཱ་བ་ཀུན་དགའ་དབང་ལྡན། པར་ཡིག་པ་བྱམས་གླིང་པ་ལེགས་ལྡན་སློབ་མར་བཅས་པ་བཞི་དང་། པར་ མཁན་མཁས་པ་ཡོན་བདག་ཚེ་རིང་སོགས་པར་མཁན་རྣམས་ཀྱིས་ལུས་ངག་ཡིད་གསུམ་འབད་པས་བསྒྲིམས་ཏེ། ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་ལོའི་ཟླ་བ་ལྔ་པའི་ཚེས་ལྔ་རེས་གཟའ་ཕུར་བུ་དང་སྐར་མ་རྒྱལ་གྱི་འགྲུབ་སྦྱོར་ཡོད་པའི་ཉིན་དབུ་བཙུགས། ཤིང་མོ་སྦྲུལ་གྱི་ལོའི་ཐ་སྐར་ གྱི་ཟླ་བའི་ཚེས་བཅོ་ལྔ་ལ་ལེགས་པར་གྲུབ་པའི་དགེ་བས་ལུས་ཅན་མཐའ་དག་རྣམ་འདྲེན་བུ་རམ་ཤིང་པ་སློབ་པ་ལམ་གྱི་གནས་སྐབས་ཀྱི་མཛད་པ་དང་མཚུངས་པར་བསླབས་ཏེ་འབྲས་བུ་ཆོས་གཟུགས་ཀྱི་སྐུ་མངོན་དུ་བྱེད་པའི་དགའ་སྟོན་ལ་སྤྱོད་པར་གྱུར་ཅིག། །།འདིའི་ལེགས་སྦྱར་སྐད་ལ་ཡི་ གེ་པས་བསླད་པའི་འབྲུ་ནོར་མང་དུ་མཆིས་པ་པར་དུ་འཁོད་སྐབས་ཁོ་བོས་དབུ་ནས་ཡིག་ལྡེབ་བཞི་བཅུ་སྐོར་ཙམ་བཅོས་ཟིན་མཚམས། ས་སྐྱོང་བསྟན་པ་ཚེ་རིང་དཔོན་བློན་དག་སྣང་ཧ་ཅང་འབྱམས་ཆེས་པས། པོ་ཏ་ལའི་ཕྱི་མོ་འདི་མཁས་པ་མང་པོས་ཞུས་དག་བྱས་པའི་པར་ཡིག་ཡིད་ཆེས་ཡིན་པས་མ་ དག་པ་ཡོད་པ་མི་སྲིད་པས་བཟོ་བཅོས་མ་བྱེད་ཅེས་བཀའ་ལུང་ལན་གཉིས་ཀྱང་སྩལ་བས་འཆོས་དབང་མ་བྱུང་བར་རང་སོར་བཞག་པ་ཡིན་པས། སླན་ཆད་བློ་གྲོས་ལྡན་པ་དག་གིས་ཞུ་དག་བྱེད་པ་བྱུང་ན་བསྟན་པའི་བྱི་དོར་བྱས་པར་འགྱུར་བས་དགོངས་པར་འཇོག་མཛོད། ཅེས་པའང་ཚུལ་རིན་གྱིས་གླེང་བའོ།། །།