Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 127
Văn bản gốc(Tây Tạng)
Trang 18 / 18 (50.000 ký tự/trang)
འབྲས་བུ་ཞེས་བྱའོ། །མི་སློབ་པའི་ཡན་ལག་བཅུས་བསྡུས་པའི་མི་སློབ་པའི་ཕུང་པོ་ལྔ་པོ་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་རྣམས་ནི་ཤིན་ཏུ་རྣམ་པར་དག་པའི་ལམ་ཞེས་བྱའོ། ། ཤིན་ཏུ་རྣམ་པར་དག་པའི་ལམ་དེ་ཐོབ་ན། ཉེས་པ་རྣམ་པ་བཅུ་དང་བྲལ་བའི་འཕགས་པའི་གནས་ལ་གནས་པར་འགྱུར་ཏེ། ཉེས་པ་རྣམ་པ་བཅུ་གང་ཞེ་ན། ཕྱི་རོལ་གྱི་འདོད་པ་རྣམས་ལ་བརྟེན་ཏེ། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་ཕྲད་པའི་ཉེས་པ་དང་། ནང་ལ་བརྟེན་ནས་དབང་པོ་མ་བསྡམས་པའི་ཉེས་པ་སྟེ། དེ་ལྟར་དབང་པོ་མ་བསྡམས་ན་མྱ་ངན་ལ་སོགས་པ་དེ་དག་སྐྱེ་བར་འགྱུར་བ་དང་། བདེ་བར་གནས་པའི་རོ་མྱང་བའི་ཉེས་པ་དང་། རྒྱུ་བ་དང་། གནས་པ་ལ་བག་མེད་པའི་ཉེས་པ་དང་། ཕྱི་རོལ་པའི་མུ་སྟེགས་ཅན་རྣམས་ཀྱི་ལྟ་བ་ངན་པས་ཀུན་ནས་བསྐྱེད་པ་ཐུན་མོང་མ་ཡིན་པ་དེ་དག་ཉིད་ཀྱི་ཡིན་པ་མ་འདྲེས་པ། ངག་དང་། རྟོག་པ་དང་། ཚོལ་བའི་ཉེས་པ་དང་། བསམ་གཏན་ལ་བརྟེན་པ་གསུམ་གྱི་མཐར་གྱུར་པའི་ཉེས་པ་དང་། རྟེན་ ཅིང་འབྲེལ་པར་འབྱུང་བར་གཏོགས་པའི་ལེན་པའི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པ་དང་། འདུ་བྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ཕྱོགས་སྐྱེད་པར་བྱེད་པའི་ཉེས་པ་སྟེ། དེ་ལྟར་ཉེས་པ་རྣམ་པ་བཅུ་པོ་འདི་དག་དང་བྲལ་ན་ཐ་མའི་ལུས་འཛིན་ཅིང་། ཕྱི་མའི་ ལུས་གཞན་མངོན་པར་འགྲུབ་པ་མེད་ལ། མཆོག་ཏུ་རབ་ཏུ་ཞི་བའི་མྱ་ངན་ལས་འདས་པ་ལ་གཏན་དུ་ཡང་དག་པར་གནས་ཤིང་། སྲིད་པའི་རྩེ་མོ་མན་ཆད་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་བརྟེན་ཏེ། སེམས་ཅན་ཐམས་ཅད་ཀྱི་གཙོ་བོ་ཉིད་ཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ འཕགས་པའི་གནས་ལ་གནས་པ་ཞེས་བྱའོ། །ཉེས་པ་བཅུ་དང་བྲལ་བའི་འཕགས་པའི་གནས་ལ་གནས་པ་གང་ཡིན་པ་དེ་ལ་ནི་ལམ་གྱི་ཕན་ཡོན་ཞེས་བྱ་སྟེ། འབྲས་བུ་གང་ཡིན་པ་དང་། ཤིན་ཏུ་རྣམ་པར་དག་པའི་ལམ་གང་ཡིན་པ་དེ་དང་། ཕན་ཡོན་གང་ཡིན་པ་དེ་དག་ཐམས་ ཅད་གཅིག་ཏུ་བསྡུས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་འབྲས་བུ་དང་ཕན་ཡོན་དུ་བཅས་པ་ཞེས་བྱའོ། །ཤིན་ཏུ་རྣམ་པར་དག་པར་ལམ་འབྲས་བུ་དང་ཕན་ཡོན་དུ་བཅས་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཇི་སྐད་བསྟན་པ་ཁོ་ན་བཞིན་དུ་རིག་པར་བྱ་སྟེ། འདི་ ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་མི་སློབ་པའི་འཕགས་པའི་ཆོས་དམ་པ་ཐོབ་པར་གྱུར་པ་དེའི་འཕགས་པའི་ཆོས་དང་མཚུངས་པར་ལྡན་པའི་སེམས་གང་ཡིན་པ་དེ་ནི། འདོད་པའི་ཡོན་ཏན་ལྔ་ལ་ཤིན་ཏུ་མི་ཕྱོགས་ལ། དེའི་སེམས་ཀྱི་རྣམ་པར་ སྨིན་པ་མེད་པའི་ཕྱིར། ཕྱི་མ་ལ་ཉིང་མཚམས་སྦྱོར་བ་མེད་དོ། །འཇིག་རྟེན་པའི་སེམས་སྤངས་ཀྱང་ཀུན་དུ་སྤྱོད་པ་གང་ཡིན་པ་དེ་ནི་རང་གི་ངང་ཉིད་ཀྱིས་འགག་པར་འགྱུར་རོ། །དེའི་ཉོན་མོངས་པའི་ལམ་དང་། ཡང་སྲིད་པར་སྐྱེ་བའི་ལས་ཀྱི་ལམ་ཡང་ཚེ་འདི་ཉིད་ལ་རྒྱུན་ཆད་པར་ འགྱུར་ཏེ། དེ་ཆད་པས་སྡུག་བསྔལ་གྱི་ལམ་ཡང་རྒྱུ་འགགས་པ་དང་། འབྲས་བུ་འགགས་པའི་ཕྱིར། ཕྱི་མ་ལ་འབྱུང་བར་མི་འགྱུར་ཏེ། སྡུག་བསྔལ་གྱི་མཐའ་དེ་ནི་འདི་ལས་གུད་ན་ཡང་མེད་དོ། །འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལ་བདེན་པ་ མངོན་པར་རྟོགས་པ་གང་ཡིན་པ་དང་། བར་དུ་གཅོད་པ་རྣམ་པར་སྤངས་པ་གང་ཡིན་པ་དང་། མངོན་པར་རྟོགས་པར་གྱུར་བའི་མངོན་པར་ཤེས་པ་མྱུར་བ་མཆོག་ཏུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པ་གང་ཡིན་པ་དང་། ཇི་ལྟར་ཐོབ་པའི་ལམ་བསྒོམ་པ་གང་ཡིན་ པ་དང་། ཤིན་ཏུ་རྣམ་པར་དག་པའི་ལམ་ཐོབ་པ་འབྲས་བུ་དང་ཕན་ཡོན་དང་བཅས་པ་འདི་ནི་འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པའི་དོན་འདིའི་རྒྱས་པ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། ཇི་སྐད་བསྟན་པའི་རྣམ་པ་དེ་དག་ཏུ་རིག་པར་བྱ་སྟེ། འདི་ལས་གོང་ན་ཡང་མེད་དོ། །འདི་ལས་ལྷག་པ་ཡང་མེད་དོ། །དེ་ལྟར་ན་སྔར་བསྟན་པའི་འཇིག་རྟེན་པའི་རྣམ་པ་ཐམས་ཅད་རྣམ་པར་དག་པ་གང་ཡིན་པ་དེ་དང་། འཇིག་རྟེན་ལས་འདས་པའི་རྣམ་པ་ཐམས་ཅད་དུ་རྣམ་པར་དག་ པ་གང་ཡིན་པ་དེ་གཉིས་གཅིག་ཏུ་བསྡུས་པ་ནི་བསྒོམས་པའི་འབྲས་བུ་ཞེས་བྱའོ། །དེ་ལྟར་ན་ཇི་སྐད་བསྟན་པའི་བསྒོམ་པའི་གཞི་གང་ཡིན་པ་དེ་དང་། ཇི་སྐད་བསྟན་པའི་བསྒོམ་པའི་རྒྱུ་གང་ཡིན་པ་དེ་དང་། ཇི་སྐད་བསྟན་པའི་རྣལ་འབྱོར་དུ་བསྒོམ་པ་ཉིད་གང་ཡིན་པ་དེ་དང་། ཇི་སྐད་ བསྟན་པའི་བསྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་བསྒོམས་པ་ལས་བྱུང་བའི་ས་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་བསྒོམས་པ་ལས་བྱུང་བའི་ས་རྫོགས་སོ།། །།དེའི་འོག་མ་ཉན་ཐོས་ཀྱི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ། །རང་སངས་རྒྱས་ཀྱི་ས་གང་ཞེ་ན། དེ་ནི་ རྣམ་པ་ལྔར་རིག་པར་བྱའོ། །རིགས་དང་། ལམ་དང་། ཡང་དག་པར་འགྲུབ་པ་དང་། གནས་པ་དང་། རྒྱུ་བའོ། །རང་སངས་རྒྱས་ཀྱི་རིགས་གང་ཞེ་ན། དེ་ནི་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ། རང་སངས་རྒྱས་རྣམས་ནི་མངོན་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་ གྱིས་ཉོན་མོངས་པ་ཆུང་བའི་རིགས་ཡིན་ཏེ། དེས་ན་དེ་དག་གི་སེམས་འདུ་འཛི་ལ་མི་འཇུག་གི །གཅིག་པུ་དགའ་བ་ལ་འཇུག་གོ། །རང་སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་གྱིས་སྙིང་རྗེ་ཆུང་བ་ཡིན་ཏེ། དེས་ན་དེ་དག་གི་སེམས་ ཆོས་སྟོན་པ་དང་། སེམས་ཅན་གྱི་དོན་བྱ་བ་ལ་སེམས་མི་འཇུག་གི །སེམས་ལས་ཆུང་ངུར་གནས་པ་ལ་སེམས་འཇུག་གོ། །རང་སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་སྔ་རོལ་ཉིད་ནས། རང་བཞིན་གྱིས་དབང་པོ་འབྲིང་དང་། ང་རྒྱལ་སྤྱད་པའི་རང་ བཞིན་ཅན་ཡིན་ཏེ། དེས་ན་སློབ་དཔོན་མེད་པ་དང་། འགྲན་ཟླ་མེད་པར་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་དོ། །དེ་ལྟར་རང་སངས་རྒྱས་ཀྱི་ལམ་ཡང་མཚན་ཉིད་གསུམ་དུ་རིག་པར་བྱ་སྟེ། འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་རིགས་ལ་གནས་ལ། བསྐལ་པ་བརྒྱར་ སངས་རྒྱས་འབྱུང་བ་མཉེས་པར་བྱེད་དེ། དེར་ཡང་འདི་ལྟ་སྟེ། རང་བྱང་ཆུབ་ཏུ་རྒྱུད་ཡོངས་སུ་སྨིན་པར་བྱེད་ཅིང་། འདི་ལྟར་ཕྱིས་རང་བྱང་ཆུབ་པར་བྱ་བའི་ཕྱིར། ཕུང་པོ་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པར་བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་ལམ་དང་པོའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས། སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་ ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྔོན་མ་བསྐྱེད་པ་འདི་ལྟ་སྟེ། དྲོ་བར་གྱུར་པ་དང་རྩེ་མོ་དང་བཟོད་པ་རྣམས་བསྐྱེད་ཅིང་མངོན་པར་བསྒྲུབ་ལ་ཚེ་དེ་ཉིད་ལ་ཆོས་མངོན་པར་རྟོགས་པར་བྱས་པའམ། དགེ་ སྦྱོང་གི་འབྲས་བུ་ཐོབ་པར་བྱེད་ནི་མི་ནུས་ཏེ། འདི་ལྟར་ཕྱིས་མངོན་པར་རྟོགས་པར་བྱ་བ་དང་། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང་སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་ གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གཉིས་པའོ། །གཞན་ཡང་འདི་ན་ལ་ལ་སངས་རྒྱས་འབྱུང་བ་མཉེས་པར་བྱས་ནས་སྐྱེས་བུ་དམ་པ་ལ་ཡང་དག་པར་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་བརྟེན་ ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགེ་སྦྱོང་གི་འབྲས་བུ་འཐོབ་པར་འགྱུར་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པ་ཉིད་ཐོབ་པར་ནི་མི་ནུས་ཏེ། འདི་ལྟ་སྟེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཕྱིས་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཕུང་པོ་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། ཁམས་ལ་མཁས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། བདེན་པ་ལ་མཁས་པ་ཡིན་ཏེ། དེ་ནི་རང་སངས་རྒྱས་ཀྱི་ལམ་གསུམ་པའོ། །དེ་ལ་ཡང་དག་པར་འགྲུབ་པ་ནི་འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་དང་པོས་བསྐལ་པ་བརྒྱ་ ཚང་བར་ཚོགས་བསགས་ནས་བསྐལ་པ་བརྒྱ་འདས་པའི་འོག་ཏུ་སངས་རྒྱས་རྣམས་འབྱུང་བ་མེད་པ་ན་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་རང་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཉོན་མོངས་པ་ཐམས་ཅད་སྤོང་བའི་དགྲ་བཅོམ་པ་ ཉིད་མངོན་སུམ་དུ་བྱེད་དོ། །འདི་ལྟར་འདི་ན་ལ་ལ་རང་སངས་རྒྱས་ཀྱི་ལམ་གཉིས་པ་དང་། གསུམ་པས་རྒྱུ་དེ་དང་རྐྱེན་དེས་སངས་རྒྱས་རྣམས་འབྱུང་བ་མེད་པ་ཁོ་ནའི་ཚེ་སློབ་དཔོན་མེད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་ཆོས་མངོན་པར་རྟོགས་པར་བྱེད་ཅིང་དགྲ་ བཅོམ་པའི་འབྲས་བུའི་བར་དུ་ཡང་ཐོབ་པར་འགྱུར་རོ། །ཡང་ན་ནི་དགེ་སྦྱོང་གི་འབྲས་བུ་ཐོབ་ནས་ཤིན་ཏུ་མཐར་ཕྱིན་པ་དང་། ཤིན་ཏུ་དྲི་མ་མེད་པ་དང་ཤིན་ཏུ་ཚངས་པར་སྤྱོད་པའི་མཐར་གྱུར་པའི་འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་རོ། །དེ་ལ་ཡང་དགེ་བར་འགྲུབ་པ་དང་པོས་ ནི་བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་སུ་འགྱུར་རོ། །ཡང་དག་པར་འགྲུབ་པ་གཉིས་པ་དང་གསུམ་པས་ནི་ཚོགས་དང་སྤྱོད་པའི་རང་རྒྱལ་བར་འགྱུར་ཏེ། བསེ་རུ་ལྟ་བུ་སྤྱོད་པར་མི་འགྱུར་རོ། །དེ་ལ་ཡང་གནས་པ་ནི་བསེ་རུ་ལྟར་སྤྱོད་པའི་རང་སངས་རྒྱས་གང་ཡིན་པ་དེ་ནི་གཅིག་པུ་འདུག་པ་དགའ་ ཞིང་གཅིག་པུ་གནས་ལ་ཟབ་མོ་ལ་མོས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ལ་སོ་སོར་རྟོག་པ་ལྷུར་ལེན་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡིད་ལ་བྱེད་ཅིང་གནས་པར་འགྱུར་རོ། །དེ་ལ་ཡང་དག་པར་འགྲུབ་པ་གཉིས་པ་དང་གསུམ་པས་ ནི་གཅིག་ཏུ་ངེས་པར་གཅིག་པུ་འདུག་པ་ལ་དགའ་ཞིང་གཅིག་པུ་གནས་པའི་རང་རྒྱལ་བར་འགྱུར་བ་མ་ཡིན་གྱི་ཚོགས་དང་གནས་པར་འགྱུར་རོ། །གནས་པ་ལྷག་མ་ནི་དེ་ཡང་བསེ་རུ་ལྟར་སྤྱད་པ་ཇི་ལྟ་བ་བཞིན་ནོ། །དེ་ལ་རྒྱུ་བ་ནི་དེ་དག་ཐམས་ཅད་གྲོང་ངམ་གྲོང་རྡལ་གང་དུ་རྟེན་ཅིང་གནས་ ཀྱང་སྟེ་དེ་དག་ལུས་ཤིན་ཏུ་བསྲུངས་པ་དང་དབང་པོ་རྣམས་ཤིན་ཏུ་བསྡམས་པ་དང་། དྲན་པ་ལ་ཤིན་ཏུ་གནས་པས་གྲོང་ངམ་གྲོང་རྡལ་དེ་ཉིད་དུ་བསོད་སྙོམས་ལ་འཇུག་སྟེ། ཕ་རོལ་དམའ་བ་དང་སྨན་པ་རྣམས་ལ་སྙིང་བརྩེ་བར་བྱེད་པས་ཡང་ལུས་ཀྱིས་སྙིང་བརྩེ་བར་བྱེད་ཀྱི་ངག་གིས་ནི་ མ་ཡིན་ཏེ། འདི་ལྟར་དེ་དག་ནི་ལུས་ཀྱིས་ཆོས་སྟོན་པ་ཡིན་གྱི་ངག་གིས་ནི་མ་ཡིན་པའི་ཕྱིར་ཏེ། འདི་ལྟ་སྟེ། ཞེ་འགྲས་པ་རྣམས་བཟློག་པའི་ཕྱིར་རྫུ་འཕྲུལ་གྱི་ཡུལ་རྣམ་པ་དུ་མ་སྟོན་པར་བྱེད་དོ། །དེ་དག་ཐམས་ཅད་ནི་ཉོན་མོངས་པ་ཞི་བར་བྱེད་པའི་བགྲོད་པ་གཅིག་པུ་པ་ཡིན་པར་རིག་པར་བྱའོ། རྣལ་འབྱོར་སྤྱོད་པའི་ས་ལས་རང་སངས་རྒྱས་ཀྱི་ས་རྫོགས་སོ།། །།དེའི་འོག་མ་བྱང་ཆུབ་སེམས་དཔའི་ས་ནི་གླེགས་བམ་ལོགས་ཤིག་ན་ཡོད་དོ། །ཕུང་པོ་དང་བཅས་པའི་ས་གང་ཞེ་ན། དེ་ནི་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སར་གདགས་པ་རྣམ་པར་གཞག་པ་དང་། ཉེ་བར་ཞི་བར་ གདགས་པ་རྣམ་པར་གཞག་པ་དང་། ཕུང་པོར་གདགས་པ་རྣམ་པར་གཞག་པའོ། །སར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་དང་བཅས་པའི་ས་ནི་ས་ལྔ་པོ་འདི་ལྟ་སྟེ། སེམས་མེད་པའི་ས་དང་བསྒོམས་པ་ལས་བྱུང་བའི་ས་དང་། ཉན་ཐོས་ཀྱི་ས་དང་། བྱང་ཆུབ་སེམས་ དཔའི་ས་རྣམས་ལས་ཕྱོགས་གཅིག་མ་གཏོགས་པ་དང་འདི་ལྟ་སྟེ། ཕུང་པོ་མེད་པའི་ས་གཅིག་རིལ་གྱིས་མ་གཏོགས་པའི་ས་ལྷག་མ་རྣམས་ནི་ཕུང་པོ་དང་བཅས་པའི་ས་ཞེས་བྱ་སྟེ། འདི་ནི་སར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །ཉེ་བར་ཞི་བར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་དང་བཅས་པའི་ས་ནི་ཉེ་བར་ཞི་བ་རྣམ་པ་བཞིས་རྣམ་པར་གཞག་སྟེ། སྡུག་བསྔལ་ཉེ་བར་ཞི་བ་དང་། ཉོན་མོངས་པ་ཉེ་བར་ཞི་བ་དང་། སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བ་དང་། བཏང་སྙོམས་ཉེ་བར་ཞི་བའོ། །དེ་ལ་དགེ་སློང་དགྲ་བཅོམ་པ་ ཟག་པ་ཟད་པའི་ཕྱི་མ་ལ་སྲིད་པ་འབྱུང་བར་བྱེད་པའི་སྡུག་བསྔལ་གང་ཡིན་པ་དེ་ཏ་ལའི་མགོ་བཅད་པ་བཞིན་དུ་ཡོངས་སུ་ཤེས་ནས་སྤངས་ཤིང་རྩ་ནས་བཅད་དེ་ཕྱི་མ་ལ་མི་སྐྱེ་བའི་ཆོས་ཉིད་ཀྱིས་མི་སྣང་བར་གྱུར་པ་དེ་ནི་དེའི་སྡུག་བསྔལ་ཉེ་བར་ཞི་བའོ། །དགེ་སློང་དགྲ་བཅོམ་ པའི་གཏན་མི་སྐྱེ་བའི་ཆོས་ཉིད་ཀྱིས་འདོད་ཆགས་མ་ལུས་པར་སྤངས་པ་དང་། ཞེ་སྡང་མ་ལུས་པ་དང་། གཏི་མུག་མ་ལུས་པ་དང་། ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་པ་དེ་ནི་དེའི་ཉོན་མོངས་པ་ཉེ་བར་ཞི་བའོ། །དེ་ནི་འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་ མུག་ཟད་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པས། སྡིག་པ་གང་ཡིན་པ་དེ་མི་བྱེད་ལ། དགེ་བ་ལ་རྟེན་པར་བྱེད་པ་དེ་ནི་ཉོན་མོངས་ལ་རྣམ་པར་འཚེ་བ་ཉེ་བར་ཞི་བའོ། །དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ནི་བདེ་བར་གནས་པ་རྣམ་པ་དྲུག་པོ་འདི་དག་གིས་རྟག་པར་ རྒྱུན་དུ་ཤས་ཆེར་གནས་ཏེ། དེ་མིག་གིས་གཟུགས་རྣམས་མཐོང་ན། ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ་དང་། དེ་རྣ་བས་སྒྲ་རྣམས་ཐོས་པ་དང་། སྣས་དྲི་རྣམས་བསྣམས་པ་དང་། ལྕེས་རོ་རྣམས་ མྱངས་པ་དང་། ལུས་ཀྱིས་རེག་བྱ་རྣམས་ལ་རེག་པ་དང་། ཡིད་ཀྱིས་ཆོས་རྣམས་རྣམ་པར་ཤེས་པ་ན་ཡིད་བདེ་བར་ཡང་མི་འགྱུར། ཡིད་མི་བདེ་བར་ཡང་མི་འགྱུར་བར་དྲན་པ་དང་ཤེས་བཞིན་གྱིས་བཏང་སྙོམས་སུ་གནས་པ་དེ་ནི་དེའི་བཏང་སྙོམས་ཉེ་བར་ཞི་བའོ། །ཉེ་བར་ཞི་བ་རྣམ་པ་བཞི་ པ་དེ་དག་ལས་བརྩམས་ནས་ཕུང་པོ་དང་བཅས་པའི་ས་ལ་མཆོག་ཏུ་ཞི་བ་དང་མཆོག་ཏུ་བསིལ་བར་གྱུར་པ་ཞེས་བྱ་སྟེ། དེ་ནི་ཉེ་བར་ཞི་བ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །ཕུང་པོ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་ནི་བརྒྱད་པོ་འདི་དག་ཡིན་ཏེ། གདགས་པའི་ཕུང་པོ་ དང་། ཡོངས་སུ་གཟུང་བའི་ཕུང་པོ་དང་། གནས་པའི་ཕུང་པོ་དང་། འཇུག་པའི་ཕུང་པོ་དང་། བར་དུ་གཅོད་པའི་ཕུང་པོ་དང་། སྡུག་བསྔལ་གྱི་ཕུང་པོ་དང་། དགའ་བའི་ཕུང་པོ་དང་། ཐ་མའི་ཕུང་པོའོ། །གདགས་པའི་ཕུང་པོ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ ཏེ། གང་ལ་བརྟེན་ན་བདག་ཅེས་བྱ་བའམ། སེམས་ཅན་ནམ། སྲོག་གམ། སྐྱེ་བའམ། གསོ་བའམ། སྐྱེས་བུའམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུ་ཞེས་བྱ་བར་མིང་དང་བརྡ་དང་། གདགས་པ་དང་། ཐ་སྙད་དུ་འདོགས་པ་དང་། གང་ལ་བརྟེན་ནས་མིང་ནི་འདི་ ཞེས་བྱ། རིགས་ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། ཚེ་ནི་འདི་ལྟར་རིང་། ཡུན་ནི་འདི་སྲིད་ཅིག་གནས་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་བྱ་བར་མིང་དང་། བརྡ་དང་། གདགས་པ་དང་ཐ་སྙད་ དུ་འདོགས་པའོ། །ཡོངས་སུ་གཟུང་བའི་ཕུང་པོ་གང་ཞེ་ན། ཡོངས་སུ་གཟུང་བའི་དངོས་པོ་བདུན་ཏེ། བདག་དང་། ཕ་མ་དང་། བུ་དང་། ཆུང་མ་དང་། ཟན་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། གྲོགས་པོ་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ནས་རྒྱས་པར་ཡོངས་སུ་གཟུང་བའི་དངོས་པོ་བདུན་པོ་འདི་ལྟ་སྟེ། ཡིད་ཀྱི་ས་ལས་འབྱུང་བ་བཞིན་ཏེ། གང་དག་ལ་བརྟེན་ནས་སེམས་ཅན་རྣམས་ཡོངས་སུ་འཛིན་པ་དང་ལྡན་པར་ཤེས་པའོ། །གནས་པའི་ཕུང་པོ་གང་ཞེ་ན། ཟས་བཞི་སྟེ། ཁམ་དང་། རེག་པ་ དང་། ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པའི་ཟས་ཏེ། གང་ལ་བརྟེན་ན་སེམས་ཅན་བྱུང་བ་རྣམས་གནས་ཤིང་འཚོ་བར་འགྱུར་བ་དང་། འབྱུང་བར་འདོད་པ་རྣམས་ལ་ཕན་འདོགས་པའོ། །འཇུག་པའི་ཕུང་པོ་གང་ཞེ་ན། རྣམ་པར་ཤེས་པའི་གནས་བཞི་དང་། རྟེན་ཅིང་འབྲེལ་པར་ འབྱུང་བའི་ཡན་ལག་བཅུ་གཉིས་ཏེ། འདི་ལྟ་སྟེ། གཟུགས་སུ་གཏོགས་པའི་རྣམ་པར་ཤེས་པའི་གནས་དང་། ཚོར་བར་གཏོགས་པ་དང་། འདུ་ཤེས་སུ་གཏོགས་པ་དང་། འདུ་བྱེད་དུ་གཏོགས་པའི་རྣམ་པར་ཤེས་པའི་གནས་དང་། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། འདུ་ བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ནས་རྒྱས་པར་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་སྦྱར་ཏེ། གང་ལ་བརྟེན་ན་སེམས་རྣམས་འགྲོ་བ་ལྔའི་འཁོར་བར་རྗེས་སུ་འཇུག་པའོ། །བར་དུ་གཅོད་པའི་ཕུང་པོ་ལྔ་གང་ཞེ་ན། འདི་ལྟ་སྟེ། ལྷའི་བུའི་བདུད་དེ་དགེ་བ་དེ་དང་དེ་དག་ལ་བརྩོན་པ་རྣམས་ པ་བགེགས་བྱེད་པའི་ཕྱིར་ཉེ་བར་གནས་པ་གང་ཡིན་པའོ། །སྡུག་བསྔལ་གྱི་ཕུང་པོ་གང་ཞེ་ན། འདོད་པའི་ཁམས་ཐམས་ཅད་ནི་སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཉམས་སུ་མྱོང་བར་འགྱུར་བའོ། །དགའ་བའི་ཕུང་པོ་ གང་ཞེ་ན། བསམ་གཏན་ལ་སྙོམས་པར་འཇུག་པའི་བདེ་བ་ལ་ནི་དགའ་བའི་ཕུང་པོ་ཞེས་བྱ་སྟེ། གང་ལ་བརྟེན་ན་སེམས་རྣམས་འདིར་ཡང་སྙོམས་པར་ཞུགས་ཤིང་། དེར་ཡང་སྐྱེས་ནས་ཡུན་རིང་པོར་བསམ་གཏན་ལ་སྙོམས་པར་འཇུག་པའི་དགའ་བ་སོ་སོར་ཉམས་སུ་མྱོང་བར་འགྱུར་བའོ། །ཐ་ མའི་ཕུང་པོ་གང་ཞེ་ན། དགྲ་བཅོམ་པའི་རྒྱུན་གྱི་ཕུང་པོ་རྣམས་ཏེ། གང་ལ་བརྟེན་ན་དགྲ་བཅོམ་པ་ལ་ཐ་མའི་ལུས་འཛིན་པ་ཞེས་བྱའོ། །དེ་ལ་དགེ་སློང་དགྲ་བཅོམ་པ་ཟག་པ་ཟད་པ་ཕུང་པོ་དང་བཅས་པའི་ས་ལ་གནས་པ། ཕུང་པོ་དུ་དང་ནི་ལྡན་ཞེས་བྱ། དུ་དང་ནི་མི་ལྡན་ཞེས་བྱ་ཞེ་ན། འདི་ལྟ་ སྟེ། ཐ་མའི་ཕུང་པོ་གཅིག་དང་ནི་གཅིག་ཏུ་ངེས་པར་ལྡན་ནོ། །ཡོངས་སུ་གཟུང་བའི་དངོས་པོ་དྲུག་དང་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། །འཇུག་པའི་དངོས་པོ་ཐམས་ཅད་ནི་གཅིག་ཏུ་ངེས་པར་མི་ལྡན་ནོ། །བར་དུ་གཅོད་པའི་ཕུང་པོ་ཐམས་ཅད་དང་ཡང་གཅིག་ཏུ་ངེས་པར་མི་ལྡན་ནོ། །ཕུང་པོ་ ལྷག་མ་རྣམས་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་སྟེ། འདི་ནི་ཕུང་པོར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལས་ཕུང་པོ་དང་བཅས་པའི་ས་རྫོགས་སོ།། །།ཕུང་པོ་མེད་པའི་ས་གང་ཞེ་ན། དེ་ཡང་རྣམ་པ་གསུམ་དུ་བལྟ་བར་བྱ་སྟེ། སར་ གདགས་པ་རྣམ་པར་གཞག་པ་དང་། མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་དང་། མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པའོ། །སར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་མེད་པའི་ས་ནི་ས་ལྔ་པོ་འདི་ལྟ་སྟེ། སེམས་མེད་པའི་ས་དང་ བསྒོམས་པ་ལས་བྱུང་བའི་ས་དང་། ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་རྣམས་ཀྱི་ཆ་རེ་རེ་གཞག་པ་བསྡུས་པར་བལྟ་བར་བྱའོ། །མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། ཕུང་པོ་མེད་པའི་ས་ནི་མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་ཉེ་བར་ཞི་བའི་ མྱ་ངན་ལས་འདས་པ་དང་། གནོད་པ་མེད་པའི་མྱ་ངན་ལས་འདས་པས་རྣམ་པར་གཞག་སྟེ། ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་གང་ཞེ་ན། དེས་སྔོན་ཕུང་པོ་དང་བཅས་པའི་ས་ལ་ཉེ་བར་ཞི་བ་རྣམ་པ་བཞི་རྟོགས་ཤིང་ཐོབ་ལ་རེག་ཅིང་མངོན་སུམ་དུ་བྱས་པས། ད་ལྟར་དེའི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ དབྱིངས་ལ་ཡང་ཉེ་བར་ཞི་བ་རྣམ་པ་བཞི་པོ་རྣམ་གྲངས་སུ་འགྲོ་བའི་ཉེ་བར་ཞི་བ་དང་། ཕུང་པོ་ཐམས་ཅད་ཉེ་བར་ཞི་བ་དང་། ཕུང་པོ་ལ་བརྟེན་པའི་སྡུག་བསྔལ་ཉེ་བར་ཞི་བ་དང་། ཕུང་པོ་ལ་བརྟེན་པའི་སྡུག་བསྔལ་སྐྱེར་དོགས་པ་ཉེ་བར་ཞི་བ་སྟེ། ཇི་སྐད་དུ། ཞུམ་པ་མེད་པའི་སེམས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །མར་མེ་ཤི་བར་ གྱུར་པ་ལྟར། །དེ་ཡི་སེམས་ནི་རྣམ་པར་གྲོལ། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ནི་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ཞེས་བྱའོ། །གནོད་པ་མེད་པའི་མྱ་ངན་ལས་འདས་པ་གང་ཞེ་ན། ཕུང་པོ་ཐམས་ཅད་དང་མི་ལྡན་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་འཇུག་པ་ཐམས་ཅད་དང་མི་མཐུན་པ་དང་། གནས་ཡོངས་སུ་གྱུར་ པས་ཕྱེ་བ་དང་། ཟག་པ་མེད་པའི་དབྱིངས་གང་ཡིན་པ་སྟེ། ཇི་སྐད་དུ། དགེ་སློང་བདེ་བ་ལ་གནས་པ་ནི་མྱ་ངན་ལས་འདས་པ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཡང་དག་པར་མ་བྱུང་བ་ནི་ཡོད་དོ། །སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། ཡང་དག་པར་འབྱུང་བ་ནི་ཡོད་དོ། །གལ་ཏེ་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཡང་དག་པར་མ་བྱུང་བ་མེད་དུ་ཟིན་ན། སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། ཡང་དག་པར་འབྱུང་བ་ལས་ངེས་པར་འབྱུང་བ་ ཡོད་དོ་ཞེས་ང་མི་ཟེར་བ་ཞིག་ན། གང་གི་ཕྱིར་མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཡང་དག་པར་མ་བྱུང་བ་དེ་ཡོད་པས་དེའི་ཕྱིར་སྐྱེས་པ་དང་། བྱུང་བ་དང་། བྱས་པ་དང་། འདུས་བྱས་པ་དང་། ཡང་དག་པར་འབྱུང་བ་ལས་ངེས་པར་འབྱུང་བ་ཡོད་དོ་ཞེས་ང་ཟེར་རོ་ཞེས་གསུངས་ པ་ལྟ་བུའོ། །ཟབ་ཅིང་རྒྱ་ཆེ་ལ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པ་ནི་གྲངས་སུ་གཏོགས་པ་མེད་དོ་ཞེས་བྱ་བ་དེ་ཡང་བཅོམ་ལྡན་འདས་ཀྱིས་དགོངས་ཏེ་གསུངས་པ་ཡིན་ནོ། །དེ་ལ་རྟོགས་པར་དཀའ་བས་ན་ཟབ་པོ། །ཡོན་ཏན་དང་ལྡན་ཞིང་སྤངས་པས་ན་རྒྱ་ཆེ་བའོ། ། ཟད་མི་ཤེས་པས་ན་དཔག་ཏུ་མེད་དོ། །གྲངས་སུ་གཏོགས་པ་མེད་དོ་ཞེས་བྱ་བ་ནི་གཉིས་སུ་བསྟན་དུ་མེད་པའི་ཕྱིར་གྲངས་སུ་གཏོགས་པ་མེད་དོ། །ཇི་ལྟར་གྲངས་སུ་གཏོགས་པ་མེད་ཅེ་ན། ཡོད་ཅེའམ། མེད་ཅེས་བསྟན་དུ་མེད་པའི་ཕྱིར་དང་། གཟུགས་སམ། གཟུགས་ལས་ཐ་དད་པའམ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའམ། རྣམ་པར་ཤེས་པ་ལས་ཐ་དད་པ་བསྟན་དུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་དེ་བཞིན་ཉིད་རྣམ་པར་དག་པས་ཕྱེ་ཞིང་གཅིག་ཏུ་ངེས་པར་དྲི་མ་མེད་པའི་ཕྱིར་ཏེ། དེ་ནི་གནོད་པ་མེད་པའི་མྱ་ངན་ ལས་འདས་པ་ཞེས་བྱའོ། །དེ་གཉིས་གཅིག་ཏུ་བསྡུས་པ་ལ་ནི་མྱ་ངན་ལས་འདས་པར་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པ་གང་ཞེ་ན། དེ་ལ་མྱ་ངན་ལས་འདས་པའི་རྣམ་གྲངས་ནི་འདི་རྣམས་ཡིན་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་དང་། མི་འགྱུར་བའི་ཆོས་ཅན་དང་། གནས་དང་། གླིང་དང་། སྐྱོབ་པ་དང་། སྐྱབས་དང་། དཔུང་གཉེན་དང་། བདེ་བ་དང་། ཞི་བ་དང་། ལེགས་པའི་གཞི་དང་། བདེ་ལེགས་སུ་འགྱུར་བ་དང་། མི་གཡོ་བ་དང་། མི་གཞོལ་བ་དང་། བལྟ་དཀའ་བ་ དང་། འཆི་བ་མེད་པ་དང་། མྱ་ངན་མེད་པ་དང་། འཆི་འཕོ་མེད་པ་དང་། རིམས་ནད་མེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ནད་མེད་པ་དང་། གཡོ་བ་མེད་པ་དང་། མྱ་ངན་ལས་འདས་པ་དང་། སྤྲོས་པ་མེད་པ་ཞེས་བྱ་སྟེ། དེ་ལྟ་བུ་དང་མཐུན་པ་རྣམས་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་རིག་ པར་བྱ་སྟེ། དེ་ནི་མྱ་ངན་ལས་འདས་པའི་རྣམ་གྲངས་སུ་གདགས་པ་རྣམ་པར་གཞག་པ་ཞེས་བྱའོ། །འདི་ནི་རྣལ་འབྱོར་སྤྱོད་པའི་ས་ལས་ཕུར་པོ་མེད་པའི་ས་རྫོགས་ཏེ་ས་མང་པོ་རྫོགས་སོ།། །།འདི་ལ་ཤློ་ཀ་ནི་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་རྩ་བཞི་ཡོད་དོ།། །།