Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 107
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
དེ་ཉིད་མ་ཡིན་པའི་ཕྱིར་རོ། ། དེ་དག་བདག་ཉིད་ཇི་ལྟ་བ་བཞིན་དུ་ཐ་དད་པ་ཡང་ཡིན་ལ་རང་གི་ངོ་བོས་སྐྱེད་པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། ངོ་བོ་ཅིག་མེད་པ་ནི་དེའི་ངོ་བོར་མི་འགྱུར་གྱི། དེ་མི་བྱ་བ་ནི་མ་ཡིན་ན། དེ་ཁོ་ནས་འབྲས་བུ་འདི་བྱ་དགོས་སོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་སྙམ་དུ་སེམས་ན། ལན་འདི་ནི་གྲངས་ཅན་ཁོ་ན་ལ་བརྗོད་ན་མཛེས་པར་འགྱུར་རོ། །དེ་དག་ནི་འགྲོ་བ་ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་ངོ་བོ་ཁོ་ན་ཉེ་བར་བརྗོད་དོ། །དེའི་ཕྱིར་དེར་འཛིན་པ་རྣམ་པར་བཟློག་པའི་ཆེད་དུ་སློབ་དཔོན་གྱི་དངོས་པོ་རྣམས་ཐ་སྙད་ཀྱི་སྒོ་ནས་ཐ་དད་པར་སྟོན་པར་མཛད་པ་རྣམས་ཀྱིས་ཐམས་ཅད་ཉེ་བར་ བརྗོད་པ་ཡིན་གྱི། འདི་གང་དག་ཡང་དག་པར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་གཅིག་པ་ཡང་མ་ཡིན། དོན་ཐ་དད་པ་ཡང་མ་ཡིན་པར་འདོད་པ་དེ་དག་གི་ཕྱིར་བཤད་པ་ནི་མ་ཡིན་ཏེ། དེ་དག་གི་ལྟར་ན་སྒྱུ་མ་དང་མཚུངས་པས་ཡང་དག་པར་ན་དངོས་པོ་ཐམས་ཅད་ལ་ཐ་དད་པ་དང་ཐ་དད་པ་མེད་ པའི་ངོ་བོ་ཉིད་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་པོ་རྣམས་ལ་ཡང་དག་པའི་ངོ་བོ་གཉིས་ཏེ་གཅིག་ནི་སྐྱེད་པར་བྱེད་པའི་མཚན་ཉིད་ཡིན་ལ་ཅིག་ཤོས་ནི་རང་གི་ངོ་བོའི་བདག་ཉིད་ཡིན་པར་གྱུར་ན་དེའི་ཚེ་འདི་གཞན་རང་གི་ངོ་བོ་ལས་ལོག་ཀྱང་སྐྱེད་པར་བྱེད་པའི་ངོ་བོ་ལས་ ལོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ལན་འདི་མཛེས་པར་འགྱུར་བ་ཞིག་ན། གང་གི་ཚེ་ཐམས་ཅད་སྐྱེད་པར་བྱེད་པའི་རང་གི་ངོ་བོ་ཁོ་ན་ཡིན་པ་དེའི་ཚེ་ཕན་ཚུན་ལོག་ན་དེ་སྐྱེད་པར་བྱེད་པའི་ངོ་བོ་ཉིད་ལས་ལོག་པ་ཡིན་པའི་ཕྱིར་ཇི་ལྟར་གཅིག་སྐྱེད་པར་བྱེད་པ་ཡིན་པར་འགྱུར། འོན་ཏེ་དེ་དག་གི་ རང་བཞིན་འདི་འདྲ་སྟེ། ཐ་དད་ཀྱང་གང་གཅིག་སྐྱེད་པར་བྱེད་པ་ཡིན་ནོ། །རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་ཞེ་ན། རྐང་པ་བརྐྱང་སྟེ་འདུག་ན་དེ་ཁོ་ན་ཉིད་དཔྱོད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་བློ་ཅན་ཐ་སྙད་ཙམ་གྱི་རྗེས་སུ་འབྲང་བ་རྣམས་དགའ་མགུར་འདུག་ལ་རག་སྟེ། གང་དག་ དེ་ཁོ་ན་ཉིད་དཔྱོད་པ་ལ་ཞུགས་པའི་བློ་གྲོས་ཅན་དེ་དག་ནི་དེ་ལྟར་འདུག་པར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དབང་ཕྱུག་ལ་སོགས་པ་ཡང་གཅིག་ཡིན་ཡང་རང་བཞིན་གྱི་ཁྱད་པར་དང་ལྡན་པའི་ཕྱིར་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་རིམ་དང་ཅིག་ཅར་དུ་མི་འགལ་བ་ཁོ་ན་སྟེ། དེའི་ངོ་བོ་ཉིད་དེ་ལྟ་བུར་ རང་བཞིན་གྱིས་གྲུབ་པ་ཡིན་ནོ། །རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ནོ་ཞེས་དེར་སྨྲ་བ་རྣམས་དེ་སྐད་དུ་སྨྲ་བ་ལ་ལན་ཅི་ཞིག་བརྗོད་པར་བྱ། གང་ཡང་དེ་ཁོ་ནས་འབྲས་བུ་དེ་བྱ་དགོས་སོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད་ཅེས་ཟེར་བ་དེ་ལ་ཡང་ཇི་ལྟར་མེ་ལ་རག་ལས་ཏེ་སྐྱེ་བའི་དུ་བ་ བརྒྱ་བྱིན་གྱི་སྤྱི་བོ་ལས་ཀྱང་འབྱུང་ན་རྒྱུ་མེད་པ་ཉིད་དུ་ཐལ་བའི་མཚན་ཉིད་ཀྱི་རིགས་པ་བརྗོད་པ་དེ་བཞིན་དུ་འདིར་ཡང་དེ་ཉིད་ཅི་སྟེ་ཉེ་བར་མི་བརྗོད་དེ། ཐ་སྙད་ཀྱང་ཚོགས་པ་གཅིག་གི་ཁོངས་སུ་གཏོགས་པ་ནི་འབྲས་བུ་གཅིག་སྐྱེད་པར་བྱེད་པར་མི་འགལ་ལ། ཚོགས་པ་གཞན་དུ་གཏོགས་པ་ རྣམས་ནི་འགལ་ལོ་ཞེས་བྱ་བ་འདི་དང་ཁྱད་པར་ཅི་ཡང་མེད་དོ། །འདི་ལ་ཡང་འདི་སྐད་དུ་མེ་ལ་སོགས་པ་དེ་ཁོ་ནས་འབྲས་བུ་དེ་བྱ་དགོས་ཀྱི། །བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རིགས་པ་ཅི་ཡོད། ཚོགས་པ་ཐ་དད་པ་ཡང་ཡིན་ལ་རང་གི་ངོ་བོས་སྐྱེད་ པར་བྱེད་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཡོད་ཅེས་རྗོད་པར་འགྱུར་རོ། །དེ་ལ་ཇི་ལྟར་ཚོགས་པ་གཅིག་ལ་རག་ལས་ཏེ་སྐྱེ་བའི་འབྲས་བུ་ཚོགས་པ་གཞན་ལས་ཀྱང་སྐྱེ་བ་ཡིན་ན་དེས་བསྐྱེད་པར་བྱ་བའི་རང་བཞིན་དུ་མ་ངེས་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་བརྗོད་པ་དེ་བཞིན་དུ་ཚོགས་པ་ གཅིག་ལ་ཡང་དེ་ཉིད་ཀྱི་ཚེ་རྣམ་པར་ཤེས་པ་ལ་སོགས་པ་རྒྱུ་གཅིག་ལ་རག་ལས་ཏེ། སྐྱེ་བ་ཡང་དེ་དང་མཚན་ཉིད་མི་མཐུན་པའི་རྒྱུ་གཞན་ལས་སྐྱེ་བ་ཡིན་ན་ཅི་སྟེ་རྒྱུ་མེད་པ་ཉིད་དུ་ཐལ་བར་མི་བརྗོད་དེ། འོན་ཏེ་ཡང་རྒྱུ་རྣམས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཉེ་བར་སྦྱོར་བས་བྱས་པའི་རང་ བཞིན་གྱི་ཁྱད་པར་མ་འཆོལ་བའི་ཕྱིར་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་འགལ་བ་ཉིད་དེ། འདི་ལྟར་མིག་ལ་སོགས་པ་རང་བཞིན་ཐ་དད་པ་དག་ལས་འབྲས་བུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བ་ན་དངོས་སུ་ཐ་དད་པ་མ་ཡིན་ཡང་རྟོགས་པའི་བདག་ཉིད་དང་གཟུགས་ ལ་སོགས་པ་ཡུལ་སོ་སོར་ངེས་པ་དང་། དེའི་རྣམ་པར་གྱུར་པར་སྐྱེ་སྟེ། དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་རྟོགས་པའི་ངོ་བོ་ཉིད་དུ་འགྱུར་གྱི། མིག་ལ་སོགས་པ་དག་ལས་ནི་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །དེ་བཞིན་དུ་ཡུལ་ལས་ནི་དེ་དང་འདྲ་བ་ཉིད་ དོ། །དབང་པོ་ལས་ནི་ཡུལ་འཛིན་པ་སོ་སོར་ངེས་པའོ། །དེ་ལྟར་ན་དབང་པོ་དང་ཡུལ་དག་ལས་ནི་རྟོགས་པའི་ངོ་བོ་ཉིད་མ་ཡིན་ལ་དབང་པོ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དག་ལས་ཀྱང་ཡུལ་གྱི་ངོ་བོ་ཉིད་མ་ཡིན་ཡུལ་དང་མཚུངས་པ་དེ་མ་ཐག་པའི་རྐྱེན་དག་ལས་ཀྱང་ཡུལ་འཛིན་པ་སོ་སོར་ངེས་ པ་མ་ཡིན་ནོ་ཞེས་རྣམ་པར་གཞག་པ་ངེས་པ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་དུ་འགྱུར་བ་ཁོ་ན་སྟེ། རྒྱུ་ཐ་དད་པ་དག་ལས་ཁྱད་པར་ཐ་དད་པ་དག་འབྱུང་བའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ཐ་སྙད་ཀྱི་སྒོ་ནས་བྱིས་པའི་སྐྱེ་བོ་ཐམས་ཅད་གཟུད་པའི་ཕྱིར་བརྗོད་ན་ནི་རིགས་པ་ཁོ་ན་ཡིན་ནོ། །དོན་དམ་ པར་ནི་མ་ཡིན། འདི་ལྟར་ཁྱད་པར་གང་ཡིན་པ་དེ་དག་གལ་ཏེ་བརྟགས་པ་མ་ཡིན་པ་ཁོ་ནའམ། ལྡོག་པའི་བྱེ་བྲག་གིས་བརྟགས་པའི་ངོ་བོ་ཞིག་ཡིན་པར་འགྱུར་གྲང་། གལ་ཏེ་ཕྱོགས་དང་པོ་ལྟར་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་དམིགས་པའི་བདག་ཉིད་ལ་སོགས་པ་དག་ལས་ངོ་བོ་ཐ་མི་དད་པའི་ ཕྱིར་དེ་དང་འདྲ་བ་ཁོ་ནར་དུ་མ་ཉིད་དུ་ཐལ་བ་ཡིན་ལ། དམིགས་པའི་བདག་ཉིད་ལ་སོགས་པ་ཡང་རྣམ་པར་ཤེས་པ་ཉིད་བཞིན་དུ་གཅིག་པ་ཉིད་དུ་འགྱུར་བ་བཟློག་པར་མི་འགྱུར་རོ། །རྣམ་པར་ཤེས་པ་རྟོགས་པའི་ངོ་བོ་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དེ་དང་འདྲ་བ་ཉིད་དུ་གཟུགས་ལས་མི་སྐྱེ་བ་ཉིད་དུ་ ཡང་ཐལ་བར་འགྱུར་རོ། །དེ་དང་འདྲ་བ་ཉིད་ལས་ཐ་དད་པ་མ་ཡིན་པའི་ཕྱིར་ཡང་གཟུགས་ལས་སྐྱེ་བར་སྨྲས་པར་འགྱུར་རོ། །དེའི་ཕྱིར་གཅིག་ལ་དུས་གཅིག་ཏུ་ཕན་ཚུན་འགལ་བ་སྐྱེ་བ་དང་མི་སྐྱེ་བ་དག་ཇི་ལྟར་མི་འགལ། ཇི་སྟེ་ཉེས་པ་འདིར་གྱུར་ན་མི་རུང་ཞེས་ཁྱད་པར་འདི་དག་རྣམ་པར་ཤེས་པ་ལས་ དོན་ཐ་དད་པར་གྱུར་པ་ཡིན་པ་ཁོ་ནར་རྟོག་ན་དེའི་ཚེ་རྣམ་པར་ཤེས་པ་རྒྱུ་མེད་པ་ཉིད་དུ་འགྱུར་ཏེ། གཞན་ཁོ་ན་ལ་མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །དེའི་ཕྱིར་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བ་ཡིན་ནོ། །ཇི་སྟེ་བརྟགས་པ་ཞེས་བྱ་བའི་ཕྱོགས་ཡིན་ནོ་ཞེ་ན། དེའི་ཚེ་རྣམ་པར་ཤེས་པ་རྒྱུ་ མེད་པ་ཉིད་དུ་འགྱུར་ཏེ། བརྟགས་པའི་བདག་ཉིད་དག་ཁོ་ན་ལ་མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་རོ། །བརྟགས་པའི་བདག་ཉིད་དག་ལ་ཡང་འགའ་ཡང་ཉེ་བར་སྦྱོར་བ་མེད་པས་ཐམས་ཅད་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་དོན་དམ་པར་དུ་མ་ལས་འབྲས་བུ་གཅིག་སྐྱེ་བར་ རིགས་པ་མ་ཡིན་ནོ། །གཅིག་ལས་དུ་མ་ཡང་མ་ཡིན་ཏེ། འདིར་ཡང་སྔ་མ་བཞིན་དུ་རྒྱུའི་ཐ་དད་པ་ཐ་དད་པར་བྱེད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གལ་ཏེ་མིག་བདག་ཉིད་ཀྱི་ཁྱད་པར་གང་ཁོ་ནས་རིགས་མཐུན་པའི་སྐད་ཅིག་མ་སྐྱེད་པ་དེ་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་ ཉེ་བར་སྐྱེ་ན་ནི་དེའི་ཚེ་རྒྱུ་ཐ་དད་པ་མ་ཡིན་ཡང་འབྲས་བུ་ཐ་དད་པའི་ཕྱིར་ཇི་ལྟར་འབྲས་བུའི་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག་རྒྱུ་མེད་པར་མི་འགྱུར། དེ་ལ་ནི་གང་གིས་ན་འབྲས་བུ་གཞན་སྐྱེད་པར་འགྱུར་བ་བདག་ཉིད་ཀྱི་ཁྱད་པར་གཞན་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་ཐམས་ཅད་ནི་ཆ་ཤས་མེད་ པའི་ཕྱིར་རོ། །དེའི་ཕྱིར་རྒྱུས་རང་གི་ངོ་བོ་འཕོས་ནས་འབྲས་བུ་ཉེ་བར་མི་སྐྱེ་མོད་ཀྱི། འོན་ཀྱང་རྒྱུའི་བདག་ཉིད་དེ་ལ་ཁྱད་པར་མེད་པའི་ཕྱིར་དེས་བྱས་པའི་འབྲས་བུ་ལ་ཁྱད་པར་མེད་པར་མི་འགྱུར་རོ། །གཅིག་ལས་དུ་མ་སྐྱེ་བ་དང་། དུ་མ་ལས་གཅིག་སྐྱེ་ཞེས་བྱ་བ་མཐོང་བ་མ་ཡིན་ནམ། དེའི་ ཕྱིར་དེ་ཇི་ལྟར་སྤང་བར་ནུས་ཤེ་ན། འདི་ནི་རུང་བ་མ་ཡིན་ཏེ། ཁོ་བོ་ཅག་ཀྱང་འདི་མ་མཐོང་ངོ་ཞེས་ནི་མི་སྒྲུབ་བོ། །མཐོང་བ་ཙམ་ནི་ཚད་མ་ཡང་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པ་འདི་ཐམས་ཅད་ཀྱང་སྣང་བའི་ཕྱིར་རོ། །འོན་ཀྱང་གང་དག་ཇི་ལྟར་མཐོང་བ་དེ་ཁོ་ན་ཉིད་དུ་ཁས་ལེན་པ་ དེ་དག་གི་ལོག་པར་སྒྲོ་འདོགས་པ་བསལ་བའི་ཕྱིར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཉིད་དུ་སྒྲུབ་པས་འགལ་བ་མེད་པ་ཉིད་དོ། །གཞན་ཡང་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གང་དུ་མ་ལས་སྐྱེ་བ་མཐོང་བར་འགྱུར་བ་དོན་དམ་པ་པའི་དངོས་པོའི་ངོ་བོ་ནི་གཅིག་ཏུ་ཅུང་ཟད་ཀྱང་མ་གྲུབ་པ་ཉིད་དེ། འདི་ནི་དུས་ཐམས་ཅད་དུ་སྣ་ཚོགས་ཀྱི་རྣམ་པ་ཉིད་དུ་སྣང་བའི་ཕྱིར་རོ། །སྣ་ཚོགས་ཀྱི་ངོ་བོ་ཡང་གཅིག་པ་ཉིད་ཡིན་ན་ནི་ཐམས་ཅད་རྫས་གཅིག་པར་ཐལ་བར་འགྱུར་རོ། །གཅིག་མ་གྲུབ་པ་དེ་བསྩགས་པའི་ངོ་བོ་ཡིན་པའི་ཕྱིར་དུ་མ་གྲུབ་པ་ཁོ་ན་གཅིག་དང་དུ་མ་དོན་དམ་ པའི་དངོས་པོ་སྐྱེ་བ་གང་དུ་མཐོང་བར་འགྱུར། དུ་མ་ལས་དུ་མ་སྐྱེའོ་ཞེས་བྱ་བའི་ཕྱོགས་གཞན་ཡང་ཡོད་པར་རིགས་པ་མ་ཡིན་ཏེ། འདི་ལྟར་ཇི་སྟེ་འབྲས་བུ་རེ་རེ་ལ་རྒྱུ་ཐམས་ཅད་ཀྱིས་བྱེད་ན་ནི་དེའི་ཚེ་དུ་མ་ལས་གཅིག་སྐྱེ་བའི་ཕྱོགས་ཉིད་དུ་འགྱུར་ཏེ། དེ་ལ་ཡང་ཉེས་པ་སྨྲས་ཟིན་ཏོ། །འོན་ ཏེ་འབྲས་བུ་གཅིག་ཁོ་ན་ལ་རེ་རེས་ཉེ་བར་སྦྱོར་ན་ནི་དེའི་ཚེ་གཅིག་ལས་གཅིག་སྐྱེ་བའི་ཕྱོགས་ཉིད་དུ་འགྱུར་ཏེ། དེ་ལ་ཡང་སུན་དབྱུང་བ་སྨྲས་ཟིན་ཏེ། དེ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །མཐའ་བཞི་ལས་མ་གཏོགས་པ་གང་ལས་སྐྱེ་བར་འགྱུར་བའི་ཕྱོགས་གཞན་ཡང་ཡོད་པ་ མ་ཡིན་ནོ། །རྟག་པའི་དངོས་པོ་ཡང་ཐམས་ཅད་སྔར་བསལ་ཟིན་པས་དེ་བས་ན་མ་ངེས་པ་ཡང་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །སློབ་དཔོན་གྱིས་ཀྱང་ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་ངོ་བོར་གནས་པ་ལ་ཐ་སྙད་དུ་གཅིག་ལས་དུ་མ་སྐྱེ་བ་དང་དུ་མ་ ལས་གཅིག་སྐྱེ་བར་ཇི་ལྟར་གྲགས་པ་བཞིན་མཐོང་བའི་ཕྱིར་དང་། མིག་ལ་སོགས་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བའི་བྱེ་བྲག་རྟོགས་ནས་བྱིས་པའི་སྐྱེ་བོ་གཟུད་པའི་ཕྱིར་འབྲས་བུའི་གཏན་ཚིགས་བསྟན་པར་བྱ་བའི་ཚེ་རྒྱུ་ཐ་དད་ན་ཐ་དད་ པར་འགྱུར་བར་སྨྲས་ཀྱི། དོན་དམ་པར་ནི་མ་ཡིན་པར་རིག་པར་བྱ་སྟེ། དོན་དམ་པར་དེ་མ་གྲུབ་པའི་ཕྱིར་ཇི་ལྟར་སྔར་དཔྱད་པ་བཞིན་ནོ། །དེ་བས་ན་གང་ཇི་སྐད་དུ་གང་དག་རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བར་རིགས་པ་མ་ཡིན་ལ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་ སོ་སོར་བཏབ་ཟིན་ཏོ། །གང་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མ་ངེས་པ་ལ་སོགས་པར་སྨྲ་བ་དེ་དག་གི་ལན་ཀྱང་སྔར་སྨྲས་ཟིན་ཏོ། །གང་ཡང་སྨྲ་བ་ཇི་སྟེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་དང་བཅས་པ་མ་ཡིན་ན་ནི་དེའི་ཚེ་ཀུན་རྫོབ་ཏུ་ཡང་མི་འགྱུར་ ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་སྔར་སྨྲས་ཟིན་ཏོ། །གང་ཡང་སྨྲ་བ་གཅིག་དང་དུ་མ་དང་བྲལ་བའི་མཚན་ཉིད་ཀྱི་གཏན་ཚིགས་མ་གྲུབ་པ་ལ་སོགས་པ་སྨྲས་པ་དེ་དག་ཐམས་ཅད་ཀྱི་ལན་ཀྱང་སྔོན་གྱི་སློབ་དཔོན་གྱིས་བླན་ཟིན་ཏོ། །འོན་ཀྱང་ཁ་ཅིག་འདི་ལ་ཞེ་སྡང་ བའི་ཕྱིར་བརྫུན་པ་ཉིད་དུ་སྐྱོན་བརྗོད་པ་དེ་ལོག་པར་རྟོགས་པ་ཡིན་པར་བརྗོད་པར་བྱའོ། །དེ་ལ་འདིར་ཐལ་བར་སྒྲུབ་ན་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་ཇི་སྟེ་ཕ་རོལ་པོ་དག་གིས་དངོས་པོ་རྣམས་གཅིག་དང་དུ་མ་དང་བྲལ་བར་ཁས་མ་བླངས་སུ་ཟིན་ཀྱང་། འོན་ཀྱང་དེས་ཁྱབ་པའི་ ཆོས་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ནི་དེ་ཡང་ཁས་བླངས་པ་ཁོ་ན་ཡིན་ཏེ། དེ་ལ་རེ་ཞིག་གང་གིས་དབང་ཕྱུག་ལ་སོགས་པ་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་དུ་ཀུན་བརྟགས་པ་དེ་དག་གིས་ནི་དེ་དག་འབྲས་བུ་རིམ་གྱིས་འབྱུང་བ་ལ་ཉེ་བར་སྦྱོར་བ་ཉིད་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ ན་གཅིག་གི་ངོ་བོ་ཉིད་དང་བྲལ་བ་ཡང་ཁས་བླངས་པ་ཉིད་དེ། ངོ་བོ་གཅིག་ལ་སྐྱེད་པར་བྱེད་པའི་གནས་སྐབས་དང་ཁྱད་པར་མེད་པ་ཉིད་ཀྱིས་དུས་སྔ་མ་བཞིན་དུ་དུས་ཕྱིས་ཀྱང་སྐྱེད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །འོན་ཏེ་སྐྱེད་པར་བྱེད་པ་ཉིད་ཡིན་ན་ནི་སྔོན་གྱི་གནས་སྐབས་དང་མཚན་ཉིད་མི་མཐུན་པའི་ངོ་ བོ་ཉིད་ཡིན་པའི་ཕྱིར་གཅིག་པ་ཉིད་ཉམས་པ་ཡིན་ནོ། །འདི་ནི་ཡང་དག་པར་ན་དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་ན་དུས་མཉམ་པ་དང་ཅིག་ཤོས་དག་ཏུ་རང་དང་གཞན་གྱི་རྒྱུད་ཀྱི་ཉིང་མཚམས་སྦྱོར་བ་མེད་པར་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །གང་དག་གིས་ནམ་མཁའ་ལ་ སོགས་པ་འདུས་མ་བྱས་གསུམ་པོ་ངོ་བོ་ཉིད་གཅིག་པ་འབྲས་བུ་ལ་ཉེ་བར་སྦྱོར་བ་མེད་པ་ཉིད་དུ་ཁས་བླངས་པ་དེ་དག་གིས་ཀྱང་དེ་དག་ཤེས་པ་རིམ་གྱིས་འབྱུང་བའི་ཤེས་བྱའི་ངོ་བོ་ཉིད་དུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་ངོ་བོ་གཅིག་པ་དང་བྲལ་བ་ཁས་བླངས་པ་ཉིད་དེ། དེ་དག་ཤེས་པ་རེ་ རེ་ཞིང་དེའི་ཤེས་པས་ཤེས་པར་བྱ་བའི་ངོ་བོ་ཉིད་ཐ་དད་པར་འགྱུར་བའི་ཕྱིར་རོ། །མི་འགྱུར་ན་ནི་ཁྱད་པར་མེད་པའི་ཕྱིར་སྔོན་བཞིན་དུ་ཕྱིས་ཀྱང་དེའི་ཤེས་པས་ཤེས་པར་བྱ་བའི་ངོ་བོ་ཉིད་དུ་མི་འཐད་དོ། །དེའི་ཕྱིར་འདི་དག་གཅིག་གི་ངོ་བོ་ཉིད་དུ་རིགས་པ་མ་ཡིན་ནོ། །དུ་མའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ་ ཞེས་སྔར་བསྒྲུབས་ཟིན་པ་ཉིད་དོ། །ཁ་ཅིག་གིས་དུས་དང་སྐྱེས་བུ་དང་གཙོ་བོ་དང་ཚངས་པ་ལ་སོགས་པ་འགྲོ་བ་སྣ་ཚོགས་པ་རྣམ་པར་གཞག་པའི་རྒྱུ་རྟག་པ་དང་ངོ་བོ་གཅིག་པར་ཀུན་བརྟགས་པ་གང་དག་ཡིན་པ་དེ་དག་ཀྱང་དེ་དག་གིས་རིམ་མམ། ཅིག་ཅར་དངོས་པོའི་ ཚོགས་བདེན་པ་དང་བརྫུན་པ་སྣ་ཚོགས་ཀྱི་ངོ་བོ་ཉེ་བར་འཛིན་པ་ཉིད་ཀྱི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་གཅིག་པ་ཉིད་དང་བྲལ་བ་ཁས་བླངས་པ་ཉིད་དེ། ངོ་བོ་ཉིད་གཅིག་པ་དག་ནི་དེ་ལྟར་འགྲོ་བ་སྣ་ཚོགས་ཀྱི་ངོ་བོ་ཉེ་བར་འཛིན་པ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དེ་དག་གཅིག་ པ་ཉིད་དུ་མ་གྲུབ་ན་དུ་མ་ཉིད་དུ་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། དེ་ནི་དེ་བསགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གང་དག་གིས་གང་ཟག་ཅེས་བྱ་བའི་དངོས་པོ་རྟག་པ་དང་མི་རྟག་པའི་ངོ་བོ་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་ཀུན་བརྟགས་པར་གྱུར་པ་དེ་དག་གིས་ཀྱང་། འདི་གཅིག་དང་དུ་མ་ དང་བྲལ་བ་ཉིད་དུ་དངོས་སུ་ཁས་བླངས་པ་ཉིད་དེ། གཅིག་གི་ངོ་བོ་ཉིད་དང་ལྡན་པ་ཡང་། རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རིགས་པ་མ་ཡིན་ལ། ངོ་བོ་ཉིད་གཞན་དང་གཞན་དུ་ཉམས་སུ་མྱོང་བ་ཡང་སྐད་ཅིག་མ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། ། མི་རྟག་པའི་ངོ་བོ་ལུས་དང་ས་དང་རི་ལ་སོགས་པ་བདག་ཉིད་སོ་སོར་ཡན་ལག་ཅན་གྱི་རྫས་གཅིག་པ་ཉིད་དུ་ཀུན་བརྟགས་པ་གང་ཡིན་པ་དེ་ཡང་ཡན་ལག་གི་རྫས་སུ་ཡུལ་ཐ་དད་པ་དུ་མ་ལ་ཁྱབ་པར་བྱེད་པ་ཉིད་ལ་སོགས་པའི་ཆོས་སུ་ཁས་བླངས་པའི་ཕྱིར། གཅིག་པ་ཉིད་དང་བྲལ་བར་ཁས་བླངས་ པ་ཁོ་ན་སྟེ། དེ་ཡན་ལག་རེ་རེ་ལ་ངོ་བོ་ཉིད་ཐ་དད་པ་མེད་ན་ནི་དེ་ལ་ཁྱབ་པར་བྱེད་པ་ཉིད་དུ་ཡང་འཐད་པ་མ་ཡིན་ནོ། །ཆ་ཤས་མེད་པ་ལ་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པའི་ཆོས་འགལ་བ་དང་ལྡན་པར་ཡང་འཐད་པ་མ་ཡིན་ནོ། །གང་དག་གི་ལུས་ལ་སོགས་པ་རྡུལ་ཕྲན་ བསགས་པ་ཙམ་ཡིན་པའི་ཕྱིར་རྡུལ་ཕྲ་རབ་རྣམས་སོ་སོ་རེ་རེ་གཅིག་པ་ཉིད་དུ་ཀུན་བརྟགས་པ་དེ་དག་གིས་ཀྱང་སྦྱོར་བ་དང་བསྩགས་པ་ལ་སོགས་པའི་ཆོས་སུ་ཁས་བླངས་པའི་ཕྱིར་ཤུགས་ཀྱིས་ན་གཅིག་པ་ཉིད་དང་བྲལ་བ་ཉིད་ཀྱང་ཁས་བླངས་པ་ཁོ་ན་ཡིན་ཏེ། ཆ་ཤས་མེད་པའི་ངོ་བོ་རྣམས་ལ་གང་ གིས་ན་སྦྱོར་བ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་བ་ཕྱོགས་གཅིག་ནི་ཡོད་པ་མ་ཡིན་ལ་ཕྱོགས་གཅིག་གིས་སྦྱོར་བ་མེད་པ་རྣམས་དང་བསྩགས་པ་མེད་པ་རྣམས་ལ། ཡུལ་རྒྱས་པར་ཁེབས་པར་གནས་པར་ཡང་མི་རུང་ངོ་། །ཡན་ལག་རྣམས་ངོ་བོ་ཉིད་གཅིག་པར་རིགས་པ་དང་ ལྡན་པ་ཡང་མ་ཡིན་ཏེ། དེ་དག་ནི་ཡན་ལག་འདུས་པ་ཙམ་ཡིན་པའི་ཕྱིར་རོ། །རྡུལ་ཕྲ་རབ་དང་ཡན་ལག་ཅན་གྱི་རྫས་འདི་གཉི་ག་ཡང་དུ་མའི་ངོ་བོ་ཉིད་དུ་ཡང་རུང་བ་མ་ཡིན་ཏེ། དེ་ནི་གཅིག་འདུས་པའི་ངོ་བོ་ཡིན་པའི་ཕྱིར་གཅིག་པ་ཉིད་མ་གྲུབ་ན། དེ་ཡང་དེ་ལ་ལྟོས་ཏེ་རྣམ་པར་ གཞག་པ་ཡིན་པས་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་རྒྱུ་དང་འབྲས་བུའི་རྫས་གཅིག་དང་དུ་མའི་ངོ་བོ་དང་བྲལ་བར་གྲུབ་ན་དེ་ལ་བརྟེན་ནས་ཉེ་བར་བརྟགས་པ་ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འདུ་བ་རྣམས་རབ་ཏུ་མི་འགྲུབ་པ་ཉིད་དེ། དེ་དག་ནི་དེའི་གཞན་གྱི་དབང་ཡིན་ པའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་ཤུགས་ཀྱིས་ཤེས་བྱ་ཐམས་ཅད་གཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པ་ཁོ་ནར་ཁས་བླངས་སོ་ཞེས་བསྟན་པ་ཡིན་ནོ། །ཤེས་པ་ཡང་ངོ་བོ་ཉིད་གཅིག་པར་ཉེ་བར་བརྟགས་མོད་ཀྱི། འོན་ཀྱང་དེ་ཡུལ་ངོ་བོར་སྣ་ཚོགས་འཛིན་པ་ཉིད་ཀྱི་ཆོས་སུ་ཁས་ བླངས་པའི་ཕྱིར་ཤུགས་ཀྱིས་ན་ངོ་བོ་ཉིད་གཅིག་པ་དང་བྲལ་བ་ཁས་བླངས་པ་ཁོ་ན་སྟེ། འདི་ལྟར་ཤེས་པ་ནི་གདོན་མི་ཟ་བར་རྣམ་པ་དང་བཅས་པར་ཁས་བླངས་དགོས་སོ། །དེ་ལྟ་མ་ཡིན་ན་ཡུལ་གྱི་རྣམ་པས་མ་བསྒྱུར་བའི་ལུས་འདི་ཡུལ་འཛིན་པར་རྣམ་པར་གཞག་པར་མི་འཐད་ པ་ཉིད་དོ། །རྣམ་པ་དང་བཅས་པ་ཉིད་དུ་ཁས་ལེན་ན་ནི་འདི་ངོ་བོ་ཉིད་གཅིག་པ་དང་བྲལ་བ་བསལ་བ་ཁོ་ནར་ཁས་བླངས་པ་ཉིད་དེ། ཤེས་པའི་ངོ་བོ་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །སྣ་ཚོགས་དང་གཅིག་པ་ཉིད་དག་ཀྱང་འགལ་བའི་ཕྱིར་ཤེས་པ་ཐམས་ཅད་དངོས་པོ་སྣ་ཚོགས་ཀྱི་ཡུལ་ ཅན་དུ་ཁས་བླངས་པ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས་དག་ནི་རང་གི་སྡེ་པ་རྣམས་བསྩགས་པ་ལ་དམིགས་པ་ཁོ་ནར་འདོད་དོ། །རྣམ་པར་ཤེས་པ་དྲུག་པ་ཡང་སེམས་དང་སེམས་ལས་བྱུང་བ་ལ་དམིགས་ལ། རི་མོ་བརྐྱང་བ་ལ་སོགས་པ་ལ་ལྟ་བ་ན། རྣམ་པར་ཤེས་པ་ རྣམ་པ་སྣ་ཚོགས་པ་ཅན་ཉམས་སུ་མྱོང་བའི་ཕྱིར་ཤེས་པ་ཐམས་ཅད་རྣམ་པ་སྣ་ཚོགས་ཅན་དུ་རབ་ཏུ་གྲུབ་པ་ཁོ་ནའོ། །དེ་ལ་རྣམ་པ་སྣ་ཚོགས་ཉིད་གཞུང་གཟུགས་པའི་ཕྱིར་ཤེས་པ་དུ་མ་སྐྱེ་བར་རྟོག་པ་ཡང་ལེགས་པ་མ་ཡིན་ཏེ། དེ་དག་ནི་ལུས་ཅན་མ་ཡིན་པ་ ཉིད་ཀྱི་ཡུལ་ལ་བཀྲམ་པ་ལྟར་གནས་པ་མེད་པའི་ཕྱིར་རོ། །དེ་ལྟར་མི་གནས་ན་ཡང་རྣམ་པ་སྣ་ཚོགས་ཉིད་འཐད་པ་མ་ཡིན་ནོ། །ཡོན་ཏན་དང་ལས་ལ་སོགས་པ་དང་ལྡན་པའི་རྫས་ལ་སོགས་པ་ཡང་ཤེས་པས་ཅིག་ཅར་འཛིན་པར་ཁས་བླངས་པའི་ཕྱིར་གཞན་དག་གིས་ཀྱང་ཤེས་ པ་ཡུལ་སྣ་ཚོགས་ཅན་དུ་ཁས་བླངས་པ་ཉིད་དོ། །གང་དག་རྫས་ཀྱི་རྣམ་གྲངས་ལ་སོགས་པའི་བྱེ་བྲག་གིས་དངོས་པོ་ཐམས་ཅད་ནོར་བུ་གཟི་ལྟ་བུར་རྟོགས་པར་བྱེད་པ་དེ་དག་གིས་ཀྱང་དེའི་ཡུལ་ཅན་གྱི་སེམས་ཀྱི་ཡུལ་ཉིད་དངོས་པོའི་ངོ་བོ་དུ་མར་འདོད་པ་ཁོ་ནའོ། །གང་དག་ཡུལ་ འབྱུང་བ་བཞི་གནས་པའི་བདག་ཉིད་ཁོ་ན་ཡིན་པར་ཉེ་བར་རྟོག་པར་བྱེད་པ་དེ་དག་གིས་ཀྱང་ཤེས་པ་དངོས་པོ་དུ་མའི་ཡུལ་ཅན་ཉིད་དུ་ཁས་བླངས་པ་ཉིད་དོ། །གང་དག་གི་ཡུལ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་ངོ་བོ་ཁོ་ན་ཡིན་པར་ཁས་བླངས་པ་དེ་དག་གིས་ཀྱང་ཤེས་པའི་ཡུལ་ ཉིད་དངོས་པོ་དུ་མའི་ངོ་བོ་ཡིན་པར་ཁས་བླངས་པ་ཁོ་ན་སྟེ། ཡུལ་ཉིད་དངོས་པོ་གསུམ་གྱི་བདག་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །གང་དག་ཡིད་ཀྱི་རྣམ་པར་ཤེས་པ་འདས་པ་ལ་སོགས་པའི་ཡུལ་ཅན་ནི་དམིགས་པ་མེད་པ་ཁོ་ནར་སྨྲ་བ་དེ་དག་གི་ལུགས་ཀྱིས་ཀྱང་མིང་གི་རྣམ་པ་དང་ལྡན་ པའི་ཕྱིར་རྣམ་པ་གཅིག་པ་དེ་རིགས་པ་མ་ཡིན་པ་ཉིད་དེ། ཡི་གེའི་ངོ་བོ་དུ་མར་སྣང་བའི་ཕྱིར་རོ། །རྨི་ལམ་ལ་སོགས་པའི་ཤེས་པ་ཡང་སྔོན་པོ་ལ་སོགས་པ་རྣམ་པ་སྣ་ཚོགས་སྣང་བ་ཉིད་དུ་མྱོང་བའི་ཕྱིར་ངོ་བོ་ཉིད་གཅིག་པར་རིགས་པ་མ་ཡིན་པ་ཁོ་ནའོ། །འགྲོ་བ་རྣམ་པར་ཤེས་པ་ཙམ་ གྱིས་ངོ་བོར་སྨྲ་བ་གང་དག་གིས་རྣམ་པར་ཤེས་པ་ཐམས་ཅད་ཕྱི་རོལ་ཡང་དག་པའི་ཡུལ་ཅན་མ་ཡིན་པའི་ཕྱིར་རང་རིག་པའི་ཕྱིར་མཐར་ཐུག་པའི་དེ་ཁོ་ནར་ཁས་བླངས་པ་དེ་དག་གིས་ཀྱང་ཐོག་མ་མེད་པ་ནས་རྣམ་པར་འཁྲུལ་པའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་རྣམ་པར་ཤེས་པ་ཐམས་ཅད་ གཟུགས་ལ་སོགས་པ་ལོག་པ་སྣ་ཚོགས་སུ་སྣང་བར་སྐྱེ་བར་ཁས་བླངས་པའི་ཕྱིར་རྣམ་པར་ཤེས་པ་ངོ་བོ་གཅིག་པ་མ་ཡིན་པར་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་རྣམ་པར་ཤེས་པ་ཡང་ལྟ་བ་གང་ལ་ཡང་ངོ་བོ་ཉིད་གཅིག་པར་མ་གྲུབ་བོ། །དེ་མ་གྲུབ་ན་ངོ་བོ་ཉིད་དུ་ཡང་མ་གྲུབ་བོ་ ཞེས་སྔར་བཤད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་རང་གི་རྒྱུད་ཀྱིས་བསྒྲུབ་པ་ལ་ཡང་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་ཡང་ཆོས་ཐམས་ཅད་གཅིག་དང་དུ་མ་དང་བྲལ་བ་ཙམ་དུ་གྲུབ་པའི་ཕྱིར་རོ། །རྣམ་པར་ བཅད་པ་ཙམ་ཞིག་ཡིན་པ་ལ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དང་རྗེས་སུ་མཐུན་པའི་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པ་རིགས་པ་ཉིད་དོ་ཞེས་སྔར་བསྟན་ཟིན་ཏོ། །དེས་ན་རང་དང་གཞན་གྱི་གཞུང་ལུགས་ལ་གནས་པ་རྣམས་ཀྱིས་ཉེ་བར་བརྟགས་པའི་ཆོས་ཅན་ལ་ཡང་བསྒྲུབ་པའི་ ཆོས་རྣམ་པར་བཅད་པ་ཙམ་གྱིས་ཇི་སྐད་བཤད་པ་གཉི་ག་ལ་གྲུབ་པ་ཉིད་དོ། །གང་ཡང་གཏན་ཚིགས་འདི་ཇི་ལྟར་གྲུབ། གལ་ཏེ་མི་དམིགས་པའི་སྒོ་ནས་ཡིན་ན་ནི་དེ་ཡང་མི་དམིགས་པ་གཞན་ལས་གྲུབ་ན་ཐུག་པ་མེད་པར་ཐལ་བ་ཡིན་ནོ། །མངོན་སུམ་གྱི་སྒོ་ནས་དམིགས་པ་མེད་ པ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། དེ་ནི་དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་བསྩལ་བ་ཉིད་དེ། ཇི་སྐད་བཤད་པའི་ཚུལ་གྱིས་གཏན་ཚིགས་རབ་ཏུ་སྒྲུབ་པའི་ཕྱིར་རོ། །འདི་ལྟར་རེ་ཞིག་བདག་ལ་སོགས་པ་དབང་པོས་མི་སོད་པ་གང་དག་ཡིན་པ་དེ་དག་ནི་དེས་ཁྱབ་པ་འབྲས་བུ་ རིམ་ཅན་ལ་སྦྱོར་བ་ཉིད་ལ་སོགས་པའི་ཆོས་ཁས་བླངས་པའི་ཕྱིར་གཅིག་དང་དུ་མ་དང་བྲལ་བ་ཉིད་ཀྱང་རབ་ཏུ་བསྒྲུབས་པ་ཁོ་ནའོ། །ཇི་སྟེ་ཆོས་ཅན་དེ་ཉིད་མ་གྲུབ་ན། གང་ལ་དེ་དང་བྲལ་བ་འདི་སྒྲུབ་སྙམ་དུ་སེམས་ན་དེ་ནི་རིགས་པ་མ་ཡིན་ཏེ། དངོས་པོ་དེ་ལྟ་བུའི་དགག་པ་ལ་ཐམས་ཅད་དུ་ ཆོས་ཅན་བརྟགས་པ་ཁོ་ན་ཡིན་པའི་ཕྱིར་ཏེ། དེ་ཁོ་ནའི་ཆོས་མི་དམིགས་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ལྟ་མ་ཡིན་ན་ཁྱེད་ལ་ཡང་དེ་དགག་པ་དེ་ལ་གཏན་ཚིགས་དོན་བྱེད་པའི་ནུས་པ་དང་བྲལ་བའི་མཚན་ཉིད་ཇི་ལྟར་གྲུབ་ཅེས་བྱ་བའི་ཀླན་ཀར་ཇི་སྟེ་མི་འགྱུར། ཕ་རོལ་པོ་དག་ གིས་ཀུན་བརྟགས་པའི་ཆོས་ཅན་དེ་ལ་འབྲས་བུ་རིམ་ཅན་དེ་ལྟ་བུ་ཁས་བླངས་པ་ཁོ་ནའི་ཕྱིར་དེ་ལ་ཁྱབ་པར་བྱེད་པའི་ཆོས་གྲུབ་པ་དེའི་ལུགས་ལ་བརྟེན་པ་ཉིད་ཀྱིས་ན་ཆོས་ཅན་དེ་ཀུན་བརྟགས་པ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་སྒོ་ནས་རྟོགས་ཀྱང་ཐུག་པ་ མེད་པར་ཐལ་བ་མ་ཡིན་ཏེ། དེ་དག་ནི་བདག་ཉིད་ཀྱིས་ཚད་མ་ཡིན་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་བསྒྲུབ་པར་བྱ་བས་སྒྲུབ་པ་ལ་ཁྱབ་པ་ཡང་གྲུབ་པ་ཉིད་དོ་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །ཆོས་ཅན་གཟུགས་ལ་སོགས་པ་ལྐོག་ཏུ་མ་གྱུར་པ་གང་དག་ཡིན་པ་དེ་དག་ཀྱང་ངོ་བོ་ ཉིད་གཅིག་པ་དང་བྲལ་བ་མངོན་སུམ་ཁོ་ནར་གྱུར་པ་ཡིན་ཏེ། འདི་དག་རྟག་ཏུ་རྣམ་པ་སྣ་ཚོགས་སུ་སྣང་བ་ཉིད་ཀྱིས་བྱེ་བྲག་མེད་པར་ངོ་བོ་ཉིད་གཅིག་པར་སོ་སོར་མྱོང་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་གཅིག་དང་བྲལ་བ་གྲུབ་ན་ངོ་བོ་ཉིད་དུ་མ་དང་བྲལ་བ་ཡང་མངོན་སུམ་ཁོ་ནར་གྲུབ་པ་ ཡིན་ཏེ། དུ་མ་ཉིད་ནི་གཅིག་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐ་སྙད་ཀྱི་སྒོ་ནས་མངོན་སུམ་ལ་སོགས་པའི་ཚད་མ་མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འོན་ཏེ་ཡང་དོན་དམ་པར་མེད་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཏུ་ཡང་མེད་ལ། ཅུང་ཟད་ཀྱང་མྱོང་བ་ཡང་མེད་དེ། དཔེར་ན་རི་བོང་གི་རྭ་ལྟ་བུའོ། །མངོན་སུམ་ཡང་དེ་དང་འདྲའོ་སྙམ་དུ་སེམས་ན། དེ་ཡང་འདི་ལྟར་འབྲེལ་པ་མེད་པའི་ཕྱིར་གཏན་ཚིགས་འདི་མ་ངེས་པ་ཉིད་དོ་ཞེས་པས་སྔར་ལན་བཏབ་ཟིན་པ་ཁོ་ནའོ། །ཇི་སྟེ་སྒྲོ་བཏགས་པའི་བདག་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་དེ་ཉིད་དུ་རྟོགས་པར་འགྱུར་གྱི། ཡང་དག་པར་ན་དེ་མེད་པར་ནི་མ་ཡིན་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ། །མངོན་སུམ་ཐམས་ཅད་ཀྱང་སྒྲོ་བཏགས་པའི་བདག་ཉིད་ཀྱི་ངོ་བོ་ཁོ་ན་ཡིན་པས་ཇི་ལྟར་དེས་གཅིག་དང་དུ་མས་དབེན་པ་ཉིད་རྟོགས་པར་འགྱུར་སྙམ་དུ་སེམས་ན། དེ་ནི་འདིར་སྒྱུ་མ་མཁན་གྱི་མངོན་སུམ་དང་། རྗེས་སུ་དཔག་པའི་ཤེས་པས་མ་ངེས་པ་ཉིད་ཡིན་ཏེ། འདི་ལྟར་སྒྱུ་མ་མཁན་གྱི་ཤེས་པ་གླང་པོ་ཆེ་ལ་སོགས་པའི་རྣམ་པར་སྒྲོ་བཏགས་པ་ཅན་ཡང་ཡང་དག་པར་ན་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་དོ། །དེར་མངོན་པར་ཞེན་པ་མེད་པས་ཡང་དག་པར་ན་དེས་དབེན་པ་ཉིད་རྟོགས་པ་ངེས་པར་ སྐྱེ་བའི་རྒྱུ་ཉིད་ཀྱིས་དེའི་ཡུལ་ཅན་དུ་རྣམ་པར་གཞག་གོ། །དེ་དང་འདྲ་བར་རྟོག་པ་དང་ལྡན་པ་རྣམས་ཀྱི་མངོན་སུམ་འཁྲུལ་པའི་རྒྱུ་མཚན་ཡང་དག་པར་བསྩལ་བ་སྒྲོ་བཏགས་པའི་རྣམ་པ་ཅན་གཞན་ཡང་སྐྱེ་བ་ན་ཡང་དག་པར་དེའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པར་ངེས་པའི་རྒྱུ་ཉིད་ཀྱིས་དེས་ དབེན་པའི་ཡུལ་ཅན་དུ་རྣམ་པར་གཞག་པ་ཉིད་དོ། །དེ་བཞིན་དུ་རྗེས་སུ་དཔག་པའི་ཤེས་པ་དངོས་པོའི་སྤྱིའི་མཚན་ཉིད་ཀྱི་རྣམ་པར་སྒྲོ་བཏགས་པ་ཅན་ཡང་དངོས་པོའི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེའི་ཡུལ་ཅན་ཡིན་ནོ། །དེའི་ཕྱིར་ཚད་མ་ཡིན་པས་གཏན་ ཚིགས་མ་ངེས་པ་ཉིད་ཡིན་ནོ། །གང་ཡང་དེ་ནི་དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་རིགས་པ་མ་ཡིན་པ་ཉིད་དེ། དངོས་པོ་རྣམས་རྟའི་རྭ་ལྟ་བུར་ཁས་བླངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུར་ཡིན་ཏེ། དེ་དག་ཀྱང་སྒྱུ་མ་ལ་ སོགས་པ་བཞིན་དུ་མངོན་སུམ་ཁོ་ནའོ། །གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་གཟུང་མོད་ཀྱི། སྐྱེ་བོ་དམ་པ་མ་ཡིན་པའི་བསྟན་བཅོས་མཉན་པ་ལ་སོགས་པ་འཁྲུལ་པའི་རྒྱུ་མཚན་གྱི་སྒྲོ་འདོགས་པ་ཉེ་བར་སྐྱེད་པ་ཁ་ཅིག་གིས་གཏན་ལ་མི་ཕེབས་ཀྱི། གཞན་དག་གིས་ནི་གཏན་ལ་ ཕེབས་ན་ཇི་ལྟར་མི་དམིགས་པའི་སྒོ་ནས་གཅིག་དང་དུ་མ་དང་བྲལ་བ་ཡང་དག་པར་གྲུབ། རྣམ་པ་གཅིག་ཏུ་ན་སྣ་ཚོགས་ཀྱི་རྣམ་པ་ལ་སོགས་པའི་རྟགས་ཀྱི་སྒོ་ནས་ཐམས་ཅད་དུ་གཅིག་པ་ཉིད་དང་བྲལ་བ་གྲུབ་ན་དུ་མ་ཉིད་དང་བྲལ་བ་ཡང་གྲུབ་པ་ཡིན་ཏེ། དེ་ནི་དེའི་ཚོགས་འདི་བདག་ཉིད་ ཡིན་པའི་ཕྱིར་རོ། །གཅིག་དང་དུ་མ་ཉིད་དག་གིས་ནི་རྣམ་པ་ཐམས་ཅད་ལ་ཁྱབ་སྟེ། དེ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་སྐྱེ་བོ་ཐ་སྙད་དུ་བུམ་པ་ལ་སོགས་པ་ཡུལ་ལ་སོགས་པ་ཡོངས་སུ་ཆད་པ་དང་འབྲེལ་པ་ཟླ་མེད་པར་གྱུར་པ། གཅིག་ཏུ་ ཐ་སྙད་གདགས་སུ་རུང་བ་ཡོངས་སུ་གཅོད་པ་ན་དེ་ལས་བཟློག་པ་ཟླ་དང་བཅས་པ་ལ་སོགས་པའི་ངོ་བོ་རྣམ་པར་བཅད་ནས་ཡོངས་སུ་གཅོད་ལ། དེ་བཞིན་དུ་རྫས་ཀྱི་རིགས་དུ་མའི་ཚོགས་དངོས་པོ་དུ་མར་ཐ་སྙད་གདགས་སུ་རུང་བ་ཡོངས་སུ་གཅོད་པ་ན་ཡང་དེ་ལས་བཟློག་པ་ཟླ་མེད་པའི་རྣམ་པར་བཅད་ནས་ ཡོངས་སུ་གཅོད་དོ། །གང་ཞིག་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མེད་པ་དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་ཡིན་པ་དེ་དག་ནི་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དག་ཡིན་ནོ། །གང་ དག་རྣམ་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་དེ་དག་ནི་ཕུང་པོ་གཞན་སེལ་བར་བྱེད་པ་དག་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པ་ལ་སོགས་པའི་བྱེ་བྲག་དག་ལྟ་བུའོ། །གཅིག་པ་ཉིད་དང་དུ་མ་དག་ཉིད་ཀྱང་དེ་དང་འདྲ་ལ་ཁྱབ་པར་བྱེད་པ་ལོག་པས་ཀྱང་ཁྱབ་པར་བྱ་བ་ལྡོག་པར་ངེས་པས་ དེའི་ཕྱིར་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། ཕུང་པོ་གཞན་མི་སྲིད་པའི་ཕྱིར་རོ། །དེས་ན་གང་ལ་ལ་དག་ན་རེ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་རང་ལ་མ་གྲུབ་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཅན་གང་ཁོ་ན་ ལ་ཁྱབ་པར་བྱ་བའི་དངོས་པོ་གྲུབ་པ་དེ་ཁོ་ན་ལ་ཁྱབ་པར་བྱེད་པ་ལོག་པས་ཁྱབ་པར་བྱ་བ་ལ་ལྡོག་པར་མ་གྲུབ་བོ་ཞེས་ཟེར་བ་དེ་དག་ཐམས་ཅད་ལ་ལན་བཏབ་པ་ཁོ་ན་ཡིན་ནོ། །འདི་ལྟར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ལ་སོགས་པ་ཐམས་ཅད་ནི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་ ཕྱིར་གཞག་གོ་ཞེས་སྔར་བསྟན་ཟིན་ཏོ། །ཁྱབ་པར་བྱེད་པ་ཉེ་ན་གདོན་མི་ཟ་བར་ཁྱབ་པར་བྱ་བ་བྱེ་བྲག་རྟོགས་པ་ཡང་མ་ཡིན་ནོ་ཞེས་དེ་ཡང་སྔར་བསྟན་པ་ཉིད་དོ། །དེའི་ཕྱིར་ཐ་སྙད་ཀྱི་སྒོ་ནས་གཅིག་དང་དུ་མའི་ངོ་བོ་དག་གིས་ངོ་བོ་ཉིད་དང་བཅས་པ་ཙམ་ལ་ཁྱབ་མོད་ཀྱི། འོན་ཀྱང་དེ་ལས་དོན་ དམ་པ་པའི་ངོ་བོ་ཉིད་དུ་ངེས་པ་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་ཅན་ཀུན་རྫོབ་པ་ཡང་སྣང་བའི་ཕྱིར་རོ། །ཁྱད་པར་དུ་ན་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱ་བའི་དངོས་པོ་འགྲུབ་པ་ནི་ཐ་སྙད་པའི་ཆོས་ཅན་ལ་བརྟེན་པ་ཡིན་ལ། ཁྱབ་པར་བྱེད་པ་ལྡོག་པ་ནི་དོན་ དམ་པ་ལ་བརྟེན་པར་རྩོད་པའི་གཞིར་གྱུར་པའི་ཆོས་ཅན་ཐམས་ཅད་ལ་སྤྱིར་སྒྲུབ་པའི་ཕྱིར་འདི་གཉིས་ཆོས་ཅན་གཅིག་ལ་བརྟེན་པ་ཉིད་ལྟ་ག་ལ་ཡིན། ཆོས་ཅན་གཅིག་ལ་བརྟེན་པ་ཉིད་ཡིན་དུ་ཆུག་ན་ཡང་། འོན་ཀྱང་ལྟོས་པས་ཐ་དད་པའི་ཕྱིར་ཉེས་པ་མེད་པ་ཁོ་ན་སྟེ། འདི་ལྟར་ཁྱབ་པར་བྱེད་པ་དང་ ཁྱབ་པར་བྱ་བའི་དངོས་པོ་གྲུབ་པ་ནི་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ཡིན་ལ། ཁྱབ་པར་བྱེད་པ་ལྡོག་པ་ནི་དོན་དམ་པའི་བདེན་པ་ལ་བརྟེན་པ་ཉིད་ཡིན་པས་འགལ་རེ་སྐན། གང་ཡང་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཅི་མེད་པར་དགག་པའི་ངོ་བོ་ཞིག་ཡིན་ནམ། འོན་ཏེ་མ་ཡིན་པའི་ངོ་བོ་ ཡིན། ཕྱོགས་དང་པོ་ལྟར་ཡིན་ན་ནི་དེ་གཉིས་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ཏེ། ངོ་བོ་མེད་པའི་ཕྱིར་དང་། འབྲེལ་པ་མེད་པའི་ཕྱིར་དང་། འཐད་པ་མེད་པའི་ཕྱིར་རོ། །ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཅུང་ཟད་གོ་བར་ཡང་མི་ བྱེད་ལ། གོ་བར་ཡང་མི་འགྱུར་ཏེ། དཔེར་ན་རྟའི་རྭ་ལྟ་བུའོ། །ཇི་སྐད་བཤད་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པ་དག་ཀྱང་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་ནོ། །གང་དག་ཕན་ཚུན་འབྲེལ་པ་མེད་པ་དེ་དག་ཀྱང་གོ་བར་བྱ་བ་དང་གོ་བར་བྱེད་པའི་ངོ་བོ་མ་ཡིན་ཏེ། དཔེར་ ན་རི་གངས་ཅན་དང་འབིགས་བྱེད་དག་ལྟ་བུའོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཀྱང་ཕན་ཚུན་འབྲེལ་པ་མེད་པ་ཡིན་ནོ། །གང་དང་གང་ཞིག་ཐ་དད་པ་མེད་པའི་ངོ་བོ་དག་ལ་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མེད་དེ། དཔེར་ན་ཤིང་དང་ཤིང་ལྗོན་པ་དག་ལྟ་བུའོ། ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཀྱང་ཐ་དད་པ་མེད་པ་ཡིན་ནོ། །འོན་ཏེ་མ་ཡིན་པའི་ངོ་བོ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི། དེའི་ཚེ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དངོས་པོའི་ངོ་བོ་དོན་བྱེད་པར་རུང་བར་ཁས་བླངས་པར་འགྱུར་བས་མི་འདོད་པར་འགྱུར་བ་མ་ཡིན་ནོ་ཞེས་སྨྲས་པ་ དེ་ཡང་རིགས་པ་མ་ཡིན་ཏེ། རྣམ་པར་རྟོག་པ་འདི་ནི་གཞན་གྱིས་ཀུན་བརྟགས་པ་དབང་ཕྱུག་ལ་སོགས་པ་དགག་པ་ལ་ཡང་ཐམས་ཅད་དུ་མཚུངས་པ་ཉིད་དོ། །འདི་ལྟར་དབང་ཕྱུག་ལ་སོགས་པ་དེ་ནི་གདོན་མི་ཟ་བར་ཁྱབ་པར་བྱེད་པའི་ཆོས་བཀག་པ་ཁོ་ནས་དགག་པར་བྱ་དགོས་ཏེ། ཤིན་ཏུ་ ལྐོག་ཏུ་གྱུར་པ་དེ་མངོན་སུམ་དུ་དགག་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཀླན་ཀ་ཐམས་ཅད་དེར་ཡང་ཅི་སྟེ་འབྱུང་བར་མི་འགྱུར། གང་ཡང་། དེ་ནི་གཅིག་ན་ཡུལ་མིན་ལ། །ཐ་དད་རྡུལ་དུ་དུ་མའང་མིན། །ཞེས་བྱ་བ་དང་། དེ་བཞིན་དུ། དངོས་རྣམས་གང་དུ་རྣམ་དཔྱད་ན། །དེ་ཡི་ངོ་བོར་ཡང་ དག་མེད། གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་ངོ་བོ་མེད། །ཅེས་བྱ་བ་ལ་སོགས་པས་ཕྱིའི་དོན་ལ་སོགས་པ་ཀུན་བརྟགས་པ་འགོག་པ་དེ་ལ་ཡང་ཀླན་ཀ་འདི་ཅི་སྟེ་འབྱུང་བར་མི་འགྱུར། གལ་ཏེ་ཡང་ངོ་བོ་ཉིད་མེད་པ་ལ་གོ་བར་བྱེད་པ་ཉིད་མེད་ན་དེའི་ཚེ་རྟའི་རྭ་ གོ་བར་བྱེད་པ་མ་ཡིན་པ་ཉིད་ཀྱང་ཅི་སྟེ་ཉེ་བར་དགོད། ཁྱོད་ཀྱི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་གང་ཡིན་པ་དེ་ནི་ཅུང་ཟད་ཀྱང་གོ་བར་མི་བྱེད་ཅེས་བྱ་བ་ལ་སོགས་པའི་སྦྱོར་བ་དེ་ཉིད་ལ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་དགག་པའི་ངོ་བོ་དག་ཇི་ལྟར་གོ་བར་བྱ་བ་དང་། གོ་བར་བྱེད་པའི་དངོས་པོ་ཡིན། དེ་ལྟ་བས་ན་སྦྱོར་བ་འདི་མཚོན་ཆའི་ཐབས་བསླབ་པ་ཉེས་པར་བྱེད་པ་བཞིན་དུ་རང་ལ་གནོད་པར་བྱེད་པ་ཉེ་བར་བཀོད་པ་འབའ་ཞིག་ཏུ་ཟད་པས་སྦྱོར་བ་ལ་ཏེ་པོར་མཁས་པ་ཡང་མ་ཡིན་ནོ། །ཐམས་ཅད་ཀྱི་དངོས་པོ་ཐམས་ཅད་རྟག་ཏུ་གཏན་ལ་འབེབས་པར་ཐལ་ བར་འགྱུར་བའི་ཕྱིར་རྟགས་དངོས་པོར་གྱུར་པ་ཁོ་ན་གོ་བར་བྱེད་པ་ཉིད་དུ་ནི་སུ་ཡང་མི་འདོད་དེ། གདོན་མི་ཟ་བར་གང་ཡང་རུང་བ་ལ་རྟགས་གང་ཡང་རུང་བ་བཞིན་གོ་བར་བྱེད་པར་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་རྟགས་ངེས་པ་ཁོ་ན་མངོན་སུམ་དུ་གོ་བར་བྱེད་པ་ཡིན་ཏེ། བསྒྲུབ་པར་བྱ་བའི་རྣམ་པ་ལ་ངེས་པ་སྐྱེད་པའི་ཕྱིར་རོ། །རྟགས་ནི་ཉེ་བར་འདོགས་པའི་སྒོ་ཁོ་ན་ནས་གོ་བར་བྱེད་པར་གཞག་གོ་ཞེས་བྱ་བར་རིག་སྟེ། དེས་ན་རྟགས་ངོ་བོ་ཉིད་མེད་པ་ཡིན་ཡང་དེའི་རྣམ་པར་ངེས་པ་ནི་འདོད་པའི་བསྒྲུབ་པར་བྱ་བའི་རྣམ་པ་གཏན་ལ་འབེབས་པ་སྐྱེ་བའི་རྒྱུ་ཡིན་པའི་ ཕྱིར་གོ་བར་བྱེད་པ་ཉིད་དུ་ཉེ་བར་བརྟགས་པས་ཉེས་པ་མེད་དོ། །ཐམས་ཅད་དུ་རྟགས་དངོས་པོར་གྱུར་པ་ཁོ་ན་དགོད་པ་ཡང་མ་ཡིན་ཏེ། ནམ་མཁའ་ལ་སོགས་པ་དགག་པ་ལ་རྟགས་ཉིད་བརྟགས་པ་ཁོ་ན་ཡིན་ནོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་རོ། །གང་ཡང་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་ སྨྲས་པ་གང་ཡིན་པ་དེ་ལ་ཡང་གལ་ཏེ་འབྲེལ་པ་དངོས་པོར་གྱུར་པ་ཞིག་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་ན་ནི་དེའི་ཚེ་གཏན་ཚིགས་མ་ངེས་པ་མ་ཡིན་ཏེ། དངོས་པོ་ལ་ཡང་ལ་ལར་དེ་ལྟ་བུའི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དེ་ནི་གཞན་དག་གིས་གཉིས་ལ་བརྟེན་པ་ཉིད་དང་། ངོ་བོ་ཉིད་ ཕན་ཚུན་འབྱར་བའི་རྒྱུ་ཅན་ཉིད་དུ་ཉེ་བར་བརྟགས་པའི་ཕྱིར་ལ། གྲུབ་ཟིན་པ་གཉིས་ནི་ངོ་བོ་ཉིད་ཕན་ཚུན་འབྱར་བར་འཐད་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར་རོ། །འབྱར་ན་ནི་གཉི་ག་གཅིག་པུ་ཉིད་དུ་འགྱུར་ཏེ། དེ་ནི་འགལ་ལོ། །གཅིག་པ་ཉིད་ཡིན་ན་ནི་འདི་ གཉིས་ལ་བརྟེན་པར་མི་འགྱུར་རོ། །དེ་ལ་འབྲེལ་པ་ཅན་དག་ལས་དོན་གཞན་ཡིན་ན་ནི་རང་གི་ངོ་བོ་ཉིད་ལ་གནས་པའི་ཕྱིར་ཇི་ལྟར་འབྲེལ་པའི་ངོ་བོ་ཉིད་ཡིན། དོན་གཞན་མ་ཡིན་པ་ཉིད་ཡིན་ན་ནི་འབྲེལ་པ་ཅན་ཙམ་དུ་ཟད་པའི་ཕྱིར་འབྲེལ་པ་བརྟགས་པ་ཁོ་ན་ཡིན་པར་འགྱུར་གྱི་དངོས་པོ་ནི་ མ་ཡིན་ནོ། །འབྲེལ་པ་དེ་ལས་བྱུང་བའི་མཚན་ཉིད་དུ་བརྗོད་པ་གང་ཡིན་པ་དེ་ཡང་བརྟགས་པ་ཁོ་ན་ཡིན་ཏེ། རྒྱུ་དང་འབྲས་བུ་དག་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །མི་ཉེ་བ་དག་ལ་ནི་འབྲེལ་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་གང་གི་ཚེ་འབྲས་བུ་ཡོངས་སུ་གྲུབ་པའི་ངོ་བོ་ཡིན་པ་དེའི་ཚེ་ དེ་ལྟོས་པ་མེད་པ་ཉིད་ཀྱིས་གཞན་ལ་རག་མ་ལས་པ་ཁོ་ན་ཡིན་པས་གང་དང་ཡང་འབྲེལ་པ་མེད་དོ། །དེ་ཡོངས་སུ་མ་གྲུབ་པ་ཉིད་ཡིན་ན་ཡང་རང་གི་རྒྱུ་དང་འབྲེལ་པ་ཅན་ཡིན་པའི་དུས་ན་མི་ཉེ་བའི་ཕྱིར་དེ་དང་འབྲེལ་པ་མེད་དོ། །དེ་ལྟ་བས་ན་རྟོག་པ་ཁོ་ནས་དངོས་པོ་རྣམས་སྦྱོར་བར་ བྱེད་དེ། རང་གི་རྒྱུ་ལས་གྲུབ་པའི་ཕྱིར། །འབྲས་བུ་རག་ལས་མེད་ན་ཡང་། །གྲུབ་པ་གཞན་རག་མ་ལས་པའང་། །འབྲས་བུ་རང་གི་རྒྱུ་དག་ལས། །རྟོག་པ་ཡིས་ནི་འབྲེལ་པར་བྱེད། །འབྲས་མིན་ཇི་ལྟར་ཡང་ཅི་ཞིག །ཅེས་ཀྱང་བཤད་དོ། །དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ ཡང་ཡང་དག་པ་པ་མ་ཡིན་ཏེ། དེ་ནི་གཉིས་ལ་བརྟེན་པའི་ཕྱིར་ལ། དེའི་བདག་ཉིད་ཡིན་ན་ཡང་གཉིས་ཉིད་མི་རུང་བའི་ཕྱིར་རོ། །གཉིས་ཉིད་མེད་ན་ཡང་འབྲེལ་པ་ཅན་དག་མེད་པའི་ཕྱིར་གང་ཞིག་གང་དང་འབྲེལ་པ་ཡིན། དེ་ལྟ་བས་ན་འབྲེལ་པ་ཐམས་ཅད་རྟོག་པས་བཀོད་པའི་བདག་ཉིད་ཡིན་ པའི་ཕྱིར་དངོས་པོ་མེད་པ་ལ་འཇུག་ན་ཡང་ཉམས་པ་མེད་པ་ཉིད་པས་གཏན་ཚིགས་མ་གྲུབ་པ་ཉིད་དོ། །གཞན་ཡང་གལ་ཏེ་འབྲེལ་པ་མེད་པ་ཁོ་ན་ཡིན་ན་ནི་ཇི་ལྟར་ཐ་དད་པ་མེད་པའི་ཕྱིར་ཞེས་གཏན་ཚིགས་གཞན་སྨོས་པར་བྱེད། ཐ་དད་པ་མེད་པ་ཉིད་ཡིན་ན་ནི་དེའི་བདག་ཉིད་ཀྱི་འབྲེལ་པ་ ཁོ་ན་བསྟན་པར་གྱུར་ཏོ། །གལ་ཏེ་དངོས་པོ་ཁོ་ན་ལ་དེའི་བདག་ཉིད་ཀྱི་འབྲེལ་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། དེའི་བདག་ཉིད་ནི་ཐ་དད་པ་མེད་པའི་རྣམ་གྲངས་ཡིན་པའི་ཕྱིར་ལ། དེ་ནི་ངོ་བོ་ཉིད་མེད་པ་དག་ཀྱང་བདག་མེད་པ་ཉིད་དུ་མཚུངས་ པས་འགལ་བ་མེད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བ་ཡང་བརྗོད་པར་མི་བྱ་བར་འགྱུར་རོ། །དེ་ལ་ཐ་དད་པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གལ་ཏེ་དོན་དམ་པའི་དབང་དུ་བྱས་ནས་བརྗོད་ན་ནི་དེའི་ཚེ་མ་ངེས་པ་ཡིན་ཏེ། བྱས་པ་དང་མི་རྟག་པ་ལྟ་བུ་ དོན་དམ་པར་ཐ་དད་པ་མེད་པ་ཡིན་ཡང་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་མཐོང་བའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་ཡང་འདི་ལ་ཐ་དད་པ་མེད་དོ་ཞེས་བྱ་བར་འདོད་ན་ནི་དེ་མ་གྲུབ་སྟེ། ལྡོག་པའི་བྱེ་བྲག་གིས་ཉེ་བར་བརྟགས་པའི་ཐ་དད་པ་ཡོད་པའི་ཕྱིར་རོ། །འདི་ལྟར་སྒྲ་ལ་སོགས་པའི་ཆོས་ ཅན་བྱས་པ་མ་ཡིན་པ་ལ་སོགས་པ་ལས་ལོག་པ་ཉིད་དུ་ངེས་པ་ན། རྟག་པ་ལ་སོགས་པ་ལས་ལོག་པར་ངེས་པར་འགྱུར་བས་ཡང་དག་པར་ཐ་དད་པ་མེད་ཀྱང་ལྡོག་པའི་བྱེ་བྲག་ལ་ལྟོས་ནས་བྱས་པ་ཉིད་དང་། མི་རྟག་པ་ཉིད་དག་ཐ་དད་པར་རྣམ་པར་གཞག་པར་ཉེ་བར་བརྟགས་ཏེ་གོ་བར་བྱ་ བ་དང་། གོ་བར་བྱེད་པའི་དངོས་པོ་རྣམ་པར་གཞག་གོ། །དེ་བཞིན་དུ་དངོས་པོ་རྣམས་ཡང་དག་པར་ན་གཟུགས་བརྙན་ལ་སོགས་པ་བཞིན་དུ་གཅིག་དང་དུ་མའི་རང་བཞིན་ལས་ལྡོག་པ་ན་དོན་དམ་པ་པའི་ངོ་བོ་ཉིད་ལས་ཀྱང་ལྡོག་པར་ངེས་པས་དེའི་ཕྱིར་ལྡོག་པའི་བྱེ་བྲག་ལ་ལྟོས་པས་བྱས་པའི་ ཐ་དད་པ་ཡོད་པའི་ཕྱིར་གོ་བར་བྱ་བ་དང་། གོ་བར་བྱེད་པའི་དངོས་པོར་འགྱུར་རོ། །ཡང་ཇི་ལྟར་དངོས་པོ་རྟག་པ་དོན་བྱེད་པའི་ནུས་པ་ལས་ལོག་པ་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་ལས་ལོག་པ་ཉིད་དུ་སྒྲུབ་པ་ལྟར་གཞན་ལ་ཡང་དེ་དང་འདྲ་བས་འགལ་བ་མེད་པ་ཉིད་དོ། །གང་ཡང་གལ་ཏེ་ འདི་གཉིས་ཀྱིས་ཐ་དད་པ་ལྡོག་པའི་བྱེ་བྲག་གིས་བྱས་པ་ཞིག་ཡིན་ན་དེའི་ཚེ་དངོས་པོ་ཉིད་དུ་འགྱུར་ཏེ། སྔོན་པོ་དང་སེར་པོའི་བདག་ཉིད་ལྟ་བུའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་དེ། བྱས་པ་དང་མི་རྟག་པ་ཉིད་ལ་སོགས་པས་མ་ངེས་པའི་ཕྱིར་རོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་དག་ གིས་ཐ་དད་པ་ལྡོག་པས་བྱས་ཞེས་ཏེ། འདི་ཙམ་གྱིས་དེ་གཉིས་དངོས་པོར་ནི་མི་འགྱུར་རོ། །ཇི་ལྟར་རྟག་པའི་དངོས་པོ་དག་ལ་དོན་བྱེད་པའི་ནུས་པ་དང་བྲལ་བ་དང་། ངོ་བོ་ཉིད་མེད་པ་ལྡོག་པས་བྱས་པའི་བྱེ་བྲག་ཡོད་ཀྱང་དངོས་པོ་ཉིད་དུ་མི་འགྱུར་བ་ལྟར་གཞན་ལ་ཡང་དེ་དང་འདྲ་བས་ འདི་ནི་གྱི་ནའོ། །གང་ཡང་སྔོན་པོ་དང་སེར་པོའི་བདག་ཉིད་དག་ལྟ་བུའོ་ཞེས་དཔེ་དེ་ཉིད་དུ་སྨྲས་པ་དེ་ཡང་དོན་དམ་པ་པའི་དངོས་པོའི་ངོ་བོ་ཉིད་དུ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །གང་ཡང་མ་ཡིན་པའི་ཕྱོགས་ལ་ཉེས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་པ་ཁོ་ན་སྟེ། མ་ཡིན་པའི་ ཚུལ་དུ་བརྗོད་ཅེས་ཏེ། འདི་ཙམ་གྱིས་ནི་འགའ་ཡང་གང་དུ་ཡང་དོན་དམ་པ་པའི་དངོས་པོ་ཉིད་དུ་མ་གྲུབ་སྟེ། ནམ་མཁའ་ལ་སོགས་པ་བརྟགས་པ་ལུས་ཅན་མ་ཡིན་པ་ལ་སོགས་པའི་ཚིག་ཏུ་བརྗོད་ཀྱང་དངོས་པོ་མེད་པའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དོ། །དེ་ལ་བློ་ལ་ཡོད་པའི་ཆོས་ཅན་སྔར་ བཤད་པ་གང་ཡིན་པ་དེ་ཡང་མ་ཡིན་པའི་ཚུལ་གྱིས་དེ་སྐད་དུ་བརྗོད་མོད་ཀྱི། འོན་ཀྱང་འདི་ཡང་དག་པ་པའི་དངོས་པོ་ཉིད་དུ་རིགས་པ་དང་ལྡན་པ་མ་ཡིན་ནོ། །དངོས་པོ་ཡོད་པར་སྨྲ་བ་རྣམས་ལ་ཡང་གང་གིས་ན་གྲུབ་པ་སྒྲུབ་པ་ཉིད་དུ་འགྱུར་བ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་དངོས་ པོ་ཡང་དག་པ་དེ་ནི་ཅུང་ཟད་ཀྱང་མེད་དེ། དེ་ནི་རྟོག་པའི་ཡུལ་ཡང་མ་ཡིན་པའི་ཕྱིར་དང་། གཅིག་དང་དུ་མ་དག་གིས་ཀྱང་རང་བཞིན་ཐམས་ཅད་ལ་ཁྱབ་པར་སྔར་བསྒྲུབ་པའི་ཕྱིར་རོ། །དོན་དམ་པར་ངོ་བོ་ཉིད་མེད་པ་སྒྱུ་མ་ལ་སོགས་པ་དང་ཁྱད་པར་མེད་པ་དེ་ལྟ་བུ་ལ་ཡང་དངོས་པོ་ཞེས་ མིང་དུ་འདོགས་ན་ནི་ཅུང་ཟད་ཀྱང་གནོད་པ་མེད་དེ། ཁྱེད་གཉིས་ལ་ཁས་བླངས་པའི་ཕྱོགས་ཉམས་པའི་སྒོ་ནས་གནོད་པ་འབའ་ཞིག་ཏུ་ཟད་དེ། དེའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །འགལ་བ་ཉིད་ཀྱང་མ་ཡིན་ཏེ། གཟུགས་བརྙན་ལ་སོགས་པ་མཐུན་པའི་ཕྱོགས་ལ་ཡོད་པའི་ ཕྱིར་རོ། །གཟུགས་བརྙན་ལ་སོགས་པའི་དངོས་པོ་ནི་གཅིག་དང་དུ་མའི་རང་བཞིན་དོན་དམ་པ་པར་རུང་བ་མ་ཡིན་ཏེ། དེ་ཡང་ཡང་དག་པར་ན་ཤེས་པ་དང་ཤེས་བྱའི་ངོ་བོ་ཉིད་དུ་ཡང་དག་པར་མ་གྲུབ་བོ་ཞེས་སྔར་བསྟན་ཟིན་ཏོ། །འདི་ལྟར་གཅིག་དང་དུ་མའི་རང་བཞིན་དང་བྲལ་བའི་མཚན་ཉིད་ ཀྱི་གཏན་ཚིགས་བདག་མེད་པར་བསྒྲུབས་པ་ལྟར་ཆོས་ཅན་དངོས་པོ་མེད་པ་ཡང་དེ་དང་འདྲ་བས་ཆོས་ཅན་ལས་བཟློག་པ་བསྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ནི་གཅིག་ཏུ་ཚད་མས་མངོན་པར་མི་ཤེས་པ་ཉིད་འབའ་ཞིག་ཏུ་ཟད་དེ། གལ་ ཏེ་ཆོས་ཅན་དངོས་པོའི་ངོ་བོར་བསྒྲུབ་པར་འདོད་པར་འགྱུར་ན་ནི་དེའི་ཚེ་དེ་ལས་ལྡོག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བར་ཡང་འགྱུར་བ་ཞིག་ན། གང་གི་ཚེ་དེ་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པ་ལ་སྒྲུབ་པར་བྱེད་པ་དེའི་ཚེ་ཇི་ལྟར་རྒོལ་བའི་འདོད་པ་གྲུབ་ཀྱང་གཏན་ཚིགས་འགལ་བ་ཉིད་དུ་འགྱུར། རང་ བཞིན་མེད་པ་ཉིད་དུ་སྒྲུབ་པ་ལ་ནི་དངོས་པོའི་ངོ་བོ་ཆོས་ཅན་ཉིད་དུ་ཡང་མི་འགྱུར་ཏེ། རྗེས་སུ་མཐུན་པ་མ་ཡིན་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །དེའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པས་ཇི་སྐད་བཤད་པ་ལ་ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་པ་ཁོ་ནར་འདོད་པའི་ཕྱིར་འདི་ལྟར་གཏན་ཚིགས་དེ་ ལས་བཟློག་པ་བསྒྲུབ་པ་ཉིད་ཡིན། དངོས་པོའི་ངོ་བོ་ཉིད་དུ་སྒྲུབ་པ་ལ་ནི་དེ་ལས་བཟློག་པ་སྒྲུབ་པར་འགྱུར་རོ། །འདིའི་ཇི་ལྟར་གཏན་ཚིགས་འདི་བདག་མེད་པ་སྒྲུབ་པར་བྱེད་པ་ལྟར་ཆོས་ཅན་དངོས་པོ་མེད་པ་ཡང་དེ་དང་འདྲའོ་ཞེས་བརྗོད་པ་འདི་ཡང་འབྲེལ་པ་མེད་པ་ཡིན་ཏེ། བདག་མེད་པ་དང་ དངོས་པོ་མེད་པ་དག་ལ་ནི་གང་གིས་ནི་ཆོས་གཉིས་གྲུབ་པར་བརྗོད་པས་གཏན་ཚིགས་འགལ་བ་ཉིད་དུ་བརྗོད་པར་འགྱུར་བ་ལྡོག་པས་ཀྱང་ཕན་ཚུན་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་གཉིས་ནི་རྣམ་གྲངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་བདག་མེད་པ་སྒྲུབ་པར་བྱེད་པ་དེ་བཞིན་དུ་བདག་མེད་ པ་སྒྲུབ་པར་བྱེད་དོ་ཞེས་སྨྲས་པར་འགྱུར་ཏེ། མངོན་པར་བརྗོད་པ་ལ་མཁས་པ་དེ་ལྟ་བུ་ལྟ་སུ་ཞིག་ལ་ཡོད་པར་འགྱུར། དེ་ལྟ་བས་ན་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པ་ཁོ་ན་ཡིན་ནོ། །གཏན་ཚིགས་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་ཏེ། དཔེར་ན་མེ་ ལོང་ངོས་ལ་ནི། །གཅིག་དང་གཞན་ཉིད་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མིན་ལྟར། །དངོས་ལ་ངོ་བོ་ཉིད་དེ་བཞིན། །ཞེས་བཤད་པ་གང་ཡིན་པའོ། །དེའི་ཕྱིར་རང་བཞིན་མེད་པར་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཅུང་ཟད་ཀྱང་མེད་དོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་ལན་བཏབ་ པ་ཡིན་ནོ། །གང་ཡང་གལ་ཏེ་རྣམ་པར་ཤེས་པ་ཡང་ཆོས་གཞན་བཞིན་དུ་ངོ་བོ་ཉིད་མེད་པ་ཡིན་ན་དེའི་ཚེ་དེ་ཡང་བརྫུན་པའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་དེ་ལས་གཞན་པའི་ཆོས་བཞིན་དུ་སྤོང་བར་བྱེད་པར་འགྱུར་རོ། །དེ་བྱེད་ན་ནི་རྣལ་འབྱོར་པ་ཡང་མེད། རྣལ་འབྱོར་པའི་ཤེས་པ་ཡང་ མེད། དེས་དེ་ཁོ་ན་ཉིད་རྟོགས་པའང་མེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པ་ཡང་མེད། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མེད་དེ། དེའི་ཕྱིར་རྣམ་པར་གཞག་པ་ཐམས་ཅད་ཞིག་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ རིགས་པ་མ་ཡིན་ཏེ། གལ་ཏེ་ཐལ་བ་འདི་དེ་ལས་བདེན་པར་མངོན་པར་ཞེན་པ་སྤོང་བའི་སྒོ་ནས་སྤོང་བ་ཡིན་པར་བརྗོད་པ་ཡིན་ན་ནི་དགའ་དགུར་བརྗོད་ལ་རག་གོ། །དེ་ལྟར་འདོད་པའི་ཕྱིར་ཐལ་བ་ནི་མ་ཡིན་པ་ཉིད་དེ། དེའི་མཚན་ཉིད་ནི་མི་འདོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འོན་ཏེ་ཐལ་བ་ རྣམ་པ་ཐམས་ཅད་དུ་ཡོངས་སུ་འདོར་བ་ཡིན་པར་བརྗོད་ན་ནི་དེའི་ཚེ་གཏན་ཚིགས་མ་ངེས་པ་ཉིད་ཡིན་ཏེ། བསྒྲུབ་པར་བྱ་བ་ལས་བཟློག་པ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །བརྫུན་ཞེས་ཏེ་དེ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡང་མེད་དེ། སྒྱུ་མ་བརྫུན་པ་ཉིད་ ཡིན་ཡང་དགོས་པའི་དབང་གིས་སྒྱུ་མ་མཁན་རྣམས་བཞིན་དུ་བརྟེན་པའི་ཕྱིར་རོ། །བརྫུན་པ་གང་དག་ནམ་ཡང་རང་དང་གཞན་གྱི་དོན་དུ་ཉེ་བར་སྦྱོར་བར་མི་འགྱུར་བ་དེ་དག་ནི་རྣལ་འབྱོར་པ་རྣམས་ཀྱིས་ཐམས་ཅད་དུ་ཡོངས་སུ་དོར་བའི་མཚན་ཉིད་ཀྱི་སྤང་བར་བརྗོད་དོ་ཞེས་བྱ་བར་རིགས་ཀྱི། གང་ དག་མངོན་སུམ་མམ། བརྒྱུད་པས་རང་དང་གཞན་ལ་དགོས་པའི་ཡོན་ཏན་ཅན་དེ་དག་སྙིང་བརྩེ་བ་ཆེན་པོ་ཅན་གཞན་ལ་ཕན་པ་བསྐྱེད་པའི་ཐབས་ཐོབ་པ་རྣམས་ཀྱིས་ཇི་ལྟར་དུས་ཐམས་ཅད་དུ་ཡོངས་སུ་སྤོང་བར་འགྱུར། དེ་ལྟ་བས་ན་ཞིང་ཡོངས་སུ་དག་པ་དང་གཟུགས་ཀྱི་སྐུ་སྤྲུལ་པ་ལ་ སོགས་པ་གང་ཅུང་ཟད་གཞན་ལ་དགོས་པ་ཉིད་དུ་འགྱུར་བ་དེ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམས་ཀྱིས་ཕྱིན་ཅི་ལོག་སྤངས་པའི་སྒོ་ནས་སྤངས་ཀྱང་འཁོར་བ་ཇི་སྲིད་པར་མི་ལྡོག་པ་ཉིད་དེ། དེ་དག་གིས་སྒྱུ་མ་མཁན་བཞིན་དུ་ཐམས་ཅད་བརྫུན་པ་ཉིད་དུ་ཐུགས་སུ་ཆུད་ཀྱང་། གཞན་ལ་ཕན་ པའི་ཐབས་ཡིན་པའི་ཕྱིར་རྣམ་པར་མི་འདོར་རོ། །འདི་དག་ལ་ཕྱིན་ཅི་ལོག་ལ་ཆགས་པ་ཡང་མེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་རོ། །དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྒྱུ་མ་ཐར་ པར་བྱ་ཕྱིར་བརྩོན། །གང་ཕྱིར་དཔེ་འདི་སྔོན་ཤེས་པས། །སྒྱུ་མ་ལ་ནི་འདི་མི་ཆགས། །དེ་བཞིན་སྲིད་གསུམ་སྒྱུ་མ་ལྟར། །རྫོགས་པའི་བྱང་ཆུབ་མཁས་པས་མཁྱེན། །འགྲོ་བའི་དོན་དུ་གོ་བགོས་ཏེ། །འགྲོ་བ་སྔ་ནས་མཁྱེན་པ་ཡིན། །ཞེས་གསུངས་སོ། །དངོས་པོ་ཉིད་ཁོ་ན་བླང་ བའི་རྒྱུ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཉིད་ཡོངས་སུ་དོར་བའི་རྒྱུ་ཡང་མ་ཡིན་ཏེ། འདི་ལྟར་ཉན་ཐོས་དངོས་པོའི་འདུ་ཤེས་ཅན་རྣམས་ཀྱང་བདེན་པ་དང་པོ་གཉིས་ནི་རྣམ་པར་སྤོང་ལ། བདེན་པ་གསུམ་པ་ནི་དངོས་པོ་མེད་ཀྱང་ལེན་ཏོ། །རྣལ་འབྱོར་པ་ཐུགས་རྗེས་ནོན་པའི་ཡིད་ཀྱིས་གཞན་གྱི་ དོན་གྱི་ཆེད་དུ་གླང་པོ་ཆེ་ལ་སོགས་པ་བརྫུན་པ་སྤྲུལ་པ་ཡང་རྣམ་པ་སྣ་ཚོགས་བསྒྲུབ་བོ། །དེ་ལ་སྙིང་བརྩེ་བ་ཆེན་པོས་གཞན་གྱི་དབང་གིས་གཞན་ལ་ཕན་པ་དང་བདེ་བ་མ་ལུས་པའི་ཐབས་བྱས་པ། ཤེས་རབ་ཀྱི་སྣང་བ་ཕུལ་དུ་ཕྱིན་པས་ཀུན་ཏུ་རྨོངས་པའི་མུན་པ་མ་ལུས་པར་བསལ་བ། གཞན་ ལ་ཕན་པར་བཞེད་པའི་བློ་གྲོས་དང་ལྡན་པ་རྣམས་ནི་ཕྱིན་ཅི་ལོག་མ་ལུས་པར་སྤངས་ཀྱང་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་དང་། ལས་དང་། ཉོན་མོངས་པ་དང་། ནམ་མཁའི་མཐར་ཐུག་པ་ཇི་ཙམ་པར་གནས་པར་འདོད་པ་ཁོ་ནའོ། །འདི་ལྟར་དངོས་པོ་ཐམས་ཅད་དོན་དམ་པར་ངོ་བོ་ ཉིད་མེད་པ་ཁོ་ན་ཡིན་ཡང་སྒྱུ་མ་བཞིན་དུ་རང་གི་རྒྱུ་དང་རྐྱེན་ཚོགས་པའི་གཞན་གྱི་དབང་ཁོ་ན་ལས་འབྱུང་ངོ་། །རྒྱུ་དང་ལྡན་པ་ཞེས་དེ་དག་དངོས་པོ་ཡོད་པར་འགྱུར་བ་ནི་མ་ཡིན་ཏེ། རྗེས་སུ་འགྲོ་བ་མ་གྲུབ་པའི་ཕྱིར་དང་། སྒྱུ་མ་ལ་སོགས་པས་ཀྱང་འཁྲུལ་པའི་ཕྱིར་རོ། །བརྫུན་པ་ཡང་གང་ ཞིག་ལ་རང་དང་འཚམ་པའི་རྒྱུ་རྒྱུད་པ་མེད་པ་དེ་ནི་ཐ་སྙད་དུ་ཡང་འབྱུང་བ་མེད་དོ་ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཇི་ལྟར་སྒྱུ་མ་ལ་སོགས་པ་རང་གི་རྒྱུ་ཚོགས་པའི་གཞན་གྱི་དབང་གིས་འབྱུང་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ལ་སོགས་པའི་སྒྱུ་མ་མ་བརྟགས་ན་དགའ་བ་དག་ ཀྱང་འབྱུང་བ་ཁོ་ནའོ། །དེ་ལ་རྣལ་འབྱོར་པའི་ཡེ་ཤེས་ལ་སོགས་པའི་སྒྱུ་མའི་རྒྱུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་བདག་ཉིད་ཇི་ལྟ་བའི་རྗེས་སུ་མཐུན་པ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་མདོར་ན་ཐུགས་བརྩེ་བ་དང་། ཤེས་རབ་ དག་ཡིན་ཏེ། དེ་དག་ཐུགས་བརྩེ་བས་ནི་མྱ་ངན་ལས་འདས་པ་དེ་གཅིག་པུ་ཞི་བར་ཐུགས་སུ་ཆུད་ཀྱང་ཉན་ཐོས་ལ་སོགས་པ་བཞིན་དུ་མངོན་སུམ་དུ་མི་མཛད་དོ། །ཤེས་རབ་ཀྱིས་ནི་ཀུན་ནས་ཉོན་མོངས་པ་མ་ལུས་པའི་རྒྱུ་ཀུན་ཏུ་རྨོངས་པའི་གོ་སྐབས་ཐག་བསྲིངས་པའི་ཕྱིར་འཁོར་བར་གཏོགས་ པའི་ཉེས་པའི་དྲི་མས་མ་སྦགས་པའི་སྒོ་ནས་འཁོར་བར་མི་ལྟུང་བས་འདི་དག་གཉི་ག་ལ་མི་གནས་པར་གྲུབ་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་རྒྱུ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཞེས་བྱ་སྟེ། དེ་ དང་བྲལ་བ་རྣམས་ཉན་ཐོས་ལ་སོགས་པའི་སར་ལྟུང་བའི་ཕྱིར་ཏེ། ཇི་སྐད་དུ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟོང་པ་ཉིད་དང་མཚན་མ་མེད་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཐབས་ལ་མཁས་པས་ཡོངས་སུ་མ་ཟིན་པ་དེ་དག་ནི་ཡང་དག་པའི་ མཐའ་མངོན་སུམ་དུ་བྱས་ན་ཉན་ཐོས་སམ། རང་སངས་རྒྱས་སུ་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །སྣང་བ་དང་བཅས་པའི་ཡེ་ཤེས་ལ་སོགས་པས་ནི་འཇིག་རྟེན་ཇི་ལྟ་བ་བཞིན་དུ་གཟིགས་ཏེ། དེ་ཡང་འདི་ལྟར་རྣལ་འབྱོར་པའི་ཏིང་ངེ་འཛིན་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ ཕྱིར་དངོས་པོའི་རིགས་ཇི་ལྟར་སྣང་བ་མ་ལུས་པ་ལག་མཐིལ་དུ་སྐྱུ་རུ་རའི་འབྲུ་བཞག་པ་བཞིན་དུ་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པའི་རྣམ་པར་རྣམ་པ་ཐམས་ཅད་མངོན་སུམ་ཁོ་ནར་ཐུགས་སུ་ཆུད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རྣམ་པར་ གཞག་གོ། །རྣལ་འབྱོར་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་མ་ལུས་པ་སྣང་བ་མེད་པ། ཡང་དག་པའི་དོན་བསྒོམ་པ་རབ་ཀྱི་མཐའ་ལས་སྐྱེས་པ་གང་ཡིན་པ་དེས་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པར་འགྱུར་བར་སྤྲུལ་པ་བཞིན་དུ་ཐ་ སྙད་དུ་ཐམས་ཅད་ཡོད་པའི་ཕྱིར་དངོས་པོའི་རིགས་ཇི་ལྟར་ཐམས་ཅད་མཁྱེན་པ་ལ་སོགས་པའི་རྣམ་པར་གཞག་པ་ཞིག་པ་མེད་དེ་དོན་དམ་པར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་མ་ལས། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ ན་དེ་བཞིན་གཤེགས་པ་དང་སྤྲུལ་པ་ཡང་ཁྱད་པར་ཅི་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱད་པར་ཅི་ཡང་མེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཕྲིན་ལས་མཛད་པ་གང་ཡིན་པ་དེ་སྤྲུལ་པ་ཡང་བྱེད་དེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ ཀྱང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་སོགས་པ་བྱེད་དོ། །སྤྲུལ་པ་ལ་ནི་འབྱུང་བའམ། ཡོངས་སུ་མྱ་ངན་ལས་འདས་པ་འགའ་ཡང་མེད་དོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མོས་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ ཞེས་བཤད་དོ། །གང་ཡང་གཟུགས་ལ་སོགས་པ་ནི་ཡུལ་དང་དུས་དང་གནས་སྐབས་ཐ་དད་པའི་སྒོ་ནས་མངོན་སུམ་དུ་གསལ་རབ་ཏུ་སྣང་བའི་ཕྱིར་ངོ་བོ་ཉིད་དང་བཅས་པར་ངེས་ཏེ། དེའི་ཕྱིར་རེ་ཞིག་དང་པོར་དམ་བཅས་པ་ལ་མངོན་སུམ་གྱི་གནོད་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་ པ་མ་ཡིན་ཏེ། ཡུལ་དང་དུས་ལ་སོགས་པ་ཐ་དད་པའི་སྒོ་ནས་སྣང་བ་ཙམ་ཁོ་ནས་ནི་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། རྨི་ལམ་ལ་སོགས་པ་ན་ཡང་དེ་ལྟར་སྣང་བའི་ཕྱིར་རོ། །དངོས་པོ་རྣམས་ནི་དོན་དམ་པར་ངོ་བོ་ཉིད་མེད་པར་སྒྲུབ་པར་འདོད་ལ། དོན་དམ་པ་པའི་ངོ་བོ་ཉིད་ནི་མངོན་ སུམ་དུ་མ་གྲུབ་བོ་ཞེས་སྔར་བསྟན་ཟིན་ཏོ། །གཞན་ཡང་གལ་ཏེ་ནོར་བའི་མངོན་སུམ་ལ་སྣང་བའི་ཕྱིར་ཞེས་ཏེ། མངོན་སུམ་གྱིས་གནོད་པར་འདོད་ན་ནི་དེ་གནོད་པ་མ་ཡིན་པ་ཉིད་དེ། འདི་རབ་རིབ་ཅན་ལ་སོགས་པའི་མངོན་སུམ་གྱིས་མིག་ལམ་དུ་གནས་པས་དམིགས་པ་ཟླ་བ་གཅིག་ལ་སོགས་ པ་ལ་གནོད་པར་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་མ་འཁྲུལ་པའི་མངོན་སུམ་ལ་སྣང་བའི་ཕྱིར་ཞེས་བྱ་བར་འདོད་ན་དེ་ནི་མ་གྲུབ་པ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་ནི་དེ་ཁོ་ན་ཉིད་ཀྱི་དོན་ལ་མ་འཁྲུལ་པ་མེད་དོ་ཞེས་སྔར་བསྟན་ཟིན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མིག་དང་རྣ་བ་སྣ་ཡང་ ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱིས་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང་། །དེས་ནི་འཕགས་ པའི་ལམ་གྱིས་བྱ་བ་བྱོས། །ཞེས་བཤད་དོ། །དེ་ལྟ་བས་ན། དེ་བཞིན་གཤེགས་པའི་མངོན་སུམ་ཉིད་འབའ་ཞིག་དོན་དམ་པ་ལ་མ་འཁྲུལ་པ་ཡིན་ནོ། །དེ་དག་གིས་ནི་ཡང་དག་པའི་དངོས་པོ་ཅུང་ཟད་ཀྱང་མ་དམིགས་ཏེ། ཇི་སྐད་དུ་རབ་འབྱོར་འདི་ལྟར་སྐྱེས་བུ་རྨོངས་པ་ལོང་བ་མིག་མེད་པ་ དེ་དག་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་གང་། དེ་བཞིན་གཤེགས་པའི་སྤྱན་ལྔས་མ་དམིགས་པ་དེ་ལ་ཡོད་པར་འདོད་དོ་ཞེས་བྱ་བ་རྒྱས་པར་གསུངས་པ་ལྟ་བུའོ། །གང་ཡང་ དམ་བཅས་པ་ལ་རྗེས་སུ་དཔག་པས་གནོད་པ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པ་ལས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ནི་ཅུང་ཟད་ཀྱང་མ་གྲུབ་སྟེ། ཚད་མས་གནོད་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །འཇིག་རྟེན་ན་དུ་བ་ལ་སོགས་པའི་རྟགས་ལས། མེ་ ལ་སོགས་པར་ངེས་པ་གང་ཡིན་པ་དེ་ཡང་མེ་ལ་སོགས་པ་ཡང་དག་པ་པའི་ཡུལ་ཡང་མ་ཡིན་ཏེ། རྨི་ལམ་ན་ཡང་ངེས་པ་དེ་ལྟ་བུ་སྲིད་པའི་ཕྱིར་ཏེ། ཡང་དག་པ་པའི་མེ་དང་དུ་བ་ལ་སོགས་པ་སྔར་བཀག་པས་གང་ཡང་མེད་པའི་ཕྱིར་དང་། དངོས་པོ་ཀུན་རྫོབ་པ་སྒྱུ་མ་བཞིན་དུ་རྒྱུ་དང་རྐྱེན་ལ་ ལྟོས་པ་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རེས་འགའ་བ་ཉིད་མི་འགལ་བ་ཁོ་ན་སྟེ། གང་དག་དངོས་པོ་རྣམས་རྒྱུ་མེད་པ་ཁོ་ནར་སྐྱེ་བར་ཁས་ལེན་པ་དེ་དག་ལ་རེས་འགའ་བ་ཉིད་འགལ་གྱི། སྐྱེ་བ་རྒྱུ་དང་བཅས་པར་སྨྲ་བ་རྣམས་ལ་ནི་མ་ཡིན་ནོ། །དོན་དམ་པར་ནི་སྐྱེ་བ་མེད་པའི་ཕྱིར་རེས་འགའ་ བ་ཉིད་མ་གྲུབ་པ་ཁོ་ནའོ། །གང་ཡང་སུམ་ཅུ་རྩ་གསུམ་པའི་གྲོང་ཁྱེར་གང་དག་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་མི་འགལ་བ་ཁོ་ན་སྟེ། ཐ་སྙད་དུ་ཐམས་ཅད་ཡོད་པའི་ཕྱིར་རོ། །དངོས་པོ་རྣམས་རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་དུ་གཏན་མེད་པའི་ངོ་བོར་དམ་བཅའ་བ་ནི་ མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྱུ་མ་དང་རྨི་ལམ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་། བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའོ་ཞེས་དམ་བཅའ་བར་མི་བྱའོ། །འོ་ན་ཅི་ཞེ་ན། བློ་གྲོས་ཆེན་པོ་ སྣང་བ་དང་མི་སྣང་བའི་མཚན་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་བསྟན་པར་བྱའོ་ཞེས་གསུངས་སོ། །དེ་ལ་མདོའི་དོན་ནི་འདི་སྣང་བའི་མཚན་ཉིད་ནི་ཐ་སྙད་དུའོ། །མི་སྣང་བའི་མཚན་ཉིད་ནི་དོན་དམ་པ་ཁོ་ནའོ་ཞེས་བྱ་བར་མངོན་ནོ། །དེ་ཡང་། ཀུན་རྫོབ་ཏུ་ནི་ ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །དམ་པའི་དོན་དུ་ཉེ་བར་བསྟན། །ཅེས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ཐ་སྙད་ལ་བརྟེན་ཏེ་བཤད་པས་འགལ་བ་མེད་དོ། །དེ་སྐད་དུ་བཅོམ་ལྡན་འདས་མ་ལས་ཀྱང་ཡང་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཇིག་རྟེན་གྱི་བརྟགས་པ་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའི། དོན་དམ་པར་ནི་གང་བྱང་ཆུབ་པར་བྱ་བའི་ཕྱིར་སྤྱོད་པར་འགྱུར་བ་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་ བྱེད་དམ། རྣམ་པར་ཤེས་པ་ཡང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། དེ་བཞིན་དུ་ཁམས་བཅོ་བརྒྱད་དང་། རེག་པ་དྲུག་དང་། ཚོར་བ་དྲུག་དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པ་དང་། སྟོང་པ་ཉིད་དང་། དྲན་པ་ཉེ་བར་གཞག་ པ་རྣམས་དང་། ཡང་དག་པར་སྤོང་བ་རྣམས་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་དང་། དབང་པོ་རྣམས་དང་། སྟོབས་རྣམས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། བདེན་པ་རྣམས་དང་། བསམ་གཏན་རྣམས་དང་། ཚད་མེད་པ་ རྣམས་དང་། གཟུགས་མེད་པ་རྣམས་དང་། རྣམ་པར་ཐར་པའི་སྒོ་རྣམས་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་དང་། མངོན་པར་ཤེས་པ་རྣམས་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། དེ་བཞིན་གཤེགས་པའི་སྟོབས་རྣམས་དང་། སོ་སོ་ཡང་ དག་པར་རིག་པ་རྣམས་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། འབྲས་བུ་བཞི་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མེད་དེ། ཆོས་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་ལ་བརྟེན་ནས་བརྟགས་ ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་སོ། །གང་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གང་ཡིན་པའི་ཆོས་འདི་དག་ཐམས་ཅད་ནི་ཡང་དག་པར་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཏེ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། མཚན་ཉིད་མེད་པ་ སྟེ། དེ་དག་ནི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་གཟུང་བའི་དོན་དུ་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་པ་འབའ་ཞིག་ཏུ་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་གསུངས་སོ། །ཡང་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཐོབ་པ་དང་། མངོན་པར་རྟོགས་པ་དང་འགྲོ་བ་ལྔའི་བྱེ་བྲག་ཀྱང་སྔོན་གྱི་དོན་ དམ་པར་ནི་མ་ཡིན་ནོ། །དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ་ཞེས་གསུངས་སོ། །དེའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་ཀྱིས། དོན་དམ་ པར་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སོགས་པ་འདི་ཐམས་ཅད་བཀག་པའི་ཕྱིར་ལ། ཐ་སྙད་དུ་ནི་ཞལ་གྱིས་བཞེས་པས་དེ་བཞིན་དུ་མ་བཀག་པའི་ཕྱིར་ཁས་བླངས་པ་ལ་གནོད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཀྱང་གཞན་དུ་ཇི་ལྟར་རྨི་ལམ་ན་སྦྲུལ་མཐོང་ ནས་བརྒྱལ་བ་དང་དེ་དང་བྲལ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་བརྫུན་པ་ཁོ་ནར་བརྗོད་དོ། །བདེན་པ་བཞི་ལ་སྐུར་པ་འདེབས་པའི་ཉེས་པ་ཡང་མེད་དེ། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ལས་གཞན་དུ་རྣམ་པར་བཤད་པའི་ཕྱིར་ཏེ། འཕགས་པ་ཚངས་པས་ཞུས་ པ་ལས། ཇི་སྐད་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་ནི་འཕགས་པ་རྣམས་ཀྱི་བདེན་པ་ནི་མ་ཡིན་ནོ། །ཚངས་པ་འོན་ཀྱང་སྡུག་བསྔལ་སྐྱེ་བ་མེད་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཀུན་འབྱུང་ཀུན་དུ་འབྱུང་བ་མེད་པ་གང་ཡིན་པ་ འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཤིན་ཏུ་འགགས་པ་དག་ལ་སྐྱེ་བ་མེད་ཅིང་འགགས་པ་མེད་པ་གང་ཡིན་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པ་ཡིན་ནོ། །ཆོས་ཐམས་ཅད་གཉིས་སུ་མེད་པར་མཉམ་ཞིང་ལམ་བསྒོམས་པ་གང་ཡིན་པ་འདི་ནི་འཕགས་ པ་རྣམས་ཀྱི་བདེན་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དོན་དམ་པར་སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོད་པ་མ་ཡིན་གྱི། ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་འཁོར་བ་ལས་ཡིད་འབྱུང་བར་བྱ་བའི་ཕྱིར་དང་། གང་ཟག་ལ་བདག་མེད་པའི་དེ་ཁོ་ན་ཉིད་ཙམ་ལ་གཟུད་པའི་ཕྱིར་ལ། དེ་མི་རྟག་པ་ལ་སོགས་པའི་ངོ་བོར་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི། བདག་མེད་པ་གཉི་ག་བསྟན་པའི་དབང་དུ་མཛད་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །གང་ཡང་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོའི་ངོ་བོ་ཉིད་ནི་གནག་རྫིའི་ཆུང་མ་ཡན་ཆད་ཀྱི་སྐྱེ་བོ་ལ་གྲགས་པས་དེའི་ཕྱིར་ གྲགས་པས་གནོད་པ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། དོན་དམ་པའི་ངོ་བོ་ཉིད་ལ་སོགས་པ་སྐྱེ་བོ་ཕལ་པ་ལ་མ་གྲགས་པའི་ཕྱིར་རོ། །དེ་གྲགས་ན་ནི་དེ་དག་སྐྱེ་བོ་ཕལ་པ་ཉིད་དུ་ཡང་མི་འགྱུར་རོ། །རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པའི་ངོ་བོ་ཡང་གྲགས་པར་སྲིད་པའི་ཕྱིར་རོ། ། གྲགས་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་ཚད་མ་གཞན་ཡང་མ་ཡིན་ནོ། །དེའི་ཁོངས་སུ་འདུས་ན་ནི་དེ་དང་འགལ་བ་ཡོངས་སུ་སྤངས་པས་དེས་གནོད་པ་ཡང་ཡོངས་སུ་སྤངས་པ་ཡིན་ནོ། །གང་ཡང་གཞན་དག་ངེས་པ་སྐྱེད་པར་འདོད་ནས་གཏན་ཚིགས་སྦྱོར་བར་འདོད་པས་དེ་ལས་ངེས་པ་སྐྱེ་ བར་ཁས་བླངས་པའི་ཕྱིར་རང་གི་ཚིག་དང་འགལ་བ་ཡང་ཡིན་ནོ་ཞེས་སྨྲས་པ་དེ་ཡང་མི་འགལ་བ་ཉིད་དེ། ངེས་པ་བསྐྱེད་པར་བྱ་བའི་ཕྱིར་གཏན་ཚིགས་སྦྱོར་བ་ཡང་དེ་ལས་ངེས་པ་དོན་དམ་པར་སྐྱེ་བར་ཁས་བླངས་པར་ནི་མི་འགྱུར་རོ། །འོ་ན་ཅི་ཞེ་ན། སྐྱེས་པ་ཙམ་ཡིན་གྱི། སྐྱེ་བའི་ཁྱད་པར་ནི་མ་ཡིན་ནོ། ། འདིར་ནི་དོན་དམ་པའི་སྐྱེ་བ་བཀག་པས་དངོས་པོ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པར་བསྒྲུབ་པར་འདོད་ཀྱི། སྐྱེ་བ་ཙམ་བཀག་པས་ནི་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་ལས་ངེས་པ་དོན་དམ་པར་སྐྱེ་བ་མེད་ཀྱང་གཟུགས་ལས་གཟུགས་བརྙན་བཞིན་དུ་ཀུན་རྫོབ་པའི་སྐྱེ་བ་མི་འགལ་བ་ཁོ་ན་ཡིན་པས་དམ་བཅས་ པ་རང་གི་ཚིག་དང་འགལ་བ་མ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཀྱིས། མིག་གི་རྣམ་པར་ཤེས་པ་དང་ལྡན་པས་སྔོན་པོ་ཤེས་ཀྱི། སྔོན་པོའོ་སྙམ་དུ་ནི་མ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེར་ཡང་དབང་པོའི་ཡུལ་ཐ་སྙད་པ་ལས་དགོངས་ནས་འདི་གསུངས་ཏེ། གཞན་ལས། མིག་དང་རྣ་བ་སྣ་ ཡང་ཚད་མ་མིན། །ཞེས་བྱ་བ་ལ་སོགས་པས་དབང་པོ་དྲུག་ཚད་མ་ཡིན་པར་བཀག་པའི་ཕྱིར་ཏེ། སྔར་བསྟན་ཟིན་ཏོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་ཀྱང་། གཟུགས་ལ་སོགས་པའི་ཡུལ་བཀག་པའི་ཕྱིར་རོ། །འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཐམས་ཅད་བསྟན་ཏོ་ཞེས་བཅོམ་ ལྡན་འདས་ཉིད་ཀྱིས་དགོངས་པ་རབ་ཏུ་བསྟན་པའི་ཡང་ཕྱིར་རོ། །དམིགས་པ་ཅན་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་མེད་དོ་ཞེས་ཀྱང་གསུངས་ལ། དམིགས་པ་དང་མི་དམིགས་པ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླང་བར་བྱ་བ་དང་། དོར་བར་བྱ་བ་ཡང་ཉེ་བར་བསྟན་ཏེ། བཅོམ་ལྡན་ འདས་མ་ལས་ཇི་སྐད་དུ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན་དམིགས་པ་ལགས། ཇི་ཙམ་གྱིས་ན་མི་དམིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་དུ་གཉིས་ཡིན་པ་དེ་ཙམ་དུ་དམིགས་པ་ཡིན་ནོ། །གཉིས་མེད་པ་ནི་མི་དམིགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་ འདས་ཇི་ཙམ་གྱིས་ན་གཉིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ཙམ་དུ་མིང་དང་གཟུགས་དང་། ཇི་ཙམ་དུ་རྣ་བ་དང་སྒྲ་དང་ཞེས་བྱ་བ་ནས་སངས་རྒྱས་ཀྱི་བར་ཇི་ཙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། སངས་རྒྱས་ཞེས་བྱ་བ་འདི་ནི་གཉིས་ཡིན་ནོ་ཞེས་ གསུངས་པ་ལྟ་བུའོ། །ཡང་གཉིས་སུ་འདུ་ཤེས་པ་ལ་ནི་རྗེས་སུ་མཐུན་པའི་བཟོད་པ་ཡང་མེད་ན་ཞེས་གསུངས་སོ། །འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང་ཆོས་ཐམས་ཅད་ནི་དམིགས་པ་མེད་པ་སྟེ། དེ་ལ་ནི་ལྟ་བ་མི་འབྱུང་ངོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཐ་སྙད་པའི་མིག་ལ་སོགས་པ་ལས་ དགོངས་ཏེ། བདག་ཉིད་ལྟ་བ་པོ་ནས་ཤེས་པ་པོའི་བར་ཡིན་ནོ་ཞེས་གྲགས་པ་ལ་སོགས་པར་ལྟ་བ་དགག་པའི་ཕྱིར་གང་ཟག་ལ་བདག་མེད་པ་ཙམ་ལ་གཟུད་པའི་དགོངས་པས་མིག་ལ་སོགས་པ་བསྟན་ཏོ། །གང་གིས་ན་འདི་དག་ཐམས་ཅད་དུ་ཡང་མི་སྣང་བར་འགྱུར་བ་ནམ་མཁའི་ཨུཏྤལ་ལ་ཡོད་པའི་སྔོན་པོ་ལ་ སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པའི་གཟུགས་སྣང་བ་ཀུན་རྫོབ་པ་ཡང་གཏན་མེད་པ་ནི་མ་ཡིན་ནོ། །གང་ཡང་གང་ཅུང་ཟད་ཀུན་འབྱུང་བའི་ཆོས་ཅན་དེ་ཐམས་ཅད་ནི་འགོག་པའི་ཆོས་ཅན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་འདིས་དངོས་པོ་རྣམས་ཡང་དག་པར་ནི་སྐད་ཅིག་མར་ གནས་པའི་ཆོས་ཅན་དུ་གྲུབ་བོ་ཞེས་བྱ་བར་ཉེ་བར་བསྟན་ཏོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་རྟོགས་པའི་སྒོ་ནས་བདག་མེད་པ་ལ་འཇུག་པའི་ཕྱིར་ཉན་ཐོས་རྣམས་ཀྱི་དབང་དུ་མཛད་ནས་གང་ཟག་ལ་བདག་མེད་པ་ལ་གཞུག་པའི་དགོངས་པས་གསུངས་ཀྱི། དེ་བྱང་ཆུབ་སེམས་ དཔའ་རྣམས་ཀྱི་དབང་དུ་མཛད་ནས་ཆོས་ཀྱི་དེ་ཁོ་ན་ཉིད་ཟབ་མོའི་གཏམ་ལ་བརྟེན་ནས་གསུངས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདུ་བྱེད་རྣམས་ཡང་དག་པར་སྐྱེ་བ་དང་འཇིག་པའི་ངོ་བོར་ཡང་དག་པར་རྗེས་སུ་ལྟ་བ་དང་ཉེ་བར་སྟོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྟར་ཉེ་བར་བཅོས་པ་ ཡིན་ནོ་ཞེས་གསུངས་ལ། འདུས་བྱས་དང་འདུས་མ་བྱས་ལ་སོགས་པའི་མཐའ་གཉིས་དང་བྲལ་བ་ནི་དེ་དག་གི་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པའི་ལམ་ཡིན་ནོ་ཞེས་ཉེ་བར་བསྟན་ཏོ། །དེ་བཞིན་གཤེགས་པས་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ནི་སྐྲག་པའི་གནས་ཡོངས་སུ་སྤང་བའི་ཕྱིར་ཐ་སྙད་ ཀྱི་དབང་གིས་སྐྱེ་བ་དང་འགག་པའི་ཆོས་རྣམས་བཤད་དོ་ཞེས་གསུངས་སོ། །སློབ་དཔོན་གྱིས་ཀྱང་། སྐྱེ་བ་དང་ནི་འཇིག་པའི་ལམ། །དགོས་པའི་དོན་དུ་ཉེ་བར་བསྟན། །ཞེས་བཤད་དེ། འདི་ནི་སྔར་བསྟན་ཟིན་པ་ཉིད་དོ། །ཡང་། ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་ལྟ་བར། །དེ་ བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་བཤད། །ཅེས་བཤད་དོ། །འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་ཀྱང་། སྔོན་གྱི་མཐའ་སྟོང་ཕྱི་མའི་མཐའ་ཡང་སྟོང་། །སྐྱེ་དང་གནས་དང་འཇིག་པའི་དངོས་པོ་སྟོང་། །འདི་ནི་དངོས་པོ་ཡོད་མིན་མེད་པའང་མིན། །ཆོས་རྣམས་ ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་གསུངས་སོ། །འདུ་བྱེད་རྣམས་ཀྱི་སྐད་ཅིག་མ་ཉིད་གང་ཡིན་པ་དེ་ཡང་ཡང་དག་པ་མ་ཡིན་ནོ་ཞེས་བསྟན་ཏེ། འཕགས་པ་ལག་བཟངས་ཀྱིས་ཞུས་པ་ལས། ཇི་སྐད་དུ། དེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དུས་གསུམ་ཡང་རབ་ཏུ་ཤེས་ཏེ། དེ་ལ་འདུ་ བྱེད་འདས་པ་གང་དག་འགགས་པ་འདི་ནི་འདས་པའི་དུས་ཞེས་བྱའོ། །མ་འོངས་པ་གང་དག་མ་བྱུང་བ་དེ་ནི་མ་འོངས་པའི་དུས་ཞེས་བྱའོ། །ད་ལྟར་གྱི་གང་དག་སོ་སོར་བྱུང་བ་འདི་ནི་ད་ལྟར་གྱི་དུས་ཞེས་བྱའོ། །དེ་ལ་ད་ལྟར་བྱུང་བའི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་གང་ཡིན་པ་དེ་ནི་མི་གནས་ཤིང་ གནས་པ་མེད་དོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ནི་སྐད་ཅིག་ལས་ཕན་ཚུན་དུ་མི་གནས་སོ། །སྐད་ཅིག་མ་གང་ཡིན་པ་དེ་ནི་སྐྱེ་བའི་དུས་ཀྱང་གཞན། གནས་པའི་དུས་ཀྱང་གཞན། འགག་པའི་དུས་ཀྱང་གཞན་ཏེ། སྐད་ཅིག་མ་དེ་ནི་མི་གནས་ཤིང་གནས་པ་མེད་དོ་ ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །འདིས་ནི་སྐད་ཅིག་མ་བརྟགས་པའི་ངོ་བོ་ཁོ་ནའོ་ཞེས་ཉེ་བར་བསྟན་ཏེ། ཐོག་མ་དང་། བར་དང་། ཐ་མ་ཐ་དད་པའི་བདག་ཉིད་དུ་ཉེ་བར་བསྟན་པའི་ཕྱིར་རོ། །སློབ་དཔོན་གྱིས་ཀྱང་འདི་དག་རྗེས་སུ་མཐུན་པ་ཁོ་ནར་བཤད་དེ། ཇི་ལྟར་སྐད་ཅིག་མཐའ་ ཡོད་ལྟར། །ཐོག་མ་དབུས་ཀྱང་བརྟག་པར་གྱིས། །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་བྱ་བ་ཡིན་ནོ། །གང་ཡང་བཅོམ་ལྡན་འདས་ཀྱིས། དུ་བ་ལས་ནི་མེར་ཤེས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ཡང་མདོ་གཞན་ལས། མེ་དང་དུ་བ་ལ་སོགས་འབྱུང་བ་ལ་སོགས་པ་ཚོགས་པ་ཡང་དག་པ་པ་སྤྱིར་བཀག་པའི་ཕྱིར་ཡང་དག་པ་པའི་དོན་གྱི་དབང་དུ་མཛད་པ་མ་ཡིན་ནོ་ཞེས་སྔར་བསྟན་པ་ཉིད་དེ། འཕགས་པ་ལང་ཀར་གཤེགས་པ་ལས་ཇི་སྐད་དུ། གང་ཕྱིར་འདུས་ལས་མ་གཏོགས་པའི། །དངོས་པོ་བློ་ཡིས་མི་ཟིན་པ། ། དེ་ཡི་ཕྱིར་ན་མ་སྐྱེས་ཤིང་། །ངོ་བོ་མེད་པར་ང་སྨྲའོ། །དངོས་པོ་གཅིག་དང་གཞན་ཉིད་དུ། །ཇི་ལྟར་བྱིས་པས་རྣམ་བརྟགས་ལྟར། །འདུས་ལས་གཞན་མིན་མ་ཡིན་ཏེ། །གཞན་ཡང་གནས་པ་ཡོད་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །འཕགས་པ་སྟུག་པོ་བཀོད་པ་ལས་ཀྱང་། ཕུང་པོ་མེད་ཅིང་ ཁམས་ཀྱང་མེད། །ཆོས་ཀུན་མཚན་ཉིད་མེད་པ་སྟེ། །ཕྲ་རབ་རྡུལ་དུ་རྣམ་གཞིགས་ན། །དེ་དག་དེ་བཞིན་གནས་པ་མེད། །ས་དང་ཆུ་ལ་སོགས་པའི་དངོས། །རྟོགས་པ་ཅན་གྱི་སྐྱེ་བོས་བརྟགས། །ཞེས་གསུངས་སོ། །ཡང་། ཕྲ་རབ་རྡུལ་དུ་རྣམ་ཕྱེ་ན། །དངོས་པོ་ཕྲ་རབ་ཀྱང་མི་གནས། །ཞེས་ གསུངས་སོ། །དེའི་ཕྱིར་ས་ལ་སོགས་པ་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་འདུས་པའི་ངོ་བོ་མེ་ལ་སོགས་པ་ཡང་བརྟགས་པའི་ངོ་བོ་ཁོ་ན་ཡིན་པས་མེ་དང་དུ་བ་ལ་སོགས་པ་བརྟགས་པ་ཅན་དང་། བརྟགས་པའི་ངོ་བོར་བསྟན་པ་ཀུན་རྫོབ་པ་ཁོ་ན་ཡིན་གྱི། ཡང་དག་ པ་པ་ནི་མ་ཡིན་ནོ། །ཆོས་མངོན་པ་ལ་སོགས་པ་ལས། རྒྱུའི་རྐྱེན་ལ་སོགས་པ་བཤད་པ་གང་ཡིན་པ་དེ་དག་ཀུན་རྫོབ་ཁོ་ན་ཡིན་གྱི། ཡང་དག་པ་པ་ནི་མ་ཡིན་ཏེ། དོན་དམ་པར་འགའ་ཡང་སྐྱེ་བ་མེད་ན་དེ་དག་རྒྱུ་མེད་པ་ཉིད་དུ་མི་འཐད་པ་ཡིན་ཏེ། ཇི་སྐད་དུ་སྔར་བསྟན་པ་ཡིན་ནོ། །ཕུང་པོ་ལ་ སོགས་པ་བསྟན་པ་གང་དག་ཡིན་པ་དེ་དག་ཀྱང་ཐ་སྙད་ཀྱི་བདེན་པ་ལ་བརྟེན་ནས་ཡིན་ནོ་ཞེས་སྔར་བཤད་ཟིན་པ་ཉིད་དོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ཀྱང་། བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐ་སྙད་དུ་བསྟན་ པ་རྣམ་པ་བཅུར་རྟོགས་པར་བྱ་སྟེ། རྣམ་པ་བཅུ་ག