Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 107
Văn bản gốc(Tây Tạng)
Trang 12 / 20 (50.000 ký tự/trang)
་རྣམས་དང་ལྷན་ཅིག་ རྟོགས་པའི་ངོ་བོ་ཉིད་དེའི་བདག་ཉིད་དུ་ཉམས་སུ་མྱོང་བར་འགྱུར། དེ་བས་ན་བདེན་པ་ལ་མངོན་པར་ཞེན་པའི་ཞགས་པ་འདི་འོར་ཅིག །བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ནི་བདེན་པ་ཡང་མེད་བརྫུན་པ་ཡང་མེད་ཅེས་ གསུངས་སོ། །གང་ཡང་རིགས་པའི་སྒོ་ནས་ཀྱང་ནུས་པ་མ་ཡིན་ཏེ། དེ་ལྟར་རེ་ཞིག་མངོན་སུམ་གྱིས་ནི་དངོས་པོ་མ་ལུས་པ་དབེན་པ་རྟོགས་པར་མི་འགྱུར་ཏེ། དེའི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ལ་ཡང་བརྗོད་པར་བྱ་སྟེ། ཅི་སྐྱེས་བུ་ ཐམས་ཅད་ཀྱི་མངོན་སུམ་གང་ཡིན་པ་དེ་ཆོས་ཐམས་ཅད་བདག་མེད་པར་རྟོགས་པར་མི་ནུས་པ་ཉིད་ཡིན་ནམ། འོན་ཏེ་ཁྱེད་ལྟ་བུའི་མི་ཤེས་པའི་རབ་རིབ་ཀྱི་ལིང་ཐོག་རབ་ཏུ་སྟུག་པོས་ཤེས་རབ་ཀྱི་མིག་ཉམས་པར་བྱས་པ་རྣམས་ཀྱི་མངོན་སུམ་གང་ཡིན་པ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་ ཚད་མ་མེད་པའི་ཕྱིར་རིགས་པ་མ་ཡིན་ཏེ། དེ་ལ་སྐྱེས་བུ་ཐམས་ཅད་ཀྱི་མངོན་སུམ་རབ་ཏུ་མི་འཇུག་གོ་ཞེས་ངེས་པར་བྱ་བ་ལ་ཚད་མ་ཅི་ཡང་མེད་དོ། །རང་གི་དམིགས་པ་ལོག་པ་ཙམ་ནི་འཁྲུལ་པའི་ཕྱིར་ཏེ། དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པ་ཁོ་ན་དེ་མེད་པར་སྒྲུབ་པར་བྱེད་པ་ཡིན་ ན་གང་གི་ཕྱིར་བདག་གིས་མི་དམིགས་པས་དེ་དེ་ལ་མི་འཇུག་པར་རྟོགས་པར་གྱུར་པ་སྐྱེས་བུ་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ཡོད་པའི་སེམས་ཀྱི་འཇུག་པ་ནི་ཚུ་རོལ་མཐོང་བ་ཁྱེད་ཀྱི་དམིགས་པའི་རིག་བྱ་མ་ཡིན་ནོ། །གཞན་གྱི་དམིགས་པ་ལོག་པ་ཡང་མ་ངེས་པའི་ཕྱིར་རོ། །དེའི་ཕྱིར་རྟོག་པ་དང་ ལྡན་པས་མངོན་སུམ་གྱིས་དེ་རྟོགས་པ་མེད་པ་ཁོ་ནའོ་ཞེས་བརྗོད་པ་འདི་ནི་རིགས་པ་མ་ཡིན་ནོ། །འོན་ཏེ་ཕྱོགས་གཉིས་པ་ལྟར་ན་དེའི་ཚེ་གྲུབ་པ་སྒྲུབ་པ་ཉིད་དེ། ཁོ་བོ་ཅག་ཀྱང་ཚུ་རོལ་མཐོང་བ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་ཟབ་མོ་དེ་ལྟ་བུ་མངོན་སུམ་དུ་མཐོང་བར་ནི་ཁས་མི་ལེན་ཏོ། །འོན་ ཀྱང་གལ་ཏེ་ཁྱེད་ལྟ་བུ་དེ་ཁོ་ན་ཉིད་དེ་ལྟ་བུ་རྟོགས་པ་མེད་དུ་ཆུག་ཀྱང་རྣལ་འབྱོར་པ་དམ་པ་བསྐལ་པ་མི་ཉུང་བར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པས་མཐའ་དག་འབྱོར་པར་བྱེད་པའི་ཐབས་ཐོབ་པ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་ཡང་དག་པའི་ ཡེ་ཤེས་ཀྱི་སྣང་བས་སྒྲིབ་པའི་མུན་པ་མཐའ་དག་བསྩལ་བ་རྣམས་ཀྱི་མངོན་སུམ་གྱིས་ཆོས་ཐམས་ཅད་བདག་མེད་པར་རྟོགས་སོ་ཞེས་བྱ་བར་གོ་ཅི་སྟེ་མི་སྲིད་དེ། འདི་ལ་ཡང་རིགས་པ་ཕྱིས་བརྗོད་པར་བྱའོ། །གང་ཡང་མངོན་སུམ་གྱི་ཡུལ་ནི་དངོས་པོ་ཡིན་པའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་མ་ གྲུབ་པ་ཡིན་ཏེ། འདི་ལྟར་ཚུ་རོལ་མཐོང་བ་རྣམས་ཀྱི་མངོན་སུམ་གང་ཡིན་པ་དེ་ནི་རབ་རིབ་ཅན་གྱི་མངོན་སུམ་བཞིན་དུ་གཟུགས་ལ་སོགས་པ་བརྫུན་པའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པའི་ཡུལ་ཅན་ཉིད་དུ་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དེ་ཁོ་ན་ ཉིད་མཐོང་བར་ཐལ་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱི་ཡེ་ཤེས་གང་ཡིན་པ་དེ་ཡང་དངོས་པོའི་ཡུལ་ཅན་དུ་རབ་ཏུ་མ་གྲུབ་སྟེ། དེ་དག་གིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པ་འགའ་ཡང་མ་གཟིགས་པའི་ཕྱིར་ཏེ། འཕགས་པ་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ལས། ཇི་སྐད་དུ། དེས་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་མེད་པ་དང་། འགག་པ་མེད་པ་དང་། རང་བཞིན་གྱིས་ཉེ་བར་ཞི་བ་དང་། ཤིན་ཏུ་མ་སྐྱེས་པ་དང་། མ་བྱུང་བ་དང་། ཀུན་དུ་མ་བྱུང་བ་དང་། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་ཡང་མཐོང་ལ། དེས་གང་ གིས་མཐོང་བ་དེ་ཡང་མི་མཐོང་རྣམ་པར་མི་མཐོང་སྟེ། འདི་ནི་ཡང་དག་པའི་མཐོང་བ་དང་ཇི་ལྟ་བ་བཞིན་གྱི་མཐོང་བ་ཡིན་ནོ། །ཡང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཐོང་བ་གང་ཞེ་ན། གང་འདི་མཐོང་བ་མེད་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས་ ཀྱང་། ཆོས་ཐམས་ཅད་མཐོང་བ་མེད་པ་ནི་མཐོང་བ་དམ་པ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་མངོན་སུམ་གྱི་ཡུལ་ནི་ཡང་དག་པ་པའི་དངོས་པོ་ཡིན་པར་མ་གྲུབ་པོ། །གང་ཡང་དངོས་པོ་མེད་པ་ནི་ཇི་ལྟར་ཡང་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ་ཞེས་སྨྲས་པ་གང་ཡིན་ པ་དེ་ཡང་རིགས་པ་མ་ཡིན་ཏེ། ཁོ་བོ་ཅག་ཀྱང་དངོས་པོ་མེད་པ་རི་བོང་གི་རྭ་ལ་སོགས་པ་ལྟ་བུ་ནི་གང་ཡང་མངོན་སུམ་གྱི་ཤེས་པ་སྐྱེད་པར་བྱེད་པ་ཉིད་དུ་ཁས་མི་ལེན་ཏོ། །འོན་ཀྱང་རྣལ་འབྱོར་པ་ཆེན་པོ་ཆོས་ཐམས་ཅད་སྨིག་རྒྱུ་དང་སྒྲ་བརྙན་ལྟ་བུར་ཇི་ལྟ་བ་བཞིན་དུ་སྒོམ་པར་བྱེད་པ་རྣམས་ཀྱིས། ཡང་དག་པའི་དོན་བསྒོམས་པའི་རབ་ཀྱི་མཐའ་ལས་བྱུང་བའི་ཏིང་ངེ་འཛིན་ཐོབ་པའི་ཕྱིར་མཐུ་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་རྣལ་འབྱོར་པ་དེ་དག་ལ་གང་གིས་ན་རྣལ་འབྱོར་པ་རྣམས་ཀྱིས་མངོན་སུམ་ཁོ་ནར་ཆོས་མ་ལུས་པ་བདག་མེད་པ་རྟོགས་པར་འགྱུར་བ་ཆོས་མ་ལུས་པ་ བདག་མེད་པའི་དེ་ཁོ་ན་ཉིད་གསལ་རབ་ཏུ་མངོན་སུམ་དུ་བྱེད་པའི་ཡེ་ཤེས་དེ་ལྟ་བུ་ཉེ་བར་སྐྱེ་སྟེ། དེ་ཉིད་མཐོང་བ་མེད་ཅེས་བྱའི། མེད་པར་དགག་པའི་ངོ་བོ་ནི་མ་ཡིན་ནོ། །གང་ཡང་མངོན་སུམ་དེ་ཡང་གལ་ཏེ་ངོ་བོ་ཉིད་དང་བཅས་པ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་ པ་དེ་ལ་ཡང་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པར་རོ་གཅིག་པ་ཉིད་ཀྱི་མངོན་སུམ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཡིན་མོད་ཀྱི། འོན་ཀྱང་མངོན་སུམ་ལ་སོགས་པ་རྣམ་པར་གཞག་པ་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་པ་ཐམས་ཅད་རྣམ་པར་མི་འཁྲུགས་པ་ཁོ་ནའོ། །དབུ་མ་པ་རྣམས་ནི་ཆོས་ ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་། གང་གིས་ན་ཐ་སྙད་ཐམས་ཅད་ཆད་པར་འགྱུར་བ། ཐ་སྙད་ཀྱི་སྒོ་ནས་རྣལ་འབྱོར་པའི་ཤེས་པ་དང་། སོ་སོའི་སྐྱེ་བོ་གཞན་གྱི་ཤེས་པ་དང་། འཕགས་པའི་གང་ཟག་ལ་སོགས་པ་རྣམ་པར་གཞག་པའི་རྒྱུ་མི་འདོད་པ་ནི་མ་ཡིན་ནོ། །འོན་ཀྱང་གང་ལ་ དུས་ཐམས་ཅད་དུ་ཀུན་རྫོབ་ཏུ་ཡང་རྒྱུ་མེད་པ་དེ་ནི་ཐ་སྙད་དུ་ཡང་མི་སྐྱེ་བ་ཉིད་དེ། དཔེར་ན་རི་བོང་གི་རྭ་ལ་སོགས་པ་ལྟ་བུའོ། །གང་ལ་ཡོད་པ་དེ་ནི་དོན་དམ་པ་ངོ་བོ་ཉིད་མེད་ཀྱང་སྐྱེ་སྟེ་དཔེར་ན་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་ལྟ་བུའོ། །སྒྱུ་མ་ལ་སོགས་པ་འདི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ ཡང་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་ཏེ། གྲགས་པ་དང་ཚད་མས་གནོད་པའི་ཕྱིར་རོ། །དེ་དང་འདྲ་བར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཡང་དངོས་པོ་ཉིད་དུ་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཚད་མས་གནོད་པའི་ཕྱིར་རོ། །དེ་ལ་ཇི་ལྟར་གསང་སྔགས་དང་། སྨན་ལ་སོགས་པའི་དབང་གིས་ གླང་པོ་ལ་སོགས་པ་སྒྱུ་མ་སྣ་ཚོགས་རབ་ཏུ་འབྱུང་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ལ་སོགས་པ་ཡང་རབ་ཏུ་འབྱུང་ལ་རྣལ་འབྱོར་པ་རྣམས་ཀྱི་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་རྣལ་འབྱོར་པའི་ཤེས་པ་ལ་སོགས་པའི་སྒྱུ་མ་ཡང་རབ་ཏུ་འབྱུང་ བ་ཁོ་ན་སྟེ། རྐྱེན་སྣ་ཚོགས་ཀྱི་དབང་གིས་སྒྱུ་མ་དེ་ཡང་སྣ་ཚོགས་ཉིད་དུ་སྣང་བའི་ཕྱིར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཁ་ཅིག་ནི་ཉན་ཐོས་ཀྱིས་སྤྲུལ་པ། ཁ་ཅིག་ནི་བྱང་ཆུབ་སེམས་དཔས་སྤྲུལ་པ། ཁ་ཅིག་ནི་དེ་བཞིན་གཤེགས་པས་སྤྲུལ་པ། ཁ་ཅིག་ནི་ཉོན་ མོངས་པས་སྤྲུལ་པ། ཁ་ཅིག་ནི་ལས་ཀྱིས་སྤྲུལ་པ་སྟེ། རབ་འབྱོར་རྣམ་གྲངས་འདིས་ན་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ཡིན་ནོ་ཞེས་གསུངས་སོ། །སོ་སོའི་སྐྱེ་བོ་དག་ལས་རྣལ་འབྱོར་པ་རྣམས་ཁྱད་པར་ནི་འདི་ཡོད་དེ། དེ་དག་ནི་སྒྱུ་མའི་མཁན་པོ་བཞིན་དུ་སྒྱུ་མ་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་ དུ་ཡོངས་སུ་ཤེས་པའི་ཕྱིར་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་མེད་དོ། །དེ་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་ལས་ཀྱང་། དཔེར་ན་སྒྱུ་མའི་མཁན་པོ་འགའ། །སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན། །གང་ཕྱིར་འདུས་དེ་མངོན་ཤེས་པས། །འདི་ནི་སྤྲུལ་པ་ཆགས་པ་མེད། །རྫོགས་ པའི་བྱང་ཆུབ་མཁས་པ་རྣམས། །འགྲོ་བ་དེ་ལྟར་སྔ་ནས་ཤེས། །སྲིད་གསུམ་སྤྲུལ་པ་ལྟར་ཤེས་ནས། །འགྲོ་བའི་དོན་དུ་གོ་ཆ་གྱོན། །ཞེས་གསུངས་སོ། །བྱིས་པ་གང་དག་ལྟད་མོ་པའི་སྐྱེ་བོ་བཞིན་དུ་སྐྱེ་བ་ལ་སོགས་པའི་སྒྱུ་མ་དེ་དག་ཇི་ལྟར་སྣང་བ་བཞིན་བདེན་པ་ཉིད་དུ་མངོན་པར་ཞེན་ པ་དེ་དག་ནི། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་ཕྱིར་བྱིས་པ་དག་ཅེས་བྱའོ། །དེའི་ཕྱིར་ཀུན་རྫོབ་ཏུ་རྣལ་འབྱོར་ཅན་གྱི་རྣལ་འབྱོར་པའི་མངོན་སུམ་གནས་པའི་ཕྱིར་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་གཏན་མེད་པ་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱིས་ཆོས་མ་ལུས་པ་བདག་མེད་ པར་རྟོགས་པ་ཡོད་པ་ཉིད་པས་འགལ་བ་མེད་དོ། །རྣལ་འབྱོར་པ་ཡང་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་། སོ་སོའི་སྐྱེ་བོ་ལ་སོགས་པ་བཞིན་དུ་ཐ་སྙད་ཀྱི་སྒོ་ཉིད་ནས་རྣམ་པར་གཞག་སྟེ། འཕགས་པ་བདེན་པ་གཉིས་བསྟན་པ་ལས། ཇི་སྐད་དུ་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་ཡིན་པ་ཡང་ཀུན་རྫོབ་ ཏུ་ལམ་སྒོམ་པར་བྱེད་དོ་ཞེས་གསུངས་པ་ལྟ་བུའོ། །གང་ཡང་དོན་གཞན་གྱིས་དབེན་པའི་ཕྱོགས་ལ་སོགས་པ་འགའ་ཞིག་མངོན་སུམ་གྱིས་བཟུང་ནས་དེ་ལས་གཞན་པ་སྟོང་པ་མངོན་སུམ་གྱིས་རྟོགས་པར་བྱ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། ཚུལ་འདི་ནི་ གཅིག་གིས་གཅིག་སྟོང་པ་ཉིད་ཡིན་གྱི། མཚན་ཉིད་སྟོང་པ་ཉིད་ནི་མ་ཡིན་ནོ། །མཚན་ཉིད་སྟོང་པ་ཉིད་ཀྱིས་ནི་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་འདོད་དེ། དོན་དམ་པར་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཇི་ལྟར་རྣམ་པར་གཞག་པ་སྟོང་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་གཅིག་གིས་ གཅིག་སྟོང་པ་ཉིད་གང་ཡིན་པ་དེ་ནི་དོན་དམ་པ་མ་ཡིན་གྱི། འོན་ཀྱང་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ཡིན་ནོ། །འདི་ལྟར་དངོས་པོ་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་རོ་གཅིག་པའི་ཕྱིར་ཐ་དད་པ་མེད་པ་མ་ཡིན་མོད་ཀྱི། འོན་ཀྱང་བྱིས་པ་རྣམས་ལ་རྨི་ལམ་ལ་སོགས་ པའི་གནས་སྐབས་བཞིན་དུ་ཕན་ཚུན་ཐ་དད་པར་སྣང་ངོ་། །དེའི་ཕྱིར་དེ་ལ་གྲགས་པའི་ངོ་བོར་དེ་དག་ལ་དོན་གཞན་གྱིས་དབེན་པའི་དངོས་པོ་འཛིན་པའི་སྒོ་ནས་གཅིག་གིས་གཅིག་སྟོང་པ་ཉིད་འདི་རྣམ་པར་གཞག་གི །དོན་དམ་པར་མ་ཡིན་ཏེ། ཡང་དག་པར་ན་རྨི་ལམ་དང་། སྒྱུ་མ་ལྟ་བུའི་དངོས་ པོ་རྣམས་ལ་ངོ་བོ་ཉིད་ཕན་ཚུན་ཐ་དད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ནི་དོན་དམ་པ་ལ་བརྟེན་པ་མ་ཡིན་པ་ཉིད་ཀྱིས་ཐམས་ཅད་ཀྱི་ཐ་ཆད་ཡིན་པའི་ཕྱིར་སྤང་བར་བྱ་བ་ཁོ་ནར་གསུངས་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས། ཇི་སྐད་དུ་བློ་གྲོས་ཆེན་པོ་གཅིག་གིས་གཅིག་ སྟོང་པ་ཉིད་འདི་ནི་ཐམས་ཅད་ཀྱི་ཐ་ཆད་ཡིན་པས་དེ་ནི་ཁྱོད་ཀྱིས་སྤང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཇི་ལྟར་རྣམ་པར་གཞག་པ་དམིགས་པའི་རིག་བྱར་གྱུར་པ་ལས་རྣལ་འབྱོར་པ་རྣམས་ཀྱིས་དོན་དམ་པའི་ རྣམ་པར་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་སྣང་བ་མེད་པའི་ཡེ་ཤེས་སྐྱེ་བའི་སྒོ་ནས་རྟོགས་པར་རྣམ་པར་གཞག་གོ། །དེའི་ཕྱིར་གཅིག་གིས་གཅིག་སྟོང་པ་ཉིད་ཐམས་ཅད་ཀྱི་ཐ་ཆད་བྱིས་པའི་སྐྱེ་བོས་ཀུན་བརྟགས་པ་ལ་བརྟེན་ནས་གླེངས་མོད་ཀྱི། དེ་ནི་འབྲེལ་པ་མེད་པ་ཁོ་ནའོ། །གང་ཡང་དེ་ནི་ རྣལ་འབྱོར་པའི་མངོན་སུམ་གྱིས་ཡང་དག་པར་རྟོགས་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་ཚིག་ཀྱང་མཁས་པ་རྣམས་ཡོངས་སུ་མགུ་བར་བྱེད་པ་མ་ཡིན་ཏེ། དེ་ལ་རིགས་པ་མེད་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལ་རིགས་པ་ཡོད་པའི་ཕྱིར་རོ། །འདི་ལྟར་མཁས་པ་རྣམས་ནི་མངོན་ སུམ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ནོ་ཞེས་མངོན་སུམ་གྱི་མཚན་ཉིད་འཆད་དོ། །གོམས་པའི་སྟོབས་ཀྱིས་ཀྱང་དོན་ཡོད་པ་མ་ཡིན་པ་ལ་ཡང་ཤེས་པ་གསལ་རབ་ཏུ་སྐྱེ་སྟེ། དཔེར་ན་འདོད་པ་དང་། མྱ་ངན་དང་། སྐྲག་པ་དང་། སྨྱོ་བ་ལ་སོགས་པས་ཉམས་པ་རྣམས་ཤིན་ཏུ་གོམས་པ་ལན་ མང་དུ་བྱས་པའི་སྒོ་ནས་བུད་མེད་ལ་སོགས་པར་གསལ་རབ་ཏུ་སྣང་བའི་ཤེས་པ་སྐྱེ་སྟེ། གང་གི་ཕྱིར་དེ་དག་གིས་དེ་དག་མདུན་ན་འདུག་པ་བཞིན་དུ་མཐོང་ནས་མོད་ལ་ལུས་ལ་སོགས་པའི་གཡོ་བ་རྣམ་པ་དུ་མ་རྩོམ་པ་ལྟ་བུའོ། །དེའི་ཕྱིར་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་སྒོམ་པར་བྱེད་པ་ཁ་ཅིག་ ཀྱང་དེ་ལ་ཤེས་པ་གསལ་རབ་ཏུ་སྐྱེའོ་ཞེས་བྱ་བ་སྲིད་དོ། །གསལ་རབ་ཏུ་སྣང་བའི་ཤེས་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་ཁོ་ན་ཡིན་ཏེ། མར་མེ་བཞིན་དུ་རྟོག་པའི་རླུང་གིས་དཀྲུགས་པའི་ལུས་ལ་རྣམ་པ་གསལ་རབ་པ་ཉིད་མི་འཐད་པའི་ཕྱིར་རོ། །སྦྱོར་བ་དག་ནི་ཁ་ཅིག་གིས་གང་དང་གང་རྟག་ཏུ་ ཤིན་ཏུ་གུས་པར་བསྒོམས་པ་དེ་ནི་དེ་དག་ལས་བསྒོམས་པའི་འབྲས་བུ་རབ་ཀྱི་མཐའ་ལས་སྐྱེས་པའི་འབྲས་བུ་ཤེས་པ་གསལ་རབ་ཏུ་ཉམས་སུ་མྱོང་བར་འགྱུར་ཏེ། དཔེར་ན་འདོད་ཆགས་ལ་སོགས་པས་ཉམས་པ་དག་གིས་བུད་མེད་ལ་སོགས་པ་བསྒོམ་པ་ལྟ་བུའོ། །ཁ་ཅིག་གིས་ཀྱང་ཡུན་རིང་པོ་ ནས་རྟག་ཏུ་གུས་པར་བྱས་ཏེ། ཆོས་ཐམས་ཅད་བདག་མེད་པར་བསྒོམས་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །དེ་ལ་ཡང་ཚད་མ་དང་ལྡན་པའི་དོན་གྱི་ཡུལ་ཅན་གང་ཡིན་པ་དེ་མི་སླུ་བ་ཡིན་ཏེ། དཔེར་ན་ཐ་སྙད་ཀྱི་སྒོ་ནས་དུ་བ་ལ་སོགས་པ་རྟགས་ངེས་པ་ལས་བྱུང་བ་མེ་ལ་སོགས་པའི་ཤེས་ པ་ལྟ་བུའོ། །རྣལ་འབྱོར་པ་རྣམས་ཀྱི་བདག་མེད་པའི་ཤེས་པ་དེ་ཡང་ཚད་མ་དང་ལྡན་པའི་དོན་གྱི་ཡུལ་ཅན་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཁོ་ན་ཡིན་ནོ། །འདི་ཚད་མ་དང་ལྡན་པ་ཉིད་ནི་འོག་ནས་བསྟན་པར་བྱའོ། །ཤེས་པ་གང་ཞིག་གང་ལ་གསལ་རབ་ཏུ་སྣང་ཞིང་མི་སླུ་བར་སྐྱེ་བ་དེ་ནི་དེ་ལ་ མངོན་སུམ་གྱི་ཚད་མ་ཡིན་ཏེ། དཔེར་ན་ཐ་སྙད་དུ་གཟུགས་ལ་སོགས་པ་ལ། མིག་ལ་སོགས་པ་མ་ཉམས་པའི་སྐྱེས་བུའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྟ་བུའོ། །རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་ཆོས་ཐམས་ཅད་བདག་མེད་པའི་ཡུལ་ཅན་ཡང་གསལ་རབ་ཅིང་མི་སླུ་བ་ཡིན་པས་ རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱིས་ཆོས་ཐམས་ཅད་བདག་མེད་པའི་ཤེས་པ་ནི་རིགས་པས་བསྒྲུབ་པར་བྱ་བ་ཡིན་ན་ཅི་སྟེ་མཁས་པ་རྣམས་ཡོངས་སུ་མགུ་བར་བྱེད་པ་མ་ཡིན། གང་ཡང་གལ་ཏེ་རྣལ་འབྱོར་པའི་ཤེས་པ་དེ་ཡང་མེད་པ་ཞིག་ཡིན་ན་ནི་ཞེས་བྱ་བ་ལ་ སོགས་པ་དེ་སྨྲས་པ་དེ་ལ་ཡང་གོང་དུ་ལན་བཏབ་ཟིན་པ་ཉིད་དེ། དངོས་པོ་ཐམས་ཅད་རི་བོང་གི་རྭ་དང་འདྲ་བར་ཤིན་ཏུ་མེད་པ་ཉིད་དུ་ནི་མི་འདོད་ཀྱི། འོན་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་དོན་དམ་པར་མེད་པ་ཉིད་དོ། །དེས་ན་ཐ་སྙད་ཐམས་ཅད་མ་བཀག་པ་ཁོ་ན་སྟེ། ཇི་སྐད་ དུ་ཁོ་བོ་ཅག་ཐ་སྙད་ཀྱང་ཁས་མི་ལེན་པ་མ་ཡིན་ཏེ། བརྗོད་དོ་ཞེས་བཤད་པ་ལྟ་བུའོ། །གང་ཡང་རྗེས་སུ་དཔག་པའི་སྒོ་ནས་ཀྱང་དངོས་པོ་མ་ལུས་པ་སྟོང་པ་ཉིད་དུ་སྒྲུབ་པར་ནུས་པ་མ་ཡིན་ཏེ། གཞི་ཆོས་ཅན་འགའ་ཡང་མ་གྲུབ་པའི་ཕྱིར་དང་། དཔེ་ལ་སོགས་པ་ཡང་མ་སྐྱེས་པའི་ཕྱིར་གཏན་ཚིགས་ ཐམས་ཅད་གཞི་དང་རང་གི་ངོ་བོ་མ་གྲུབ་པ་ཁོ་ནའོ་ཞེས་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཡིན་ཏེ། འདི་ལྟར་རེ་ཞིག་གལ་ཏེ་ཁོ་བོ་ཅག་གིས་ངོ་བོ་ཉིད་མེད་པ་ཉིད་དུ་ཁས་བླངས་པ་ལ་ཁྱེད་ཐལ་བར་འགྱུར་བར་སྒྲུབ་ན་ནི་དེའི་ཚེ་འདི་ཐལ་བ་མ་ཡིན་པ་ཁོ་ན་སྟེ། གང་གི་ཕྱིར་ཁོ་བོ་ཅག་གིས་དངོས་པོ་ རྣམས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་ཁས་བླངས་སོ། །དེ་ལ་ཡང་གལ་ཏེ་དོན་དམ་པར་གཏན་ཚིགས་དང་དཔེ་དང་ཆོས་ཅན་ལ་སོགས་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་དང་། རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཐ་སྙད་མི་འཇུག་གོ་ཞེས་ཐལ་བར་སྒྲུབ་ན་ནི་ཇི་ལྟར་འདོད་པ་བཞིན་ ཡིན་པའི་ཕྱིར་འདི་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཁོ་བོ་ཅག་ཀྱང་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བ་ལ་སོགས་པའི་ཐ་སྙད་འདི་ཐམས་ཅད་དོན་དམ་པར་འཇུག་པ་མི་འདོད་ན་གང་གིས་ན་དེ་མེད་པར་ཐལ་བ་ཞེས་བྱ་སྟེ། ཐལ་བའི་མཚན་ཉིད་ནི་མི་འདོད་པར་འགྱུར་བ་ཡིན་པའི་ཕྱིར་རོ། ། འདི་ལྟར་ཁོ་བོ་ཅག་ནི་ཁྱེད་ཀྱིས་སུན་འབྱིན་པའི་བར་དུ་ཡང་དོན་དམ་པར་མ་སྐྱེས་པ་ཁོ་ནར་ཁས་ལེན་ཏེ། དེའི་ཕྱིར་ཉེས་པའི་གོ་སྐབས་འགའ་ཡང་མི་རྙེད་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས། གལ་ཏེ་ཅུང་ཟད་ཅིག་དམིགས་ན་ནི་མངོན་སུམ་ལ་སོགས་པའི་དོན་གྱིས་འཇུག་ པའམ། ལྡོག་པར་བྱ་ན་དེ་མེད་པའི་ཕྱིར་ཁོ་བོ་ལ་ཀླན་ཀ་མེད་དོ་ཞེས་གསུངས་སོ། །འོན་ཏེ་གང་ཞིག་དོན་དམ་པར་མེད་པ་དེ་ཐ་སྙད་དུ་ཡང་འཇུག་པར་མི་འགྱུར་རོ་ཞེས་ཐལ་བར་སྒྲུབ་ན་ནི་འདིར་ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་ཐལ་བ་མ་ཡིན་པ་ཁོ་ན་སྟེ། ཐ་སྙད་ནི་གང་གིས་ན་འདི་བདག་ཉིད་ལོག་ན་ཐ་ སྙད་ཀྱང་ལོག་པར་འགྱུར་བ་དོན་དམ་པ་པའི་ངོ་བོ་ཉིད་ཀྱིས་ཁྱབ་པ་ནི་མེད་དོ། །འོན་ཀྱང་འདི་ནི་དེ་ལས་བཟློག་པ་ཁོ་ནས་ཁྱབ་སྟེ། ཐ་སྙད་ནི་དོན་དམ་པར་མེད་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྨི་ལམ་ལ་སོགས་པ་དག་ནི་དོན་དམ་པ་པའི་ངོ་བོ་ཉིད་དང་བྲལ་བ་ཡང་ཐ་སྙད་སྣ་ཚོགས་འཇུག་ པ་ཡང་སྣང་སྟེ། དེའི་ཕྱིར་ཐ་སྙད་འདི་ཐམས་ཅད་ཀྱང་སྤྲུལ་པ་དང་། རྨི་ལམ་ལ་སོགས་པ་དང་འདྲ་བས་འགལ་བ་མེད་དོ། །དེ་སྐད་དུ། སྤྲུལ་པ་ཡི་ནི་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་སྤྲུལ། །དགག་པ་བྱེད་པ་ཅི་འདྲ་བར། །དགག་པ་དེ་ཡང་ཅི་འདྲར་འགྱུར། །ཞེས་བཤད་དོ། ། འོན་ཏེ་ཐམས་ཅད་དུ་བསྒྲུབ་པར་བྱ་བ་དང་། ཆོས་ཅན་ལ་སོགས་པ་དོན་དམ་པ་པའི་དངོས་པོར་གྱུར་པ་ཁོ་ནས་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འདོགས་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་མེད་པས་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་གདགས་པར་མི་འགྱུར་རོ་ཞེས་ཉེས་པ་བརྗོད་ན་ནི། འདི་ཡང་ཉེས་པ་མེད་པ་ཁོ་ན་སྟེ། རྩོད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དོན་དམ་པ་པའི་ཆོས་ཅན་ལ་སོགས་པས་རྗེས་སུ་དཔག་པ་ལ་སོགས་པར་ཐ་སྙད་གདགས་པ་ནི་གང་དུ་ཡང་མ་གྲུབ་བོ། །འོན་ཀྱང་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཆོས་ཅན་ཁོ་ན་ལ་གནས་ཏེ། རབ་ཏུ་སྨྲ་བ་རྣམས་དེ་ ཁོ་ན་ཉིད་གཏན་ལ་དབབ་པའི་ཕྱིར་རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འཇུག་པར་བྱེད་དེ། དེ་སྐད་དུ། ཆོས་དང་ཆོས་ཅན་རྣམ་གཞག་དང་། །ཐ་དད་ཐ་དད་མིན་ཅི་འདྲ། །དེ་ཉིད་དོན་བརྟགས་མ་ཡིན་གྱི། །འཇིག་རྟེན་ན་ནི་ཇི་ལྟར་གྲགས། །དེ་ལ་དེ་བཞིན་བརྟེན་ནས་ནི། །བསྒྲུབ་བྱ་ སྒྲུབ་བྱེད་རབ་གནས་པ། །དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་སྒྲུབ་པ་དང་། །བསྒྲུབ་བྱ་ཡང་དག་གནས་པ་བརྟགས། །ཞེས་བྱ་བ་བཤད་དོ། །ཡང་། དཔག་བྱ་དཔག་པའི་འབྲས་གནས་པ། །ཡོད་པ་མིན་ཡང་གཟུང་བ་དང་། །འཛིན་པ་རིག་པ་ཇི་ལྟ་བུར། ། རྗེས་སུ་སྣང་བཞིན་རབ་བཤད་དོ། །དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོ་སྣང་བའི་དངོས་གཅིག་ལ། །རྣམ་པ་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་ཉིད་དེ་ཉམས་པར་འགྱུར། །ཞེས་བཤད་དོ། །ཡང་འདི་ནི་ཐ་སྙད་ལས་བྱུང་བའི་ཚད་མའི་མཚན་ཉིད་ཡིན་ནོ་ཞེས་ཀྱང་བཤད་དོ། །ཚད་ མའི་མཚན་ཉིད་འདི་ཐམས་ཅད་ནི་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཆེད་ཁོ་ན་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐམས་ཅད་དོན་མེད་པ་ཁོ་ནར་འགྱུར་ཏེ། འདི་ལྟར་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མ་བསླབས་པ་གནག་རྫིའི་ཆུང་མ་ལ་སོགས་པ་ཡན་ཆད་ལུང་མེད་ པར་ཡང་དུ་བ་ལ་སོགས་པའི་རྟགས་མཐོང་བའི་སྒོ་ནས་མེ་ལ་སོགས་པ་རྟོག་པར་འགྱུར་བ་ཁོ་ནའོ། །དེའི་ཕྱིར་ཁོ་བོ་ཅག་ཀྱང་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཕྱིར་ཏེ། དེ་བཞིན་ཉིད་དུ་ཐ་སྙད་ཀྱི་སྒོ་ནས་རྗེས་སུ་དཔག་པ་ལ་སོགས་པ་རབ་ཏུ་འཇུག་པར་བྱེད་པས་ཉེས་པ་མེད་པ་ཉིད་དོ། ། གཞན་ཡང་ཐ་སྙད་ཀྱི་སྒོ་ནས་རྗེས་སུ་དཔག་པ་ལ་སོགས་པ་འཇུག་པ་ལ་ཡང་གང་ལ་མི་རྟག་པ་ལ་སོགས་པ་དངོས་པོའི་ཆོས་ཡོད་པའི་ངོ་བོ་སྒྲུབ་པར་འདོད་པ་དེ་ལ་ནི་གདོན་མི་ཟ་བར་ཐ་སྙད་ཀྱི་སྒོ་ནས་དངོས་པོར་གྱུར་པའི་ཆོས་ཅན་ལ་སོགས་པ་དགོས་ཏེ། དེ་ལ་དེ་ལྟ་བུའི་གཞི་མེད་པར་བསྒྲུབ་པར་ བྱ་བ་ལ་སོགས་པ་འབའ་ཞིག་གནས་པར་གྲུབ་པ་ནི་མེད་དོ། །དེ་ཉིད་ལ་དེ་ལྟ་བུའི་གཞི་མེད་ན་བསྒྲུབ་པར་བྱ་བ་བཀག་པའི་ཕྱིར་གཞི་མ་གྲུབ་པ་ཉིད་ཀྱི་ཉེས་པ་རྗོད་པར་བྱེད་པ་ཡིན་ནོ། །དེ་ལ་ཡང་ཆོས་ཅན་ཇི་ལྟ་བ་བཞིན་དུ་གྱུར་པ་ཁོ་ན་ལོག་ན་གདོན་མི་ཟ་བར་བསྒྲུབ་པར་བྱ་བ་ལ་སོགས་པའི་ཆོས་ རང་མེད་ན་མི་འབྱུང་བ་བཀག་པ་ཡིན་ཏེ། དེ་མ་གྲུབ་ན་གཏན་ཚིགས་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་རྗོད་པར་བྱེད་པ་ཡིན་གྱི། རང་དགར་ཉེ་བར་བརྟགས་པའི་ཆོས་ཅན་འགའ་ཞིག་ལོག་ཀྱང་བསྒྲུབ་པར་བྱ་བ་ལ་སོགས་པ་བཀག་པ་འགའ་ཡང་མེད་པ་དེ་ལ་ནི་མ་གྲུབ་པ་ཉིད་ལ་ སོགས་པའི་ཉེས་པ་བརྗོད་པ་མི་རིགས་ཏེ། དེ་ལ་འདོད་པའི་དོན་འགྲུབ་པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ། །གང་ལ་དངོས་པོའི་ཆོས་ཡོད་པའི་ངོ་བོར་སྒྲུབ་པར་མི་འདོད་ཀྱི་འོན་ཀྱང་སྒྲོ་བཏགས་པའི་ཆོས་རྣམ་པར་གཅད་པ་སྒྲུབ་པ་ཙམ་ཞིག་བརྗོད་པར་འདོད་པ་དེ་ལ་ནི་མ་གྲུབ་པ་ཉིད་ལ་ སོགས་པའི་ཉེས་པ་བརྗོད་པ་ཐ་སྙད་དུ་ཡང་དངོས་པོར་གྱུར་པའི་ཆོས་ཅན་མི་དགོས་ཏེ། དེ་ནི་དེའི་ཆོས་མ་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་ནས་ཀྱང་དེའི་ཆོས་ཅན་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེ་མ་གྲུབ་ཏུ་ཟིན་ཀྱང་བསྒྲུབ་པར་བྱ་བ་མེད་ན་དེ་མི་འབྱུང་བའི་གཏན་ཚིགས་མངོན་པར་འདོད་པའི་དོན་གྲུབ་ པ་ལ་གགས་བྱེད་པ་མེད་པའི་ཕྱིར་རོ། །རྒོལ་བའི་མངོན་པར་འདོད་པའི་དོན་འགྲུབ་པ་ལ་གནོད་པ་བྱེད་པ་དོན་དུ་གཉེར་བའི་ཕྱིར་རྒོལ་བ་ནི་ཆོས་ཅན་འགྲུབ་པའམ། མ་གྲུབ་པ་ཚོལ་བར་བྱེད་ཀྱི། ཆགས་པས་ནི་མ་ཡིན་ནོ། །གང་ལ་ཆོས་ཅན་མ་གྲུབ་པ་ལ་སོགས་པ་གླེངས་ཀྱང་རྒོལ་བའི་མངོན་ པར་འདོད་པའི་དོན་ལ་གནོད་པ་མེད་པ་ཁོ་ན་ཡིན་པ་དེ་ལ་ནི་དེ་གླེངས་པས་ཅི་ཞིག་བྱ་སྟེ། གླེང་བ་པོ་ཉེས་པ་མ་ཡིན་པ་བརྗོད་པ་ཉིད་ཀྱིས་ཕྱིན་ཅི་ལོག་གི་ཉེས་པའི་རྡུལ་གྱིས་གང་བའི་ནང་དུ་རྒྱུག་པ་འབའ་ཞིག་ཏུ་ཟད་དེ། ཅིག་ཤོས་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་དང་རྗེས་སུ་ མཐུན་པའི་ཆོས་ཅན་རྟོགས་པར་བྱ་བའི་ཕྱིར་ཕྱོགས་ཀྱི་མཚན་ཉིད་ཀྱི་སྐབས་སུ་རིགས་པ་ཤེས་པ་རྣམས་ཀྱིས་རང་གི་ཆོས་ཞེས་ཁྱད་པར་བརྗོད་དོ། །འདི་ལྟར་གང་ཞིག་རང་གི་འབྲས་བུ་ཐམས་ཅད་ཅིག་ཅར་མངོན་པར་འགྲུབ་པར་མི་བྱེད་པ་དེ་ནི་མཐུ་ཐོགས་པ་མེད་པ་དང་། རྟག་པ་དང་། གཅིག་པུའི་ངོ་བོ་ཉིད་མ་ ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །ནམ་མཁའ་ལ་སོགས་པ་ཕ་རོལ་པོ་མངོན་པར་འདོད་པ་རྣམས་ཀྱང་སྒྲ་ལ་སོགས་པའི་འབྲས་བུ་ཅིག་ཅར་དུ་འགྲུབ་པར་མི་བྱེད་པས་ཁྱབ་པར་བྱེད་པ་མི་དམིགས་པར་བཤད་པ་ལ། ཁ་ཅིག་ན་རེ་གཏན་ཚིགས་འདི་ནི་འགལ་བ་ཡང་མ་ཡིན་ཏེ། འདི་ཇི་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་བཞིན་དུ་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོའི་རང་གི་ངོ་བོར་གྱུར་པ་མེད་པ་ཡང་སྒྲུབ་པར་བྱེད་པས་གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་ཡིན་ནོ་ཞེས་ཟེར་རོ། །དེ་ལ་ཡང་འདིར་ནམ་མཁའ་ལ་སོགས་པའི་ཆོས་ཅན་དངོས་པོར་གྱུར་པ་ བསལ་དུ་ཟིན་ཀྱང་བསྒྲུབ་པར་བྱ་བ་རྣམ་པར་བཅད་པ་ཙམ་དུ་འདོད་པ་ལ་ནི་གནོད་པ་ཅི་ཡང་མེད་ལ། གཏན་ཚིགས་རྣམ་པར་བཅད་པ་ཙམ་གྱི་ངོ་བོ་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། ཆོས་ཅན་དངོས་པོར་གྱུར་པ་མ་ཡིན་ཡང་དེ་གཉིས་གྲུབ་པའི་ཕྱིར་རོ། །དེ་བས་ལོག་པར་རྟོག་པ་བསལ་བའི་ཕྱིར་ རང་དང་རྗེས་སུ་མཐུན་པའི་ཆོས་ཅན་ཁོ་ན་ལ་གནོད་པ་བྱས་ན་བསྒྲུབ་པར་བྱ་བ་བཀག་པ་ཡིན་གྱི། ཆོས་གཞན་དང་ལྡན་པའི་ཆོས་ཅན་ནི་མ་ཡིན་ནོ་ཞེས་སྟོན་པར་མཛད་པ་ན་བདག་ཉིད་འདོད་པ་དང་། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཡིད་ཆེས་པ་དང་། གྲགས་པས་མ་བསལ་བ་རང་གི་ ངོ་བོ་ཁོ་ན་བསྟན་པར་བྱ་བ་ནི་རང་གི་ཆོས་ཅན་ནོ་ཞེས་བྱ་བ་འདིར་ཕྱོགས་ཀྱི་ཆོས་ཉིད་ཀྱི་སྐབས་སུ་སློབ་དཔོན་གྱིས་རང་གི་ཆོས་ཅན་སྨོས་པ་མཛད་དོ་ཞེས་འགྲེལ་པ་མཛད་པས་བཤད་དེ། རྒོལ་བ་ཀུན་གྱི་བདག་ཉིད་ཀྱིས། །བསྒྲུབ་བྱར་འདོད་པའི་ཆོས་གང་ཡིན། །ཆོས་ དེ་ལྡན་ལ་གནོད་ཡིན་གྱི། །ཆོས་གཞན་གྱི་ནི་ཆོས་ཅན་མིན། །གཞན་དུ་ཆོས་ཅན་གཞན་ལ་ནི། །གནོད་ཀྱང་འདི་ལ་ཅི་ཞིག་བཀག །ཅེས་རྒྱས་པར་བཤད་ནས། ལོག་པར་རྟོག་པ་བསལ་བའི་ཡུལ་ཉེ་བར་བསྟན་པའི་ཕྱིར་སྨྲས་པ། ཅིག་ཅར་སྒྲ་སོགས་རྒྱུ་མིན་ཕྱིར། །སྔོན་མེད་ངོ་བོ་ དཔེར་གཞན་གྱིས། །བསྐྱེད་བྱ་མིན་ལྟར་མཁའ་སོགས་མིན། །ཞེས་བྱ་བ་ལ་སོགས་པ་བཤད་ལ། སུན་འབྱིན་པར་བྱེད་པས། སྨྲས་པ། མཁའ་སོགས་ཆོས་ཅན་དངོས་མེད་ཀྱི། །ངོ་བོ་ཉིད་ཀྱང་དེ་དང་འདྲ། །ཞེས་སྨྲས་པ་ནི། འདོད་པ་བསྒྲུབ་པར་བྱ་བ་ལ། །གནོད་པ་ཅི་ཡང་མེད་ པ་ཉིད། །དེ་བཞིན་མཁའ་སོགས་ཆོས་ཅན་གྱི། །དངོས་པོའི་ངོ་བོའང་མེད་པར་འགྱུར། །གཉི་གའང་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་ལ་ནི་གནོད་པ་གང་། །བསྒྲུབ་པར་བྱ་བའི་ཆོས་འགོག་པ། །དེས་ནི་དེ་ལ་གནོད་ཅེས་བརྗོད། །ཞེས་གང་བཤད་པ་ཡིན་ནོ། །གདོན་མི་ཟ་བར་འདི་ལྟར་ཤེས་པར་ བྱའོ། །དེ་ལྟ་མ་ཡིན་ན་ཇི་ལྟར་མཁས་པ་རྣམས་རིམ་དང་ཅིག་ཅར་ལ་སོགས་པས་ཁྱབ་པའི་དོན་བྱེད་པའི་ནུས་པ་དང་བྲལ་བ་ལ་སོགས་པས་གཞན་གྱིས་ཀུན་བརྟགས་པ་ལ་སོགས་པའི་དངོས་པོ་འགོག་པར་བྱེད། དངོས་པོ་ཡོད་པ་ལ་ནི་ཇི་ལྟར་ཡང་དེ་ཡང་དག་པར་དགག་པར་བྱ་མི་ནུས་སོ། ། མེད་པ་ལ་ཡང་གལ་ཏེ་གཞི་མ་གྲུབ་པ་ཉིད་ཀྱི་ཉེས་པས་འདི་བྱ་བ་མ་ཡིན་ན། འོ་ན་ནི་ཇི་ལྟར་ཡང་གང་ཡང་དགག་པར་མི་འགྱུར་རོ། །དེའི་ཕྱིར་རྣལ་འབྱོར་སྤྱོད་པ་རྣམས་ཀྱིས། དེ་ནི་གཅིག་ནའང་ཡུལ་མིན་ལ། །ཕྲ་རབ་རྡུལ་དུ་དུ་མའང་མིན། །སྐད་ཅིག་མ་ཡིན་ཡོད་མ་ཡིན། །དེ་ནི་རིམ་དང་རིམ་ མིན་འགལ། །ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་དོན་ལ་སོགས་པ་ཇི་ལྟར་འགོག་པར་བྱེད། རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་ལ་སོགས་པ་མུ་སྟེགས་ཅན་ངན་པས་ཀུན་བརྟགས་པ་རྣམས་དགག་པ་བྱེད་པར་འདོད་ན་ཡང་ཇི་ལྟར་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་འཇུག་ པར་མི་འགྱུར། འོན་ཏེ་གལ་ཏེ་ཐལ་བར་བསྒྲུབ་པ་ཁོ་ནས་འདི་བྱེད་པའི་ཕྱིར་མི་འཇུག་གོ་ཞེ་ན། དེའི་ཚེ་ཐལ་བར་སྒྲུབ་པ་ཚད་མ་མ་ཡིན་པ་ལས་ཇི་ལྟར་འདི་དག་གཅིག་ཏུ་མེད་པའི་ཐ་སྙད་འགྲུབ་པར་འགྱུར་ཏེ། དེ་ནི་ཚད་མ་ལ་རག་ལས་པའི་ཕྱིར་རོ། །ཇི་སྟེ་ཐལ་བར་སྒྲུབ་པ་ཡང་ཚད་མ་ཁོ་ནའོ་ ཞེས་བྱ་བར་འདོད་ན་ནི་དེའི་ཚེ་དེ་ལ་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་ཇི་སྟེ་འཇུག་པར་མི་འགྱུར། རྟོག་པ་དང་ལྡན་པ་ནི་རིགས་པའི་སྟོབས་ཀྱིས་འོངས་པའི་ཉེས་པ་ལ་སོགས་པ་རང་དགས་འགའ་ཁོ་ན་ལ་སྒྲུབ་པར་རིགས་པ་མ་ཡིན་ནོ། །འོན་ཏེ་ཕྱི་རོལ་གྱི་དོན་ལ་སོགས་པ་དགག་པ་སྒྲུབ་ པར་འདོད་པ་ལ་བློའི་མཚན་ཉིད་ཀྱི་ཆོས་ཅན་དངོས་པོར་གྱུར་པ་ཡོད་པ་ཉིད་དེ། དེ་ཁོ་ན་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པར་བསྐྱེད་པར་བྱ་བ་ཉིད་དགག་པ་སྒྲུབ་པར་བྱེད་དེ། དེའི་ཕྱིར་དེ་ལ་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་པ་ཉིད་དོ་ཞེས་བྱ་བར་འདོད་ན། གལ་ཏེ་དེ་ལྟ་ན་གཅིག་ དང་དུ་མའི་རང་བཞིན་གྱིས་དབེན་པ་ཉིད་དང་། རིམ་དང་རིམ་མ་ཡིན་པས་ཁྱབ་པའི་དོན་བྱེད་པའི་ནུས་པས་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་ཆོས་དགག་པའི་གཏན་ཚིགས་རྣམས། གལ་ཏེ་ཆོས་ཅན་དེ་ལ་དེའི་ཆོས་ཉིད་རབ་ཏུ་མ་གྲུབ་པ་ཉིད་ཡིན་ན་ནི་དེའི་ཚེ་ཇི་ལྟར་དེའི་སྒོ་ནས་དེ་ལ་མངོན་པར་འདོད་ པའི་བསྒྲུབ་པར་བྱ་བའི་ཆོས་འགྲུབ་པར་འགྱུར། ཕྱོགས་ཀྱི་ཆོས་མ་ཡིན་ཡང་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཙམ་ཁོ་ནའི་གཏན་ཚིགས་ནི་བསྒྲུབ་པར་བྱ་བ་ཡང་དག་པར་འགྲུབ་པར་ནུས་པ་མ་ཡིན་ཏེ། དེ་ལྟ་ན་ནི་མིག་གི་ཡུལ་ཉིད་ཀྱང་སྒྲ་ཞེས་བྱ་བའི་ཆོས་ཅན་ལ་མི་རྟག་པ་ཉིད་ཇི་སྟེ་སྒྲུབ་པར་མི་ འགྱུར། ཇི་སྟེ་དེ་དག་དེ་ལ་རབ་ཏུ་གྲུབ་པ་ཉིད་དུ་ཁས་ལེན་ན་ནི་དེའི་ཚེ་ཕྱི་རོལ་དང་གཙོ་བོ་ལ་སོགས་པ་བཞིན་དུ་བློ་ཉིད་ནུས་པ་དང་། གཅིག་དང་དུ་མ་ལ་སོགས་པ་དངོས་པོ་ལ་ཁྱབ་པར་བྱེད་པའི་ཆོས་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་པར་འགྱུར་ཏེ། དེ་དག་ནི་དེའི་ཆོས་ཡིན་ པའི་ཕྱིར་རོ། །ཆོས་གཞན་ཡང་གཞན་ལ་སྒྲུབ་པ་མ་ཡིན་ལ། ནུས་པ་ལ་སོགས་པས་སྟོང་པའི་དངོས་པོ་ཡང་ཅི་ཡང་མི་འགྲུབ་བོ། །དེ་ལྟ་མ་ཡིན་ན་དེ་ལས་ཕྱི་རོལ་དང་། གཙོ་བོ་ལ་སོགས་པ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་འགྲུབ་པར་མི་འགྱུར་རོ། །དེ་ཡང་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་སྒྲུབ་ན་ ནི་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་དེ་ཡང་དེའི་སོ་ན་འདུག་པ་ཁོ་ན་ཡིན་ལ། རང་གི་ཕྱོགས་ཉམས་པར་ཐལ་བ་ཡང་མ་ཡིན་ནོ། །བློ་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པས་བསྐྱེད་པར་བྱ་བ་ཉིད་དགག་པ་བསྒྲུབས་སུ་ཟིན་ཀྱང་གཞན་གྱིས་ཀུན་བརྟགས་པ་གཙོ་བོ་ ལ་སོགས་པ་རང་གི་ངོ་བོ་དགག་པ་ནི་མི་འགྲུབ་པ་ཁོ་ན་སྟེ། དེའི་རྣམ་པ་ནི་གཞན་ཡིན་པའི་ཕྱིར་རོ། །དེ་མ་གྲུབ་ན་གཞན་གྱིས་ཀུན་བརྟགས་པའི་གཙོ་བོ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཡུལ་ཅན་མེད་པའི་ཐ་སྙད་དུ་ཡང་ཇི་ལྟར་འགྱུར་ཏེ། ཆོས་གཞན་ཡང་དག་པར་ གྲུབ་ན་གཞན་དག་ལ་གཞན་དུ་ཐ་སྙད་འཇུག་པར་རིགས་པ་ནི་མ་ཡིན་ནོ། །མི་ཤེས་པ་ཁ་ཅིག་གིས་སོ་སོར་བརྟགས་པས་འགོག་པ་ལ་སོགས་པ་འདུས་མ་བྱས་གསུམ་པོ་གང་གི་ཡང་སྐྱེད་པར་བྱེད་པ་ཉིད་དུ་མ་གྱུར་པ་གང་དག་ཡང་དག་པར་དངོས་པོར་ཀུན་བརྟགས་པ་དེ་དག་ དགག་པར་བསྒྲུབ་པར་བྱ་བ་ལ་ཡང་ཇི་ལྟར་བློ་ཆོས་ཅན་དུ་འགྱུར་ཏེ། ཕ་རོལ་པོ་དག་དེ་ལ་དེས་བསྐྱེད་པར་བྱ་བ་ཉིད་ཀྱི་ཆོས་ཁས་མི་ལེན་པའི་ཕྱིར་རོ། །དེའི་ཕྱིར་དེ་དགག་པ་ནི་ནམ་ཡང་འགྲུབ་པར་མི་འགྱུར་བ་ཉིད་དོ། །ཇི་སྟེ་ཐོག་མ་མེད་པའི་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་ཡང་དག་ པར་བྱུང་བའི་རྣམ་པར་རྟོག་པས་ཡོངས་སུ་བསྒྲུབས་པ། བྱིས་པ་རྣམས་ཀྱིས་ཕྱི་རོལ་དང་དངོས་པོ་ཉིད་དུ་ཉེ་བར་བརྟགས་པ་བློ་ལ་ཡོད་པ་ཉིད་ཆོས་ཅན་ཡིན་ཏེ། དེའི་ཕྱིར་དེ་ལ་བརྟེན་ནས་གཙོ་བོ་ལ་སོགས་པ་འགོག་པར་བྱེད་དོ། །དེ་ནི་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་རྣམ་པར་འཁྲུལ་པའི་དབང་ གིས་ཕྱི་རོལ་ལྟ་བུ་དང་། གཙོ་བོ་ལ་སོགས་པ་དང་། ཐ་མི་དད་པ་ལྟ་བུ་དང་། ནུས་པས་སྟོང་པ་ལ་སོགས་པའི་ཆོས་མཐའ་དག་དང་ལྡན་པ་ལྟ་བུར་རྟོག་གོ། །དེ་ལ་གཙོ་བོ་ལ་སོགས་པའི་ངོ་བོ་ཉིད་དགག་པ་སྒྲུབ་པ་ལ་གཙོ་བོ་ལ་སོགས་པ་དགག་པ་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དག་གཞི་ གཅིག་པ་ཉིད་ཀྱང་གྲུབ་པ་ཁོ་ན་ཡིན་ཏེ། འདི་ལྟར་དེ་ཉིད་བྱིས་པ་རྣམས་ཀྱིས་ཕྱི་རོལ་དང་། གཙོ་བོ་ལ་སོགས་པ་ཉིད་དུ་ཉེ་བར་བཟུང་བ་རྒོལ་བ་དང་ཕྱིར་རྒོལ་བ་དག་ཀྱང་རབ་རིབ་ཅན་གྱིས་ཟླ་བ་གཉིས་སུ་མཐོང་བ་བཞིན་དུ་དེ་དང་ཐ་མི་དད་པར་སེམས་པ་ཁོ་ནས་ཐ་སྙད་འདོགས་པའི་ཕྱིར་རོ། ། དེ་ནི་བློས་ཀུན་བརྟགས་པ་ཡིན་ཡང་དེའི་རྣམ་པ་ཉིད་ཀྱིས་བློ་ཞེས་ཉེ་བར་འདོགས་ཏེ། འདི་དངོས་སུ་ནི་བློའི་ངོ་བོ་ཡང་མ་ཡིན་ཏེ། དེ་ནི་དེ་དང་མཚན་ཉིད་མི་མཐུན་པའི་ངོ་བོ་ཉིད་དུ་སྣང་བའི་ཕྱིར་རོ། །དེའི་ཕྱིར་དེ་ངོ་བོ་ཉིད་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་ཀྱང་བློ་ངོ་བོ་ཉིད་མེད་པ་ཉིད་དུ་ཐལ་བ་ནི་མ་ཡིན་ ཏེ། དེ་ལ་ཕྱི་རོལ་དང་གཙོ་བོ་ལ་སོགས་པའི་ངོ་བོ་ཉིད་དགག་པ་ཚད་མས་སྒྲུབ་པར་བྱེད་ཀྱི། དེ་ཉིད་དགག་པའི་ཕྱིར་གཏན་ཚིགས་སྦྱོར་བ་མ་ཡིན་ནོ། །གང་ལ་ཕྱི་རོལ་གྱི་ཆོས་ཅན་སྒྲ་ལ་སོགས་པ་དངོས་པོར་གྱུར་པ་ཡོད་པ་དེ་ལ་ཡང་མི་རྟག་པ་ལ་སོགས་པའི་ཆོས་རབ་ཏུ་སྒྲུབ་པ་ལ་བློ་ལ་ཡོད་པའི་ ཆོས་ཅན་ཕྱི་རོལ་གྱི་སྒྲ་ལ་སོགས་པ་དང་། ཐ་མི་དད་པ་ཉེ་བར་བརྟགས་པ་དེ་ཉིད་ལ་ཀུན་དུ་བརྟེན་པར་བྱེད་པ་ཡིན་ཏེ། ཕྱི་རོལ་གྱི་སྒྲ་ལ་སོགས་པ་ཡུལ་དང་། དུས་དང་གནས་སྐབས་ཐ་དད་པར་ངེས་པ་དག་ནི་རྒོལ་བ་དང་། ཕྱིར་རྒོལ་བའི་བློ་ལ་རང་གི་ངོ་བོར་མངོན་སུམ་དུ་མི་སྣང་བའི་ཕྱིར་རོ། །འདི་ ལ་ཆ་ཤས་མེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་རྣམས་མི་སྲིད་པའི་ཡང་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པར་བྱ་བ་དང་། རྗེས་སུ་དཔག་པ་ལ་སོགས་པའི་ཐ་སྙད་འདི་ཐམས་ཅད་ནི་བློ་ལ་ཡོད་པའི་ཆོས་ཅན་ཁོ་ན་ལ་བརྟེན་ནས་འཇུག་པ་ཉིད་དེ། རྣམ་ པ་གཞན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་འདོད་ན། གལ་ཏེ་དེ་ལྟ་ཡིན་ན། འོ་ན་དོན་དམ་པར་ངོ་བོ་ཉིད་མེད་ཀྱང་ཀུན་བརྟགས་པའི་ཆོས་ཅན་ལ་བརྟེན་ནས་དགག་པ་ལ་སོགས་པ་རབ་ཏུ་སྒྲུབ་པར་བྱེད་པ་ལ་ཡང་གཞི་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་ན་ཅི་སྟེ་ནན་གྱིས་ཁོ་བོ་ཅག་ལ་ཀླན་ཀ་ ཚོལ་བར་བྱེད། ཇི་ལྟར་ཁྱེད་དོན་དམ་པ་ལ་འཇུག་པར་བྱ་བའི་ཕྱིར་གཙོ་བོ་ལ་སོགས་པ་དགག་པར་ཀུན་བརྟགས་པའི་ཆོས་ཅན་ཁོ་ན་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་སེམས་པ་རྒྱས་པར་བྱེད་པ་དེ་བཞིན་དུ་ཁོ་བོ་ཅག་ཀྱང་གཟུགས་དང་སྒྲ་ལ་སོགས་པ་གྲགས་པ་དག་ལ། ཡོད་པ་དང་མེད་པ་ལ་ སོགས་པའི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་དགག་པར་བྱིས་པ་རྣམས་ལ་དེ་དག་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། གཟུགས་བརྙན་དང་མཚུངས་པ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་ཇི་ལྟར་བརྟགས་པའི་ཆོས་ཅན་ལ་དངོས་པོའི་ངོ་བོ་ཉིད་དུ་སྒྲོ་བཏགས་པ་ལ་སོགས་པ་བཀག་ཏུ་ཟིན་ཀྱང་རྒོལ་བ་དང་ཕྱིར་ རྒོལ་བ་དག་ལ་སྣང་བའི་ཕྱིར་མ་གྲུབ་པ་ཉིད་ལ་སོགས་པའི་ཉེས་པ་མི་འཇུག་པ་དེ་བཞིན་དུ་གཟུགས་ལ་སོགས་པ་ཡང་གནག་རྫིའི་ཆུང་མ་ཡན་ཆད་ཀྱི་སྐྱེ་བོ་ལ་སྣང་བའི་ཕྱིར་ཇི་ལྟར་མ་གྲུབ་པ་ཉིད་དུ་འགྱུར། སྣང་བ་ནི་གང་གིས་ན་དེ་ལོག་ན་ལྡོག་པར་འགྱུར་བ་བདེན་པའི་ངོ་བོ་ཉིད་ཀྱིས་ཁྱབ་ པ་ཡང་མ་ཡིན་ཏེ། བརྫུན་པ་ཡང་སྣང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྐྱེ་བོ་ཐམས་ཅད་དེ་ཁོ་ན་ཉིད་མཐོང་བར་འགྱུར་ཏེ། དེ་ཁོ་ན་འབའ་ཞིག་སྣང་བའི་ཕྱིར་རོ། །ཇི་ལྟར་ཀུན་བརྟགས་པའི་ཆོས་ཅན་དེ་ལ་ཡང་ངོ་བོ་ཉིད་མེད་པ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་ནུས་པ་དང་བྲལ་བ་ལ་སོགས་པའི་ ཆོས་ཉེ་བར་འགོད་པ་དེས་ཁྱབ་པ་ཉིད་ཀྱིས་གཙོ་བོ་ལ་སོགས་པ་ལ་དེ་རབ་ཏུ་གྲུབ་པར་བྱེད་པ་དེ་བཞིན་དུ་ཁོ་བོ་ཅག་ཡང་དག་པ་ཉིད་དུ་ཀུན་བརྟགས་པའི་དངོས་པོ་ཐམས་ཅད་ལ་དེ་རབ་ཏུ་བསྒྲུབ་པའི་ཕྱིར་ཡང་དག་པ་ལ་ནུས་པ་མེད་པ་ལ་སོགས་པ་སྨོས་པ་ཡང་ཅི་སྟེ་སྒྲུབ་པར་མི་བྱེད་གཞན་ཡང་རྟོག་པ་ དང་ལྡན་པ་རྣམས་ཀྱིས་ཁས་ལེན་པ་ནི་དཔྱད་པའི་འོག་ཏུ་ཡིན་ལ། དེའི་བདག་ཉིད་གཏན་ལ་ཕབ་ན་རིགས་པ་ཡིན་ནོ། །དཔྱོད་པའི་དུས་ན་ནི་མ་ཡིན་ཏེ། དེའི་ཕྱིར་དེ་གཏན་ལ་མ་ཕབ་པའི་ཕྱིར་དང་། དཔྱོད་པ་ཡང་དེ་གཏན་ལ་དབབ་པའི་དོན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཚད་མས་དེ་ཁོ་ན་ཉིད་གཏན་ ལ་འབེབས་པའི་དུས་ན་སུ་ཡང་གྲུབ་པའི་མཐའ་ཁས་ལེན་པ་མེད་པས་དེའི་ཚེ་གང་ལ་གཞི་མ་གྲུབ་པའི་སྒོ་ནས་ཆོས་ཅན་མ་གྲུབ་པ་ལ་སོགས་པས་རྒོལ་བར་བྱེད་དེ། འོན་ཏེ་དེ་ཁོ་ན་ཉིད་འདི་རྒོལ་བ་བདག་ཉིད་ཀྱིས་སྔར་ཚད་མས་གཏན་ལ་ཕབ་ནས་གཞན་དག་ལ་དེ་བསྒྲུབ་པར་འདོད་པས་ཞུགས་པ་ཡིན་པས་དེའི་ཕྱིར་ དེ་གྲུབ་པའི་མཐའ་ཁས་ལེན་པའི་སྔ་ན་གནས་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འདོད་ན་དེ་ཡང་རིགས་པ་མ་ཡིན་ཏེ། བདག་ཉིད་རྟོགས་པར་བྱེད་པའི་དུས་ན་གྲུབ་པའི་མཐའ་ཁས་མི་ལེན་པའི་ཕྱིར་རོ། །སྔར་གྲུབ་པའི་མཐའ་ཁས་མ་བླངས་པའི་རྒོལ་བ་བདག་ཉིད་ཚད་མ་གང་ཁོ་ནས་དེ་ཁོ་ན་ཉིད་རྟོགས་ པར་གྱུར་པ་དེ་ཉིད་ཀྱིས་གཞན་ལ་རྟོགས་པར་བྱེད་ན་ཇི་ལྟར་གྲུབ་པའི་མཐའ་ཁས་བླངས་པ་ཞེས་བྱ། འདི་བདག་ཉིད་སྔར་ཚད་མས་དེ་ཁོ་ན་ཉིད་གཏན་ལ་ཕབ་ན་གཞན་དག་ལ་གྲུབ་པའི་མཐའ་ཁོ་ནས་རྟོགས་པར་བྱེད་པ་ཡང་མ་གྲུབ་ལ། གཞན་རྟོག་པ་དང་ལྡན་པ་ཡང་དེའི་ཚིག་ཙམ་གྱིས་ཚད་མ་མེད་པའི་ དོན་ཡིད་ཆེས་པར་ཡང་མི་འགྱུར་རོ། །དེ་བས་ན་བདག་ཉིད་གཏན་ལ་འབེབས་པའི་དུས་བཞིན་དུ་གཞན་ལ་སྟོན་པའི་དུས་ན་ཡང་འདྲ་བའི་ཕྱིར་ཐམས་ཅད་དུ་ཚད་མ་ཁོ་ནས་དེ་ཁོ་ན་ཉིད་གཏན་ལ་ཕབ་ན་སུ་ཡང་གྲུབ་པའི་མཐའ་ཁས་ལེན་པ་མེད་པའི་ཕྱིར་ཇི་ལྟར་དེའི་སྒོ་ནས་ཆོས་ཅན་མ་གྲུབ་པ་ལ་སོགས་ པ་རྗོད་པར་བྱེད། ཚད་མ་ཡང་དག་པའི་སྟོབས་ཀྱིས་རྒོལ་བའི་མངོན་པར་འདོད་པའི་བསྒྲུབ་པར་བྱ་བ་གྲུབ་ཀྱང་། གྲུབ་པའི་མཐའ་ཁས་བླངས་པས་དེ་ལ་དེ་གནོད་པར་བྱེད་དོ་ཞེས་ཟེར་བ་འདི་ལ་གཞན་རིགས་པ་ཅི་ཞིག་ཡོད། དངོས་པོའི་དེ་ཁོ་ན་ཉིད་བསམ་པ་ལ་ནི་གྲུབ་པའི་མཐའ་ལས་ ཡང་དག་པར་གྲགས་པའི་ཆོས་ཅན་ལ་སུ་ཡང་རྟེན་པར་མི་བྱེད་དེ། དེ་ལྟ་བུའི་ཆོས་ཅན་ནི་རྒོལ་བ་དང་། ཕྱིར་རྒོལ་བ་དག་ལ་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་སངས་རྒྱས་པ་ལ་སོགས་པ་སྒྲ་ལ་སོགས་པའི་ཆོས་ཅན་འབྱུང་བ་ལས་གྱུར་པ་ལ་སོགས་པ་ཇི་ལྟ་བུར་མངོན་པར་ འདོད་པ་དེ་ལྟ་བུར་བྱེ་བྲག་པ་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་གིས་དེ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཉེ་བར་བརྟགས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་དེ་ལྟ་བུ་མ་གྲུབ་ན་སུ་ཡང་གང་དུ་ཡང་སྒྲུབ་པ་འཇུག་པར་མི་འགྱུར་རོ། །འོན་ཏེ་ཆོས་ཅན་དེ་ལྟ་བུ་གྲུབ་ན་ནི་དེའི་ཆོས་ཀྱང་གཉི་ག་ལ་གྲུབ་པ་ ཁོ་ན་ཡིན་པས་རྩོད་པར་མི་འགྱུར་རོ། །དེ་ལྟ་བས་ན་དེ་ཁོ་ན་ཉིད་རྟོགས་པར་འདོད་པ་ཐམས་ཅད་ནི་གཞུང་ལུགས་ཀྱིས་བསྒྲུབས་པའི་ཆོས་ཅན་གྱི་བྱེ་བྲག་སྤངས་ཏེ། གནག་རྫི་ཡན་ཆད་ལ་གྲགས་པ་འདི་ཉིད་ལ་བརྟེན་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་སེམས་པ་རྒྱས་པར་བྱེད་དོ། །དེའི་ཕྱིར་ གྲུབ་པའི་མཐའ་ལ་བརྟེན་ནས་གཞི་མ་གྲུབ་པ་ལ་སོགས་པས་གླེང་བ་ནི་འབྲེལ་པ་མེད་པ་ཁོ་ནའོ། །གང་ལ་ཐ་སྙད་དུ་ཡང་ཆོས་ཅན་ལ་སོགས་པ་རབ་ཏུ་མ་གྲུབ་པ་ལ་སོགས་པ་དེ་ལ་འདི་གླེང་བ་རིགས་པ་ཁོ་ན་ཡིན་གྱི། ཁོ་བོ་ཅག་ལ་ནི་གཟུགས་ལ་སོགས་པ་ཐ་སྙད་དུ་ཡང་རབ་ཏུ་མ་གྲུབ་པ་མ་ཡིན་ནོ། ། གང་ཡང་འོན་ཏེ་ཕ་རོལ་པོས་ཁས་བླངས་པའི་གཏན་ཚིགས་ལ་སོགས་པས་རང་གི་ཕྱོགས་གྲུབ་པར་བྱེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་ཁས་མི་ལེན་པའི་ཕྱིར་སུན་འབྱིན་པ་མ་ཡིན་པ་ཁོ་ནའོ། །འདི་ལྟར་ཁོ་བོ་ཅག་ནི་ཐ་སྙད་ཀྱི་སྒོ་ནས་གཉི་ག་ལ་ཡང་དག་པར་གྲུབ་པའི་གཏན་ཚིགས་ལ་སོགས་པ་ ཁོ་ནས་འདི་རབ་ཏུ་སྒྲུབ་པར་བྱེད་དེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །གང་ཡང་ཆོས་ཐམས་ཅད་དབེན་པ་དང་། རྟགས་གང་དང་ཡང་ལྷན་ཅིག་ཏུ་གང་དུ་ཡང་འབྲེལ་བར་མ་གྲུབ་སྟེ། དེ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ཀྱང་གྲུབ་ལ། བསྒྲུབ་པར་བྱ་བའི་ཆོས་དང་རྟགས་ཀྱང་ལྷན་ཅིག་ཏུ་འབྲེལ་ནས་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་དངོས་པོ་འཇུག་པ་ནི་མ་ཡིན་ཏེ། དེ་ལ་རྩོད་པ་མི་སྲིད་པའི་ཕྱིར་རོ། །འོན་ཀྱང་སྤྱིར་ཆོས་ཅན་འགའ་ཁོ་ན་ལ་དེ་གྲུབ་ལ་བསྒྲུབ་པར་བྱ་བའི་ཆོས་གཞན་ལ་ ཐེ་ཚོམ་ཟ་ན་དེ་མེད་ན་མི་འབྱུང་བའི་རྟགས་བསྟན་པས་ཆོས་ཅན་ལ་སྤྱིར་ཡང་དག་པར་གྲུབ་པའི་བསྒྲུབ་པར་བྱ་བའི་ཆོས་རབ་ཏུ་གྲུབ་པར་བྱེད་དོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་ལ་སོགས་པའི་སྤྱིར་ཆོས་ཅན་འགའ་ཁོ་ན་ ལ་དེ་གྲུབ་པས་དོན་དམ་པར་ངོ་བོ་ཉིད་མེད་པས་གཅིག་དང་དུ་མའི་རང་བཞིན་ལ་སོགས་པའི་ཆོས་ལ་ཁྱབ་པར་བྱེད་པ་རབ་ཏུ་གྲུབ་པ་ཁོ་ན་ཡིན་ལ། དེ་ཡང་ཁོ་བོ་ཅག་གཞན་དུ་གཟུགས་ལ་སོགས་པ་རྩོད་པའི་གཞིར་འགྱུར་བ་དག་ལ་དེས་ཁྱབ་པའི་ཆོས་ཉེ་བར་བསྟན་པས་རབ་ཏུ་སྒྲུབ་པར་བྱེད་པས་ ཉེས་པ་མེད་པ་ཉིད་དོ། །གང་ཡང་རེ་ཞིག་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་དག་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་རབ་ཏུ་བསྒྲུབ་པར་ནུས་པ་མ་ཡིན་ཏེ། དེ་གཉིས་ནི་དངོས་པོ་སྒྲུབ་པའི་ཕྱིར་རོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་གཉིས་དོན་དམ་པ་པའི་དངོས་པོའི་ངོ་བོ་ཉིད་ སྒྲུབ་པ་ཉིད་དུ་ནི་གང་དུ་ཡང་རབ་ཏུ་མ་གྲུབ་པའོ། །འོན་ཏེ་འདི་དག་སྒྲུབ་པའི་ངོ་བོར་ཞུགས་པའི་ཕྱིར་དངོས་པོ་སྒྲུབ་པ་ཉིད་རྗོད་ན་ནི་དེའི་ཚེ་ངོ་བོ་ཉིད་མེད་པ་ཡང་གང་གི་ཚེ་སྦྱོར་བ་དགོད་པའི་བྱེ་བྲག་འགས་སྒྲུབ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་སྒྲུབ་པར་བྱེད་པ་དེའི་ཚེ་དེ་གཉིས་ཅི་སྟེ་མི་སྲིད་རང་བཞིན་གྱི་གཏན་ ཚིགས་ཁོ་ན་འབྲས་བུའི་གཏན་ཚིགས་ལ་སོགས་པར་སྦྱོར་བ་དགོད་པའི་བྱེ་བྲག་གིས་རྣམ་པ་མང་པོར་སྤྲོས་སོ། །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ཀྱིས་མདོར་ན་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་གཏན་ཚིགས་ཞེས་སྤྱིར་གཏན་ཚིགས་ཀྱི་མཚན་ཉིད་བཤད་དོ། །དེའི་ཕྱིར་འདིར་ཡང་སྦྱོར་བ་དགོད་པའི་བྱེ་བྲག་ གི་སྒོ་ནས་རང་བཞིན་ལ་སོགས་པའི་གཏན་ཚིགས་ཅི་རིགས་པ་ཡིན་པས་འགལ་བ་མེད་པ་ཉིད་ཡིན་ཏེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །དེ་ལ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། རང་བཞིན་མེད་པ་ཉིད་ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་ཐ་སྙད་ཀྱི་བདེན་པ་ལ་བརྟེན་པ་ འདི་གཉི་ག་ཡང་ཡོད་པ་ཁོ་ན་ཡིན་པས་ཇི་ལྟར་གཅིག་ཏུ་དེ་གཉིས་མི་སྲིད་པ་ཡིན། ཡང་དག་པའི་རང་བཞིན་དང་འབྲས་བུའི་གཏན་ཚིགས་ཁོ་ནར་འགྱུར་དགོས་སོ་ཞེས་བྱ་བ་འདི་ལ་ནི་རྒྱུ་ཅི་ཡང་མེད་དེ། འདི་ལྟར་གཟུགས་བརྙན་ཞེས་བྱ་བའི་འབྲས་བུ་བརྫུན་པ་ཡང་རང་གི་རྒྱུ་རྗེས་སུ་དཔག་ པར་བྱ་བ་ལ་གཏན་ཚིགས་སུ་དམིགས་པ་ཁོ་ནའོ། །མེ་ལོང་ལ་སོགས་པའི་ངོས་སུ་གཟུགས་བརྙན་ཞེས་བྱ་བ་གཟུགས་གཞན་ཉིད་གཅིག་འབྱུང་ངོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། ཐོགས་པ་དང་བཅས་པ་རྣམས་ཡུལ་གཅིག་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །གཟུགས་དེ་ཉིད་དེ་ལྟར་ དམིགས་སོ་ཞེས་བྱ་བར་ཡང་མི་རུང་སྟེ། དེ་ནི་དེ་ལྟ་བུའི་ཡུལ་དང་དབྱིབས་ལ་སོགས་པ་དང་འབྲེལ་བའི་རང་བཞིན་དང་བྲལ་བའི་ཕྱིར་རོ། །འདི་ལྟར་གཟུགས་བརྙན་རྣམས་ནི་མེ་ལོང་ལ་སོགས་པའི་རྟེན་ལ་ཡོད་པའི་ཡུལ་དང་དབྱིབས་ལ་སོགས་པའི་བྱེ་བྲག་གི་རྗེས་སུ་བྱེད་པར་དམིགས་ན་ གཟུགས་དག་ནི་དེ་ལྟར་གནས་པའི་ངོ་བོར་ཡང་མ་ཡིན་ནོ། །གཞན་གྱི་རྣམ་པ་ནི་གཞན་འཛིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྣམ་པར་ཤེས་པ་ཉིད་གཟུགས་བརྙན་གྱི་རྣམ་པར་སྣང་བའི་ཕྱིར་དེ་རྣམ་པར་ཤེས་པའི་ངོ་བོ་ཉིད་དུ་དངོས་པོར་ཡོད་དོ་ཞེས་བྱ་བར་ཡང་ རིགས་པ་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་སྔོན་པོ་ལ་སོགས་པ་ལུས་ཅན་གྱི་བྱེ་བྲག་ཏུ་མ་གྱུར་པ་ཆ་ཤས་མེད་པ་ཉིད་ཀྱི་ཡུལ་ན་མི་གནས་ཤིང་སྣ་ཚོགས་ཀྱི་རྣམ་པ་དང་བྲལ་བའོ་ཞེས་བརྗོད་ལ། གཟུགས་བརྙན་ནི་དེ་དང་མཚན་ཉིད་མི་མཐུན་པའི་ངོ་བོར་སྣང་བའི་ཕྱིར་དེ་དེའི་ངོ་བོ་ཉིད་དུ་བདེན་པར་ ལྟ་ག་ལ་འགྱུར། ཇི་ལྟར་ཁྱེད་ཀྱི་སུམ་ཅུ་པ་ལ་སོགས་པ་ལས། གང་ཟག་ལ་སོགས་པའི་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱིར་གང་ཀུན་བརྟགས་པའི་ངོ་བོ་ཡིན་པ་དེ་ནི་བརྫུན་པ་ཁོ་ན་སྟེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པ་ལྟ་བུའོ། །བདག་ལ་སོགས་པ་ཡང་ཀུན་བརྟགས་པའི་ངོ་བོ་ ཡིན་ནོ་ཞེས་སྦྱོར་བ་དགོད་པའི་སྒོ་ནས་རང་བཞིན་གྱི་གཏན་ཚིགས་སྨོས་པ་དེ་བཞིན་དུ་གཞན་ཡང་གཞན་དག་གིས་བརྟགས་པའི་ཆོས་མི་དམིགས་སོ་ཞེས་ཅི་སྟེ་བརྗོད་པར་མི་བྱ། ཇི་ལྟར་སློབ་དཔོན་དག་གིས་བརྗོད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་བསྒྲུབ་པར་ ཁྱབ་པར་བྱེད་པ་མི་དམིགས་པའི་མཚན་ཉིད་ཀྱི་ཆོས་ཅི་སྟེ་མི་བརྗོད་དེ། དེ་བཞིན་དུ་འོག་ནས་བསྟན་པར་བྱའོ། །གང་ཡང་རང་བཞིན་མི་དམིགས་པ་མི་སྲིད་དོ་ཞེས་སྨྲས་པ་དེ་ལ་གོང་དུ་ལན་བཏབ་པ་ཉིད་དེ། ཚུལ་འདི་ནི་གཅིག་གིས་གཅིག་སྟོང་པ་ཉིད་ཡིན་ན་འདི་ཡང་བསྒྲུབ་པར་མི་འདོད་དོ། ། འོ་ན་ཅི་ཞེ་ན་མཚན་ཉིད་སྟོང་པ་ཉིད་ཡིན་ནོ། །གང་ཡང་འགལ་བ་དམིགས་པ་ལ་སོགས་པ་མི་སྲིད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ཡང་འབྲེལ་པ་མེད་པ་ཉིད་དེ། འདི་ལྟར་ཆོས་ཐམས་ཅད་དབེན་པ་དང་འགའ་ཡང་ལྷན་ཅིག་འགལ་བ་ལ་སོགས་པར་མ་གྲུབ་མོད་ཀྱི། འོན་ཀྱང་སྒྱུ་མ་དང་ ནམ་མཁའི་པདྨོ་ལ་སོགས་པ་དག་ལ་སྤྱིར་ངོ་བོ་ཉིད་མེད་པ་ཉིད་དང་ལྷན་ཅིག་འགལ་བ་ལ་སོགས་པ་རབ་ཏུ་གྲུབ་པ་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཁྱེད་གཞན་གྱིས་ཀུན་བརྟགས་པའི་དབང་ཕྱུག་ལ་སོགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་སྤྱིར་ངོ་བོ་ཉིད་མེད་པ་ཙམ་གྱིས་ ཐ་སྙད་དུ་འགལ་བ་ལ་སོགས་པ་ཡང་དག་པར་གྲུབ་ན་ཕྱིས་ཆོས་ཐམས་ཅད་ལ་དོན་དམ་པར་བསམ་པར་འགལ་བ་ལ་སོགས་པའི་ཆོས་ཉེ་བར་བསྟན་པས་ཡང་དག་པ་པའི་ངོ་བོ་ཉིད་མེད་པར་བསྒྲུབ་པའི་ཕྱིར་འདི་ལ་འགལ་བ་ཅི་ཞིག་ཡོད། དེ་དང་འགལ་བ་ལ་སོགས་པ་ཁོ་ན་དངོས་པོ་ཉིད་ དུ་ཐལ་བར་རིགས་པ་མ་ཡིན་ཏེ། དོན་དམ་པའི་ངོ་བོ་ཉིད་མེད་པའི་ཆོས་ཀྱིས་ཡང་དག་པའི་དངོས་པོ་གསལ་བའི་ངོ་བོ་དག་ནི་གང་དུ་ཡང་ཡང་དག་པའི་དངོས་པོའི་རང་གི་ངོ་བོ་ཉིད་དུ་མི་གནས་པའི་ཕྱིར་རོ། །འོན་ཏེ་གནས་ན་ནི་འདི་དག་གི་དེ་དང་འགལ་བ་ལ་སོགས་པ་ཉིད་རབ་ཏུ་མི་འགྲུབ་ བོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དང་ལྷན་ཅིག་འགལ་བ་ལ་སོགས་པ་ཡང་དག་པར་གྲུབ་ན་དེ་དང་འགལ་བ་ལ་སོགས་པ་ཁོ་ན་དངོས་པོ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བརྗོད་པར་མི་བྱའོ། །འགལ་བ་ལ་སོགས་པ་ཐ་སྙད་ཁོ་ནར་གྲུབ་པ་ཡིན་གྱི། ཡང་དག་པར་ནི་མ་ཡིན་ ནོ། །འདི་ལྟར་སྐྱེ་བོ་དག་མར་མེ་ལ་སོགས་པའི་མཚན་ཉིད་ཀྱི་དངོས་པོ་བརྟན་པ་མ་ཡིན་པའི་ངོ་བོ་ཉིད་དུ་ཡོངས་སུ་གཅོད་པ་ན་བརྟན་པའི་རྣམ་པས་དབེན་པ་ཉིད་དུ་ཡོངས་སུ་གཅོད་པར་བྱེད་དེ། དེ་རྣམ་པར་མ་བཅད་ན་དེ་ཡོངས་སུ་གཅོད་པར་མི་འཐད་པའི་ཕྱིར་རོ། །གང་ལ་གང་ཞིག་ ཡོངས་སུ་གཅོད་པ་གང་རྣམ་པར་གཅད་པ་མེད་ན་མེད་པ་དེ་དག་ནི་དེ་ལ་ཕན་ཚུན་ཡོངས་སུ་སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བར་རྣམ་པར་གཞག་གོ། །ཡོད་པ་དང་མེད་པ་དང་། རིམ་དང་རིམ་མ་ཡིན་པ་ལ་སོགས་པ་འགལ་བ་དག་ལ་ཡང་ཚུལ་དེ་བཞིན་དུ་བལྟ་བར་བྱའོ། ། གྲང་བའི་རེག་པ་ལ་སོགས་པ་རྒྱུ་མ་ཚང་བ་མེད་པ་ཡིན་པ་ལས་མེ་ལ་སོགས་པའི་དངོས་པོ་ཉེ་བ་ན་ཡང་མེད་པར་མཐོང་བའི་ཕྱིར་དེ་གཉིས་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བར་རྣམ་པར་གཞག་གོ། །འགལ་བ་དེ་ཁོ་ན་རབ་ཏུ་གྲུབ་ཀྱང་མར་མེ་ལ་སོགས་པ་གཅིག་ཏུ་དངོས་པོ་ ཉིད་དུ་མི་འཐད་དེ། སྒྱུ་མ་ལ་སོགས་པ་བརྫུན་པ་ཡང་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་སྣང་བའི་ཕྱིར་རོ། །སློབ་དཔོན་རྣམས་ཀྱིས་ནི་དོན་དམ་པ་ལ་འཇུག་པར་བྱ་བའི་ཕྱིར་དེ་བཞིན་དུ་མར་མེ་ལ་སོགས་པ་དག་ལ་ཡང་རྟག་པ་དང་མི་རྟག་པ་ལ་སོགས་པ་ཆོས་རྣམས་ཀྱི་འགལ་བ་ཇི་ ལྟར་སྣང་བ་བཞིན་དུ་རྣམ་པར་གཞག་གོ། །མར་མེ་ལ་སོགས་པ་ཕྱི་རོལ་གྱི་དོན་གྱི་ངོ་བོའམ་ཤེས་པའི་ངོ་བོ་ཡང་དག་པར་ནི་མ་གྲུབ་སྟེ། གཉི་གའི་ངོ་བོ་ཡང་དེ་དག་ཉིད་ཀྱིས་བསལ་བའི་ཕྱིར་རོ། །གང་གིས་ན་འདི་དག་ཡང་དག་པ་པའི་དངོས་པོའི་ངོ་བོ་ཉིད་དང་ལྷན་ཅིག་འགལ་བ་མངོན་ སུམ་དུ་རྟོགས་པར་འགྱུར་བ་དོན་དམ་པ་པའི་དངོས་པོའི་རང་གི་ངོ་བོ་ནི་ཅུང་ཟད་ཀྱང་ཕ་རོལ་མ་ཡིན་པ་མཐོང་བ་རྣམས་ཀྱིས་མཐོང་བའི་ལམ་དུ་མི་འཇུག་གོ། །ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་གང་ཡིན་པ་དེ་ཡང་ཀུན་རྫོབ་པ་ཁོ་ན་ཡིན་ཏེ། དངོས་པོ་རྣམས་ནི་བདག་ཉིད་ཁོ་ ནས་འཇིག་གི་གཞན་གྱིས་ནི་མ་ཡིན་ནོ། །འཇིག་པ་དོན་གཞན་ཞིག་བྱེད་ན་ནི་འཇིག་པའི་རྒྱུ་རྣམས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་མ་ཡིན་ན་ཡང་དེའི་འཇིག་པའི་རྒྱུ་རྣམས་ཀྱིས་མི་བྱེད་དེ། དེ་ནི་དངོས་པོའི་རྒྱུ་ཁོ་ན་ལས་བྱུང་བའི་ཕྱིར་རོ། །འོན་ཏེ་འཇིག་པ་ནི་དངོས་ པོར་གྱུར་པ་མ་ཡིན་པའི་ཕྱིར་དེ་ཉིད་དང་གཞན་ཉིད་དུ་རྣམ་པར་བརྟགས་པ་རིགས་པ་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཚེ་འདི་ཤིན་ཏུ་ཡང་འཇིག་པའི་རྒྱུ་རྣམས་ཀྱིས་མི་བྱེད་དེ་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་ཅུང་ཟད་ཀྱང་མི་བྱེད་པའི་མེ་ལ་སོགས་པ་ཇི་ ལྟར་ཡང་དག་པར་ན་འགལ་བ་ཡིན་པར་འགྱུར། འོན་ཀྱང་མེ་འདི་ནི་གྲང་བ་ལ་སོགས་པ་གོང་ནས་གོང་དུ་ནུས་པ་མེད་པའི་མཚན་ཉིད་སྐད་ཅིག་མ་རབ་དང་མཆོག་སྐྱེད་པར་བྱེད་པ་ཁོ་ན་ལ་མེ་ལ་སོགས་པ་འགལ་བ་ཞེས་ཐ་སྙད་འདོགས་པ་འབའ་ཞིག་ཏུ་ཟད་དེ། དེ་ཉིད་ཀྱི་ཕྱིར་ སློབ་དཔོན་དག་གིས་འགལ་བའི་ཚུལ་ཞེས་བཤད་ཀྱིས་འགལ་བ་ཉིད་ཅེས་ནི་མ་ཡིན་ནོ། །དེའི་ཕྱིར་འགལ་བ་འདི་ཡང་ཐ་སྙད་པའི་དངོས་པོ་ཁོ་ན་ལ་བརྟེན་ནས་བརྗོད་ཀྱི། ཡང་དག་པ་པ་ནི་མ་ཡིན་ཏེ། མེ་དང་གྲང་བ་ལ་སོགས་པའི་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཡང་དག་པ་མ་གྲུབ་པའི་ ཕྱིར་ལ། ཤེས་པའི་རྣམ་པའི་ངོ་བོ་ཡང་བརྟགས་པ་ཡིན་པའི་ཕྱིར་རོ། །ཤེས་པ་གཅིག་ལ་གྲང་བ་དང་ཚ་བར་སྣང་བ་དག་སྲིད་པའི་ཕྱིར་ཡང་ཇི་ལྟར་འགལ་ཏེ། དེ་གཉིས་ནི་ཅིག་ཅར་སོ་སོར་མྱོང་བའི་ཕྱིར་རོ། །རྣམ་པར་ཤེས་པ་རིགས་མཐུན་པ་དུ་མ་ནི་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། ། དེ་ལྟ་བས་ན་གྲང་བ་ལ་སོགས་པའི་དངོས་པོ་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པ་ཁོ་ན་དག་ཅིག་སྣང་བས་དེའི་ཕྱིར་འདི་དག་ལ་ཡང་དག་པར་ན་འགལ་བ་མེད་པ་ཉིད་དོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་ཤིང་དང་ཤིང་ཤ་པ་ལ་སོགས་པའི་དངོས་པོ་ཐ་སྙད་པ་ཁོ་ན་ ལ་བརྟེན་ནས་ཀུན་བརྟགས་པའི་སྤྱི་དང་ཁྱད་པར་གྱི་དངོས་པོ་རྣམ་པར་གཞག་པས་རྣམ་པར་འཇོག་པ་ཡིན་ཏེ། དངོས་སུ་ནི་གང་ཁྱབ་པར་བྱེད་པར་འགྱུར་བ་ཤིང་ཉིད་ལ་སོགས་པ་སྤྱི་དང་ཞེས་བྱ་བ་ནི་ཡང་དག་པར་ཅུང་ཟད་ཀྱང་མེད་དོ། །ཁྱད་པར་གདའ་བ་ལ་སོགས་པ་གང་དག་ཡིན་པ་ དེ་དག་ཀྱང་ཕྱི་རོལ་གྱི་དོན་གྱི་ངོ་བོ་ཡང་མ་ཡིན་ལ། ཤེས་པའི་རྣམ་པའི་ངོ་བོ་ཉིད་ཡང་དག་པ་པར་ཡང་མ་གྲུབ་མོད་ཀྱི། འོན་ཀྱང་མཁས་པ་དེ་ཁོ་ན་ཉིད་ཀྱི་དོན་བཏང་སྙོམས་སུ་གཞག་པ་རྣམས་ཀྱིས་གླང་པོ་ཆེའི་ལྟ་སྟངས་ལྟ་བུར་བྱས་ཏེ། རྨི་ལམ་ལ་སོགས་པ་ན་སེང་ལྡེང་ལ་སོགས་པའི་ ཁྱད་པར་བརྫུན་པ་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་བ་ལྟ་བུའི་ཤིང་ལ་སོགས་པའི་དངོས་པོའི་བརྫུན་པ་ཁོ་ན་ལ་ཀུན་དུ་བརྟེན་ནས་དེ་ཁོ་ན་ཉིད་ལ་འཇུག་པར་བྱ་བའི་ཆེད་དུ་དོན་དམ་པ་ལ་འཇུག་པ་དང་མཐུན་པའི་ཕྱིར་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོ་རྣམ་པར་ གཞག་པ་ཉིད་འབའ་ཞིག་ཏུ་ཟད་དོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ས་བོན་དང་མྱུ་གུ་ལ་སོགས་པ་ཀུན་རྫོབ་པ་ཁོ་ན་ལ་བརྟེན་ནས་ཐ་སྙད་འདོགས་པར་བྱེད་ཀྱི། ཡང་དག་པ་པ་ནི་མ་ཡིན་ཏེ། ས་བོན་ལ་སོགས་པ་ཡང་དག་པ་པ་མ་གྲུབ་པའི་ཕྱིར་དང་། རྨི་ལམ་ ལ་སོགས་པ་ན་དེ་ལྟ་བུ་བརྫུན་པ་ཡང་སྣང་བའི་ཕྱིར་རོ། །སད་པ་ན་ཡང་སྒྱུ་མ་ལ་སོགས་པ་རྒྱུ་དང་འབྲས་བུར་གྱུར་པ་བདེན་པར་གྱུར་པ་མ་ཡིན་པ་ཡང་དམིགས་པའི་ཕྱིར་རོ། །དེ་བས་ན་ཐ་སྙད་ཀྱི་སྒོ་ནས་རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པས་དངོས་པོ་རྣམས་ངོ་བོ་ཉིད་དང་བཅས་ པ་ཉིད་དུ་ཁྱབ་མོད་ཀྱི། འོན་ཀྱང་དེ་ལས་དེ་དག་དོན་དམ་པ་པའི་ངོ་བོ་ཉིད་དུ་ནི་མི་འགྲུབ་སྟེ། ཁྱབ་པར་བྱེད་པ་ཡོད་པ་ལས་ཁྱབ་པར་བྱ་བ་ངེས་པར་རབ་ཏུ་གྲུབ་པ་ནི་མ་ཡིན་ནོ། །འོན་ཀྱང་དངོས་པོ་དག་ལ་དངོས་པོའི་ངོ་བོ་ཉིད་ལ་ཡང་དག་པར་ཁྱབ་པར་བྱེད་པ་རྒྱུ་དང་འབྲས་བུའི་ དངོས་པོ་ལ་སོགས་པ་འདི་ལོག་ན་སྒྱུ་མ་ལ་སོགས་པ་བཞིན་དུ་དེ་དག་གི་དངོས་པོའི་ངོ་བོ་ཉིད་ཡང་དག་པར་ཀུན་བརྟགས་པ་ལྡོག་པར་འགྱུར་བ་ཉིད་དོ། །དེ་བས་ན་འགལ་བ་ལ་སོགས་པ་རྣམ་པར་གཞག་པ་འདི་ཐམས་ཅད་དེ་ཁོ་ན་ཉིད་ལ་འཇུག་པར་ནུས་པའི་ཕྱིར་མཁས་པ་རྣམས་ ཀྱིས་དེ་ཁོ་ན་ཉིད་བསྟན་པའི་ཕྱིར་དང་། མུ་སྟེགས་ཅན་གྱིས་ཀུན་བརྟགས་པའི་ཚད་མ་ལ་སོགས་པ་དེ་ཁོ་ན་ཉིད་ཀྱི་རྗེས་སུ་མི་མཐུན་པ་ཉིད་དུ་བརྗོད་པའི་ཕྱིར་དེ་སྤངས་ནས་ཡང་དག་པའི་ཚད་མའི་མཚན་ཉིད་ཀྱི་བསྟན་བཅོས་མཛད་དོ། །འདི་ལྟར་མུ་སྟེགས་ཅན་ཁ་ཅིག་ནི་རིལ་གྱིས་ བདག་ལ་སོགས་པའི་དངོས་པོ་དེ་ཁོ་ན་ཉིད་བརྫུན་པ་བསྒྲུབ་པར་འདོད་ཅིང་ཐམས་ཅད་མཁྱེན་པ་ཉིད་དང་། འདོད་ཆགས་དང་བྲལ་བ་ཉིད་དང་། ལས་དང་འབྲས་བུར་འབྲེལ་བ་ལ་སོགས་པ་ཀུན་རྫོབ་པ་རྣམ་པར་གཞག་པ་སེལ་བར་འདོད་པས་ཚད་མའི་མཚན་ཉིད་ཕྱིན་ཅི་ལོག་ཁོ་ན་བྱེད་དེ། དེའི་ཕྱིར་མཁས་པ་རྣམས་ཀྱིས་དེ་བཀག་ནས་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ཉིད་ལ་འཇུག་པ་དང་མཐུན་པ། ལས་དང་འབྲས་བུར་འབྲེལ་པ་ལ་སོགས་པ་ཀུན་རྫོབ་པ་རྣམ་པར་གཞག་པ་གནས་པའི་རྒྱུ་མངོན་སུམ་ལ་སོགས་པའི་ཚད་མའི་མཚན་ཉིད་ ཡོངས་སུ་དག་པ་ཉིད་མཛད་དོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་ཡོངས་སུ་གནང་བ་ཁོ་ན་ཡིན་པས་དེའི་ཕྱིར་ཁོ་བོ་ཅག་ཚད་མའི་མཚན་ཉིད་རྣམ་པར་དག་ཅིང་དོན་དམ་པའི་རྗེས་སུ་མཐུན་པ་ཁས་ལེན་པ་ཉིད་དོ། །དེའི་ཕྱིར་འགལ་བ་ལ་སོགས་པའི་ཐ་སྙད་ཁས་བླངས་པ་ཙམ་ གྱི་སྒོ་ནས་དངོས་པོའི་ངོ་བོ་ཁས་བླངས་པར་ཐལ་བར་འགྱུར་བ་གང་ཡིན་པ་དེ་ནི་མ་ངེས་པ་ཁོ་ན་ཡིན་ཏེ། དེ་ཁས་བླངས་སུ་ཟིན་ཀྱང་དངོས་པོའི་ངོ་བོ་ཡང་དག་པ་མ་གྲུབ་པའི་ཕྱིར་རོ། །འདིས་ནི་གལ་ཏེ་རྗེས་སུ་དཔག་པའི་འབྲེལ་པ་རབ་ཏུ་གྲུབ་པར་བྱ་བའི་ཕྱིར་མངོན་སུམ་ཚད་མར་ཁས་ ལེན་ན་ནི་དེའི་ཚེ་དངོས་པོར་གྲུབ་པ་ཉིད་དེ། འདི་ལྟར་མངོན་སུམ་གྱི་ཚད་མའི་མཚན་ཉིད་ནི་རྟོག་པ་དང་བྲལ་ཞིང་མ་ནོར་བ་ཞེས་བྱ་བ་ཡིན་ནོ། །མ་ནོར་བའི་ཤེས་པས་གཏན་ལ་ཕབ་པའི་དངོས་པོའི་ངོ་བོ་ཉིད་དག་ཀྱང་ཇི་ལྟར་རྗེས་སུ་དཔག་པས་བསལ་བར་བྱ་ནུས། དེ་སེལ་ན་ནི་མངོན་ སུམ་ལ་གནོད་པ་བྱས་པར་འགྱུར་རོ། །དེ་ལ་གནོད་ན་ནི་རྗེས་སུ་དཔག་པ་ཡང་ལེགས་པར་མི་གནས་པར་འགྱུར་རོ། །རྗེས་སུ་དཔག་པས་མངོན་སུམ་དེ་ཉིད་ལས་འབྲེལ་པ་ཐོབ་ནས་ཡང་དེ་ཉིད་ལ་གནོད་པ་བྱེད་དོ་ཞེས་བྱ་བ་འདི་ལས་རིགས་པ་གཞན་ཅི་ཞིག་ཡོད་པར་འགྱུར། འོན་ཏེ་ མངོན་སུམ་དུ་གྲུབ་པའི་དོན་ལ་རྗེས་སུ་དཔག་པས་གནོད་པར་མི་བྱེད་ན་ནི་དེའི་ཚེ་ཐོབ་པར་བྱ་བ་ཐོབ་པ་ཉིད་ཀྱི་ཕྱིར་དངོས་པོར་སྨྲ་བ་རྣམས་ལེགས་པར་གནས་པ་ཁོ་ན་ཡིན་ནོ་ཞེས་སྨྲས་པ་གང་ཡིན་པ་དེ་ཡང་བསལ་བ་ཡིན་ཏེ། འདི་ལྟར་མངོན་སུམ་ནི་སློབ་དཔོན་རྣམས་ཀྱིས་རྣམ་པ་གཉིས་ སུ་རྣམ་པར་ཕྱེ་སྟེ། རྣལ་འབྱོར་པ་རྣམས་ཀྱི་དང་ཕལ་པ་དག་གིའོ། །དེ་ལ་ཕལ་པ་དག་གི་མངོན་སུམ་གང་ཡིན་པ་དེ་ནི་དོན་དམ་པ་པའི་དབང་དུ་བྱས་ནས་མ་ནོར་བ་ཞེས་མི་བྱའོ། །དེ་ལྟར་མ་ཡིན་ན་ཐམས་ཅད་རྣལ་འབྱོར་པ་ཁོ་ནར་འགྱུར་གྱི་ཚུ་རོལ་མཐོང་བ་ནི་མ་ཡིན་ནོ། །རྣལ་ འབྱོར་པའི་མངོན་སུམ་ལས་ཕལ་བའི་མངོན་སུམ་བྱེ་བྲག་ཡོད་པར་ཡང་མི་འགྱུར་བས་ཐ་སྙད་ཀྱི་སྒོ་ནས་རྨི་ལམ་ལ་སོགས་པ་བཞིན་དུ་ཇི་ལྟར་གྲགས་པའི་དོན་ལ་མི་སླུ་བ་ཙམ་ལས་དེ་མ་འཁྲུལ་བ་ཞེས་བྱ་བར་ཟད་དོ། །ཉན་ཐོས་ལ་སོགས་པའི་རྣལ་འབྱོར་པའི་མངོན་སུམ་གང་ཡིན་ པ་དེ་ནི་གང་ཟག་ལ་བདག་མེད་པ་ཙམ་མངོན་སུམ་དུ་བྱེད་པར་ཞུགས་པའི་ཕྱིར་དེ་ལ་མི་སླུ་བ་ཉིད་ཀྱིས་མངོན་སུམ་གྱི་ཚད་མ་ཡིན་གྱི། རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྤྱོད་ཡུལ་གྱི་ཕྱིར་ནི་མ་ཡིན་ནོ། །བཅོམ་ལྡན་འདས་རྣམས་ཁོ་ནའི་མངོན་སུམ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ ཅད་ཀྱི་དེ་ཁོ་ན་ཉིད་སྤྱོད་ཡུལ་ཡིན་པའི་ཕྱིར་དངོས་སུ་དེ་མི་སླུ་བ་ཁོ་ན་ཡིན་པས་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་དབང་དུ་བྱས་ཏེ་མ་ནོར་བ་ཡིན་ཏེ། དེ་ཉིད་རྣམ་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་མི་སླུ་བས་དངོས་སུ་མ་ནོར་བ་ཡིན་ཏེ། དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཐམས་ ཅད་མཚན་ཉིད་མེད་པར་རབ་ཏུ་མཁྱེན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་དངོས་པོ་ཉིད་དུ་ཐལ་བ་ཡང་མ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་དེ་དག་གིས་མཚན་ཉིད་མེད་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཏེ། འཕགས་པ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་མངོན་སུམ་གྱི་མཚན་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་ཉིད་མེད་པ་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་མངོན་སུམ་ གྱི་སྤྱོད་ཡུལ་གྱི་དོན་ཐ་སྙད་པ་རྨི་ལམ་ལ་སོགས་པ་བཞིན་དུ་བརྫུན་པར་སྣང་བ་ལ་ཡང་བྱིས་པ་རྣམས་ཀྱིས་དངོས་སུ་དོན་དམ་པ་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་པ་གང་ཡིན་པ་དེ་ལ་རྗེས་སུ་དཔག་པས་གནོད་པར་བྱེད་ཀྱི། མཐོང་བ་ལ་སོགས་པའི་དོན་ཐ་སྙད་ལ་ཡང་གནོད་པར་བྱེད་པ་ནི་ མ་ཡིན་ནོ། །དེའི་ཕྱིར་གང་ལ་མ་འཁྲུལ་པ་དེ་ནི་མངོན་སུམ་ཡིན་པས། དེ་ལ་རྗེས་སུ་དཔག་པས་གནོད་པ་མེད་དོ། །བདེན་པའི་ངོ་བོ་ལ་སོགས་པར་སྒྲོ་བཏགས་པ་གང་ལ་གནོད་པ་དེ་ནི་དེ་ལ་མ་འཁྲུལ་པ་མ་ཡིན་པས་མངོན་སུམ་ལ་སྐུར་པ་འདེབས་པར་ཐལ་བ་མ་ཡིན་ནོ། །རྗེས་སུ་ དཔག་པས་ཚུ་རོལ་མཐོང་བའི་མངོན་སུམ་ལས་འབྲེལ་པ་ཐོབ་ཀྱང་དོན་དམ་པ་པའི་ངོ་བོ་ཉིད་དུ་ཐོབ་པ་ནི་མ་ཡིན་ནོ། །འོན་ཀྱང་ཀུན་རྫོབ་པ་ཁོ་ནར་ཡིན་ཏེ། ཕ་རོལ་མ་ཡིན་པ་མཐོང་བ་རྣམས་ཀྱིས་དངོས་པོའི་ངོ་བོ་ཉིད་ཡང་དག་པ་པ་མངོན་སུམ་དུ་སོ་སོར་ མི་མྱོང་བའི་ཕྱིར་རོ། །དེས་ན་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཀུན་རྫོབ་པ་ལ་ཡང་གནོད་པ་ནི་མི་བྱེད་ཀྱི། འོན་ཀྱང་དེ་ལ་བདེན་པའི་རྣམ་པ་ཉིད་དུ་སྒྲོ་བཏགས་པ་སེལ་བའི་ཕྱིར་རབ་ཏུ་སྒྲུབ་པར་བྱེད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་དངོས་པོར་སྨྲ་བ་དོན་མེད་པ་ལ་དོན་དུ་གྱུར་པར་མངོན་པའི་ང་ རྒྱལ་ཅན་རྣམས་ཇི་ལྟར་ལེགས་པར་གནས་པ་ཞེས་བྱ་བར་འགྱུར། རྣམ་པ་གཅིག་ཏུ་ན་གལ་ཏེ་རྗེས་སུ་དཔག་པས་ཐ་སྙད་ཀྱི་སྒོ་ནས་མངོན་སུམ་ཁོ་ན་ལས་འབྲེལ་པ་ཐོབ་ནས་གནས་ཐོབ་པ་དང་ཤིང་གཉིས་དྲུད་པ་ལས་མེ་བྱུང་བ་བཞིན་དུ་མངོན་སུམ་དེ་ཉིད་ལ་ཡང་དག་པར་གནོད་པ་བྱེད་པར་ གྱུར་ན་གནོད་པ་བྱེད་དུ་ཟད་དེ། ཁོ་བོ་ཅག་ལ་ནི་དེ་ཙམ་གྱིས་ཅུང་ཟད་ཀྱང་མི་འདོད་པར་བསྒྲུབ་པ་མེད་དོ། །འདི་ལྟར་འགྲོ་བའི་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་མེའི་བུད་ཤིང་ཉིད་དུ་གྱུར་ལ། དེ་བརྫུན་པའི་བུད་ཤིང་འདི་ཐམས་ཅད་བསྲེགས་ཏེ། རྣམ་ པར་འབྱེད་པའི་མེ་རབ་ཏུ་ཞི་བས་མྱ་ངན་ལས་འདས་པའི་མཆོག་རྟོག་པ་ཉེ་བར་ཞི་བའི་མཚན་ཉིད་རྟོགས་པར་འགྱུར་བ་ནི་འདོད་པ་ཁོ་ན་སྟེ། དེ་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི། །མེ་ཡི་བུད་ཤིང་ཡིན་པར་འདོད། །དེ་དག་ཇི་བཞིན་རྣམ་འབྱེད་པའི། །མེ་ཡིས་བསྲེགས་ནས་ཉེར་ ཞིར་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་ན་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ལྡོག་པར་གྱུར་ཅིང་རྟེན་མེད་མོད་ཀྱི། འོན་ཀྱང་མི་འདོད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་འཕགས་པ་དཀོན་མཆོག་ བརྩེགས་པ་ལས། ཡང་དག་པར་སོ་སོར་རྟོག་པ་རྣམ་པར་རྟོག་པ་དང་བཅས་པ་ཉིད་ཡིན་ཡང་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་ཕྱིར་འབྲས་བུ་ཆེ་བ་ཉིད་དུ་ཤིང་གཉིས་དྲུད་པ་ལས་བྱུང་བའི་མེའི་དཔེས་རབ་ཏུ་སྟོན་པར་མཛད་དོ། །གཞན་ཡང་གང་འདི་སྐད་དུ་གལ་ཏེ་ ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་གྲུབ་པར་བྱ་བའི་ཕྱིར་གཏན་ཚིགས་ཡོད་པའི་ཆོས་ཤིག་སྟོན་ན་ནི་དེའི་ཚེ་དེ་ལས་བཟློག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ། །འོན་ཏེ་མེད་པའི་ཆོས་ཤིག་ཡིན་ན་ནི་དེའི་ཚེ་མེད་པ་དང་དངོས་པོ་མེད་པར་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་ཇི་ལྟར་ན་སྒྲུབ་ པ་ཉིད་ཡིན། འོན་ཏེ་གཉི་གའི་ཆོས་ཤིག་ཡིན་ན་ནི་དེ་ཡང་མ་ངེས་པ་ཡིན་པའི་ཕྱིར། གཏན་ཚིགས་མ་ཡིན་པ་ཁོ་ནའོ་ཞེས་བརྒལ་བ་གང་ཡིན་པ་དེ་ཡང་འབྲེལ་པ་མེད་པ་ཁོ་ན་སྟེ། འདི་ལྟར་འདི་ནི་རིགས་པ་ཤེས་པ་རྣམས་ཀྱིས་ཡོད་པ་དང་། མེད་པ་དང་། གཉི་གའི་ཆོས་རྣམས་ དོན་དམ་པར་ཡོད་པ་བསྒྲུབ་པ་ལ་གཏན་ཚིགས་ཉིད་དུ་མི་སྲིད་དོ་ཞེས་བརྗོད་པ་ཡིན་གྱི། སྤྱིའི་ཆོས་ངོ་བོ་ཉིད་མེད་པ་ལ་སོགས་པའི་མཚན་ཉིད་སྒྲུབ་པ་ལ་ནི་མ་ཡིན་ནོ། །དེ་ལྟ་ན་ནི་གཞན་གྱིས་ཀུན་བརྟགས་པ་དབང་ཕྱུག་ལ་སོགས་པའི་ངོ་བོ་མེད་པར་སྒྲུབ་པ་ལ་ཡང་ཀླན་ཀ་འདི་ཐམས་ ཅད་ཅི་སྟེ་འབྱུང་བར་མི་འགྱུར། དེ་ལ་ཇི་ལྟར་དབང་ཕྱུག་ལ་སོགས་པ་ལ་དངོས་པོ་ལ་ཁྱབ་པར་བྱེད་པའི་ཆོས་ནུས་པ་ལ་སོགས་པ་བཀག་པས་དངོས་པོའི་དེ་ཁོ་ན་ཉིད་དུ་སྒྲོ་བཏགས་པ་འགོག་པར་བྱེད་པ་ལ་ཡང་མེད་པའི་ཆོས་འབྲེལ་པ་མེད་པ་མ་ཡིན་པ་དེ་བཞིན་དུ་ཁོ་བོ་ཅག་རྒྱུ་དང་ འབྲས་བུའི་དངོས་པོ་ལ་སོགས་པ་ཁྱབ་པར་བྱེད་པ་བཀག་པས་དངོས་པོའི་ཆོས་ཡང་དག་པར་སྒྲོ་བཏགས་པ་དགག་པ་སྒྲུབ་པར་བྱེད་པ་ལ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་དག་ཅིའི་ཕྱིར་འབྲེལ་པ་མེད། དེ་ལྟ་མ་ཡིན་ན་གཙོ་བོ་ལ་སོགས་པ་གང་ཡང་དགག་པར་བྱ་བར་མི་ འགྱུར་ཏེ། འདི་ལྟར་རེ་ཞིག་དངོས་པོའི་ངོ་བོ་ཉིད་ཡོད་པ་ལ་ནི་དེར་བྱ་བར་མི་ནུས་པ་ཁོ་ནའོ། །མེད་པ་ལ་ཡང་གལ་ཏེ་འབྲེལ་བ་མེད་པའི་ཕྱིར་འདི་མི་ནུས་ན་འདི་གང་ལ་ནུས་པར་འགྱུར། དངོས་པོ་མེད་པ་ཞེས་བྱ་བ་གང་ཡང་དག་པ་པའི་འབྲེལ་པར་འགྱུར་བ་ནི་འགའ་ཡང་མེད་དེ། ཁྱབ་པར་བྱེད་པ་བཀག་པས་ཁྱབ་པར་བྱ་བ་ལྡོག་པ་ཙམ་སྟོན་པར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ཇི་ལྟར་དངོས་པོ་ཡོད་པ་ལ་ཡང་ཆོས་དང་། ཆོས་ཅན་གྱི་དངོས་པོ་འདི་ཐམས་ཅད་ཀུན་བརྟགས་པ་ཁོ་ནར་རྣམ་པར་འཇོག་པ་དེ་བཞིན་དུ་དངོས་པོ་མེད་པ་ལ་ཡང་ཅི་སྟེ་རྣམ་པར་མི་གཞག ། གཞན་ཡང་གང་དག་ལ་ནམ་ཡང་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ཀྱི་དངོས་པོའི་བདག་ཉིད་དོན་དམ་པ་པ་འགའ་ཡང་རབ་ཏུ་མ་གྲུབ་ལ། དེ་མ་གྲུབ་ན་ནི་དེ་བཞིན་དུ་གྱུར་པའི་དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པ་ཡང་མ་གྲུབ་པ་ཁོ་ན་ཡིན་ ཏེ། དེའི་ཕྱིར་དེ་དག་ལ་ཡང་དག་པར་ན་ཆོས་ཡོད་པ་དང་མེད་པ་དང་གཉི་གའི་མཚན་ཉིད་ཀྱི་གཏན་ཚིགས་འགའ་ཡང་གང་དུ་ཡང་མི་སྲིད་པའི་ཕྱིར་ཇི་ལྟར་དེ་དག་ལ་དེས་བརྒལ་ཞིང་བརྟག་པའི་རིགས་ཏེ། དངོས་པོ་ཐམས་ཅད་ནི་སྒྱུ་མ་ལ་སོགས་པ་ལྟ་བུར་ཡོད་པ་དང་མེད་པ་ དང་གཉི་གའི་ངོ་བོ་ཉིད་ལས་ཡང་དག་པར་འདས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་ཡོད་པ་དང་དགག་པ་སྒྲུབ་པའི་ཕྱིར་གཏན་ཚིགས་རང་དང་མཐུན་པའི་ཕྱིར་ཇི་ལྟར་གྲགས་པ་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་ཡང་དག་པར་གྲུབ་པ་དེ་མེད་ན་མི་འབྱུང་བ་ཁོ་ན་སྨོས་པར་བྱེད་པ་ཡིན་ནོ། ། དེ་ལྟ་བས་ན་འདི་ལ་ཆོས་དང་། ཆོས་ཅན་དང་འགལ་བ་དང་། ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པ་དང་། རང་བཞིན་དང་འབྲས་བུ་ལ་སོགས་པ་ཇི་ལྟར་སྣང་བ་བཞིན་རྣམ་པར་གཞག་པ་ཐམས་ཅད་མི་འགལ་བ་ཉིད་དོ། །དེའི་ཕྱིར་མཁས་པ་རྣམས་ཀྱིས་ལྟ་བ་འདི་ལ་ཁ་ཅིག་ཆོས་དང་ ཆོས་ཅན་འགལ་བ་ལ་སོགས་པས་ཕྱིར་རྒོལ་བར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དེ་དག་གི་ཐ་སྙད་དང་། དོན་དམ་པའི་ཚུལ་མ་རིག་པའི་ཕྱིར་བརྫི་བར་མི་འགྱུར་རོ་ཞེས་བྱ་བར་གཟུར་བར་བྱའོ། །གང་ཡང་དེ་ནི་ཚིག་ཙམ་གྱིས་འགྲུབ་པར་ཡང་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ སྨྲས་པ་དེ་ཡང་ཁས་མི་ལེན་པའི་ཕྱིར་སུན་འབྱིན་པ་མ་ཡིན་པ་ཉིད་དེ། ཁོ་བོ་ཅག་ཀྱང་ཚིག་ཙམ་གྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་སྒྲུབ་པ་ཡང་མ་ཡིན་ལ། ཐལ་བར་སྒྲུབ་པ་ཙམ་གྱིས་ཀྱང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཡང་དག་པའི་ཚད་མ་ཉིད་ཀྱིས་སྒྲུབ་བོ། །འདི་ལྟར་ དངོས་པོ་རྣམས་ལ་དོན་དམ་པའི་ངོ་བོ་ཉིད་གཅིག་ཡོད་པར་གྱུར་ན་རྣམ་པ་གཉིས་ཁོ་ནར་འགྱུར་ཏེ། ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་ཏེ། སྐྱེ་བའི་ཕྱིར་མི་རྟག་པའི་ངོ་བོ་ཉིད་ཡིན་ཏེ། དཔེར་ན་མདོ་སྡེ་པ་དང་། རྣལ་འབྱོར་སྤྱོད་པ་པ་རྣམས་འདོད་པ་ལྟ་བུ་ཞིག་གམ། རང་བཞིན་གྱིས་ ཡང་དག་པར་གྲུབ་པའི་བདག་ཉིད་ཀྱི་ཕྱིར་བརྟེན་པའི་ཁོངས་སུ་གཏོགས་པ་ཞིག་ཡིན་ཏེ། དཔེར་ན་མུ་སྟེགས་ཅན་ལ་སོགས་པ་དག་གིས་བདག་ལ་སོགས་པ་ཀུན་བརྟགས་པ་ལྟ་བུ་ཞིག་ཡིན་གྲང་། རྟག་པ་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ ཕུང་པོ་གསུམ་པ་ནི་མེད་དོ། །ངོ་བོ་ཉིད་འདིར་རྣམ་པ་གཉི་ག་ཡང་དོན་དམ་པ་པར་མི་རུང་སྟེ། དེ་སྒྲུབ་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་དང་། གནོད་པར་བྱེད་པ་ཡང་སྲིད་པའི་ཕྱིར་རོ། །འདི་ལྟར་མངོན་སུམ་མམ། རྗེས་སུ་དཔག་པ་ཞིག་སྒྲུབ་པར་བྱེད་པའི་ཚད་མ་ཡིན་པར་འགྱུར་ གྲང་ན། དེ་ལ་དངོས་པོའི་ངོ་བོ་ཉིད་དང་པོ་ནི་གཉི་གས་ཀྱང་ཡང་དག་པར་འགྲུབ་པ་མེད་དོ། །འདི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་ན། དེ་འགྲུབ་པར་འགྱུར་བ་ཞིག་ན། རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་རེ་ཞིག་མངོན་སུམ་གྱི་སྒོ་ནས་ནི་དོན་དམ་པར་མི་འགྲུབ་བོ། །དེ་ནི་དབང་ པོ་ལས་བྱུང་བའི་མངོན་སུམ་མམ། རང་རིག་པའི་མངོན་སུམ་གྱིས་འགྲུབ་གྲང་ཚུ་རོལ་མཐོང་བ་རྣམས་རྣལ་འབྱོར་པའི་མངོན་སུམ་གྱིས་ཐ་སྙད་མི་འདོགས་པའི་ཕྱིར་དང་། ཡིད་ཀྱི་མངོན་སུམ་གང་ལ་ཡང་མ་གྲགས་པའི་ཕྱིར་དེ་དག་གིས་ནི་དེ་འགྲུབ་པར་ནི་མི་བསམ་མོ། ། དེ་ལ་རེ་ཞིག་དབང་པོའི་མངོན་སུམ་གྱིས་ནི་དེ་མི་འགྲུབ་སྟེ། དེ་དོན་གཞན་ཡུལ་ཉིད་དུ་ཉེ་བར་བརྗོད་པའི་ཕྱིར་ལ། དོན་གཞན་རྒྱུ་དང་འབྲས་བུར་གྱུར་པ་ཡང་དོན་དམ་པར་ཤེས་པས་འཛིན་པར་མི་རུང་བའི་ཕྱིར་རོ། །འདི་གང་གིས་ན་རྣམ་པར་ཤེས་པས་རང་གི་ངོ་བོ་བཞིན་དུ་ གཞན་ཡང་ཤེས་པར་འགྱུར་བ་གཞན་གྱི་ངོ་བོ་ནི་གཞན་མ་ཡིན་ལ། གཞན་དང་གཞན་མ་ཡིན་པ་དག་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །དེའི་རྣམ་པར་སྐྱེས་པ་ཙམ་གྱིས་རྣམ་པར་ཤེས་པས་གཞན་རིག་གོ་ཞེས་བྱ་བར་ཡང་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ ཕྱིར་རོ། །དེ་ལྟ་ན་ནི་བུམ་པ་ལ་སོགས་པ་གང་ཅུང་ཟད་རྣམ་པ་གཞན་གྱི་རྗེས་སུ་བྱེད་པ་འབྱུང་བ་དེ་ཐམས་ཅད་ཀྱང་ཕན་ཚུན་དུ་ངོ་བོ་ཉིད་འཛིན་པར་འགྱུར་རོ། །དེའི་རྣམ་པ་ཅན་གང་ཡིན་པ་ནི་ཤེས་པའི་ངོ་བོ་ཡིན་ནོ་ཞེས་ཁྱད་པར་བརྗོད་ཀྱང་རྣམ་པར་ཤེས་པ་ལ་ནི་གང་གིས་ན་འདྲ་བ་ ཅན་གྱི་རྣམ་པར་ཤེས་པ་ཁོ་ནས་གཞན་རིག་པར་འགྱུར་གྱི། བུམ་པ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་རྣམ་པར་དབྱེ་བར་འགྱུར་བའི་ཁྱད་པར་ནི་འགའ་ཡང་མི་འགྱུར་ཏེ། འདི་ལྟར་དེ་དག་ཤེས་པའི་ངོ་བོ་ཉིད་ཡིན་ཡང་རང་གི་ངོ་བོར་གནས་པའི་ཕྱིར་གཞན་ ལ་ཅུང་ཟད་ཀྱང་མི་བྱེད་པར་འདྲ་བའི་ཕྱིར་རོ། །ཁྱད་པར་མེད་ན་དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་དངོས་པོ་རྣམས་རང་དགའི་རྗེས་སུ་བྱེད་པའི་ཁྱད་པར་ཙམ་གྱིས་རྣམ་པར་སྦྱར་ཀྱང་སོ་སོར་ངེས་པའི་དོན་བྱེད་པའི་རང་བཞིན་རྣམས་ནི་གང་དུ་ཡང་ཐམས་ཅད་སྒྲུབ་པར་མི་ནུས་ཏེ། ཧ་ ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཟློས་གར་མཁན་དང་། ཟླ་བ་དང་། གྱད་ལ་ལྟ་བ་ལྟ་བུ་མང་པོ་རྣམས་གཅིག་ལ་ལྟ་བ་དེའི་རྣམ་པར་ཤེས་པ་དག་ལ་ཡང་ཕན་ཚུན་འདྲ་བ་སྲིད་པའི་ཕྱིར་དང་། ཤེས་པའི་ངོ་བོ་ཉིད་དུ་མཚུངས་པའི་ཕྱིར་དེ་དག་ཀྱང་ཕན་ཚུན་མངོན་སུམ་ཉིད་དུ་ཐལ་བར་ འགྱུར་རོ། །དེ་ལས་བྱུང་བ་ཡིན་ན་ཞེས་ཁྱད་པར་གཞན་བརྗོད་ཀྱང་དོན་གཞན་མངོན་སུམ་ཉིད་དུ་གཏད་པར་ཡང་ནུས་པ་མ་ཡིན་ཏེ། ཁྱད་པར་འདོད་པ་ཙམ་གྱིས་ཉེ་བར་བརྟགས་པ་ཡིན་པས་ཁྱད་པར་རབ་ཏུ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་གཞན་དུ་གྱུར་པ་མངོན་སུམ་ ཉིད་དུ་གྲུབ་ན་ནི་ཤེས་པའི་ཁྱད་པར་དེ་དང་འདྲ་བ་དང་། དེ་ལས་བྱུང་བའི་མཚན་ཉིད་འགྲུབ་པར་འགྱུར་བ་ཞིག་ན། གང་གི་ཚེ་ཤེས་པས་གཞན་ཇི་ལྟར་འཛིན་ཞེས་རྣམ་པར་སྤྱོད་པ་བྱེད་པ་ན་དོན་གཞན་མངོན་སུམ་ཉིད་དུ་མ་གྲུབ་པ་ཁོ་ན་ཡིན་ན་དེའི་ཚེ་ཇི་ལྟར་ན་མ་གྲུབ་པའི་ངོ་བོའི་ཁྱད་པར་ གྱིས་གྲུབ་པའི་ལམ་གྱི་ཁྱད་པར་དག་སྒྲུབ་པར་འགྱུར་ཏེ་ཞེས་བཤད་པ་ལྟ་བུའོ། །རྣམ་པར་ཤེས་པའི་སྐད་ཅིག་མཚུངས་པ་དེ་མ་ཐག་པའི་རྐྱེན་དོན་མཐུན་པའི་སྟོབས་ལས་བྱུང་བ་ལས་སྐྱེ་བ་ཕྱི་མ་ཕྱི་མ་རྣམས་ཀྱང་ཤེས་པའི་སྐད་ཅིག་སྔ་མ་སྔ་མ་ལ་ལྟོས་ནས་དེ་ལས་བྱུང་བ་དང་འདྲ་བར་སྲིད་ པའི་ཕྱིར་སྔ་མ་རྣམས་ཤེས་པ་ཕྱི་མའི་གཟུང་བ་ཉིད་དུ་ཐལ་བ་བཟློག་དཀའ་བ་ཉིད་དོ། །གཞན་ཡང་རེ་ཞིག་གང་དག་ཕྱི་རོལ་གྱི་དོན་ཡན་ལག་ཅན་ལ་སོགས་པའི་དངོས་པོ་མངོན་སུམ་དུ་འདོད་པ་དེ་དག་གི་ལྟ་བ་ལ་ཡང་དེ་ཇི་ལྟར་རང་གི་གྲུབ་པའི་མཐའ་ལས་ཉེ་བར་བརྟགས་པ་དེ་བཞིན་དུ་མངོན་ སུམ་དུ་སྣང་བ་མྱོང་བ་མེད་དེ། །ནམ་ཡང་ཡན་ལག་ཅན་དུ་རྟོགས་པ་དེའི་རྣམ་པ་ཅན་གྱི་ཤེས་པ་མངོན་སུམ་དུ་མྱོང་བ་ནི་མེད་ཀྱི། རྟག་ཏུ་ལག་པ་ལ་སོགས་པའི་ཡན་ལག་གི་ཚོགས་དུ་མའི་རྣམ་པ་ཅན་གྱི་ཤེས་པ་སོ་སོར་མྱོང་བའི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་ཡོན་ཏན་ལ་སོགས་པ་ ཡན་ལག་ཅན་ལ་ཡོད་པའི་རྣམ་པ་ཅན་གྱི་ཤེས་པ་ཉམས་སུ་མྱོང་བ་ཡང་མེད་དེ། རྟེན་མངོན་སུམ་ཉིད་མ་ཡིན་ན་དེ་ལ་ཡོད་པའི་ཡོན་ཏན་ལ་སོགས་པ་འབའ་ཞིག་མི་འཛིན་པའི་ཕྱིར་རོ། །འཆི་ལྟས་དང་། མིག་སྔོན་དང་། མིག་སེར་དང་། རབ་རིབ་ལ་སོགས་པས་མིག་ཉམས་པ་རྣམས་ དང་། ཡུལ་རིང་བ་དང་ཉེ་བ་ལ་སོགས་པ་ན་གནས་པ་རྣམས་དངོས་པོ་གཅིག་ལ་ཡང་རྣམ་པ་ཕན་ཚུན་མི་མཐུན་པ་དུ་མ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བའི་ཕྱིར་སེམས་དག་ལ་ཕྱི་རོལ་གྱི་ཡན་ལག་ཅན་ལ་སོགས་པར་གཏོགས་པའི་འདྲ་བ་ཡོད་པ་ཡང་མ་ཡིན་ཏེ། དེ་ཐ་དད་པར་ཐལ་བར་འགྱུར་ བའི་ཕྱིར་དེ་སྙེད་ཀྱི་འདིའི་ངོ་བོ་ཉིད་དམ། ཡོན་ཏན་ལ་སོགས་པ་སྐྱེས་པ་ནི་མེད་དོ། །ཡོན་ཏན་ལ་སོགས་པའི་ཆོས་འགལ་བ་དང་ལྡན་པ་ཡང་གཅིག་པ་ཉིད་ཡིན་ན་ནི་སྣ་ཚོགས་ཀྱང་གཅིག་པ་ཉིད་དུ་ཐལ་ལ། གགས་བྱེད་པ་མེད་པའི་ཕྱིར་ཡོན་ཏན་ལ་སོགས་པའི་ཆོས་མཐའ་དག་ཀྱང་ ཐམས་ཅད་ཀྱི་མངོན་སུམ་ཉིད་དུ་ཐལ་བ་ཡིན་ནོ། །རྨི་ལམ་ལ་སོགས་པ་དག་ན་སྔོན་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་དོན་གཞན་དེ་ལྟ་བུ་མེད་ཀྱང་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་དེ་ལྟ་བུ་སོ་སོར་མྱོང་བས་འཁྲུལ་པ་ཉིད་ཀྱི་ཕྱིར་ཡང་རྣམ་པའི་དབང་གིས་དོན་གཞན་འཛིན་པར་རྣམ་ པར་གཞག་པར་རིགས་པ་མ་ཡིན་ནོ། །གང་དག་སྔོན་པོ་ལ་སོགས་པའི་དོན་རྡུལ་ཕྲ་རབ་བསགས་པའི་བདག་ཉིད་མངོན་སུམ་དུ་སྨྲ་བ་དེ་ལ་ཡང་ཉེས་པ་མཚུངས་པ་ཉིད་དེ། དངོས་པོ་ཕྲ་མོ་ཡན་ལག་མེད་པ་རྣམ་པ་དུ་མ་ཅན་གྱི་ཤེས་པ་སོ་སོར་མི་མྱོང་བའི་ཕྱིར་དང་། ཚོགས་པ་གཅིག་པ་རྣམས་ ཡུལ་ཉིད་དུ་ཁས་ལེན་པའི་ཕྱིར་དང་། རྟག་ཏུ་རྨི་ལམ་ལ་སོགས་པ་བཞིན་དུ་རགས་པར་སྣང་བའི་ཤེས་པ་སོ་སོར་མྱོང་བའི་ཕྱིར་དང་། འདུས་པ་ཅན་དག་ལས་འདུས་པ་དོན་གཞན་མ་ཡིན་པའི་ཕྱིར་དང་། འདུས་པ་རྣམ་པར་རྟོག་པས་ཉེ་བར་བརྟགས་པ་ཡང་དངོས་པོ་མེད་པའི་ཕྱིར་རོ། ། རགས་པར་འཁྲུལ་པ་དངོས་པོ་དུ་མ་འདབ་ཆགས་སུ་གནས་པ་འཛིན་པས་ཉེ་བར་བསྐྱེད་པ་ཉིད་ཡིན་ན་ནི་དེའི་ཚ