Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 96

Văn bản gốc(Tây Tạng)

Trang 16 / 18 (50.000 ký tự/trang)
ོད། །གལ་ཏེ་བརྟགས་ན་ལས་ཀྱང་མེད་ལ་བྱེད་པ་པོ་ཡང་མེད་དེ། དེ་དག་མེད་ན་ལས་ལས་སྐྱེས་པའི་འབྲས་བུ་ལྟ་ཡོད་པར་ག་ལ་འགྱུར། ཅི་སྟེ་
འགྱུར་ན་ནི་ལས་ལས་སྐྱེས་པའི་འབྲས་བུ་མ་ཡིན་པ་དང་། རྒྱུ་མེད་པ་ལས་བྱུང་བའི་འབྲས་བུར་འགྱུར་བས་དེ་ནི་མི་འདོད་དེ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ཅི་སྟེ་འབྲས་བུ་མེད་ན་ཟ་བ་པོ་ཡོད་པར་ག་ལ་འགྱུར་ཏེ། འདི་ལྟར་འབྲས་བུའི་ཟ་བ་པོར་འགྱུར་
བ་ཡིན་ན་འབྲས་བུ་དེ་ཡང་མི་འཐད་དེ། དེ་མེད་ན་དེ་གང་གི་ཟ་བ་པོར་འགྱུར། དེ་ལྟ་བས་ན་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་ཡོད་དོ། །ཞེས་བྱ་བ་དེ་ནི་སླུ་བའི་ཚིག་ཙམ་དུ་ཟད་དོ། །བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དག་མི་
འཐད་ན། འཁོར་བ་ཇི་ལྟར་འཐད་པར་འགྱུར། སྨྲས་པ། ཅི་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དང་ཉོན་མོངས་པ་དག་མེད་དོ། །ཞེས་བྱ་བ་དེ་ཤིན་ཏུ་ངེས་པ་ཡིན་ནམ། བཤད་པ། གང་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལ་ཡོད་དོ་ཞེའམ། མེད་དོ་
ཞེས་སྨྲ་བར་ག་ལ་རིགས། སྨྲས་པ། ད་འདིར་དངོས་པོ་ཡོད་པ་གང་ཡིན། བཤད་པ། དངོས་པོ་ཡོད་པ་ག་ལ་ཡིན་ཏེ། དངོས་པོ་ཡོད་པར་འཛིན་པ་བཟློག་པའི་ཕྱིར་དཔེ་ཟུང་ཤིག །ཇི་ལྟར་སྤྲུལ་པ་སྟོན་བྱེད་པ། །རྫུ་འཕྲུལ་ཕུན་སུམ་ཚོགས་པ་ཡིས། །སྤྲུལ་ཞིང་སྤྲུལ་པའང་

གཞན་སྤྲུལ་བྱེད། །སྤྲུལ་པ་དེས་ཀྱང་གཞན་དག་ལྟར། །དེ་བཞིན་བྱེད་པོས་ལས་གང་བྱས། །དེ་ཡང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་
འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །དེའི་ཕྱིར་དེ་ལྟར་སྤྲུལ་པ་བྱེད་པ་དང་། སྤྲུལ་པ་དང་། དྲི་ཟའི་གྲོང་ཁྱེར་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་ལྟ་བུའི་ལས་དང་། ཉོན་མོངས་པ་དང་ལུས་དང་བྱེད་པ་པོ་དང་འབྲས་
བུ་དང་ཟ་བ་པོ་དག་ལ། ཡོངས་སུ་རྟོག་པ་དང་ལྡན་པ་ཡང་དག་པར་སྨྲས་པ་ཡོད་དོ། །ཞེའམ་མེད་དོ་ཞེས་ཇི་ལྟར་སྨྲ་བར་ནུས་ཏེ། འདི་ལྟར་དངོས་པོ་དང་དངོས་པོ་མེད་པར་རྟོག་པ་ཐམས་ཅད་ནི་རྟག་པ་དང་ཆད་པའི་སྐྱོན་དང་རྗེས་སུ་འབྲེལ་པ་ཡིན་ལ། རྟེན་
ཅིང་འབྲེལ་པར་འབྱུང་བ་ནི་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དག་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས། དེའི་ཕྱིར་རྟག་པ་དང་ཆད་པར་ལྟ་བའི་སྐྱོན་ལས་རྣམ་པར་གྲོལ་བ་ཡིན་ནོ། །དེ་ལྟ་བས་ན་ཁོ་བོས་དངོས་པོ་བརྟེན་ནས་གདགས་པ་ཡིན་ནོ། །ཞེས་ཤིན་
ཏུ་ངེས་པར་བྱས་པ་དེ་གཟུང་བར་བྱའོ། །དེ་ལྟ་ན་བྱེད་པ་པོ་དང་ལས་དང་འབྲས་བུ་དང་ཟ་བ་པོ་དང་ཉོན་མོངས་པ་དང་ལུས་བསྟན་པ་དག་ཀྱང་འཐད་ལ། རྟག་པ་དང་ཆད་པའི་སྐྱོན་དུ་ཡང་ཐལ་བར་མི་འགྱུར་ཞིང་འཁོར་བ་ཡང་འགྲུབ་པོ། །ལས་དང་འབྲས་བུ་བརྟག་
པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པའོ།། །།དབུ་མ་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་བདུན་པ། སྨྲས་པ། གལ་ཏེ་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་རྟག་པ་དང་ཆད་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཁོ་ན་མ་ཡིན་ན། ཁྱོད་ཀྱི་དེ་ཁོ་ན་
གང་ཡིན་པ་དང་ཇི་ལྟར་དེ་ཁོ་ན་རྟོགས་པར་འགྱུར་བ་དེ་སྨྲོས་ཤིག །བཤད་པ། དང་པོ་བརྩམས་ཚུན་ཆད་ནས་དེ་ཁོ་ན་རབ་ཏུ་བསྟན་པར་བྱས་སོ། །མདོར་ན་ཕྱི་དང་ནང་ལ་བདག་མེད་པ་བདག་གི་མེད་པ་ཉིད་དུ་ལྟ་བ་གང་ཡིན་པ་དེ་ནི་དེ་ཁོ་ནའི་དམ་པ་ཡིན་ལ། དེ་ཁོ་

ནའི་ལྟ་བ་བསྒོམས་པས་ནི་དེ་ཁོ་ན་རྟོགས་པར་འགྱུར་རོ། །སྨྲས་པ། ཇི་ལྟར་ཕྱི་དང་ནང་ལ་བདག་མེད་པ་དང་། བདག་གི་མེད་པ་ཉིད་དུ་ལྟ་བར་འགྱུར། བཤད་པ། འདི་ལ་དེ་ཁོ་ན་མཐོང་བར་འདོད་པ་ཡོངས་སུ་རྟོག་པ་དང་ལྡན་པས་
འདི་ལྟར་སོ་སོར་ཡང་དག་པར་བརྟག་པར་བྱ་སྟེ། བདག་ཅེས་བྱ་བ་གང་ཡིན་པ་དེ་ཅི་ཕུང་པོ་རྣམས་ཉིད་དམ། འོན་ཏེ་ཕུང་པོ་རྣམས་ལས་གཞན་ཞིག་མིན། བདག་དེ་ནི་ཕུང་པོ་རྣམས་ཉིད་དམ། ཕུང་པོ་རྣམས་ལས་གཞན་ཞིག་ཏུ་འགྱུར་བ་དེ་ཙམ་དུ་ཟད་དེ། འདིར་
རྣམ་པ་གཞན་དུ་སྨྲ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གཞན་དང་གཞན་མ་ཡིན་པ་ཉིད་དུ་སྨྲ་བ་ཁོ་ནར་འདུས་ཏེ། གཉི་ག་ལྟར་ཡང་མི་འཐད་དོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་
རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །རེ་ཞིག་གལ་ཏེ་ཕུང་པོ་རྣམས་ཉིད་བདག་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལ་བདག་
མང་པོ་ཉིད་དུ་ཡང་ཐལ་བར་འགྱུར་ལ། བདག་ཏུ་སྨྲ་བ་དོན་མེད་པ་ཉིད་དུ་ཡང་འགྱུར་ཏེ། བདག་ཅེས་བྱ་བ་ནི་ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་བས་ན་རེ་ཞིག་ཕུང་པོ་རྣམས་ཉིད་བདག་ཡིན་ནོ། །ཞེས་བྱ་བ་མི་འཐད་དོ། །ཅི་སྟེ་ཡང་ཕུང་
པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟ་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཡིན་པས། དེ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པའི་ཕྱིར་སྐྱེ་བ་དང་འཇིག་པའི་མཚན་ཉིད་མ་ཡིན་པར་
འགྱུར་རོ། །དེ་ལྟ་བས་ན་རྟག་པར་འགྱུར་ཏེ། བདག་རྟག་པ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་རྟག་པ་མི་འགྱུར་བ་ལ་ཅི་ཞིག་བྱར་ཡོད། དེ་ལྟ་ན་ཡང་བདག་ཡོད་པར་རྟོག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་འཇུག་

པའམ། ལྡོག་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པར་ཡང་མི་འཐད་དོ། །དེ་དེ་ལྟར་བློ་གྲོས་ངེས་ནས་ཀྱང་སོ་སོ་ཡང་དག་པར་རྟོག་པར་བྱེད་དེ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །བརྟགས་
ན་གལ་ཏེ་བདག་ཉིད་རྣམ་པ་ཐམས་ཅད་དུ་མི་འཐད་ན་བདག་གི་ཡོད་པར་ག་ལ་འགྱུར། འདི་ལྟར་བདག་ཅེས་བྱ་བའི་གང་ཡིན་པ་དེ་བདག་གི་ཞེས་བྱ་ན། བདག་དེ་ཡང་མེད་དེ་དེ་མེད་ན་དེའི་འདི་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འཐད་པར་འགྱུར། དེ་ལྟ་བས་ན་བདག་
གི་ཡང་མི་འཐད་དོ། །དེ་ལྟར་ཕྱི་དང་ནང་ལ་བདག་དང་བདག་གིར་མི་ལྟ་བ་དེ་ནི་དེ་ཁོ་ན་མཐོང་བ་ཡིན་ཏེ། དེ་དེ་སྒོམ་པར་བྱེད་ཅིང་བརྟན་པར་བྱེད་དོ། །དེ་སྒོམ་པར་བྱེད་ཅིང་བརྟན་པར་བྱེད་པ་དེའི་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བར་འགྱུར་བས། བདག་དང་
བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །དེ་ལྟར་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བའི་ཕྱིར་དེ་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པར་འགྱུར་རོ། །སྨྲས་པ། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་ངར་འཛིན་པ་དང་
ང་ཡིར་འཛིན་པ་མེད་པར་འགྱུར་རོ། །ཞེས་བྱ་བ་སྟེ། དེ་ཉིད་བདག་ཡིན་པས་དེ་ཡོད་པའི་ཕྱིར་བདག་དང་བདག་གི་ཡང་ངེས་པ་ཁོ་ནར་ཡོད་པ་ཡིན་ནོ། །བཤད་པ། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །
གང་གིས་མཐོང་བས་མི་མཐོང་ངོ་། །དེ་ལྟར་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་ཉེ་བར་ལེན་པ་ལ་བརྟེན་ནས་གདགས་པ་ཡིན་པར་སྟོན་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་
འདིའི་མིང་ནི་འདི་ཞེས་རུས་ནི་འདི་ཞེས་བྱ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཉེ་བར་ལེན་པ་མ་གཏོགས་པར་གང་ཟག་གི་མིང་དང་རུས་དག་མེད་དོ་ཞེས་གསུངས་སོ། །དེ་ལྟ་བས་ན་ཉེ་བར་ལེན་པའི་དབང་ཁོ་ནས་བརྗོད་པར་ཟད་ཀྱི། གང་ངར་འཛིན་པ་མེད་པ་དང་ང་ཡིར་

འཛིན་པ་མེད་པར་འགྱུར་བ་གཞན་དེ་ནི་འགའ་ཡང་མེད་དོ། །ཅི་སྟེ་ཡོད་ན་ནི་དེ་ཡོད་ན་ཇི་ལྟར་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར། ཅི་སྟེ་དེ་དག་ཡོད་ཀྱང་འགྱུར་ན་ནི་དེ་ལྟ་ན་དེའི་དེ་དག་ལོག་པར་ལྟ་བ་ཁོ་ནར་འགྱུར་གྱི་དེ་ཁོ་ན་མཐོང་བ་མ་
ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། གལ་ཏེ་བདག་ཅེས་བྱ་བ་ཡོད། །བདག་མེད་ཅེས་བྱ་དེ་མི་རིགས། །ཡང་ན་དེ་ཉིད་རྟོགས་པ་འམ། །མྱ་ངན་འདའ་བ་དེས་བརྫུན་འགྱུར། །ཞེས་གསུངས་སོ། །དེ་ལྟ་བས་ན་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་
པར་གང་གིས་མཐོང་བ་ལོག་པར་ལྟ་བ་བློ་གྲོས་ཀྱི་མིག་ཉམས་པ་དེས་ནི་དེ་ཁོ་ན་མི་མཐོང་བ་ཉིད་དོ། །ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ད་ནང་དང་ཕྱི་རོལ་ཉིད་དག་ལ་དེའི་
བདག་ཅེས་བྱ་བ་དང་། བདག་གི་ཞེས་བྱ་བར་དེ་དག་ལ་ལོག་པར་འཛིན་པ་ཟད་པར་གྱུར་ན་ཉེ་བར་ལེན་པར་བྱེད་པ་གང་ཡིན་པ་དེ་མེད་ཅིང་ཉེ་བར་བླང་བར་བྱ་བ་གང་ཡིན་པ་དེ་ཡང་མེད་པས། ཉེ་བར་ལེན་པ་རྣམ་པ་བཞི་ཡང་འགག་པར་འགྱུར་ཞིང་། ཉེ་བར་ལེན་པ་འགགས་
པས་སྲེད་པ་འགག །སྲིད་པ་འགགས་པས་སྐྱེ་བ་ཟད་པར་འགྱུར་བ་དེ་ནི་ཐར་པ་ཞེས་བྱའོ། །དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དེས་དེ་ཁོ་ན་རྟོགས་པ་ཡིན་ལ། དེ་ཁོ་ན་རྟོགས་པས་ཐར་བར་འགྱུར་རོ། །ལས་དང་ཉོན་མོངས་ཟད་པས་ཐར། །ལས་
དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །འདི་ལ་ལས་དང་ཉོན་མོངས་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་དེ་དག་ཀྱང་ཡང་
དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་ནི་མ་ཡིན་ནོ། །ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། ཇི་ལྟར་ཡུལ་གཅིག་ཁོ་ན་ལ་ཡང་ལ་ལ་ནི་ཆགས་པར་འགྱུར། ལ་ལ་ནི་སྡང་བར་འགྱུར། ལ་ལ་ནི་

རྨོངས་པར་འགྱུར་བས། དེའི་ཕྱིར་ཉོན་མོངས་པ་རྣམས་ནི་རྣམ་པར་རྟོག་པ་ལས་བྱུང་ངོ་། །ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དག་ནི་ལས་ཞེས་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་མི་རིགས་པ་དང་
ལྡན་པ་འདི་ནི་བསོད་ནམས་ལས་བྱུང་བའི་མངོན་པར་འདུ་བྱ་བ་དག་ཀྱང་མངོན་པར་འདུ་བྱེད་དོ། །ཞེས་རྒྱ་ཆེར་བཀའ་སྩལ་ཏོ། །དེ་ལྟ་བས་ན་ལས་དང་ཉོན་མོངས་པ་དག་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་རྒྱུ་ལས་བྱུང་བ་ཡིན་ནོ། །ད་ཡང་དག་
པ་མ་ཡིན་པའི་རྣམ་པར་རྟོག་པ་དེ་དག་ནི་སྤྲོས་པ་ལས་བྱུང་བ་ཡིན་ཏེ་འཇིག་རྟེན་པའི་སྤྲོས་པ་ལས་བྱུང་ངོ་། །འཇིག་རྟེན་པའི་རྙེད་པ་དང་། མ་རྙེད་པ་ལ་སོགས་པའི་ཆོས་རྣམས་ལ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པའི་བློ་ཅན་དག་དེ་དང་དེ་ལ་རྣམ་པར་རྟོག་པར་བྱེད་པས་
དེའི་ཕྱིར་རྣམ་པར་རྟོག་པ་དག་ནི་སྤྲོས་པ་ལས་བྱུང་ངོ་། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། དེའི་རྙེད་པ་དང་མ་རྙེད་པ་ལ་སོགས་པ་འཇིག་རྟེན་པའི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །དངོས་པོའི་ངོ་བོ་ཉིད་སྟོང་པ་ཉིད་དུ་རྟོགས་པར་འགགས་
ཏེ། སྟོང་པ་ཉིད་རྟོགས་ནས་འགག་གོ། །དེ་ལྟ་བས་ན་སྟོང་པ་ཉིད་ནི་དེ་ཁོ་ན་ཡིན་ལ་སྟོང་པ་ཉིད་བསྒོམས་པ་ཁོ་ནས་ནི་དེ་ཁོ་ན་རྟོགས་པར་འགྱུར་ཞིང་། དེ་ཁོ་ན་རྟོགས་པ་ཉིད་ནི་ཐར་པ་ཞེས་བྱ་སྟེ། སློབ་དཔོན་འཕགས་པ་ལྷས་ཀྱང་། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་
ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་གཉིས་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ། །སྨྲས་པ། གལ་ཏེ་དེ་ལྟར་བདག་དང་བདག་གི་མེད་ན་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་དང་དེར་བདག་བསྟན་པ་
མཛད། བཤད་པ། བདག་མེད་པ་ཁོ་ནའོ། །ཞེས་བྱ་བ་དེ་ཡང་མི་སྨྲ་སྟེ། འོག་ནས་ཀྱང་། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུའང་དེ་མ་ངེས། །ཞེས་འབྱུང་ངོ་། །འོན་ཀྱང་སངས་

རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་མཁྱེན་པ་ལ་མཁས་པ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་མངོན་པར་ཞེན་པ་བཟློག་པའི་ཕྱིར། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་
གྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །དེ་ལ་གདུལ་བྱ་གང་དག་ལ་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ། ལོག་པར་
འཛིན་པ་ལ་མངོན་པར་ཞེན་པས་སེམས་རྨོངས་པ། འཇིག་རྟེན་ཕ་རོལ་ལ་མི་ལྟོས་པ། འཇིག་རྟེན་གྱི་ཚུལ་ལས་འདའ་བས་མི་འཛེམ་པ། སེམས་ཅན་དམྱལ་བའི་གཡང་ས་ཆེན་པོ་ལ་མངོན་པར་ཕྱོགས་པ་དེ་དག་གི་བདག་མེད་པར་ལྟ་བ་བཟློག་པའི་ཕྱིར་བདག་གོ་ཞེས་ཀྱང་
བཏགས་སོ། །གདུལ་བྱ་གང་དག་ལ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་བྱེད་པ་པོ་དང་དེ་དག་གི་འབྲས་བུ་འདོད་པ་དང་མི་འདོད་པ་དག་ཟ་བ་གང་ཡིན་པ་དང་། གང་གིས་བཅིངས་པ་དང་ཐར་པ་དག་སྟོན་པར་བྱེད་པའི་བདག་ཅེས་བྱ་བ་དེ་ནི་འགའ་ཞིག་ཡོད་དོ། །
གཞན་དུ་ན་བདག་མེད་ན་དེ་དག་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ་སྙམ་པའི་ལྟ་བ་དེ་ལྟ་བུ་བྱུང་བར་གྱུར་པ། འཁོར་བའི་རྒྱ་མཚོ་ཆེན་པོར་ལྟུང་བ། ངར་འཛིན་པ་དང་ང་ཡིར་འཛིན་པའི་ཆུ་སྲིན་འཛིན་ཁྲིས་ཟིན་པ། ལྟ་བའི་ཆུ་བོས་སེམས་གཡེངས་པ། སྲིད་པའི་བདེ་
བ་ལ་ཆགས་པ་དེ་དག་གི་བདག་ཏུ་ལྟ་བ་བཟློག་པའི་ཕྱིར་བདག་མེད་དོ། །ཞེས་ཀྱང་བསྟན་ཏོ། །གདུལ་བ་བཟང་པོ་གང་དག་དགེ་བའི་ཚོགས་ཡོངས་སུ་སྨིན་པ། སྲིད་པའི་ཆུ་བོ་ལས་བརྒལ་བར་ནུས་པ། དོན་དམ་པའི་གཏམ་གྱི་སྣོད་དུ་གྱུར་པ་དེ་དག་ལ། སངས་
རྒྱས་བཅོམ་ལྡན་འདས་དོན་དམ་པའི་དེ་ཁོ་ན་སྟོན་པ་རྣམ་པར་འདྲེན་པ་ཆེན་པོ་རྣམས་ཀྱིས་སྒྱུ་མ་འདི་ནི་བྱིས་པ་འདྲིད་པ་སྟེ། འདི་ལ་བདག་དང་བདག་མེད་པ་འགའ་ཡང་མེད་དོ། །ཞེས་སྟོན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། མེད་དང་ཡོད་དང་གཉི་ག་

དང་། །གཉི་ག་མིན་པའང་སྟོན་མཛད་དེ། །ནད་ཀྱི་དབང་གིས་ངེས་པར་ནི། །སྨན་ནི་འཕྲོད་པར་འགྱུར་བ་བཞིན། །ཞེས་གསུངས་སོ། །ཡང་ན་འདི་ནི་གཞན་ཏེ་དེ་ཁོ་ན་མཐོང་བ་ལ་རྒྱབ་ཀྱིས་ཕྱོགས་པ། ཐམས་ཅད་ཤེས་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་
ང་རྒྱལ་ཅན། རང་གི་རྟོག་གེའི་རྗེས་སུ་འབྲང་བ་བདག་མེད་ན་འདི་དག་ཐམས་ཅད་མི་འཐད་དོ། །ཞེས་སྐྲག་པ་ཁ་ཅིག་གིས་བདག་གོ་ཞེས་ཀྱང་བཏགས་སོ། །དེ་བཞིན་དུ་བློ་གྲོས་རྣམ་པར་རྨོངས་པ་མེད་པ་དག་གིས་འཇིག་རྟེན་ན་ཕུང་པོར་བྱེད་པ། ལས་དང་འགྲོ་བ་ལྐོག་
ཏུ་གྱུར་པ་གཞན་དག་གིས་བདག་མེད་དོ་ཞེས་ཀྱང་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་འདས་སྒྲིབ་པ་མེད་པའི་རྣམ་པར་ཐར་པའི་མཁྱེན་པ་བརྙེས་པ་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་རྣམས་ཀྱིས་ནི། འགྲོ་བ་ལ་ཕན་གདགས་པར་བཞེད་པས་དེ་གཉི་
ག་ཡང་མེད་དོ། །ཞེས་ངེས་པར་གསལ་ཏེ། དབུ་མའི་ལམ་བདག་དང་བདག་མེད་པ་མ་ཡིན་པ་འདི་ཡོད་པས་འདི་འབྱུང་ལ། འདི་མེད་ན་འདི་མི་འབྱུང་ངོ་། །ཞེས་བྱ་བ་ཉིད་བསྟན་ཏོ། །འདིར་སྨྲས་པ། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །
ཞེས་གང་སྨྲས་པ་དེ་ལ་རིགས་པ་གང་ཡིན། འདིར་བཤད་པ། བརྗོད་པར་བྱ་བ་ལྡོག་པ་སྟེ། གང་གི་ཕྱིར་དངོས་པོ་རྣམས་སྟོང་པར་མཐོང་ན། བརྗོད་པར་བྱ་བ་ཉིད་ལྡོག་པར་འགྱུར་བ་དེའི་ཕྱིར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་
ཡོད་ན་དེ་ལ་བརྟེན་ནས་སྤྲོས་པ་ཡོད་པར་འགྱུར་གྱི། བརྗོད་པར་བྱ་བ་མེད་ན་གཞི་མེད་པའི་སྤྲོས་པ་ཇི་ལྟར་ཡོད་པར་འགྱུར། སྨྲས་པ། དེའི་བརྗོད་པར་བྱ་བ་ཇི་ལྟར་ལྡོག་པར་འགྱུར། བཤད་པ། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་ཡུལ་ནི་གཟུགས་ལ་
སོགས་པ་ཡུལ་རྣམས་ཏེ། གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་ལོག་པར་གྱུར་པ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ནི་གཟུགས་ལ་སོགས་པ་དག་ཡིན་ན་དེ་ལྟ་ན་ནི་ཅི་ཞིག་བརྗོད་པར་བྱ། སྨྲས་པ།

དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་ཇི་ལྟར་ལྡོག་པར་འགྱུར། བཤད་པ། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་མ་སྐྱེས་པ་དང་མ་འགགས་
པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་རོ། །དེ་ལྟ་བས་ན་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་
རྣམས་དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་གསུངས་སོ། །སྨྲས་པ། གང་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ། །ཞེས་བྱ་བ་ལ་སོགས་པར་
ལྟ་བ་དེ་དང་། གང་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པ་ཞེས་བྱ་བར་ལྟ་བ་དེ་གཉིས་ལ་ཁྱད་པར་ཅི་ཡོད། བཤད་པ། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ན། ཁྱོད་ནི་སྟོང་པ་ཉིད་ཀྱི་དོན་རྣམ་པར་མི་ཤེས་ནས་དེ་གཉིས་འདྲའོ་སྙམ་དུ་སེམས་སོ། །འདི་
ལ་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་གང་ཡིན་པ་དང་། སོ་སོར་བརྟགས་ནས་བཏང་སྙོམས་བྱེད་པ་གང་ཡིན་པ་དེ་གཉིས་བཏང་སྙོམས་བྱེད་པར་ནི་འདྲ་མོད་ཀྱི་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་ནི་མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པར་བསྟན་ལ། བཏང་སྙོམས་
བྱེད་པ་ཅིག་ཤོས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་བསྟེན་པ་ཡིན་པས། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དེ་བཞིན་དུ། འདི་ལ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་རིག་པས་ཀུན་ཏུ་རྨོངས་པའི་སེམས་དང་ལྡན་པ་
ཡིན་གྱི། དངོས་པོ་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་མ་སྐྱེས་པ་དང་མ་འགགས་པར་མཐོང་བ་ཅིག་ཤོས་ནི་ཤེས་པ་སྔོན་དུ་བཏང་བ་ཡིན་པས། དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེའོ། །གཞན་ཡང་མེད་པ་དེ་ཉིད་མ་མཐོང་བ་བཞིན་དུ་འཇིག་རྟེན་འདི་མེད་དོ། །

ཞེས་ཚིག་འབའ་ཞིག་བརྗོད་པ་དེ་ལ་ནི། དཔེར་ན་དམུས་ལོང་ཕྱོགས་འདི་ལ་བདེའོ། །ཞེས་བརྗོད་ཀྱང་མིག་མེད་པའི་ཕྱིར་མི་མཐོང་བས་དེར་འཁྲུལ་པ་དང་། བརྡེག་འཆའ་བར་འགྱུར་བ་དེ་བཞིན་དུ། དེ་ཡང་འཇིག་རྟེན་འདི་མེད་དོ། །ཞེས་བརྗོད་ཀྱང་ཤེས་པའི་
མིག་མེད་པའི་ཕྱིར་མི་མཐོང་བས། སྐྱོན་དེ་དག་གིས་གོས་པར་འགྱུར་རོ། །གཞན་ཡང་དཔེར་ན་ཁ་ཅིག་རྩོད་པ་ན་དོན་བདེན་པར་འགྱུར་བ་ཁོ་ན་ལ་ཆེ་བཞི་གཉིས་སྟོན་པར་གྱུར་ལ། དེ་ན་གཅིག་ནི་དོན་དེ་མངོན་སུམ་དུ་མཐོང་བ་ཡིན་ལ་གཉིས་པ་ནི་དོན་དེ་མངོན་སུམ་དུ་མཐོང་
བར་གྱུར་པ་མ་ཡིན་ཞིང་ནོར་ངོའམ་མཛའ་ངོས་གཉེར་བ་ཞིག་ཡིན་ཏེ། དེ་གཉི་ག་ཡང་དོན་དེ་ལ་སྨྲར་བཅུག་པ་ན། དེ་ལ་གཅིག་གིས་དོན་དེ་ཇི་ལྟར་བདེན་པ་དེ་ལྟར་སྨྲས་སུ་ཟིན་ཀྱང་དོན་དེ་མངོན་སུམ་དུ་ཡང་མ་གྱུར་པའི་ཕྱིར་བརྫུན་དུ་ཡང་འགྱུར་ལ་ཆོས་མ་ཡིན་པ་དང་མི་སྙན་
པ་དང་ཡང་ལྡན་པར་འགྱུར་རོ། །ཅིག་ཤོས་ཀྱིས་ནི་དོན་དེ་སྨྲས་པ་ན་དོན་དེ་མངོན་སུམ་དུ་གྱུར་པའི་ཕྱིར་བདེན་པར་སྨྲ་བ་ཡང་ཡིན་ལ་ཆོས་དང་སྙན་པ་དག་དང་ཡང་ལྡན་པར་འགྱུར་བ་དེ་བཞིན་དུ། དངོས་པོ་ཐམས་ཅད་སྟོང་པ་ཡིན་ཞིང་སྟོང་པའི་ཕྱིར་མ་སྐྱེས་པ་དང་
མ་འགགས་པ་དེ་ཡིན་དུ་ཟིན་ཀྱང་། དེ་གང་ལ་མངོན་སུམ་གྱི་ཤེས་པ་ཡོད་པ་དེ་ཉིད་ལེགས་པ་དང་ལྡན་ཅིང་བསྔགས་པ་མ་ཡིན་གྱི། ཅིག་ཤོས་ནི་སྟོང་པ་ཉིད་མངོན་སུམ་དུ་མ་གྱུར་པའི་ཕྱིར་ལྟ་བའི་སྐྱོན་གྱིས་ཀྱང་གོས་ལ་མཁས་པ་རྣམས་ཀྱིས་སྨད་པར་ཡང་འགྱུར་བས།
དེའི་ཕྱིར་དེ་གཉིས་ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། སློབ་དཔོན་སྒྲ་གཅན་ཟིན་བཟང་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་ལས་ཀྱང་། ཁྱོད་ཉིད་མཐོང་ན་འཆིང་འགྱུར་ཏེ། །མ་མཐོང་ན་ཡང་འཆིང་བར་འགྱུར། །ཁྱོད་ཉིད་མཐོང་ན་གྲོལ་འགྱུར་ཏེ། །མ་མཐོང་ན་ཡང་གྲོལ་
བར་འགྱུར། །ཞེས་གསུངས་སོ། །དེ་ལྟ་ན་འདི་ནི་དེ་ཁོ་ན་ཉིད་ཤེས་པའི་བློ་གྲོས་ཀྱི་མིག་དྲི་མ་མེད་པ་དང་ལྡན་པའི་ཡུལ་ཡིན་གྱི། འདི་མ་རིག་པའི་མུན་པ་ཆེན་པོས་བློ་གྲོས་ཀྱི་མིག་བསྒྲིབས་པ་དང་ལྡན་པའི་ཡུལ་ནི་མ་ཡིན་ནོ། །གཞན་ཡང་ཁྱོད་མཁས་པར་རློམ་པ་ཉིད་

ཀྱི་བློ་སྔོན་དུ་བཏང་སྟེ་ལྟ་བ་སེམས་པར་མཚུངས་ཤིང་ཁོ་བོ་ལ་རྒོལ་བར་བྱེད་ཀྱི། ཡོད་པ་ཉིད་དང་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་མི་བྱེད་པ་དེ་ལ་ཡང་ཁྱད་པར་ཡོད་པར་བཤད་པར་བྱ་སྟེ། ཇི་ལྟར་ཞེ་ན། ཡོད་པ་དང་མེད་པ་ཉིད་དུ་བརྗོད་པ་ནི་ལྟ་བའི་དབང་གིས་
ཏེ། ཁོ་བོ་ནི་དངོས་པོ་རྣམས་རི་བོང་གི་རྭ་བཞིན་དུ་མེད་པ་ཉིད་དུ་མཐོང་ལ་ཚིག་གི་སྐྱོན་རྣམས་ཡོངས་སུ་སྤང་བའི་ཕྱིར་ཡོད་པ་ཉིད་ཀྱང་མ་ཡིན་ལ་མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་མི་སྨྲའི། འདི་ལྟར་དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་ཇི་ལྟར་ཡོད་པ་ཉིད་དང་། མེད་པ་
ཉིད་དག་གཟུགས་བརྙན་དག་བཞིན་དུ་མཐོང་བ་དེ་ལྟར་སྨྲ་བས། ཁྱོད་ནི་ནོར་བུ་དོ་ཟན་ཨན་ད་རྙིལ་གྱི་རིན་ཐང་དུ་འཚོང་བ་ན། ཡིད་ལ་བསམས་པ་དང་མཐུན་པའི་འབྲས་བུ་ཡང་མ་ཐོབ་ལ་རང་གི་བློ་ཡང་བར་ཡང་བསྟན་པ་བཞིན་དུ་གྱུར་ཏོ། །སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་ཐམས་
ཅད་མྱ་ངན་ལས་འདས་པ་དང་མཚུངས་པ་ཡིན་ན་ཆོས་དང་ཆོས་མ་ཡིན་པ་དག་ལ་ཁྱད་པར་མེད་པའི་ཕྱིར་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་མི་འགྱུར་རམ། བཤད་པ། ཅི་ཁྱོད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་ཡང་རྩོམ་པ་ཡོད་པར་ལྟའམ། གང་གི་ཚེ། སྔར་བརྗོད་པར་
བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བསྟན་ཟིན་པས། དེའི་ཕྱིར་རྣམ་པར་རྨོངས་པའི་སེམས་དང་ལྡན་པ་ལ་རྩོམ་པ་ཡོད་ཀྱི། དེ་ཁོ་ན་མཐོང་བ་ལ་ནི་བྱ་བ་ཅི་ཡང་མེད་དོ། །ཇི་སྐད་དུ་བྱ་བ་བྱས་སོ། །འདི་ལས་གཞན་མེད་དོ་ཞེས་གསུངས་པ་དང་།
དེ་བཞིན་དུ་གང་ཟག་མ་རིག་པ་དང་ལྡན་པ་འདི་ནི་བསོད་ནམས་ལས་བྱུང་བའི་མངོན་པར་འདུ་བྱ་བ་དག་ཀྱང་མངོན་པར་འདུ་བྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །སློབ་དཔོན་འཕགས་པ་ལྷས་ཀྱང་། ཀུན་མེད་ཅི་ཞིག་བྱར་ཡོད་ཅེས། །ཁྱོད་ནི་འཇིགས་པ་སྐྱེ་བར་འགྱུར། །
གལ་ཏེ་བྱ་བ་ཡོད་ན་ནི། །ཆོས་འདི་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་ཏེ། དེ་ལྟ་བས་ན། ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་པ་འདི་ནི་དོན་དམ་པའི་ཕྱིར་གསུངས་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར། ཐམས་ཅད་ཡང་དག་ཡང་དག་མིན།

ཡང་དག་ཡང་དག་མ་ཡིན་ཉིད། །འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ། །ཞེས་གསུངས་པས། དེའི་ཕྱིར་གང་གི་ཚེ་འཇིག་རྟེན་གྱི་ཐ་སྙད་བྱ་བ་
དེའི་ཚེ་ན་གང་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ། དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ། །ཞེས་གསུངས་སོ། །གང་འཇིག་རྟེན་ལ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་མ་ཡིན་ནོ། །ཞེས་གསུངས་སོ། །གང་
འཇིག་རྟེན་ལ་ཡང་དག་པ་ཉིད་དང་། ཡང་དག་པ་ཉིད་མ་ཡིན་པ་ཉིད་དུ་གྲགས་པ་དེ་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དང་། ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ། །ཞེས་གསུངས་སོ། །འདི་ལྟ་སྟེ་དཔེར་ན། གྲོང་མི་གཉིས་ཞིག་བྱ་བ་འགའ་ཞིག་ལ་གྲོང་ཁྱེར་
དུ་དོང་བ་ན་ལྟད་མོའི་ཕྱིར་ལྷ་ཁང་དུ་ཞུགས་ནས་རི་མོ་ལྟ་བར་བརྩམས་པ་དང་དེ་ན་གཅིག་གིས་སྨྲས་པ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་གང་ཡིན་པ་འདི་ནི་སྲེད་མེད་ཀྱི་བུའོ། །ལག་ན་འཁོར་ལོ་ཐོགས་པ་གང་ཡིན་པ་འདི་ནི་དབང་ཕྱུག་ཆེན་པོའོ། །ཅིག་ཤོས་
ཀྱིས་སྨྲས་པ་ཁྱོད་ཀྱིས་ལོག་པར་བཟུང་སྟེ། ལག་ན་མདུང་རྩེ་གསུམ་པ་ཐོགས་པ་ནི་དབང་ཕྱུག་ཆེན་པོའོ། །ལག་ན་འཁོར་ལོ་ཐོགས་པ་ནི་སྲེད་མེད་ཀྱི་བུའོ། །ཞེས་དེ་གཉིས་རྩོད་པ་ན་ཉེ་འཁོར་ན་ཀུན་ཏུ་རྒྱུ་ཞིག་འདུག་པའི་གན་དུ་དོང་སྟེ་ཕྱག་འཚལ་ནས་དེ་
ལ་རང་རང་གི་བསམ་པ་སྨྲས་པ་དང་། དེས་གཅིག་ལ་ནི་ཁྱོད་ཟེར་བ་བདེན་ནོ། །ཞེས་སྨྲས་པ་དང་། ཅིག་ཤོས་ལ་ནི་མི་བདེན་ནོ། །ཞེས་གང་སྨྲས་ན། དེ་ལ་ཀུན་ཏུ་རྒྱུ་དེས་ཇི་ལྟར་འདི་ན་དབང་ཕྱུག་ཆེན་པོ་ཡང་འགའ་ཡང་མེད་ལ། སྲེད་མེད་ཀྱི་བུ་ཡང་མེད་དེ། འདི་དག་ནི་རྩིག་པ་
ལ་བརྟེན་པའི་རི་མོ་བྲིས་པའོ། །ཞེས་བྱ་བ་དེ་ལྟར་ཤེས་མོད་ཀྱི། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་བདེན་ནོ། །འདི་ནི་མི་བདེན་ནོ། །ཞེས་སྨྲས་པ་ལ་བརྫུན་གྱི་ཚིག་གི་སྐྱོན་ཅན་དུ་མ་གྱུར་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པར་གཟིགས་ཀྱང་།

འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་པ་ཉིད་དང་། །ཡང་དག་པ་ཉིད་མ་ཡིན་ནོ། །ཞེས་གསུངས་སོ། །དོན་དམ་པར་ནི། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །
དངོས་པོ་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། བྲག་ཆ་ལྟ་བུ་དག་ལ་ཇི་ལྟར་ཡང་དག་པ་ཉིད་དང་། ཡང་དག་པ་ཉིད་མ་ཡིན་པར་བརྗོད་དོ། །དེའི་ཕྱིར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་། མེད་པ་ཉིད་ཀྱི་སྐྱོན་དང་བྲལ་
བ། མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཏེ་ཁ་ཅིག་ན་རེ་ཐམས་ཅད་ཡོད་པ་ཉིད་ལས་སྐྱེའོ། །ཞེས་ཟེར་རོ། །གཞན་དག་ན་རེ་རྒྱུ་ལ་འབྲས་བུ་སྔ་ན་མེད་པ་དག་ལས་སྐྱེའོ། །ཞེས་ཟེར་རོ། །ཁ་ཅིག་ན་རེ་
ཡོད་པ་དང་མེད་པ་ལས་སྐྱེའོ། །ཞེས་ཟེར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་དངོས་པོ་རྒྱུ་དང་རྐྱེན་ལས་གདགས་པར་ཟད་ཀྱི་ཡོད་པ་དང་མེད་པ་ནི་མ་ཡིན་ནོ། །དེ་ལྟར་ཡང་ཀཱ་ཏྱཱ་ཡ་ན་འཇིག་རྟེན་འདི་ནི་གཉིས་ལ་གནས་ཏེ། ཕལ་ཆེར་ཡོད་པ་ཉིད་ལ་གནས་པ་དང་། མེད་
པ་ཉིད་ལ་གནས་སོ། །ཞེས་གསུངས་སོ། །དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ཀྱང་དེ་དང་དེ་དག་གསུངས་པས། དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དག་ལ་མངོན་པར་མ་
ཞེན་པར་བྱ་སྟེ། དེ་ཁོ་ན་གང་ཡིན་པ་དེ་ཉིད་གཟུང་བར་བྱའོ། །སྨྲས་པ། དེ་ཁོ་ནའི་མཚན་ཉིད་གང་ཡིན། བཤད་པ། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །གཞན་ལས་ཤེས་མིན་ཞེས་
བྱ་བ་ནི། འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་། བདག་ཉིད་ཀྱི་མངོན་སུམ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཞེས་བྱ་བ་ནི་འཇིག་རྟེན་གྱི་

ཆོས་རྣམས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་འདི་ཞེས་བྱ་བ་དང་འདིའོ་ཞེས་རྣམ་པར་མ་བརྟགས་པའོ། །དོན་ཐ་དད་པ་མ་ཡིན། ཞེས་བྱ་བ་ནི་འདི་ཡང་ཡིན་ལ། འདི་ཡང་ཡིན་ནོ། །ཞེས་དོན་དབྱེར་མེད་པའོ། །དེ་ལ་གང་གི་ཕྱིར་
རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ། །གང་གི་ཕྱིར་འཇིག་རྟེན་པའི་ཆོས་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་དོན་ཐ་དད་པ་མ་ཡིན་པ་སྟེ། དེའི་ཕྱིར་དེ་ལྟ་བུའི་རང་བཞིན་ཤེས་པ་རང་རིག་པ་གཞན་ལས་ཤེས་པ་མ་ཡིན་པ་གང་ཡིན་
པ་དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་པར་ཤེས་པར་བྱའོ། །འདི་ཡང་དེ་ཁོ་ནའི་མཚན་ཉིད་གཞན་ཡིན་ཏེ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །འདི་ལྟར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་ནི་
རེ་ཞིག་དེ་ཉིད་མ་ཡིན་ནོ། །དེ་ལས་གཞན་པའང་མ་ཡིན་ཏེ། གལ་ཏེ་དེ་དེ་ལས་གཞན་ཡིན་པར་གྱུར་ན་དེ་མེད་པར་ཡང་འབྱུང་བར་འགྱུར་བའི་རིགས་ན། མི་འབྱུང་བས་དེའི་ཕྱིར་དེ་ལས་གཞན་པའང་མ་ཡིན་ནོ། །དཔེར་ན་ས་བོན་ལ་བརྟེན་ཏེ་མྱུ་གུ་བྱུང་བ་ནི་ས་བོན་གང་ཁོ་ན་ཡིན་
པ་དེ་མྱུ་གུ་ཁོ་ན་མ་ཡིན་ལ་ས་བོན་ལས་གཞན་པ་མྱུ་གུའི་ངོ་བོ་ཉིད་མེད་པའི་ཕྱིར་ས་བོན་ལས་མྱུ་གུ་གཞན་པའང་མ་ཡིན་པ་བཞིན་ཏེ། དེ་ལྟར་གང་གི་ཕྱིར་གང་ལ་བརྟེན་ཏེ་གང་བྱུང་བ་དེ་དེ་ཉིད་ཀྱང་མ་ཡིན་ལ་དེ་ལས་གཞན་པའང་མ་ཡིན་པ་དེའི་ཕྱིར་ཆད་པ་ཡང་མ་ཡིན་ལ་
རྟག་པ་ཡང་མ་ཡིན་ནོ། །འདི་ལྟར་ས་བོན་ཉིད་མྱུ་གུ་ཡིན་པར་གྱུར་ན། ས་བོན་རྟག་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ཉིད་མྱུ་གུ་མ་ཡིན་པ་དེའི་ཕྱིར་ས་བོན་རྟག་པ་མ་ཡིན་ནོ། །གལ་ཏེ་ས་བོན་ཡང་གཞན་ཉིད་ལ་མྱུ་གུ་ཡང་གཞན་ཡིན་པར་གྱུར་ན་དེ་ལྟ་ན་ས་བོན་རྣམ་པ་
ཐམས་ཅད་དུ་རྒྱུན་ཆད་པས་ཆད་པར་འགྱུར་རོ། །གང་གི་ཕྱིར་ས་བོན་ལ་མྱུ་གུ་གཞན་མ་ཡིན་པ་དེའི་ཕྱིར་ས་བོན་ཆད་པ་མ་ཡིན་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། གང་ཕྱིར་དངོས་པོ་འཇུག་འགྱུར་བ། །དེས་ན་ཆད་པར་མི་འགྱུར་རོ། །གང་ཕྱིར་དངོས་པོ་ལྡོག་འགྱུར་བ། །

དེས་ན་རྟག་པར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ལྟ་བས་ན། དེ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། རྟག་པ་ཡང་མ་ཡིན་ལ་ཆད་པ་ཡང་མ་ཡིན་པས་དེ་ཁོ་ནའི་མཚན་ཉིད་ཡིན་ནོ། །དོན་གཅིག་མིན་དོན་ཐ་དད་མིན། །ཆད་པ་མ་
ཡིན་རྟག་མིན་པ། །དེ་ནི་སངས་རྒྱས་འཇིག་རྟེན་གྱི། །མགོན་པོས་བསྟན་པ་བདུད་རྩི་ཡིན། །དེ་ལྟར་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྣམ་པར་འབྱེད་པ་དོན་གཅིག་པ་ཉིད་མ་ཡིན་ན་དོན་ཐ་དད་པ་མ་ཡིན་པ། ཆད་པ་མ་ཡིན་པ་རྟག་པ་མ་ཡིན་པ། གཅིག་པ་དང་ཐ་དད་པ་
དང་ཆད་པ་དང་རྟག་པའི་སྐྱོན་ལས་ཕྱི་རོལ་དུ་གྱུར་པ། མཆོག་ཏུ་ཟབ་པ། དོན་དམ་པའི་དེ་ཁོ་ན་གསལ་བར་བྱེད་པ་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་
གཟིགས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། རྒྱུ་མེད་པར་བྱམས་པ་རྣམས་ཀྱིས་བསྟན་པ་བདུད་རྩི་ཡིན་ཏེ། དེ་བསྒྲུབ་པར་བྱའོ། །འདི་ལྟར་དེར་ཞུགས་པ་རྣམས་ཀྱི་བདག་ཉིད་ཀྱི་མངོན་སུམ་དུ་གྱུར་པ་འཕྲལ་ཁོ་ན་ལ་འགྲུབ་པར་འགྱུར་རོ། །གང་དག་
ཚོགས་མ་བྱས་པ་ཉིད་ཀྱིས་འཕྲལ་ལ་མ་གྲུབ་པ་དེ་དག་ལ་ཡང་ཚེ་རབས་གཞན་དག་ལ་ངེས་པར་འགྲུབ་པར་འགྱུར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། དེ་ཉིད་ཤེས་པས་འདི་ལ་ནི། །འདོད་ཆགས་བྲལ་བ་མ་ཐོབ་ཀྱང་། །ཚེ་རབས་གཞན་ལ་འབད་མེད་པར། །
ངེས་པར་ཐོབ་དེ་ལས་བཞིན་ནོ། །ཞེས་གསུངས་སོ། །རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ནི་ཟད་གྱུར་ཀྱང་། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟེན་པ་མེད་ལས་རབ་ཏུ་སྐྱེ། །ཅི་སྟེ་ཡང་འདི་ལ་ཅུང་ཟད་གོམས་པར་བྱས་པ་རྣམས་ལ་
བརྒྱ་ལ་རྫོགས་པའི་སངས་རྒྱས་རྣམས་མ་བྱུང་ངམ། ཉན་ཐོས་རྣམས་ཟད་པར་གྱུར་ཏེ། རྐྱེན་དང་མི་ལྡན་པར་གྱུར་དུ་ཟིན་ན་ཡང་། དེ་དག་གི་སྔོན་གོམས་པའི་རྒྱུ་ལས་བྱུང་བ་རང་སངས་རྒྱས་ཀྱི་ཡེ་ཤེས་གཞན་ལས་ཤེས་པ་མ་ཡིན་པ་བསྟེན་པ་མེད་པ་ཙམ་གྱིས་རྐྱེན་

ལས་རབ་ཏུ་སྐྱེ་བར་འགྱུར་རོ། །དེའི་དེ་ལྟར་བསྟན་པ་བདུད་རྩི་འདི་བསྒྲུབ་པ་ལ་འབྲས་བུ་ཡོད་པར་འགྱུར་བས། དེ་ལྟ་བས་ན་ཡོངས་སུ་རྟོག་པ་དང་ལྡན་པ་འཁོར་བའི་དགོན་པ་སྤོང་བར་འདོད་པ། བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱིས་འདི་ཉིད་འབད་པས་བསྒྲུབ་
པར་བྱ་སྟེ། འདི་ཁོ་ན་ལས་དོན་དམ་པ་ངེས་པར་འགྲུབ་པོ། །བདག་དང་ཆོས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་བརྒྱད་པའོ།། །།སྨྲས་པ། འདི་ལ་ཁྱོད་ཀྱིས་བྱེད་པ་པོ་ལས་བརྟག་པའི་ཞར་ལ་འོངས་པ་དེ་གའི་རིགས་པ་རྗེས་སུ་བསྟན་པས་ཁོ་བོའི་ཡིད་ཀྱིས་
དག་ལ་དངོས་པོ་ཡོད་པ་དང་མེད་པར་ལྟ་བའི་ཤིང་བརྟན་པོ་ཆེན་པོ་ཡུན་རིང་པོ་ནས་རབ་ཏུ་གནས་པའི་རྩ་བ་ཡང་ལེགས་པར་འགུལ་གྱི། དེའི་ཕྱིར་ད་ཡང་ཁོ་བོ་ལ་ཕན་གདགས་པར་འདོད་པས་དུས་བརྟག་པར་བྱ་བའི་རིགས་སོ། །བཤད་པ་ལེགས་སོ། །སྨྲས་པ། འདི་
ལ་བཅོམ་ལྡན་འདས་ཀྱིས་དེ་དང་དེར་དུས་གསུམ་བསྟན་པ་མཛད་དེ། མེད་ན་ནི་བསྟན་པར་མི་རིགས་པས་དུས་གསུམ་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་དུས་གསུམ་བསྟན་པ་མཛད་ཀྱི། དེ་ཁོ་ནར་ནི་དུས་
གསུམ་མི་འཐད་དོ། །དེ་ཇི་ལྟར་ཞེ་ན། འདི་ལ་རེ་ཞིག་གལ་ཏེ་མ་འོངས་པའི་དུས་སུ་གྱུར་ནས་རིམ་གྱིས་ད་ལྟར་དུ་འགྱུར་ཞིང་། ད་ལྟར་དུ་གྱུར་ནས་ཀྱང་རིམ་གྱིས་འདས་པར་འགྱུར་བ་ནི། དེ་ལྟ་ན་དུས་གཅིག་ཏུ་འགྱུར་ཏེ། དཔེར་ན་ཙཻ་ཏྲ་གྲོང་དུ་ཕྱིན་ན་ཡང་ཙཻ་ཏྲ་ཉིད་ཡིན་ལ་
གྲོང་ནས་ཐལ་ན་ཡང་ཙཻ་ཏྲ་ཉིད་ཡིན་ཏེ། དེ་ལ་མ་ཕྱིན་པ་དང་། ཕྱིན་པ་དང་ཐལ་བ་གསུམ་ཉིད་དུ་དབྱེར་མེད་པ་བཞིན་ནོ། །ཅི་སྟེ་ཡང་མ་འོངས་པ་ཡང་གཞན་ཉིད་ལ་ད་ལྟར་ཡང་གཞན་འདས་པ་ཡང་གཞན་ཡིན་པར་གྱུར་ན་ནི། དེ་ལྟ་ན་ཡང་གསུམ་ཅར་ཡང་རྟག་པ་ཉིད་དུ་འགྱུར་
རོ། །རྟག་པ་ཉིད་ཡིན་ན་དུས་སུ་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ་དགོས་པ་མེད་པའི་ཕྱིར་རོ། །ཡང་གཞན་ཡང་། འདི་ལ་གལ་ཏེ་དུས་ཞེས་བྱ་བ་དངོས་པོ་འགའ་ཞིག་ཡོད་པར་གྱུར་ན། དེ་རང་ལས་སམ། ལྟོས་ནས་རབ་ཏུ་འགྲུབ་པར་འགྱུར་གྲང་ན། དེ་ལ་རེ་ཞིག་གལ་ཏེ་དུས་

གསུམ་དུ་ལྟོས་ནས་རབ་ཏུ་འགྲུབ་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་
དག་གལ་ཏེ་འདས་པའི་དུས་ལ་ལྟོས་ནས་ཡོད་པར་གྱུར་ན། དེ་ལྟ་ན་ད་ལྟར་བ་དང་མ་འོངས་པའི་དུས་དག་འདས་པའི་དུས་ན་ཡོད་པར་འགྱུར་རོ། །འདས་པ་ན་ཡོད་པར་གྱུར་ན་དེ་གཉིས་ཀྱང་འདས་པ་ཡིན་པར་འགྱུར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་རོ། །དུས་གཅིག་ཁོ་ན་
ཡིན་ན་ལྟོས་པ་མི་འཐད་དེ་འདི་ལྟར་དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་པ་མི་འཐད་པའི་ཕྱིར་དུས་ཀྱང་མི་འཐད་པ་ཁོ་ན་ཡིན་ནོ། །ཅི་སྟེ་འདས་པའི་དུས་ཞིག་ཅིང་འགགས་ཏེ་མེད་པ་ཁོ་ན་ཡིན་ན་ནི། དེ་ན་འདི་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་འདས་པ་ཡང་ཡོད་པ་
ཁོ་ན་ཡིན་པར་སེམས་ན་ནི་ཡོད་པའི་ཕྱིར་ད་ལྟར་ཡིན་པར་འགྱུར་གྱི་འདས་པ་མ་ཡིན་པས་དེ་ནི་མི་འདོད་དོ། །སྨྲས་པ། གང་གི་ཚེ་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་ལྟོས་ནས་འགྲུབ་པོ་ཞེས་སྨྲས་པ་དེའི་ཚེ་ཇི་ལྟར་དེ་གཉིས་འདས་པ་ན་ཡོད་པར་འགྱུར། བཤད་པ། གང་གི་
ཕྱིར་དེ་ལ་ལྟོས་ནས་འགྲུབ་པོ་ཞེས་སྨྲས་པ་དེ་ཁོ་ནའི་ཕྱིར་དེ་གཉིས་དེ་ན་ཡོད་པར་ཐལ་བར་འགྱུར་རོ། །གཞན་དུ་ན། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་བྱུང་བ་དང་མ་འོངས་པའི་དུས་
དག་གལ་ཏེ་འདས་པའི་དུས་དེ་ན་མེད་པར་གྱུར་ན། ད་ལྟར་བྱུང་བ་དང་མ་འོངས་པའི་དུས་དེ་ན་མེད་པ་དེ་དག་ཇི་ལྟར་དེ་ལ་ལྟོས་པར་འགྱུར་ཏེ། འདི་ལྟར་གསུམ་ཆར་ཡང་ཚོགས་པར་གྱུར་ན་ལྟོས་པར་འཐད་པའི་ཕྱིར་རོ། །ཅི་སྟེ་ཡང་དེ་ན་ཡོད་པར་གྱུར་ན་ནི་དེ་གཉིས་ཡོད་པ་
ལ་ཡང་ལྟོས་པས་ཅི་ཞིག་བྱ། དེ་ལྟ་བས་ན་རེ་ཞིག་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་ལྟོས་ནས་རབ་ཏུ་འགྲུབ་པར་མི་འཐད་དོ། །དེ་ལ་འདི་སྙམ་དུ་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པ་ལ་མ་ལྟོས་པ་ཁོ་ནར་འགྲུབ་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ། འདས་

པ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །འདས་པའི་དུས་ལ་མ་ལྟོས་པར་ཡང་དེ་ལྟར་བྱུང་བ་དང་། མ་འོངས་པའི་དུས་དེ་གཉིས་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །དེ་ལྟར་གང་གི་ཕྱིར་ད་ལྟར་བྱུང་བ་
དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པ་མ་ཡིན་པས་ལྟོས་པར་མི་འཐད་ལ། འདས་པ་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཀྱང་ཡོད་པ་མ་ཡིན་ནོ། །རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་
བ་དང་། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །རིམ་པའི་ཚུལ་འདི་ཉིད་ཀྱིས་དུས་ལྷག་མ་གཉིས་པོ་བསྣོར་བ་དང་། མཆོག་དང་ཐ་མ་དང་འབྲིང་དང་གཅིག་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ད་ལྟར་བྱུང་བ་དང་འདས་པ་དག་གལ་
ཏེ་མ་འོངས་པ་ལ་ལྟོས་ནས་ཡོད་པར་གྱུར་ན་དེ་ལྟ་ན་དེ་གཉིས་ཀྱང་ཡོད་པར་འགྱུར་རོ། །དེ་ལྟ་ན་ད་ལྟར་བྱུང་བ་དང་འདས་པ་དག་ཀྱང་མ་འོངས་པ་ཡིན་པར་འགྱུར་ཏེ་དེ་ན་ཡོད་པའི་ཕྱིར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་བས་དེ་ལ་ལྟོས་པར་མི་འཐད་དོ། །ལྟོས་པ་མེད་པའི་
ཕྱིར་དེ་དག་ཀྱང་མེད་དོ། །མ་འོངས་པ་མ་བྱུང་བ་མེད་པ་ཁོ་ན་གང་ཡིན་པ་དེ་ལ་ཡང་དེ་གཉིས་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་མ་འོངས་པ་ཡང་ཡོད་པ་ཁོ་ན་ཡིན་ན་ནི་ཡོད་པའི་ཕྱིར་ད་ལྟར་ཉིད་ཡིན་པར་འགྱུར་གྱི་མ་འོངས་པ་མ་ཡིན་པས་དེ་ཡང་མི་འདོད་དོ། །ཅི་སྟེ་དེ་གཉིས་དེ་ན་མེད་པར་
གྱུར་ན་ནི་དེ་ལ་ཇི་ལྟར་ལྟོས་པར་འགྱུར། འོན་ཀྱང་ལྟོས་པར་གྱུར་ན་ནི་དེ་ལྟ་ན་ཡོད་པའི་ཕྱིར་ལྟོས་པར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་རོ། །མ་འོངས་པ་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འདས་པ་དང་མ་འོངས་པ་དག་གལ་ཏེ་ད་ལྟར་ལ་ལྟོས་ནས་
ཡོད་པར་གྱུར་ན་དེ་ལྟ་ན་དེ་གཉིས་ཀྱང་དེ་ན་ཡོད་པར་འགྱུར་རོ། །དེ་ལྟ་ན་འདས་པ་དང་མ་འོངས་པ་དག་ཀྱང་ད་ལྟར་ཡིན་པར་འགྱུར་ཏེ་དེ་ན་ཡོད་པའི་ཕྱིར་རོ། །དེ་ལྟ་ན་དུས་གཅིག་ཁོ་ནར་འགྱུར་བས་དེ་ལ་དེ་ལྟོས་པ་མི་འཐད་དོ། །ལྟོས་པ་མེད་པའི་ཕྱིར་དེ་དག་ཀྱང་མེད་དོ། །འདས་པ་དང་

མ་འོངས་པ་ཞིག་པའི་ཕྱིར་དང་མ་བྱུང་བའི་ཕྱིར་མེད་པ་ཁོ་ན་གང་དག་ཡིན་པ་དེ་དག་ཀྱང་ད་ལྟར་གྱི་དུས་ན་ཇི་ལྟར་ཡོད་པར་འགྱུར། ཅི་སྟེ་ཡང་ཡོད་པ་ཡིན་ན་ནི་གྲུབ་པའི་ཕྱིར་དེ་གཉིས་ལ་ཡང་ལྟོས་པས་ཅི་ཞིག་བྱ། མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །
དེ་ལྟ་བས་ན་འདས་པ་ཡང་ཡོད་པ་མ་ཡིན་ལ་མ་འོངས་པ་ལ་ཡང་ཡོད་པ་མ་ཡིན་ནོ། །ད་ལྟར་ཡང་ཡོད་པ་མ་ཡིན་ནོ། །མཆོག་དང་ཐ་མ་དག་ཀྱང་གལ་ཏེ་འབྲིང་ལ་ལྟོས་ནས་ནི་འགྲུབ་ན། དེ་ལྟ་ན་མཆོག་དང་ཐ་མ་དག་ཀྱང་འབྲིང་ཡོད་ན་ཡོད་པར་འགྱུར་གྱི་རང་ལས་མ་ཡིན་ནོ། །
ཅི་སྟེ་འབྲིང་མེད་ན་ནི་ཇི་ལྟར་དེ་ལ་ལྟོས་ནས་མཆོག་དང་ཐ་མ་དག་ཡོད་པར་འགྱུར། འབྲིང་ལ་མ་ལྟོས་པར་ཡང་དེ་གཉིས་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལ་འདི་སྙམ་དུ་འབྲིང་ཡོད་ན་མཆོག་དང་། ཐ་མ་དེ་དག་ཡོད་པར་སེམས་ན་དེ་ལ་བཤད་པར་བྱ་སྟེ། གསུམ་ཆར་ཡང་ཡོད་པར་
གྱུར་ན་ཡང་ལྟོས་ཅི་དགོས། ལྟོས་པ་མེད་པར་ཡང་དེ་དག་ལས་གང་ཡང་རུང་བ་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་མཆོག་དང་ཐ་མ་དང་འབྲིང་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་མཆོག་དང་འབྲིང་དག་ལ་གལ་ཏེ་ཐ་མ་ལ་ལྟོས་ནས་ཡོད་
པར་གྱུར་ཏམ། འབྲིང་དང་ཐ་མ་དག་གལ་ཏེ་མཆོག་ལ་ལྟོས་ནས་ཡོད་པར་གྱུར་ཏམ། ཐོག་མ་དང་ཐ་མ་དག་གལ་ཏེ་དབུས་ལ་ལྟོས་ནས་སམ། ཐོག་མ་དང་དབུས་དག་གལ་ཏེ་མཐའ་ལ་ལྟོས་ནས་སམ། མཐའ་དང་དབུས་དག་གལ་ཏེ་ཐོག་མ་ལ་ལྟོས་ནས་སམ། ཐག་
ཉེ་བ་གལ་ཏེ་ཐག་རིང་བ་ལ་ལྟོས་ནས་སམ། ཐག་རིང་བ་གལ་ཏེ་ཐག་ཉེ་བ་ལ་ལྟོས་ནས་སམ། དེ་བཞིན་དུ་སྔོན་དང་ཕྱི་མ་དང་གཅིག་པ་ཉིད་དང་ཐ་དད་པ་ཉིད་དང་། དེ་ཉིད་དང་། གཞན་ཉིད་དང་། འབྲས་བུ་དང་། རྒྱུ་དང་། ཐུང་ངུ་དང་། རིང་པོ་དང་། ཆུང་ངུ་ཉིད་དང་།
ཆེན་པོ་ཉིད་དང་། བདག་དང་བདག་མེད་པ་དང་། འདུས་བྱས་དང་འདུས་མ་བྱས་དང་། གཅིག་དང་གཉིས་དག་གལ་ཏེ་མང་པོ་ལ་ལྟོས་ནས་སམ། གཅིག་དང་མང་པོ་དག་གལ་ཏེ་གཉིས་ལ་ལྟོས་ནས་སམ། གཉིས་དང་མང་པོ་དག་གལ་ཏེ་གཅིག་ལ་ལྟོས་ནས། དེ་དག་ལ་སོགས་པ་གང་

ཅུང་ཟད་ལྟོས་ནས་འགྲུབ་པར་འགྱུར། བརྗོད་པ་དེ་དག་ཐམས་ཅད་དེ་དག་ལ་ཡོད་པར་འབྱུང་བར་འགྱུར་ཏེ། མེད་ན་ལྟོས་པར་མི་འཐད་པའི་ཕྱིར་རོ། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱང་དེ་ཁོ་ནར་རང་ལས་རབ་ཏུ་འགྲུབ་པ་ཡོད་པ་མ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་
ནི་བརྗོད་པར་བྱའོ། །སྨྲས་པ། མ་ལྟོས་པར་ཡང་དེ་དག་འགྲུབ་པ་ཡོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ། དེ་རིགས་པ་མ་ཡིན་ཏེ། འདི་ན་དུས་ནི་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་དང་། མཚན་མོ་དང་ཉིན་མོ་དང་ཟླ་བ་ཕྱེད་དང་། ཟླ་བ་དང་དུས་ཚིགས་དང་ནུར་བ་དང་ལོ་ལ་
སོགས་པ་དག་གི་ཚད་དང་ལྡན་པར་རབ་ཏུ་གྲུབ་པས་དེ་ལ་ལྟོས་པས་ཅི་ཞིག་བྱ། བཤད་པ། མི་གནས་དུས་སུ་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་སུ་ཇི་ལྟར་གདགས། །འདི་ལ་དངོས་པོ་ངེས་པར་གནས་པ་
རྣམས་ནི། ཚད་ལས་གཟུང་དུ་རུང་སྟེ། དཔེར་ན་ཤིང་འདི་ནི་མཐོ་བ། འདི་ནི་ཆུ་རིང་ངོ་། །འདི་ནི་ཐུང་ངོ་། །གླང་པོ་ཆེ་འདི་ནི་ཆེའོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དུས་ལ་ནི་གང་གི་ཚད་ལས་གཟུང་བར་བྱ་བ་རིལ་པོ་ངེས་པར་གནས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡུད་ཙམ་
ཡང་ཅུང་ཟད་འདས་པའམ་ཅུང་ཟད་མ་འོངས་པ་ལ་ཡུད་ཙམ་ཞེས་གདགས་པ་ཡིན་གྱི་ཡུད་ཙམ་ཞེས་བྱ་བ་རིལ་པོར་ངེས་པར་གནས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ན། ཉིན་མོ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་འདི་སྙམ་དུ་འདི་ན་སྐད་ཅིག་ངེས་པར་གནས་པ་
ཡོད་པར་སེམ་པ་ན། དེ་ལ་བཤད་པར་བྱ་སྟེ། སྐད་ཅིག་ངེས་པར་གནས་པ་ཞེས་བྱ་བ་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ངེས་པར་གནས་པའི་ཕྱིར་རོ། །ངེས་པར་མི་གནས་པ་ཁོ་ནའི་ཕྱིར་དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། འཇུག་པའི་ཕྱིར་
དེ་ལྟར་ཞེས་བརྗོད་པ་ཡིན་ན། གལ་ཏེ་དེ་ངེས་པར་གནས་པ་ཡིན་ན་དེ་གྲུབ་པ་ཡིན་གྱི་འཇུག་པ་མ་ཡིན་པས་འཇུག་པ་མ་ཡིན་པ་ཇི་ལྟར་ད་ལྟར་ཡིན་པར་འགྱུར། དེ་ལྟ་བས་ན་དུས་ངེས་པར་གནས་པ་ཡོད་པ་མ་ཡིན་པ་ཉིད་དེ། གང་ཡོད་པ་མ་ཡིན་པ་དེ་ཇི་ལྟར་གཟུང་བར་བྱ། གང་

གཟུང་དུ་མེད་པ་དེ་དག་སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པ་དག་ཏུ་ཇི་ལྟར་གདགས། དེ་ལྟ་བས་ན་དུས་ཞེས་བྱ་བ་ལ་དངོས་པོ་འགའ་ཡང་མི་འཐད་དོ། །འདིར་སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟགས་ཡོད་པའི་ཕྱིར་ཏེ། སྔ་
མ་དང་ཕྱི་མ་དང་ཅིག་ཅར་དང་ཅིག་ཅར་མ་ཡིན་པ་དང་། ཡུན་རིང་པོ་དང་མྱུར་བ་ཞེས་བྱ་བ་དག་ནི་དུས་ཀྱི་རྟགས་ཡིན་པས་དེ་ལྟར་རྟགས་ཡོད་པའི་ཕྱིར་དུས་ཡོད་དོ། །བཤད་པ། གལ་ཏེ་དུས་ནི་སྔོན་བརྟེན་ན། །གལ་ཏེ་སྔ་མ་དང་ཕྱི་མ་ལ་སོགས་པ་དེ་དག་དུས་ཀྱི་རྟགས་ཡིན་ན། དེ་ལྟ་ན་
དུས་ནི་དངོས་པོ་ཁོ་ན་ལ་བརྟེན་ནས་གདགས་པ་ཡིན་གྱི་རང་ལས་རབ་ཏུ་གྲུབ་པ་མ་ཡིན་ནོ། །སྨྲས་པ། མ་ཡིན་ཏེ་དུས་ནི་རང་ཁོ་ན་ལས་རབ་ཏུ་གྲུབ་པོ། །དུས་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ནི་རྒྱུ་ཡིན་ཏེ། གང་ལས་དེ་དག་ཏུ་འགྱུར་བ་དེ་ནི་དུས་ཡིན་ནོ། །བཤད་པ། དངོས་
མེད་དུས་ནི་ག་ལ་ཡོད། །དངོས་པོ་མ་གཏོགས་པར་ཁྱོད་ཀྱི་དུས་རང་ལས་རབ་ཏུ་གྲུབ་ཅིང་ངེས་པར་གནས་པ་འཐད་པར་ག་ལ་འགྱུར། རྒྱུ་དུས་མི་འགྱུར་བརྟག་པ་ངེས་པར་གནས་པ་ཡིན་ན། འབྲས་བུ་ཐ་དད་པར་ཇི་ལྟར་འགྱུར། གལ་ཏེ་ཙཻ་ཏྲ་སྔ་མར་གྱུར་པ་དང་། གུབ་ཏ་ཕྱི་མར་གྱུར་པ་
དག་ལ་དེ་རང་བཞིན་ཐ་མི་དད་པར་གནས་ན་དེ་གཉིས་ཐ་དད་པ་དག་དེས་ཇི་ལྟར་བྱས་པར་འགྱུར། ཙཻ་ཏྲ་དང་གུབ་ཏ་གཉིས་རང་གིས་སྔ་མ་དང་ཕྱི་མར་ཐ་དད་པ་མ་ཡིན་པ་ལས་དུས་སྔ་ཕྱི་ལས་སྔ་མ་དང་ཕྱི་མ་ཉིད་དུ་གྱུར་ལ། དུས་དེ་ཉིད་ནི་ཐ་དད་པ་མ་ཡིན་ན་དེ་གཉིས་ཐ་དད་པ་དུས་ཀྱིས་ཇི་ལྟར་
བྱས་པར་འགྱུར། སློབ་དཔོན་འཕགས་པ་ལྷས་ཀྱང་། འབྲས་བུ་རྒྱུ་ནི་ཐ་དད་པས། །དེས་ན་བརྟག་པ་ཡོད་མ་ཡིན། །ཡང་ན་གང་ན་རྒྱུ་ཡོད་པ། །དེ་ན་འབྲས་བུ་ཡོད་མ་ཡིན། །ཞེས་གསུངས་སོ། །ཅི་སྟེ་དེ་གཉིས་ཐ་མི་དད་ཀྱང་དུས་ཀྱི་ཐ་དད་པ་མ་ཡིན་ན་ནི། དེ་ལྟ་ན་ཐ་དད་པའི་ཚིག་མེད་པའི་
ཕྱིར་ཐམས་ཅད་ཐ་དད་པའམ། ཐམས་ཅད་ཐ་དད་པ་མ་ཡིན་པར་འགྱུར་རོ། །དེ་ལྟ་བས་ན་དངོས་པོ་ཁོ་ན་ལ་བརྟེན་ནས་དུས་གདགས་པར་འཐད་ཀྱི། དངོས་པོ་མ་གཏོགས་པར་དུས་ངེས་པར་གནས་པ་གཞན་ཡོད་པར་མི་འཐད་དོ། །སྨྲས་པ། དུས་ནི་དངོས་པོ་ལ་བརྟེན་ནས་གདགས་པ་ཁོ་ན་

ཡིན་ཏེ། ཡུད་ཙམ་ཞིག་འདུག་པར་གྱུར་ཏོ། །ཉིན་གཅིག་འདུག་གོ། །ཟླ་བ་གཅིག་འདུག་པར་འགྱུར་རོ་ཞེས་བྱ་བས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་དངོས་པོ་ཉིད་ཡོད་པར་གྱུར་ན་ནི། དུས་དངོས་པོ་ལ་བརྟེན་པར་ཡང་འགྱུར་གྲང་ན། དངོས་པོ་འགའ་
ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །དངོས་པོ་འགའ་ཡང་མི་འཐད་དོ། །ཞེས་བྱ་བ་དེ་ཉིད་སྔར་རབ་ཏུ་བསྒྲུབས་ཟིན་པས། དེའི་ཕྱིར་གལ་ཏེ་དུས་དངོས་པོ་ལ་བརྟེན་ནས་རབ་ཏུ་འགྲུབ་པར་སེམས་ན་དངོས་པོ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་པས་ཁྱོད་ཀྱི་དུས་ལྟ་ཡོད་པར་
ག་ལ་འགྱུར། སྨྲས་པ། གལ་ཏེ་དུས་ཡོད་པ་མ་ཡིན་ན་དེ་ལྟ་ན་ཁྱད་པར་མེད་པའི་ཕྱིར་བྱས་པར་གྱུར་ཏོ། །བྱེད་དོ་བྱེད་པར་འགྱུར་རོ་ཞེས་བྱ་བ་དེ་དག་ལ་སོགས་པའི་བརྗོད་པ་དག་མི་འཐད་པ་ཁོ་ནར་འགྱུར་བ་ཞིག་ན་འཐད་པ་ཡང་ཡོད་པས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གང་གི་
ཚེ་སྔར། བརྗོད་པར་བྱ་བ་ལྡོག་པས་ཏེ། །ཞེས་བསྟན་པ་དེའི་ཚེ། དེ་དག་ལ་སོགས་པ་བརྗོད་པ་དག་མི་འཐད་དོ་ཞེས་བྱ་བ་དེ་ནི་ཁྱོད་ཀྱིས་ཅུང་ཟད་ཅིག་སྨྲས་སུ་ཟད་ཀྱི། དེ་དག་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་དེ་བརྗོད་པ་ཐམས་ཅད་ཀྱང་མི་འཐད་དོ། །འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་
ནི་དེ་དག་ཐམས་ཅད་ཀྱང་འཐད་དེ། དེར་ཡང་། ཐམས་ཅད་ཡང་དག་ཡང་དག་མིན། །ཞེས་བསྟན་པ་ཡིན་ནོ། །དེ་ལྟ་བས་ན་དུས་ཞེས་བྱ་བ་དངོས་པོ་འགའ་ཡང་མེད་པར་ཤེས་པར་བྱ་སྟེ། བརྟེན་ནས་བརྟགས་པར་ནི་འགྲུབ་པོ། །དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའོ།། །།
སྨྲས་པ། དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དུས་དང་ཚོགས་པ་ཉིད་ལས་འབྲས་བུ་འགྲུབ་པའི་ཕྱིར་ཏེ། འདི་ན་ས་དང་ས་བོན་དང་ཆུ་དག་ཡོད་དུ་ཟིན་ཀྱང་། མྱུ་གུ་འབྱུང་བར་མི་འགྱུར་གྱི། གང་གི་ཚེ་དེ་དག་དུས་ཚིགས་དང་ཚོགས་པ་ཉིད་དུ་གྱུར་པ་དེའི་ཚེ་ན་མྱུ་གུ་འབྱུང་
བར་འགྱུར་བས་དེ་ལྟར་གང་གི་ཕྱིར་དུས་དང་ཚོགས་པ་ཉིད་མེད་ན་མྱུ་གུ་འབྱུང་བར་མི་འགྱུར་ལ་ཡོད་ན་འགྱུར་བ་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ། །བཤད་པ། གལ་ཏེ་འབྲས་བུ་སྐྱེ་བ་ཉིད་འཐད་པར་འགྱུར་ན་ནི་འབྲས་བུ་སྐྱེ་བས་དུས་ཀྱང་ཡོད་པར་འགྱུར་གྲང་ན། འབྲས་བུ་སྐྱེ་བ་

ཉིད་མི་འཐད་པས་འབྲས་བུའི་རྒྱུ་ཅན་གྱི་དུས་ཡོད་པར་ག་ལ་འགྱུར། འདི་ལྟར་གལ་ཏེ་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། འབྲས་བུའི་དེ་ཚོགས་པ་ཉིད་དེ་ལ་ཡོད་པའམ། མེད་པ་ལས་སྐྱེ་བར་འགྱུར་གྲང་ན། གཉི་ག་ལས་ཀྱང་དེའི་སྐྱེ་བ་མི་འཐད་
དོ། །ཇི་ལྟར་ཞེ་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཚོགས་པའི་དངོས་པོ་ནི་ཚོགས་པ་ཉིད་དོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་གྱུར་ན།
ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་ན་ནི་འབྲས་བུ་ཡོད་པ་དེ་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར། ཅི་སྟེ་དེ་ཡོད་ཀྱང་ཡང་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་དེའི་སྐྱེ་བར་རྟག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་ཡོད་པ་ལ་ཡང་སྐྱེ་བས་ཅི་བྱ། ཐུག་པ་མེད་པར་ཐལ་བར་ཡང་
འགྱུར་ཏེ། འདི་ལྟར་ནམ་ཡང་མི་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་འདི་སྙམ་དུ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་དེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པ་སྐྱེ་བར་འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །
ཚོགས་པ་ཉིད་ལས་སྐྱེ་གྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ན། ཚོགས་པ་ཉིད་དེ་ལས་འབྲས་བུ་དེ་མེད་པ་ཉིད་ཡིན་ན་ནི་འབྲས་བུ་མེད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་
སྐྱེ་བར་འགྱུར་ན། ཅི་སྟེ་མེད་ཀྱང་སྐྱེ་བར་འགྱུར་ན་ནི། དེ་ལྟ་ན་དེ་སྐྱེས་ན་ཡང་མེད་པ་ཉིད་དུ་འགྱུར་ཏེ། སྐྱེ་བ་ན་མེད་པ་སྐྱེས་ན་ཇི་ལྟར་ཡོད་པར་འགྱུར། འདི་ལྟར་བ་ལང་སྐྱེ་བ་ལྟར་མི་འགྱུར་རོ། །ཡང་གཞན་ཡང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་
གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་པར་གྱུར་ན་ཚོགས་པ་ཉིད་དེ་ལས་ངེས་པར་གནས་པ་དེ་ཤིང་ལ་བྱ་བཞིན་དུ་གཟུང་དུ་ཡོད་པའི་རིགས་ན་དེ་ལ་དེ་ཡང་ཡོད་ཀྱང་གཟུང་དུ་མེད་དེ། གཟུང་དུ་མེད་པ་དེ་ཇི་ལྟར་ཡོད་ཅེས་

བྱ། དེ་ལྟ་བས་ན་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པར་མི་འཐད་དོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་མེད་པ་ཉིད་
ཡིན་པར་གྱུར་ན། རྒྱུ་རྣམས་དང་རྐྱེན་དག་ཀྱང་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་འགྱུར། དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་བས་དེ་ཡང་མི་འདོད་དེ། དེ་ལྟ་བས་ན་ཚོགས་པ་ལ་འབྲས་བུ་མེད་པའི་སྐྱེ་བ་མི་འཐད་དོ། །སྨྲས་པ། མ་ཡིན་ཏེ་རྒྱུ་དང་རྐྱེན་
ངེས་པའི་ཕྱིར་རོ། །གལ་ཏེ་ཐམས་ཅད་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་དག་ཡིན་པར་གྱུར་ན་ནི། དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་སྨྲ་བར་རིགས་པ་ཞིག་ན། ཐམས་ཅད་ཐམས་ཅད་ཀྱི་རྒྱུ་དང་རྐྱེན་དག་མ་ཡིན་ཏེ། འདི་ལྟར་རྒྱུ་དང་རྐྱེན་ངེས་པ་དག་
མཐོང་སྟེ། ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་ཉིད་སྐྱེའི། འབྲས་ཀྱི་མྱུ་གུ་མི་སྐྱེ་ལ། རྒྱུ་སྤུན་དག་ལས་ཀྱང་སྣམ་བུ་ཉིད་འབྱུང་གི །བུམ་པ་མི་འབྱུང་བས། དེ་ལྟར་གང་གི་ཕྱིར་རྒྱུ་དང་རྐྱེན་ངེས་པ་དེའི་ཕྱིར་ཐམས་ཅད་ལས་ཐམས་ཅད་འབྱུང་བར་མི་འགྱུར་རོ། །བཤད་པ། མི་རུང་
སྟེ་ངེས་པའི་གཏན་ཚིགས་མ་བསྟན་པའི་ཕྱིར་རོ། །ཁྱོད་ཀྱིས་འདི་ལྟར་རྒྱུ་དང་རྐྱེན་དག་ངེས་སོ་ཞེས་བྱ་བར་ངེས་པའི་གཏན་ཚིགས་མ་བསྟན་ཏོ། །གལ་ཏེ་མེད་ན་ནི་དེ་ངེས་པར་གནས་པའི་གཏན་ཚིགས་མེད་པ་ཇི་ལྟར་རུང་བར་འགྱུར། དེ་ལྟ་བས་ན་ངེས་པའི་གཏན་ཚིགས་མེད་པས་རྒྱུ་
དང་རྐྱེན་དག་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་ཐལ་བར་འགྱུར་རོ། །དེ་ལྟར་ཐམས་ཅད་ལས་ཐམས་ཅད་འབྱུང་ན། ནས་ཀྱི་ས་བོན་ལ་ཡང་ནས་ཀྱི་མྱུ་གུ་ཡང་མེད་ལ་འབྲས་ཀྱི་ས་བོན་ལ་ཡང་འབྲས་ཀྱི་མྱུ་གུ་མེད་དེ། དེ་ལ་གཉི་ག་ཡང་མེད་ན་ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུ་ཁོ་
ནའི་རྒྱུ་ཡིན་གྱི། འབྲས་ཀྱི་མྱུ་གུའི་རྒྱུ་མ་ཡིན་ནོ་ཞེས་ངེས་པར་གྱུར་པ་འདི་ཅི་ལས་གྱུར། རྒྱུ་དང་རྐྱེན་རྣམས་ལ་འབྲས་བུ་ཡོད་ན་ནི་འབྲས་བུ་ཡོད་པས་ངེས་པར་གྱུར་པར་ཡང་འཐད་ན་དེ་ཡང་མེད་དེ། དེ་མེད་ན་ངེས་པའི་གཏན་ཚིགས་མེད་པ་དེ་ཇི་ལྟར་རུང་བར་འགྱུར། དེ་ལྟ་བས་ན་

ངེས་པའི་གཏན་ཚིགས་མེད་པས་རྒྱུ་དང་རྐྱེན་དག་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་དང་མཚུངས་པར་ཐལ་བར་འགྱུར་བ་ཉིད་དོ། །སྨྲས་པ། མངོན་སུམ་ལ་གཏན་ཚིགས་ཀྱི་ཚིག་གི་དོན་མེད་དེ། གང་གི་ཚེ་མངོན་སུམ་ཉིད་དུ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་ཉིད་སྐྱེའི་འབྲས་
ཀྱི་མྱུ་གུ་མི་སྐྱེ་བ་དེའི་ཚེ་གཏན་ཚིགས་གཞན་བཙལ་ཅི་དགོས། བཤད་པ། གང་ངེས་པར་སྣང་བ་དེ་ཡང་རྒྱུ་དང་རྐྱེན་རྣམས་ལ་འབྲས་བུ་ཡོད་ན་འཐད་ཀྱི་མེད་ན་མི་འཐད་པས། དེའི་ཕྱིར་མེད་པ་མི་སྐྱེའོ་ཞེས་སྨྲའོ། །དེ་ལྟ་བས་ན་མེད་པ་སྐྱེ་བའི་གཏན་ཚིགས་གཞན་འགའ་ཞིག་
བསྟན་པར་བྱ་དགོས་ཏེ། དེས་ན་གཏན་ཚིགས་གཞན་དེས་མེད་པ་སྐྱེ་བར་རབ་ཏུ་གྲུབ་ན་ངེས་པར་མཐོང་བས་ཐམས་ཅད་ལས་ཐམས་ཅད་འབྱུང་བར་མི་འགྱུར་བ་ཞིག་ན། མེད་པ་སྐྱེ་བའི་གཏན་ཚིགས་མེད་པས་གཞན་ཡང་མི་སྟོན་པས། དེའི་ཕྱིར་ངེས་པར་མཐོང་བ་ནི་ཚོགས་པ་ཉིད་ལ་
འབྲས་བུ་ཡོད་པ་སྟོན་པ་ཡིན་ནོ། །སྨྲས་པ། འདི་ལ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགགས་པས་དེའི་ཕྱིར་རྒྱུས་འབྲས་བུ་འགྲུབ་པར་འགྱུར་ཞིང་རྐྱེན་རྣམས་ནི་དེ་ལ་ཕན་འདོགས་པར་བྱེད་པ་ཡིན་པས། དེ་ལ་ཚོགས་པ་ཉིད་ལ་འབྲས་བུ་ཡོད་དམ་མེད་ཅེས་བསམ་པ་དེས་ཅི་བྱ། བཤད་པ། གལ་
ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་ན། དེ་ལྟ་ན་གང་བྱིན་པ་དང་གང་འགགས་པ་དེས་རྒྱུའི་བདག་ཉིད་གཉིས་སུ་འགྱུར་རོ། །རྒྱུའི་
བདག་ཉིད་གཉིས་སུ་ནི་མི་འཐད་དེ། འགགས་པ་གང་ཡིན་པ་དེ་ནི་བསྐྱེད་པ་མ་ཡིན་པའི་ཕྱིར་རོ། །རྒྱུ་བྱིན་པ་ཡང་མི་འཐད་དེ། འབྲས་བུ་ཡོད་པ་དང་མེད་པ་ལ་རྒྱུ་སྦྱིན་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་འབྲས་བུ་ཡོད་པ་ལ་ནི་ཡང་རྒྱུ་བྱིན་པས་ཅི་བྱ། མེད་པ་ལ་ནི་སུ་ལ་སྦྱིན་པར་བྱ།
སྨྲས་པ། རྒྱུས་འབྲས་བུ་རྒྱུ་བྱིན་ནས་འགག་པ་མ་ཡིན་གྱི། འདི་ལྟར་རྒྱུ་འགགས་མ་ཐག་ཏུ་འབྲས་བུ་སྐྱེའོ། །བཤད་པ། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགགས་གྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །གལ་ཏེ་རྒྱུས་འབྲས་

བུ་ལ་རྒྱུ་མ་བྱིན་པར་འགགས་པར་གྱུར་ན། རྒྱུ་འགགས་ཤིང་ཞིག་ནས་སྐྱེས་པའི་འབྲས་བུ་དེ་རྒྱུ་མེད་པ་ལས་བྱུང་བར་མི་འགྱུར་རམ། རྒྱུ་མེད་པ་ལས་བྱུང་བར་ནི་མི་འདོད་དེ་སྐྱོན་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །སྨྲས་པ། འབྲས་བུ་ནི་རྒྱུ་དང་ཚོགས་པ་དག་དང་ལྷན་ཅིག་སྐྱེ་སྟེ་མར་མེ་དང་
འོད་བཞིན་པ། དེའི་ཕྱིར་ཚོགས་པ་དང་འབྲས་བུ་དུས་གཅིག་ཁོ་ནར་འབྱུང་ཞིང་མར་མེ་དང་འོད་བཞིན་པས། དེ་ལ་ཅི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་དམ། མེད་ཅེས་བསམ་པ་དེ་མི་འཐད་དོ། །བཤད་པ། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པ་དང་
ནི་གང་བསྐྱེད་པ། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་ཚོགས་པ་དང་འབྲས་བུ་ལྷན་ཅིག་ཁོ་ནར་སྐྱེ་བར་འགྱུར་ན། དེ་ལྟ་ན་སྐྱེད་པ་རྒྱུ་གང་ཡིན་པ་དང་བསྐྱེད་པ་དོན་གང་ཡིན་པ་དེ་དག་དུས་གཅིག་ཏུ་འབྱུང་བར་ཐལ་བར་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་ཕ་དང་བུ་དག་དུས་
གཅིག་ཏུ་ཇི་ལྟར་སྐྱེ་བར་འགྱུར། ཅི་སྟེ་ཡང་སྐྱེ་བར་འགྱུར་ན་ནི་དེ་ལ་འདི་ནི་འདིའི་རྒྱུའོ། །འདི་ནི་འདིའི་འབྲས་བུའོ་ཞེས་རྣམ་པར་གཞག་པ་འདི་ཇི་ལྟར་ཡོད་པར་འགྱུར། དེ་ལྟ་བས་ན་ཚོགས་པ་ཉིད་དང་འབྲས་བུ་ལྷན་ཅིག་ཏུ་འོང་མ་འཐད་དོ། །སྨྲས་པ། འབྲས་བུ་ནི་ཚོགས་པ་ཉིད་
ཀྱི་སྔ་རོལ་ཉིད་ན་ཡང་དེ་དེ་ན་ཕྱིས་ཚོགས་པ་ཉིད་སྐྱེས་པས་གསལ་བར་བྱེད་དེ། མར་མེས་བུམ་པ་བཞིན་ནོ། །བཤད་པ། གལ་ཏེ་ཚོགས་པའི་སྔ་རོལ་ན། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །གལ་ཏེ་འབྲས་བུ་སྔ་ན་ཡོད་
པ་ཉིད་ཡིན་ལ་ཚོགས་པ་ཕྱིས་འབྱུང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་རྐྱེན་རྣམས་མེད་པ་དང་རྒྱུ་དང་རྐྱེན་རྣམས་མ་གཏོགས་པའི་འབྲས་བུ་རྒྱུ་མེད་པ་ལས་བྱུང་བར་འགྱུར་རོ། །འབྲས་བུ་སྐྱེས་པ་ལ་ཡང་རྒྱུ་དང་རྐྱེན་ཚོགས་པ་ལ་ཡང་སྐྱེ་བར་བརྟགས་པས་ཅི་བྱ། འདི་ལྟར་འབྲས་བུའི་དོན་དུ་རྒྱུ་
དང་རྐྱེན་ཚོགས་པར་འདོད་ན། འབྲས་བུ་དེ་ཡང་སྐྱེས་ཟིན་པ་ཉིད་དོ། །དེ་ལྟ་བས་ན་དེ་ཡང་གྱི་ནའོ། །སྨྲས་པ། རྒྱུ་ཡོངས་སུ་འགྱུར་བ་ལས་འབྲས་བུར་འགྲུབ་སྟེ། དེའི་ཕྱིར་གནས་སྐབས་སྔ་མ་འགག་པ་ལས་རྒྱུ་འགགས་ན་འབྲས་བུར་འགྱུར་རོ། །དེ་ལྟ་ན་རྒྱུ་མ་འགགས་པར་

ཡང་འབྲས་བུར་མི་འགྱུར་ལ། འབྲས་བུ་དེ་རྒྱུ་མེད་པ་ལས་བྱུང་བར་ཡང་མི་འགྱུར་རོ། །བཤད་པ། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུའི་དངོས་པོ་སྔར་
འགགས་པ་ན་གནས་སྐབས་གཞན་ཐོབ་པ་འབྲས་བུ་ཞེས་བྱ་ན། དེ་ལྟ་ན་རྒྱུ་ཀུན་ཏུ་འཕོ་བར་འགྱུར་གྱི་སྐྱེ་བ་མ་ཡིན་ཏེ། དཔེར་ན་བྲོ་གར་མཁན་གྱིས་ཆ་ལུགས་གཞན་བོར་ནས་ཆ་ལུགས་གཞན་དུ་ཞུགས་པ་སྐྱེ་བ་མ་ཡིན་པ་བཞིན་ནོ། །ཅི་སྟེ་ཡང་གནས་སྐབས་གཞན་དུ་ཀུན་ཏུ་འཕོ་བ་
ཉིད་སྐྱེ་བ་ཡིན་ན་ནི། དེ་ལྟ་ན་ཡང་སྔོན་སྐྱེས་པའི་རྒྱུ་ཉིད་ཀྱང་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་དངོས་པོ་ཡོངས་སུ་འགྱུར་བའི་ཆོས་ཅན་རྣམས་ངེས་པར་མི་གནས་པའི་ཕྱིར་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །སྨྲས་པ་གང་གི་ཚེ་རྒྱུ་འགགས་པ་ན་འབྲས་བུར་འགྱུར་རོ་ཞེས་
བརྗོད་པ་དེའི་ཚེ་ཅིའི་ཕྱིར་ཀུན་ཏུ་འཕོ་བར་འགྱུར་བ་དང་ཡང་སྐྱེ་བར་ཐལ་བར་འགྱུར་རོ་ཞེས་བརྗོད། བཤད་པ། ཅི་ཁྱོད་ལམ་དུ་ཞུགས་བཞིན་དུ་ལམ་འདྲིའམ། ཁྱོད་དངོས་པོ་ཡོངས་སུ་འགྱུར་བ་འབྲས་བུ་ཞེས་བྱའོ་ཞེས་ཟེར་བཞིན་དུ་རང་གི་ཚིག་གི་དོན་ཁོང་དུ་མ་ཆུད་དོ། །དེའི་ཕྱིར་ཁྱོད་
ཚེགས་ཆེ་བས་ཆོག་གི་འདུག་ཤིག་དང་། ད་ཁོ་བོ་ཉིད་ཀྱིས་ཁྱོད་ཀྱིས་བསྟན་པའི་ལྟ་བ་རྒྱུ་དང་འབྲས་བུར་འབྲེལ་པར་རྣམ་པར་རྟོག་པ་དག་ཏུ་བསྟན་པར་བྱས། ཁྱོད་ཡིད་བསྡུས་ལ་དེ་དག་ཉོན་ཅིག །འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་གྱུར་ན་འགགས་པས་སམ་གནས་པས་སྐྱེད་པར་བྱེད་
གྲང་། འབྲས་བུ་ཡང་སྐྱེད་པ་ཉིད་དམ་མ་སྐྱེས་པ་སྐྱེད་པར་བྱེད་གྲང་ན། རྣམ་པ་ཐམས་ཅད་ཀྱང་མི་འཐད་དོ། །ཇི་ལྟར་ཞེ་ན། འགགས་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །གལ་ཏེ་རེ་ཞིག་རྒྱུ་
རྣམ་པ་ཐམས་ཅད་དུ་འགགས་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པར་རྟོག་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་རྒྱུ་འགགས་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་ཡོད་པ་ཉིད་ཇི་ལྟར་སྐྱེད་པར་བྱེད། རྒྱུ་མེད་པ་གང་གིས་སྐྱེད་པར་བྱེད་པར་བརྟག་པ་དེ་ཡང་གང་ཡིན།

སྐྱེས་པ་ཉིད་ཡང་ཅི་ཞིག་བསྐྱེད་པར་བྱ་དགོས། ཅི་སྟེ་ཡང་འདི་སྙམ་དུ་འབྲས་བུ་དང་འབྲེལ་པའི་རྒྱུ་འབྲས་བུ་དང་ལྡན་པ་གནས་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་བྱེད་པར་སེམས་ན། དེ་ཡང་མི་འཐད་དེ། འདི་ལྟར་རྒྱུ་གནས་པས་འབྲས་བུ་ཡོད་པ་ཉིད་ཇི་ལྟར་སྐྱེད་པར་བྱེད། དེའི་ཕྱིར་གང་གི་ཚེ་
འབྲས་བུ་སྐྱེས་པ་ཉིད་དང་རྒྱུར་འབྲེལ་པ་ཡིན་གྱི་མ་སྐྱེས་པ་དང་ནི་མ་ཡིན་ནོ། །སྐྱེས་པ་ལ་ནི་ཡང་སྐྱེས་པའི་རྒྱུས་ཅི་བྱ། དེ་ལྟ་བས་ན་དེའང་མི་འཐད་པའོ། །ཅི་སྟེ་རྒྱུ་འབྲས་མི་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅི་སྟེ་རྒྱུ་དེ་འབྲས་བུ་དང་མ་འབྲེལ་བ་འབྲས་བུ་དང་མི་ལྡན་པས་
འབྲས་བུར་སྐྱེད་པར་བྱེད་པར་སེམས་ན། ཁྱོད་ཀྱི་འབྲས་བུ་གང་ཞིག་རྒྱུས་སྐྱེད་པར་བྱེད་པ་དེ་སྨྲོས་ཤིག །གང་གི་ཚེ་འབྲས་བུ་མ་སྐྱེས་པའི་ཕྱིར་མེད་པ་ལ་འབྲས་བུ་ཞེས་བྱ་བ་ཉིད་ཀྱང་མེད་པ་དེའི་ཚེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཇི་ལྟར་འཐད་པར་འགྱུར། ཅི་སྟེ་ཡང་
མེད་ཀྱང་དེ་ལ་དེ་སྐད་ཅེས་སྐྱེད་པར་བྱེད་པའི་མཐུ་ཉིད་ཡོད་པར་གྱུར་ན་ནི་དེས་རི་བོང་གི་རྭ་ཡང་བསྐྱེད་པར་འགྱུར་བར་ཐེ་ཚོམ་མེད་དོ། །ཡང་གཞན་ཡང་། རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །འདི་ལ་གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པར་གྱུར་ན་མཐོང་ནས་སམ་
མ་མཐོང་བར་སྐྱེད་པར་འགྱུར་གྲང་ན། གཉི་ག་ལྟར་ཡང་མི་འཐད་དོ། །ཇི་ལྟར་ཞེ་ན། གལ་ཏེ་རེ་ཞིག་མཐོང་བས་སྐྱེད་པར་འགྱུར་ན། དེ་ལྟར་ན་སྐྱེས་པ་སྐྱེད་པར་བྱེད་པར་འགྱུར་ཏེ། འདི་ལྟར་མ་སྐྱེས་པ་ནི་མཐོང་བར་མི་འགྱུར་ལ། སྐྱེས་པ་ལ་ནི་ཡང་བསྐྱེད་པར་བྱ་མི་དགོས་སོ། །
ཅི་སྟེ་ཡང་རྒྱུས་མ་མཐོང་བར་འབྲས་བུ་སྐྱེད་པར་བྱེད་པར་རྟོག་ན། དེ་ལྟ་ན་ཡང་རྒྱུས་གང་དང་གང་མ་མཐོང་བ་དེ་དང་དེ་སྐྱེད་པར་འགྱུར་བ་ཞིག་ན་སྐྱེད་པར་ཡང་མི་བྱེད་དེ། དེ་ལྟ་བས་ན་རྒྱུས་མ་མཐོང་བར་ཡང་འབྲས་བུ་སྐྱེད་པར་མི་བྱེད་དོ། །ཡང་གཞན་ཡང་། འདི་ལ་གལ་ཏེ་རྒྱུས་འབྲས་བུ་
བསྐྱེད་པར་གྱུར་ན། ཕྲད་ནས་སྐྱེད་པར་འགྱུར་གྲང་ན། འབྲས་བུ་དང་རྒྱུ་དག་ཕྲད་པ་ནི་ཇི་ལྟར་ཡང་མི་འཐད་དོ། །ཇི་ལྟར་ཞེ་ན། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་འདས་པ་ནི་རྒྱུ་

འདས་པ་དང་མ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་འདས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་
བུ་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་དང་འདས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་
འོངས་པ་དག་གི་འབྲས་བུ་དང་རྒྱུ་དག་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་
བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་ནི་རྒྱུ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདི་ནི་འདིའི་རྒྱུའོ་འདི་ནི་འདིའི་འབྲས་བུའོ་ཞེས་བྱ་བ་དེ་ལྟར་རྒྱུ་དང་འབྲས་བུ་དག་ཏུ་མི་འཐད་པའི་ཕྱིར་དང་། དེ་ལྟར་གྱུར་པ་དག་ལ་ཕྲད་པ་ཡང་
མི་འཐད་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་དང་འདས་པ་དང་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འདས་པ་དང་མ་འོངས་པ་དག་གི་རྒྱུ་དག་མེད་པའི་ཕྱིར་རོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །དེའི་ཕྱིར་དེ་ལྟར་
འབྲས་བུ་འདས་པ་དང་མ་འོངས་པ་དང་ད་ལྟར་དང་རྒྱུ་འདས་པ་དང་མ་འོངས་པ་དང་ད་ལྟར་དུ་ལྷན་ཅིག་ཕྲད་པར་འགྱུར་བ་རྣམ་པ་ཐམས་ཅད་དུ་ཡང་མི་འཐད་ན། རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ཇི་ལྟར་འཐད་པར་འགྱུར་ན། ཕྲད་པ་ཡོད་པ་ཡིན་ན་ཡང་། །རྒྱུས་ནི་འབྲས་བུ་ཇི་ལྟར་
སྐྱེད། །ཅི་སྟེ་མི་འཐད་བཞིན་དུ་ཡང་རྒྱུ་དང་འབྲས་བུ་ཕྲད་པར་རྟོག་ན། དེ་ལྟ་ན་ཡང་རྒྱུ་ཡོད་པ་ཉིད་ཀྱིས་འབྲས་བུ་དེ་ཇི་ལྟར་སྐྱེད་པར་འགྱུར། འདི་ལྟར་ཡོད་པ་ལ་ནི་ཡང་བསྐྱེད་པར་བྱ་བ་མེད་དེ་རྒྱུའི་བྱ་བ་ཡང་མེད་དོ། །ཡང་གཞན་ཡང་། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་

འབྲས་བུ་སྐྱེད་པར་བྱེད། །འདི་ལ་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན། དེ་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའམ། མི་སྟོང་པས་འབྲས་བུ་དེ་སྐྱེད་པར་བྱེད་གྲང་ན། དེ་ལ་རེ་ཞིག་གལ་ཏེ་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་པར་རྟོག་ན་དེ་ནི་དེ་ཇི་ལྟར་
ཡང་མི་འཐད་དོ། །ཅི་སྟེ་འཐད་ན་ནི་བྱེ་མས་ཀྱང་ཏིལ་མར་དང་། ཆུས་ཀྱང་མར་སྐྱེད་པར་འགྱུར་རོ། །ཡང་ན་བྱེ་མ་དང་ཏིལ་དག་ལ་ཡང་ཏིལ་མར་མེད་ལ། ཆུ་དང་ཞོ་དག་ལ་ཡང་མར་མེད་པར་འདྲ་ན། ཏིལ་ཉིད་ལས་ཏིལ་མར་འབྱུང་ལ། བྱེ་མ་ལས་མི་འབྱུང་བ་དང་། ཞོ་ཉིད་ལས་མར་
འབྱུང་ལ། ཆུ་ལས་མི་འབྱུང་བ་ལ་ཁྱད་པར་ཅི་ཡོད། དེ་ལྟ་བས་ན་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་མི་འཐད་དོ། །དེ་ལ་འདི་སྙམ་དུ་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་འབྲས་བུ་སྐྱེད་པར་སེམས་ན། དེ་ལ་བཤད་པར་བྱ་སྟེ།
གལ་ཏེ་འབྲས་བུ་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་པའི་རྒྱུ་ཉིད་ཡིན་ན། དེས་ཇི་ལྟར་འབྲས་བུ་དེ་སྐྱེད་པར་འཐད། གང་གི་ཚེ་འབྲས་བུ་ཡོད་པ་ཉིད་ཡིན་ན་དེ་ངོ་བོ་ཉིད་ཀྱིས་སྟོང་པ་མ་ཡིན་པ། སྐྱེས་ཟིན་པ་ལ་ནི་ཡང་བསྐྱེད་པར་
བྱ་བ་མེད་དེ། དེ་ལྟ་བས་ན་འབྲས་བུའི་བདག་ཉིད་ཀྱིས་མི་སྟོང་བའི་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་བྱ་བ་དེ་ཡང་སྐྱེ་བོ་ངོ་བཟློག་མི་ཕོད་པས་གཟུང་བར་བྱ་བ་ཡིན་ནོ།། །།དབུ་མའི་རྩ་བའི་འགྲེལ་པ་བུད་དྷ་པཱ་ལི་ཏ། བམ་པོ་བརྒྱད་པ། ཡང་གཞན་ཡང་། འདི་ལ་
རྒྱུས་འབྲས་བུ་སྐྱེད་དོ་ཞེས་བྱ་བ་གང་ཡིན་པ་དེ་ཡང་། ངོ་བོ་ཉིད་ཀྱིས་མི་སྟོང་པའམ་སྟོང་པ་ཞིག་སྐྱེ་བ་དང་འགག་པར་འགྱུར་གྲང་ན། དེ་ལ་ཁོ་བོས་བཤད་པར་བྱ་སྟེ། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་
སྐྱེས་པར་ཡང་འགྱུར་བ་ཡིན། །འབྲས་བུ་ངོ་བོ་ཉིད་ཀྱིས་མི་སྟོང་པ་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པ་གང་ཡིན་པ་དེ་ནི་སྐྱེ་བར་མི་འགྱུར་འགག་པར་ཡང་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རོ། །འདི་ལྟར་རང་བཞིན་ལ་ནི་འགྱུར་བ་མི་འཐད་

པས། དེའི་ཕྱིར་འབྲས་བུ་དེ་མི་སྟོང་བར་ཡོངས་སུ་རྟོག་ན། རྟག་པའི་ཕྱིར་ཁྱོད་ཀྱི་དེ་ནི་མ་འགགས་པ་དང་མ་སྐྱེས་པར་ཡང་འགྱུར་རོ། །དེ་ལྟ་བས་ན་འབྲས་བུ་མི་སྟོང་བ་ནི་སྐྱེ་བར་མི་འགྱུར་ཞིང་འགག་པར་ཡང་མི་འགྱུར་རོ། །དེ་ལ་འདི་སྙམ་དུ་འབྲས་བུ་སྟོང་པ་སྐྱེ་བ་དང་འགག་པར་
འགྱུར་བར་སེམས་ན། དེ་ལ་བཤད་པར་བྱ་སྟེ། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པ་ཡང་ཐལ་བར་འགྱུར། །འབྲས་བུ་ངོ་བོ་ཉིད་ཀྱིས་སྟོང་པ་བདག་ཉིད་ཀྱིས་རབ་ཏུ་མ་གྲུབ་པ་གང་ཡིན་པ་དེས་ཇི་ལྟར་སྐྱེ་བར་
འགྱུར་ཞིང་། ཇི་ལྟར་འགག་པར་འགྱུར། ཅི་སྟེ་འབྲས་བུ་དེ་ངོ་བོ་ཉིད་མེད་ཀྱང་སྐྱེ་བ་དང་འགག་པར་རྣམ་པར་རྟོག་ན་དེ་ལ་སྨྲ་བར་བྱ་དགོས་ཏེ། ཅི་སྟེ་འབྲས་བུའི་ངོ་བོ་མ་གཏོགས་པ་གཞན་ཞིག་སྐྱེ་བ་དང་འགག་པར་འགྱུར་རམ། ཅི་སྟེ་འབྲས་བུའི་དངོས་པོ་མ་གཏོགས་པ་གཞན་ཞིག་སྐྱེ་བར་
འགྱུར་ན་ནི་དེས། འབྲས་བུ་ལ་ཅིར་འགྱུར་ཏེ། འདི་ལྟར་འབྲས་བུར་ཡིན་པ་སྐྱེ་བ་འབྲས་བུར་མི་འགྱུར། དེ་ལྟ་བས་ན་འབྲས་བུ་དེ་སྟོང་པར་ཡོངས་སུ་རྟོགས་ན་ཡང་མེད་པའི་ཕྱིར་མ་འགགས་པ་དང་མ་སྐྱེས་པར་ཡང་ཐལ་བར་འགྱུར་བས། དེ་ཡང་མི་འདོད་དོ། །དེ་ལྟ་བས་ན་འབྲས་བུ་
སྟོང་པ་ཡང་སྐྱེ་བར་མི་འགྱུར་ཞིང་འགག་པར་ཡང་མི་འགྱུར་རོ། །ཡང་གཞན་ཡང་། གལ་ཏེ་རྒྱུ་དང་འབྲས་བུ་དག་ཏུ་འགྱུར་ན། གཅིག་པ་ཉིད་དམ་གཞན་ཉིད་དུ་འགྱུར་གྲང་ན། དེ་ཡང་ཡོངས་སུ་བརྟགས་ན། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་
དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེད་དང་བསྐྱེད་པ་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །འདི་ལྟར་གལ་ཏེ་རྒྱུ་དང་འབྲས་བུ་དག་གཅིག་
པ་ཉིད་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེད་པ་དང་བསྐྱེད་པ་དོན་དག་གཅིག་པ་ཉིད་དུ་འགྱུར་བས་དེ་ཡང་མི་འཐད་དེ། འདི་ལྟར་ཕ་དང་བུ་དག་ཇི་ལྟར་གཅིག་པ་ཉིད་དུ་འགྱུར། ས་བོན་དང་མྱུ་གུ་དག་ཀྱང་གཅིག་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ཡང་རྒྱུ་དང་འབྲས་བུ་དག་འདི་ནི་རྒྱུའོ། །འདི་ནི་འབྲས་བུའོ་

ཞེས་གཞན་ཉིད་དུ་གྱུར་ན། དེ་ལྟ་ན་ཡང་རྒྱུ་དང་རྒྱུ་མ་ཡིན་པ་དག་མཚུངས་པར་འགྱུར་རོ། །ཇི་ལྟར་ནས་ཀྱི་མྱུ་གུ་ལས་འབྲས་ཀྱི་ས་བོན་གཞན་ཡིན་པ་དེ་བཞིན་དུ་འབྲས་ཀྱི་མྱུ་གུ་ལས་ཀྱང་ནས་ཀྱི་ས་བོན་གཞན་ཡིན་ན། དེ་ལ་ནས་ཀྱི་ས་བོན་ནི་ནས་ཀྱི་མྱུ་གུའི་རྒྱུ་ཡིན་གྱི་འབྲས་ཀྱི་ས་བོན་
ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཅིའི་ཕྱིར་དེ་ལྟར་འགྱུར། དེ་ལྟ་བས་ན་རྒྱུ་དང་འབྲས་བུ་དག་གཅིག་པ་ཉིད་ཀྱང་མ་ཡིན་ལ་གཞན་ཉིད་དུ་ཡང་མི་འཐད་དོ། །གང་དག་ལ་གཅིག་པ་ཉིད་དང་གཞན་ཉིད་དུ་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་ལ་གྲུབ་པ་མེད་དེ། དེ་དག་ལས་གཞན་དུ་འགྲུབ་ལ་མི་
འཐད་པའི་ཕྱིར་རོ། །ཡང་གཞན་ཡང་། གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན་དེ་ངོ་བོ་ཉིད་ཀྱིས་ཡོད་པར་འགྱུར་བ་ཞིག་སྐྱེད་པར་བྱེད་དམ། མེད་པར་གྱུར་པ་ཞིག་སྐྱེད་པར་བྱེད་གྲང་ན། དེ་ལ་ཁོ་བོས་བཤད་པར་བྱ་སྟེ། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་སྐྱེད་པར་བྱེད། །
འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་འགྱུར། །གལ་ཏེ་འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པར་གྱུར་ན་མ་བྱས་ཀྱང་རྫོགས་པར་ཡོད་པ་ཉིད་ཡིན་པས་དེ་ཡོད་ན། རྒྱུས་དེ་ལ་གཞན་ཅི་ཞིག་སྐྱེད་པར་འགྱུར། ཅི་སྟེ་དེ་ཉིད་སྐྱེད་པར་བྱེད་དོ་ཞེས་རྟོག་ན་དེ་ནི་མི་རིགས་ཏེ། སྐྱེས་པ་
ལ་ཡང་སྐྱེ་བའི་བྱ་བ་མེད་དོ། །ཅི་སྟེ་འབྲས་བུ་དེ་ངོ་བོ་ཉིད་ཀྱིས་མེད་པར་གྱུར་པ་ཡིན་ན་དེ་རྒྱུས་ཇི་ལྟར་སྐྱེད་པར་འགྱུར། ཅི་སྟེ་འབྲས་བུ་ངོ་བོ་ཉིད་ཀྱིས་མེད་ཀྱང་རྒྱུས་བསྐྱེད་པར་འགྱུར་ན་ནི། ཤིང་བ་ཊའི་མེ་ཏོག་གིས་ཀྱང་ཕྲེང་བ་འཆིང་བར་ཐེ་ཚོམ་མེད་དོ། །དེ་ལྟ་བས་ན་འབྲས་བུ་ཡོད་
པར་འགྱུར་བ་དང་འབྲས་བུ་མེད་པར་འགྱུར་བ་ཡང་རྒྱུས་བསྐྱེད་པར་མི་འཐད་དོ། །སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །རྒྱུ་གང་གིས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་ན། དེ་རྒྱུ་ཉིད་དུ་འཐད་པར་མི་འགྱུར་རོ། །འདི་ལྟར་སྐྱེད་པར་བྱེད་པའི་རྒྱུ་ཞེས་བྱ་བ་ན་ཅི་སྟེ་སྐྱེད་པར་བྱེད་
པ་མ་ཡིན་ཡང་ར