Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 40
Văn bản gốc(Tây Tạng)
Trang 14 / 22 (50.000 ký tự/trang)
ྲུག་གོ། །དེ་བཞིན་དུ་སེམས་སུ་གཏོགས་པའི་ཆོས་ནི་གཏི་མུག་དང་ཉེས་པ་དང་འདོད་ཆགས་དང་། སྒྲིབ་པ་རྣམས་རྣམ་པར་དག་པས་ཁྲོ་བོ་བཞི་སྟེ། དེ་ཐམས་ཅད་ཀྱང་རྡོ་རྗེ་སྟེ། དེ་བས་ན་བྱང་ཆུབ་སེམས་ རྡོ་རྗེ་འདྲ་བར་རྒྱ་ཆེན་པོར་སྤྲོས་པ་དེ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་ཏོ། །དེ་ལྟར་ལྷའི་ངོ་བོའི་སྒོ་ནས་བསྟོད་ནས། ད་ནི་སྒྲུབ་པ་ལ་སོགས་པའི་སྒོ་ནས་བསྟོད་པ་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པས་དང་པོར་གོང་གི་དོན་གསང་བའི་དབང་བསྐུར་བ་དང་ལྡན་པར་བསྒོམ་པ་ དེ་ཕྱག་འཚལ་བའི་གནས་ཡིན་པར་བསྟན་ཏེ། གང་ཞིག་ཅེས་པ་ནི་སྒྲུབ་པའོ། །ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ། །ཞེས་པ་ནི་དངོས་པོའི་ཚོགས་ཐམས་ཅད་ཐོག་མ་མེད་པའི་དུས་ནས་དཀྱིལ་འཁོར་གྱི་འཁོར་ལོ་གོང་དུ་གསུངས་པ་ལྟར་དག་པ་སྟེ། དེ་ཡང་ཐབས་དང་ ཤེས་རབ་དབྱེར་མེད་པའི་དོན་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པ་ལས་བྱུང་ཞིང་མཚན་མའི་སྤྲོས་པ་དང་བྲལ་བ་སྒོམ་པར་བྱེད་པའོ། །གང་དང་ལྡན་པར་སྒོམ་པར་བྱེད་ཅེ་ན། གསང་བའི་དབང་ཐོབ་ནས་ཁྱད་པར་གྱི་བརྟུལ་ཞུགས་དང་དམ་ཚིག་དང་སྦྱོར་བ་ལ་གནས་ནས་ རྟོགས་པ་ནི་ལམ་ཁྱད་པར་ཅན་དང་ལྡན་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །ཐབས་ཀྱི་དངོས་པོ་བཞིས་སྒོམ་པར་བྱེད་པ་ཡང་ཕྱག་འཚལ་བའི་གནས་ཡིན་པར་གསུངས་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དངོས་གྲུབ་ མཆོག་ནི་རྡོ་རྗེ་འཆང་བའོ། །དེའི་ཐབས་ནི་ཀ་ལ་སྟེ་མདའི་ཐབས་དང་འདྲ་བའི་ཕྱིར་རོ། །དེ་དངོས་གང་ཞེ་ན། བསྙེན་པའི་ཆོ་ག་ཞེས་བྱ་བ་ནི་ས་ལྷའི་སྐུའོ། །ཉེ་བར་སྒྲུབ་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབས་པའོ། །སྒྲུབ་པ་ནི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའོ། ། དངོས་གྲུབ་ཆེན་པོ་ནི་རིགས་ཀྱི་བདག་པོས་དབུ་བརྒྱན་པའོ། །དེ་ཡང་སྔར་བཤད་པའི་རིམ་པ་བཞིན་དུ་ཕྱེ་བ་རྣམས་ཏེ། དེ་ལ་བློ་མི་འགྱུར་བའི་སྒྲུབ་པའི་དབང་པོ་དེ་ལ་ཡང་བྱང་ཆུབ་རྡོ་རྗེ་དང་འདྲ་བར་ཕྱག་འཚལ་ལོ་ཞེས་སོ། །ཐུན་བཞིར་སྒོམ་པར་བྱེད་པའི་སྒྲུབ་པ་པོ་བསམ་གཏན་ གྱི་སྐལ་བས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །ཐུན་བཞི་ཞེས་པ་ནི་ཐོ་རངས་དང་། སྔ་དྲོ་དང་། ཕྱི་འབྲེད་དང་། སྲོད་དང་ཕྱག་རྒྱ་བཞིའི་དུས་པས་རྡོ་རྗེ་སྟེ། དེར་སྒྲུབ་པར་བྱེད་པ་ཞེས་སོ། །དེས་མི་སྣང་བ་ལ་སོགས་པའི་དངོས་ གྲུབ་ནས་མཆོག་སྟེ། དེ་དག་ཁོ་ན་སྨིན་པའི་དབང་ལས་སངས་རྒྱས་ཀྱི་དངོས་གྲུབ་ཏུ་ཡང་འགྱུར་རོ་ཞེས་སོ། །དེ་ལྟ་བུའི་བླ་མའི་དྲིན་གྱིས་མ་ནོར་བའི་ལམ་རྟོགས་པ་དེ་ལ་ཡང་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་ཕྱག་འཚལ་ལོ་ཞེས་སོ། །གསང་བ་འདུས་པའི་རྒྱུད་ཉན་པ་ལ་སོགས་པ་ རྣམས་ཀྱང་སངས་རྒྱས་ཀྱི་ས་བོན་ཐོབ་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །བླ་མ་ལ་ཉན་པ་དང་། ཁ་དོན་དུ་འདོན་པར་བྱེད་པ་དང་། ཀློག་པ་དང་། རྟག་ཏུ་ཡིད་ལ་སེམས་པ་དང་། མེ་ཏོག་ལ་སོགས་པས་མཆོད་པ་དང་། ཡི་གེ་འདྲི་བ་དང་། གཞན་འདྲིར་འཇུག་པ་ཡང་དག་པའི་ལམ་གྱི་གཞི་ཡིད་ལ་གནས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །སྔགས་དང་ཐབས་ལ་སོགས་པས་སྒྲུབ་པར་བྱེད་པའི་སྐྱེ་བོ་རྣམས་སྒྲུབ་པ་པོ་ཡེ་ཤེས་ཀྱིས་རྒྱས་བཏབ་པས་སྡིག་ པའི་ལས་དང་བྲལ་བས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །དེ་ཡང་ལེའུ་བཅུ་བཞི་པ་ལ་སོགས་པ་ལས་གསུངས་པའི་ཐབས་དང་། སྔགས་དང་། ཞི་བ་ལ་སོགས་པའི་ལས་རྣམས་ཀྱིས་དེ་བཞིན་དུ་རྒྱས་བཏབ་པའི་སྒྲུབ་པའི་ དབང་པོས་ཡང་དག་པར་ཟིན་པའི་བསྒྲུབ་པར་བྱ་བ་འདི་དང་ལྡན་པ་དེ་ཡང་ལས་ཀྱི་སྒྲིབ་པ་དང་རྣམ་པར་བྲལ་བས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་བར་བལྟས་ལ་ཕྱག་འཚལ་ལོ་ཞེས་སོ། །གང་ཡང་སྒྲུབ་པའི་དབང་པོ་དེ་ལྟ་བུ་མཐོང་བ་ལ་སོགས་པས་དགའ་བ་ཡང་དད་པའི་ སྟོབས་ཀྱིས་མི་དགེ་བའི་ལས་རྣམ་པར་འཇིག་པས་ཕྱག་འཚལ་བའི་གནས་ཡིན་པར་བསྟན་པ། གང་ཞིག་ཅེས་པ་ལ་སོགས་པའོ། །གང་ཞིག་ཅེས་པ་ནི་སྐྱེ་བོ་གང་ཞིག་ཅེས་པའོ། །གཙོ་བོ་སྒྲུབ་པོ་ཞེས་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་ལ་གནས་པ་བླ་མ་སྟེ། དེ་གང་ ཟག་གང་གིས་མཐོང་བའམ། རེག་པའམ། ཡིད་ལ་སེམས་ཤིང་ལེགས་པར་དྲན་པར་བྱེད་པའམ། མིང་ཙམ་ཐོས་ནས་དད་པར་བྱེད་ཅིང་ཡོན་ཏན་གྱི་ཕྱོགས་གཅིག་ཙམ་ཡང་འཛིན་པར་བྱེད་པ་དེ་ཡང་བླ་མའི་སྟོབས་ཀྱིས་དག་པས་ན། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དང་འདྲ་ བར་བལྟས་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། གང་ཞིག་མཐོང་བར་གྱུར་པ་དང་། །ཐམས་ཅད་དུ་ནི་མཆོད་གྱུར་ན། །སངས་རྒྱས་ཐམས་ཅད་མཐོང་བ་དང་། །མཆོད་པ་ཉིད་དུ་འགྱུར་བ་ཡིན། །ཞེས་སོ། །དེ་ལྟར་ཚིགས་སུ་བཅད་པ་བཅུས་བསྟོད་པའི་སྒོ་ནས་རྒྱུད་ཀྱི་དོན་ རྗེས་སུ་བསྟན་ནས་ད་ནི་དོན་ཆེན་པོས་བསྟོད་པའི་ཕན་ཡོན་བསྟན་པའི་ཕྱིར་བསྟོད་པའི་ཚིག་ནི་ཞེས་པ་ལ་སོགས་པའོ། །བསྟོད་པའི་ཚིག་ནི་ཞི་བ་འདིས། །ཞེས་པ་ནི་དོན་ཞི་བ་རབ་ཏུ་སྟོན་པའི་ཕྱིར་དེ་སྐད་དོ། །འདྲེན་པ་ཀུན་ཞེས་པ་ནི་བདེ་བར་གཤེགས་པ་རྣམས་ཏེ། ཐུགས་ རྗེའི་ཕྱག་དང་ལྡན་པའི་ཕྱིར་རོ། །དེ་རྣམས་བསྟོད་པ་དང་། བྱང་ཆུབ་སེམས་དཔའ་གྲགས་ཆེན་ལ། །མགོན་པོ་དེ་དག་ཅེས་ཏེ། བདེ་བར་གཤེགས་པ་རྣམས་ཡི་རང་ཞིང་མངོན་པར་དགའོ་ཞེས་སོ། །མ་འོངས་པའི་རྣལ་འབྱོར་པ་རྣམས་ཀྱིས་བསྟོད་པ་འདི་བྱས་ན་དེ་དག་དགའ་ཞིང་དངོས་གྲུབ་སྩོལ་བར་འགྱུར་རོ་ཞེས་པའི་ དོན་ཏོ། །ད་ནི་གསང་བ་འདུས་པའི་རྒྱུད་འདི་ནི་རྒྱུད་གཞན་ལས་ཕུལ་དུ་བྱུང་བར་བསྟན་པའི་ཕྱིར་འདུས་པ་གསང་བ་ཞེས་པ་ལ་སོགས་པའོ། །རྒྱུད་ཐམས་ཅད་ཀྱི་དོན་འདིར་འདུས་པས་ན་ཀུན་གྱི་བདག་པོ་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ན་རྒྱུད་འདི་ལེགས་པར་གསུངས་པ་ཡིན་ཞེས་ཏེ་སྒྲོ་འདོགས་ པ་དང་སྐུར་པ་གཉིས་དང་བྲལ་བར་གསུངས་སོ་ཞེས་པའི་དོན་ཏོ། །ད་ནི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་ཀྱི་དོན་ལ་སྦྱར་ནས་ཅང་མི་གསུང་བར་སྦྱར་བ་བསྟན་པའི་ཕྱིར་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། སྐུ་ དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ནི་རྡོ་རྗེ་འཛིན་པའི་སྐུ་རྡོ་རྗེ་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཞེས་ཏེ། ས་བོན་གྱིས་བསྡུས་ནས་རྣམ་པར་བཅུག་སྟེ་སྐུ་ལ་སོགས་པ་ཡང་དེ་བཞིན་ཉིད་ནམ་མཁའ་དང་འདྲ་བར་བརྗོད་དུ་མེད་པས་ན་དེ་ལ་དམིགས་ཏེ་ཅང་མི་གསུང་བར་ གྱུར་ཏོ་ཞེས་པའི་དོན་ཏོ། །དེ་བས་ན་འདི་ནི་དཀྱིལ་འཁོར་བསྡུ་བའི་དོན་དུ་བལྟ་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ནི་སྐུ་དང་གསུང་དང་ཐུགས་ཏེ་དེའི་ངོ་བོ་ཉིད་ནི་གསང་བའོ། །དེ་བས་ན་གསང་བ་ཡང་དེ་འདུས་པ་ཡང་དེ་བས་ན་གསང་བ་འདུས་པའི་རྒྱུད་ལས་གསང་བ་ཐམས་ཅད་དེ་སྦས་ པའི་ངོ་བོ་རྣམས་སྟོན་པས་ན་དེས་བྱིན་གྱིས་བརླབ་ཅིང་ཤེས་པར་བྱེད་པ་དང་། མཛེས་པའི་དོན་གྱི་རྒྱལ་པོ་སྟེ་དེ་སྟོན་པར་བྱེད་པའི་གཞུང་གི་ལེའུ་བཅོ་བརྒྱད་པའོ་ཞེས་སོ། །གང་ཞིག་གསང་རྒྱུད་ཡང་དག་སྦས་པ་རྣམས་སྦྱིན་པ། །བདེ་གཤེགས་བློ་མཆོག་ཉི་མའི་འོད་འདྲ་ཕྱི་མའི་རྒྱུད། །ཐ་ཤལ་བདག་འདྲས་ ག་ལ་སྟོབས་ཏེ་གཞག་པར་འོས། །འོན་ཀྱང་འགའ་ལ་ཕན་པ་དམ་པའི་བཀའ་ཡིས་དེ་ནི་ཕྱེ། །དེ་ལས་བྱུང་བའི་དགེ་བ་ཁ་བ་ཟླ་བ་ལྟར་སྣང་བས། །སྐྱེ་བོ་གསང་བ་འདུས་རྒྱུད་ཡང་དག་དོན་ནི་རབ་ཆུད་དེ། །འདི་ལམ་རིམ་པ་གང་གིས་འགྲོ་བའི་ལམ་དེ་ཡིས། །རྡོ་རྗེ་འཛིན་པའི་ས་ལ་ཡང་དག་རོལ་པར་ཤོག ། ཡང་དག་རིག་བྱེད་ཅེས་བྱ་བ་རྒྱུད་ཕྱི་མའི་རྣམ་པར་བཤད་པ་སློབ་དཔོན་བཻ་དྱ་པཱ་དས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུ་ཧྱ་དང་། བོད་ཀྱི་ལོ་ཙཱ་བ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ཀུ་སུ་མཱཉྫ་ལི་གུ་ཧྱ་ས་མ་ཛ་ནི་བནྡྷ་ནཱ་མ། བོད་སྐད་དུ། གསང་བ་འདུས་པའི་བཤད་སྦྱར་སྙིམ་པའི་མེ་ཏོག་ཅེས་བྱ་བ། བཅོམ་ལྡན་འདས་གསུང་གི་དབང་ཕྱུག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ནམ་མཁའ་དང་མཚུངས་ཁྱབ་ མཛད་པ། །དཔལ་མཆོག་དང་པོ་ཉིད་ཀྱི་སྐུ། །གང་ལས་གཟའ་སྐར་བཞིན་རྒྱལ་རྣམས། །ཤར་དང་ནུབ་གྱུར་ཁྱེད་སྐྱོང་ཤོག །ཐུབ་པ་རྣམས་ཀྱི་སྐུ་མཆོག་མཁའ་འདྲ་བ། །གང་ལས་ཉི་ཟླ་ལྟར་འབར་མཛེས་དེ་དག །ཡེ་ཤེས་རང་བཞིན་སྐུ་གཉིས་རྣམ་འཛིན་པ། །རྡོ་རྗེ་འཆང་བར་ གསུང་དེ་ལ་ཕྱག་འཚལ། །དངོས་གྲུབ་ཚུལ་གྱི་རིན་ཆེན་རྒྱ་མཚོ་ཡིས། །འདུས་པའི་དོན་ནི་བསྟན་པར་སུ་ཡིས་ནུས། །དེ་ལ་གུས་པའི་ལྕུག་མ་དག་ལས་ནི། །བཤད་སྦྱར་འདི་ནི་སྙིམ་པའི་མེ་ཏོག་ཡིན། །འདིར་ལེའུ་བཅོ་བརྒྱད་དང་ལྡན་པའི་ངག་ཆེན་པོ་དེ་ལ་གསང་བ་འདུས་པའི་རྣལ་འབྱོར་ གྱི་རྒྱུད་ཅེས་བྱ་ན། ཡང་དེ་ཇི་ལྟར་ན་གསང་བ་འདུས་པ་ཞེས་བྱ། ཇི་ལྟར་ན་རྣལ་འབྱོར་གྱི་རྒྱུད་ཡིན། འདིའི་སྐྱེས་བུའི་དོན་གང་། བརྗོད་པར་བྱ་བའི་དགོས་པའི་གཙོ་བོ་ནི་གང་ཡིན། འདིར་ཉམས་སུ་བླང་བར་ནུས་པ་དགོས་པ་དང་རྗེས་སུ་མཐུན་པའི་ཐབས་ནི་གང་ཡིན། འདི་དག་གི་དགོས་པའི་འབྲེལ་པ་ནི་གང་ཡིན། དེ་ཡང་ཚད་མ་རྣམ་འགྲེལ་ལས། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །དཔྱད་པར་བྱ་བར་འོས་པ་ཡིན། །དེ་ལས་གཞན་པ་དཔྱད་འོས་མིན། །ཞེས་བཤད་པ་ཡིན་ནོ། །གཞན་ཡང་གསུང་ རབ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་འདི་གང་ཡིན་ཞེ་ན། འདི་ནི་ཟབ་མོའི་དོན་མདོར་སྟོན་པས་ན་མདོའི་སྡེ་ཡིན་ནོ། །དེ་ལྟ་ན་འདིའི་དགོས་པ་ནི་གང་ཡིན། བསྡུས་པའི་དོན་ནི་གང་ཡིན། ཚིག་གི་དོན་དང་། མཚམས་སྦྱར་བ་དང་། བརྒལ་བའི་ལན་ནི་གང་ཡིན་ཞེས་བརྗོད་པར་བྱ་ སྟེ། ཇི་སྐད་དུ། རྣམ་པར་བཤད་པའི་རིག་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། །དགོས་པ་བསྡུས་པའི་དོན་བཅས་དང་། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། །བརྒལ་ལན་བཅས་པས་བསྙད་པར་བྱ། །ཞེས་བཤད་པ་ཡིན་ནོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསང་བ་ནི་གསུམ་སྟེ། སྐུའི་གསང་བ་དང་། གསུང་གི་གསང་བ་དང་། ཐུགས་ཀྱི་གསང་བའོ། །གསང་བ་རྣམས་འདུས་ཤིང་ཚོགས་པ་གང་ལ་ཡོད་པ་ནི་གསང་བ་འདུས་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟེ། དེ་ལ་ དེ་དག་རག་ལས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་མདོར་བསྡུ་ན། སྐུའི་གསང་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པའོ། །གསུང་གི་གསང་བ་ནི་སྤྱན་ལ་སོགས་པའོ། །ཐུགས་ཀྱི་གསང་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་སྟེ། གསང་བ་འདུས་པ་རྗོད་པར་ བྱེད་པའི་གཞུང་ལ་ཡང་ཉེ་བར་བཏགས་ནས་མིང་དེ་སྐད་ཅེས་བྱ་སྟེ། སི་ཏ་ཕྲོགས་པའི་སྙན་དངགས་བཞིན་ནོ། །དེ་སྐད་དུ་ཡང་། སྐུ་གསུང་ཐུགས་ནི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་ པར་བཤད། །ཅེས་འཆད་པར་འགྱུར་རོ། །ཤེས་རབ་དང་ཐབས་དག་གི་སྙོམས་པར་འཇུག་པ་སྟེ། རབ་ཏུ་སྦྱོར་བ་ནི་རྣལ་འབྱོར་རོ། །ཉེ་བར་སོང་བས་ན་ཐབས་ཏེ། སེམས་ཞེས་རབ་ཏུ་འཇུག་པའོ། །དེ་ཉིད་དངོས་པོའི་མཚན་ཉིད་དེ། །དེ་དེ་ཁོ་ནའི་ངོ་བོར་གྱུར་པའི་ཕྱིར་རོ། ། དེ་ཡང་གྱུར་པ་པོ་མ་གཏོགས་པར་གྱུར་པ་མེད་པས་སེམས་ཉིད་དེ། ཐབས་དེ་ཉིད་ཞི་གནས་དང་སྐྱེས་བུ་དང་ཡེ་ཤེས་ཀྱང་ཡིན་ནོ། །རང་བཞིན་མེད་པའི་ཡེ་ཤེས་ནི་ཤེས་རབ་སྟེ། ཕུལ་དུ་བྱུང་བའི་ཤེས་པ་ཡིན་པས་སོ། །འདིར་རང་བཞིན་མེད་པ་ལ་ཡང་ཤེས་རབ་ཅེས་བྱ་སྟེ། རིག་པ་ དང་རིག་བྱ་དབྱེར་མེད་པས་སོ། །དེ་ཁོ་ན་ཉིད་བྱེ་བྲག་ཏུ་མཐོང་བས་ན་ལྷག་མཐོང་ཡིན་ལ། སྡུག་པར་གྱུར་པས་ན་དགའ་བ་མ་ཡིན་ཏེ། ཤེས་རབ་དང་རིག་པ་དང་ཤེས་བྱ་ཡང་ཡིན་ནོ། །ཐབས་དང་ཤེས་རབ་དེ་དག་གཉིས་སུ་མེད་པ་ནི་རབ་ཏུ་སྦྱོར་བ་སྟེ་རྣལ་འབྱོར་རོ། །རྒྱུད་ནི་རྒྱུན་ཏེ། དེ་ ཡང་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དོ། །དེ་ལ་རིགས་ཀྱི་དབྱེ་བ་ནི་རྒྱུའི་རྒྱུད་དོ། །རིགས་ཀྱི་དབྱེ་བ་ལས་འབྲས་བུར་གྱུར་པ་རྡོ་རྗེ་འཆང་ཆེན་པོའི་རབ་ཏུ་དབྱེ་བ་ནི་འབྲས་བུའི་རྒྱུད་དོ། །རྒྱུ་ལས་འབྲས་བུ་གྲུབ་པར་བྱ་བའི་ཕྱིར་སྔགས་དང་། ཕྱག་རྒྱ་དང་། དཀྱིལ་འཁོར་ལ་ སོགས་པའི་རྐྱེན་ནི་ཐབས་ཀྱི་རྒྱུད་ཡིན་ནོ། །རྣལ་འབྱོར་གཙོ་བོར་གྱུར་པའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱུད་དོ། །དེ་སྟོན་པར་བྱེད་པ་ཉིད་ཡིན་པས་ན་གཞུང་ལ་ཡང་འདི་སྐད་ཅེས་བྱའོ། །དེ་སྐད་དུ་ཡང་། ཤེས་རབ་ཐབས་ཀྱི་སྙོམས་འཇུག་པ། །རྣལ་འབྱོར་ཞེས་ནི་བྱ་བར་བཤད། །གང་ ཞིག་དངོས་མེད་ཤེས་རབ་སྟེ། །ཐབས་ནི་དངོས་པོའི་མཚན་ཉིད་དོ། །རྒྱུན་ནི་རྒྱུད་ཅེས་བྱ་བར་གྲགས། །རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། །གཞི་དང་དེ་བཞིན་རང་བཞིན་དང་། །སྤོང་དུ་མེད་པར་རབ་ཏུ་ཕྱེ། །རང་བཞིན་སྦྱང་བྱའི་རྒྱུ་ཡིན་ཏེ། །དེ་བཞིན་སྤང་མེད་འབྲས་བུའོ། ། གཞི་ནི་ཐབས་ཞེས་བྱ་བ་སྟེ། །གསུམ་གྱི་རྒྱུད་ནི་དོན་བསྡུས་པའོ། །ཞེས་འཆད་པར་འགྱུར་རོ། །གང་གི་ཕྱིར་གསང་བ་འདུས་པ་འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་པ་དེའི་ཕྱིར་རྣལ་འབྱོར་གྱི་རྒྱུད་གཞན་དང་ཐུན་མོང་དུ་གྱུར་པ་ནི་འདིའི་གཙོ་བོའི་དགོས་པ་སྟེ། འབྲས་བུའི་རྒྱུད་དོ། །ཐུན་ མོང་མ་ཡིན་པ་ནི་གསང་བ་འདུས་པའི་རྒྱུད་འདི་ཉིད་ལས་གསང་བ་འདུས་པའི་ཚུལ་དུ་འབྲས་བུ་གྲུབ་པའི་ཕྱིར་སྲིད་པ་དང་ཞི་བ་ལ་མི་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ནི་མི་ཟད་པ་དང་མི་ཉམས་པ་བླ་ན་མེད་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཐར་པ་ཆེན་པོའི་བདེ་བ་ཡིན་ཏེ། དེ་བས་ན་འདི་ནི་སྐྱེས་བུའི་དོན་གྱི་མཆོག་ཏུ་གྱུར་པ་ཡིན་པས་ན་དགོས་པའི་གཙོ་བོ་ཡིན་ནོ། །དེ་ནི་རང་ཉིད་ལ་ཐ་དད་པ་མི་མངའ་ན་ཡང་ཐབས་ཀྱི་དབྱེ་བས་ཐ་དད་པར་ཐ་སྙད་དུ་བྱས་པ་ཡིན་ནོ། །དེ་ལ་གསང་བ་འདུས་པ་ཞེས་བྱ་བའི་ཐབས་ནི་ཐབས་གཞན་དེ་དག་ཐམས་ཅད་ལས་ཁྱད་ པར་དུ་འཕགས་པ་ཡིན་ཏེ། ཤིན་ཏུ་བདེ་བ་དང་། ཤིན་ཏུ་མྱུར་བ་ཉིད་དུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་རོ། །དེ་བས་ན་དེས་ཐོབ་པའི་འབྲས་བུ་གསང་བ་འདུས་པ་ཞེས་བྱ་བ་ཡང་འབྲས་བུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་པར་བཤད་དོ། །རྒྱུའི་རྒྱུད་དང་ ཐབས་ཀྱི་རྒྱུད་ནི་དགོས་པའི་རྗེས་སུ་མཐུན་པའི་ཐབས་ཡིན་ཏེ། དེ་དག་ཐོས་པ་དང་། བསམ་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་ཉམས་སུ་བླང་བར་ནུས་པ་ཉིད་ཡིན་ལ་དེ་དག་གིས་ཉམས་སུ་བླངས་པས་དགོས་པ་འགྲུབ་པའི་ཕྱིར་རོ། །ཐབས་ཀྱང་གནས་ཇི་ལྟ་བ་བཞིན་དུ་གསང་ བ་རྣམས་འདུས་པ་ཉིད་ཡིན་ནོ། །འབྲེལ་པ་ནི་ཚིག་དང་ངག་རྣམས་དོན་གཅིག་ལ་བསྡུ་བའི་ཕྱིར་ལྟོས་པ་སྔོན་དུ་སོང་བ་ཅན་གྱི་ཕན་ཚུན་ཕན་འདོགས་པར་བྱེད་པ་སྟེ། ལྔ་པ་དགུ་པ་ཉིད་དག་དང་། །བཅུ་བདུན་པ་དང་བཅུ་གསུམ་པ། །ཞེས་བྱ་བ་ལ་སོགས་པས་ འཆད་པར་འགྱུར་ཏེ། དེ་ཡང་ཕྱིས་བསྟན་པར་བྱའོ། །དགོས་པ་སྨྲས་ཟིན་ཏོ། །བསྡུས་པའི་དོན་ཀྱང་འབྲེལ་པ་བསྟན་པ་ཉིད་ལས་ཤེས་པར་བྱའོ། །ཚིག་གི་དོན་དང་མཚམས་སྦྱར་བ་དང་བརྒལ་བའི་ལན་རྣམས་ཀྱང་གནས་སྐབས་ཇི་ལྟ་བ་ཉིད་དུ་བཤད་པར་བྱའོ། །འདི་ལྟར་དེ་ བཞིན་གཤེགས་པའི་བསྙེན་བཀུར་བ་ཡིན་པའི་ཕྱིར་ཐོས་པ་མ་ལུས་པ་ཡང་དག་པར་བསགས་པ་ཡིན་པ་དང་། ཐོས་པ་འཛིན་པའི་མཆོག་ཡིན་པར་འཇིག་རྟེན་ན་གྲགས་པ་ཡིན་པས་ཉན་ཐོས་ཀྱི་སྡེ་སྣོད་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་ སེམས་དཔའི་སྡེ་སྣོད་ཀྱི་སྡུད་པ་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཏེ་དེ་ནི་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་ཚོགས་སྲུང་བའི་དབང་དུ་བྱས་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པའི་མདོ་ལས་བསྟན་པ་གཏད་པར་ འབྱུང་བ་དང་། ལེའུ་བཅུ་བདུན་པ་ལས། རྡོ་རྗེ་ཆོས་ཞེས་བྱ་བ་དང་། ཆོས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བསྟན་པ་གང་ཡིན་པ་དེར་ཡང་ཕྱག་ན་རྡོ་རྗེ་ཉིད་ལ་དེ་སྐད་དུ་བསྟན་པ་ཡིན་ཏེ། རྡོ་རྗེ་ཐེག་པ་ནི་རྡོ་རྗེ་ཆོས་དང་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་ཡིན་ལ། དེ་ཡང་དེ་ལ་གཏད་པ་ཡིན་ པའི་ཕྱིར་དེ་ལ་དེ་སྐད་ཅེས་བྱའོ། །དེ་བས་ན་འདི་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཐའ་དག་བྱང་ཆུབ་སེམས་དཔའ་གཅིག་གིས་བསྡུས་པར་གྱུར་པ་ན་སྡུད་པ་པོ་དང་། སྟོན་པ་པོ་དང་། ཆོས་ཀྱི་བདག་ཉིད་ཀྱི་ཆེ་བ་ཡིན་པར་ཤེས་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །བཅོམ་ ལྡན་འདས་ཀྱིས་ཀྱང་དགེ་སློང་དག་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གྱིས་ལ་ཆོས་བསྡུ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེས་འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ནོ། །དེ་ཡང་སྟོན་པ་པོ་རང་ཉིད་མངོན་པར་ རྫོགས་པར་སངས་རྒྱས་ནས་ཆོས་རྣམས་སྟོན་པར་མཛད་ལ་སྟོན་པ་ལས་ཐོས་ནས་སྡུད་པ་ཡིན་པ་དེའི་ཕྱིར། ཐོས་པ་ཞེས་བྱ་བ་འདིས་ནི་སྡུད་པ་པོར་སྟོན་པར་བྱེད་དེ། ཐོས་པ་ཡིན་གྱི་བདག་གིས་མངོན་པར་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་གཅིག་ ནས་གཅིག་ཏུ་བརྒྱུད་པ་ནི་ཤིན་ཏུ་དད་པར་བྱ་བ་མ་ཡིན་པ་དེ་བས་ན། མངོན་སུམ་དུ་ཐོས་པ་ཉིད་ནི་བདག་གིས་ཞེས་བྱ་བ་སྨོས་པ་ཡིན་ཏེ། བདག་ཉིད་ཀྱིས་སྟོན་པ་པོ་ལས་དེ་ཐོས་ཀྱི། གཞན་གྱིས་སམ། དེ་ལས་ཀྱང་གཞན་པ་ལས་ཐོས་ནས་བདག་སྟོན་པ་ནི་མ་ཡིན་ནོ་ཞེས་ བྱ་བའི་དོན་ཏོ། །མངོན་སུམ་དུ་ཐོས་སུ་ཟིན་ཀྱང་རྣམ་པ་ཐམས་ཅད་དྲན་པ་མེད་པའམ། །བསྣན་པ་དང་ཕྲི་བས་ནི་ཡང་དག་པའི་སྡུད་པ་པོར་མི་འགྱུར་བ་དེ་བས་ན་ཡང་དག་པ་ཉིད་ཡིན་པ་ནི་འདི་སྐད་ཅེས་བྱ་བ་སྨོས་པ་ཡིན་ཏེ། ཡི་གེ་དང་ཚིག་དང་། ངག་འདི་དག་ཉིད་ཀྱིས་གླེང་ གཞི་དང་སྐབས་ལ་སོགས་པའི་རིམ་པའི་རྣམ་པ་འདི་ཉིད་ཀྱིས་བདག་གིས་ཐོས་ནས་ཇི་ལྟ་བ་བཞིན་དུ་བསྡུས་པ་ཡིན་གྱི། གཞན་དུ་ཐོས་ནས་གཞན་དུ་བསྡུས་པ་ནི་མ་ཡིན་ཏེ། བརྗེད་པའམ། བསྣན་པ་ལ་སོགས་པའི་བབ་ཅོལ་གྱི་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ བྱས་ན་འདི་སྐད་ཅེས་བྱ་བའི་སྒྲ་ཉིད་ཀྱི་གླེང་གཞི་དང་། སྐབས་དང་མདོ་ཉེ་བར་བསྡུ་བ་ལ་སོགས་པའི་ངག་ནི་བཅོམ་ལྡན་འདས་ཀྱིས་གནང་བ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །དེ་བས་ན་བསྟན་པ་དང་མཐུན་པའི་ཡུལ་དུ་བཅོམ་ལྡན་འདས་རེས་འགའ་བཞུགས་པ་དང་། རྗེས་ སུ་མཐུན་པའི་འཁོར་འདུས་པ་ལ་སོགས་པ་ནི་གླེང་གཞི་ཡིན་ནོ། །དེ་ནི་དུས་གཅིག་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གཅིག་ན་བཅོམ་ལྡན་འདས་བཞུགས་སོ་ཞེས་བྱ་བར་སྦྱར་རོ། །དུས་ནི་དུས་ཚོད་དོ། །བཅོམ་ལྡན་འདས་ཞེས་བྱ་བ་ལ། དབང་ཕྱུག་ལ་སོགས་པ་ཕུན་ སུམ་ཚོགས་པ་དྲུག་ནི་སྐལ་བ་སྟེ། ཇི་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །ཞེས་བཤད་པ་ལྟ་བུའོ། །སྐལ་བ་དེ་འདི་ལ་མངའ་བས་ན་བཅོམ་ལྡན་འདས་ སོ། །འདི་ལྟར་དབང་ཕྱུག་ཉིད་ནི་གཞན་གྱི་དབང་མ་ཡིན་པ་ཉིད་དོ། །དེ་ནི་བཅོམ་ལྡན་འདས་ཀྱི་ཕུན་སུམ་ཚོགས་པ་ཡིན་ཏེ། བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །ཤེས་བྱ་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་རྟག་ཏུ་ཐོགས་པ་མེད་ པའི་ཡེ་ཤེས་མངའ་བས་ན་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་ཉིད་ཀྱིས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་སྒྲ་རྣམ་པར་གྲགས་པ་ཕུན་སུམ་ཚོགས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་འདོད་ པ་རྣམས་ཀྱིས་བསྟན་པར་བྱ་བ་ཡིན་པས་ན་དཔལ་ཕུན་སུམ་ཚོགས་པའོ། །དཔེ་མེད་པའི་མཚན་དང་དཔེ་བྱད་རྣམས་ཀྱིས་བརྒྱན་པའི་སྐུ་མངའ་བས་ན་གཟུགས་ཕུན་སུམ་ཚོགས་པའོ། །རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་བྱ་བ་ལ་ལྡོག་པ་མི་མངའ་བས་ན་ བརྩོན་འགྲུས་ཕུན་སུམ་ཚོགས་པའོ། །འདིར་བཅོམ་ལྡན་འདས་གང་ཞིག་ཡིན་ཞེ་ན། དུས་དེར་སྟོན་པ་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུར་གྲགས་པའི་རྡོ་རྗེ་འཆང་ཆེན་པོའོ། །བཞུགས་པ་ཞེས་བྱ་བ་ནི་གནས་པར་མཛད་དོ། །བཞུགས་པའི་ཚིག་ནི་མཉམ་པར་འཇོག་ པ་ལ་ཡང་འཇུག་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་གཞག་པ་ཡིན་ནོ། །དེ་བས་ན་འདི་དང་བཅོམ་ལྡན་འདས་སྦྱར་ན་སངས་རྒྱས་ཀྱི་བཞུགས་པ་རྣམ་པ་བཞི་བསྟན་པ་ཡིན་ལ། ལྷག་མ་ནི་ཅི་རིགས་པར་སྦྱར་རོ། །དེ་ལ་སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་གང་ཅི་ ཡང་རུང་བ་དེ་ནི་དེ་རྣམས་ཀྱི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་ནི་ཆོས་འཆད་པས་བཞུགས་པའོ། །ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མཛད་པ་དང་། རང་བཞིན་གྱིས་མཉམ་པར་གཞག་པའི་ཐུགས་ཀྱི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་ནི་ཏིང་ངེ་འཛིན་གྱིས་ བཞུགས་པའོ། །སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་རྣམས་ལ་གཟིགས་པ་དང་། ལྷ་རྣམས་ཉེ་བར་བསྡུ་བར་མཛད་པའི་ཐུགས་ཀྱི་ཕྲིན་ལས་གང་ཡིན་པ་དེ་ནི་ནང་དུ་ཡང་དག་འཇོག་གིས་བཞུགས་པ་ཞེས་བྱའོ། །གང་ན་བཞུགས་ཤེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་རྣམས་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་མཁྱེན་པ་འམ། དེ་རྣམས་དེ་བཞིན་དུ་སྟོན་པར་མཛད་པས་ན་དེ་བཞིན་གཤེགས་པ་སྟེ། སངས་རྒྱས་རྣམས་སོ། །གཤེགས་པ་ནི་མཁྱེན་པའི་དོན་ཡིན་པའི་ཕྱིར་རམ། ངེས་པའི་ཚིག་གི་ཚུལ་གྱིས་ག་ཏའི་ལྟར་བྱས་ པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སྙིང་པོ་ནི་དོན་དམ་པ་སྟོང་པ་ཉིད་དེ། དེ་ཉིད་ཀྱི་ཕྱིར་གྲུ་གསུམ་ནམ་མཁའ་ལྟ་བུ་སྟེ། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །གྲུ་གསུམ་དུ་ནི་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྡོ་རྗེ་ བཙུན་མོ་ནི་རིག་པ་བཅུའོ། །དེ་རྣམས་ཀྱི་བྷ་ག་ནི་པདྨའོ། །དེ་ཉིད་སྙིང་པོ་ཡིན་གྱི་འདི་དག་བུད་མེད་ཉིད་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྙིང་པོ་དེ་ཉིད་ནུ་མ་དང་བཞིན་རས་ལ་སོགས་པའི་ཡན་ལག་གི་བྱེ་བྲག་གི་སྒོ་ནས་རབ་ཏུ་ཕྱེ་བ་ཡིན་ཏེ། གང་ཞིག་དངོས་མེད་ཉིད་ཤེས་རབ། །ཅེས་ གསུངས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་ཀྱི་སྙིང་པོ་ཡང་དེ་ཡིན་ལ། རྡོ་རྗེ་བཙུན་མོའི་བྷ་ག་ཡང་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། ཆོས་འབྱུང་བའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །དེར་བཅོམ་ལྡན་འདས་བཞུགས་པ་ནི་ཆོས་འབྱུང་བའི་ནང་དུ་ ཆུད་པའི་གཞལ་ཡས་ཁང་དུ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་གྲོང་ཁྱེར་ན་གནས་པའི་ཕྱུག་པོ་བྱ་བ་ནི་གྲོང་ཁྱེར་གྱི་ནང་དུ་གཏོགས་པའི་ཁང་བཟངས་ན་ཞེས་བྱ་བའི་དོན་ཡིན་ནོ། །དེ་ཅིའི་ཕྱིར་དེར་བཞུགས་ཤེ་ན། གསང་བ་འདུས་པ་བཤད་པར་བྱའོ་ཞེས་བསྟན་པའི་ཕྱིར་དེའི་སྐལ་བ་ དང་ལྡན་པ་དྲང་བར་བྱ་བའི་ཕྱིར་རོ། །གང་དང་ཐབས་ཅིག་བཞུགས་ཤེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། ཕུལ་དུ་བྱུང་བར་རྟོགས་པའི་ཕྱིར་རོ། །སེམས་དཔའ་ནི་བསམ་པ་སྟེ། དེ་ཡང་ འདིར་ཐོབ་པའི་ཕྱིར་མངོན་པར་སེམས་པའོ། །འདི་རྣམས་ལ་བྱང་ཆུབ་སེམས་དཔའ་ཡོད་པས་ན་བྱང་ཆུབ་སེམས་དཔའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འདི་རྣམས་ལ་སེམས་དཔའ་ཆེན་པོ་ཡོད་པས་ན་སེམས་དཔའ་ཆེན་པོ་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་བསམ་པ་ཡོད་ པ་ཉིད་ཀྱི་ཕྱིར་རོ། །བཅས་པའི་དོན་གྱི་སྦྱོར་བ་ནི་གསུམ་པ་ཡིན་ཏེ། དེ་རྣམས་དང་ཐབས་ཅིག་ཏུ་ཞེས་བྱ་བའི་དོན་ཏོ། །ཇི་སྙེད་ཅིག་དང་ཞེ་ན། བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་ཞེས་བྱ་བ་སྨོས་ཏེ། གྲངས་ཀྱི་མཐའ་བརྗོད་ཀྱིས་མི་ལང་བ་དང་། དེའི་མཚན་ ཉིད་ཅན་ཡང་བརྗོད་ཀྱིས་མི་ལང་བ་སྟེ། འདི་དག་ཙམ་མོ་ཞེས་བསྟན་པར་མི་ནུས་པའི་ཕྱིར་ཏེ། གང་དག་བརྗོད་ཀྱིས་མི་ལང་བ་དེ་དག་དང་། བརྗོད་ཀྱིས་མི་ལང་བའི་གྲངས་དེ་དག་འདི་ཙམ་ཡིན་ནོ་ཞེས་བྱ་བར་བརྗོད་པར་ཡང་མི་ནུས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གྲངས་ཀྱིས་བགྲང་དུ་མེད་པ་དེ་དག་དཔེས་ བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཇི་སྙེད་པར་དུས་གཅིག་ན་སངས་རྒྱས་གཅིག་ཉིད་འབྱུང་བ་དེ་ནི་སངས་རྒྱས་ཀྱི་ཞིང་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །དེ་ཡང་གླིང་བཞི་པ་དང་། ཉི་མ་དང་། ཟླ་བ་དང་། རི་རབ་དང་། འདོད་པའི་ཁམས་ཀྱི་ལྷ་རྣམས་དང་། ཚངས་པའི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་གང་ཡིན་ནོ། །དེ་ལྟར་ན་གླིང་བཞི་པ་ལ་སོགས་པ་རེ་རེ་ཞིང་སྟོང་གང་ཡིན་པ་དེ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་སོ། །སྟོང་ཆུང་ངུ་སྟོང་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། ། སྟོང་གཉིས་པ་སྟོང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། མཉམ་དུ་འཇིག་ཅིང་མཉམ་དུ་ཆགས་སོ། །དེ་སྐད་དུ་ཡང་། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་ སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །མཉམ་དུ་འཇིག་ཅིང་ཆགས་པ་ཡིན། །ཞེས་བཤད་པ་ཡིན་ནོ། །སངས་རྒྱས་ཀྱི་ཞིང་གི་རི་རབ་ཉིད་བྱེ་བ་བརྒྱ་ཕྲག་གཅིག་སྟེ། དེ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་དེ་སྙེད་དེ། དེ་དང་གྲངས་མཚུངས་པའོ། ། ཁྱད་པར་མེད་པར་བསྟན་པ་རྣམས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐྱེས་པ་དང་བུད་མེད་ཀྱི་ལྷ་རྣམས་ནི་ཞི་གནས་དང་ལྷག་མཐོང་ཡིན་ཏེ། དེ་བས་ན་ཞི་གནས་དང་བཅས་ པའི་དེ་བཞིན་ཉིད་དང་། དེའི་རྣམ་པ་ཅན་གྱི་ཡང་དག་པའི་ཡེ་ཤེས་ནི་ལྷག་མཐོང་ངོ་། །དེའི་ཕྱིར་ཐེག་པ་ཆེན་པོའི་དེ་ཁོ་ན་ཉིད་ནི་གཉིས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ཁོ་ན་ཉིད་དེ་ནི་མི་ཟད་པའི་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་སྟེ། དེའི་ཕྱིར་གདོན་མི་ཟ་བའི་མཐར་ཐུག་པའི་ ལྷ་རྣམས་ནི་རྡོ་རྗེའོ། །འདི་ལས་ཐམས་ཅད་ཐོབ་པར་འགྱུར་བས་ན་དམ་ཚིག་གོ། །དམ་ཚིག་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དམ་ཚིག་རྡོ་རྗེ་སྟེ་ཀུན་དུ་བཟང་པོའོ། །སྐུ་ནི་གནས་ཏེ་ས་ཉིད་གནས་ཡིན་པས་ན་སྐུ་སྟེ། སའི་སྙིང་པོའོ། །གསུང་ནི་ཆོས་རྣམས་འཛིན་པའི་ཕྱིར་ཕྱག་ན་རྡོ་རྗེའོ། ། ཐུགས་ནི་ནམ་མཁའི་སྙིང་པོ་སྟེ། སེམས་ཀྱི་རིན་པོ་ཆེ་མངའ་བའི་ཕྱིར་རོ། །ཏིང་ངེ་འཛིན་ནི་འཇིག་རྟེན་དབང་ཕྱུག་སྟེ། སེམས་བརྟན་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྒྲིབ་པ་ལས་རྒྱལ་བར་བྱེད་པས་ན་རྒྱལ་བ་སྟེ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །ས་ལ་སོགས་པ་དང་། ཆོས་མཐུན་པའི་ ཕྱིར་ས་ལ་སོགས་པ་ནི་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་སྒྲོལ་མ་སྟེ། །དེ་དག་གི་གོ་རིམས་བཞིན་དུ་སེམས་ཙམ་ཉིད་དུ་འཛིན་པའི་ཕྱིར་དང་། གཉིས་ཟད་པར་སྡུད་པའི་ཕྱིར་དང་། མཉམ་པ་ཉིད་ཉམས་སུ་མྱོང་བའི་ཕྱིར་དང་། བསྒོམ་པས་སྨིན་པར་བྱེད་པའི་ཕྱིར་དང་། ཐམས་ཅད་དུ་སྐྱོང་བར་ བྱེད་པ་ཡིན་པའི་ཕྱིར་རོ། །ནམ་མཁའ་ནི་འབྱུང་བ་ལྔ་པའོ། །དེ་ཉིད་ནི་རྡོ་རྗེ་འཆང་སྟེ། དེ་ཡང་དཀྱིལ་འཁོར་པའི་ལྷ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཅན་རྣམས་སྟོང་པ་ཉིད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ལྷན་ཅིག་སྐྱེས་པའི་རིག་པ་དང་། ཐབས་དང་ལྡན་པ་དག་སྟེ། ལྷ་རེ་རེར་སོ་སོར་ངེས་པར་ བསྟན་པ་ནི་སྦྱོར་བའི་བྱེ་བྲག་གིས་སོ། །དེ་དག་ཀྱང་། དམ་ཚིག་རྡོ་རྗེ་སོགས་དྲུག་དང་། །ས་ལ་སོགས་པ་རྣམ་པ་ལྔ། །ཞེས་གང་གསུངས་པའོ། །དེ་བས་ན་ཚིག་བཞི་པོ་འམ། ཚིག་གཅིག་གིས་ཁྲོ་བོ་བཞི་པོ་དག་ཀྱང་བསྟན་ཏོ་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །དེ་དག་བརྟན་པ་ཉིད་དང་། བསམ་ གཏན་དང་། རི་མོའི་དཀྱིལ་འཁོར་དག་ལས་གསུངས་པའི་ཕྱིར་རོ། །དེའི་རང་བཞིན་ཡིན་པའི་ཕྱིར། དཔེ་མེད་པའི་སངས་རྒྱས་ཀྱི་སྐུ་དང་། གནས་དང་། མཐའ་ཡས་པའི་ལོངས་སྤྱོད་ཀྱི་གཟུགས་ལ་སོགས་པ་དེ་དག་ཐམས་ཅད་ལ་གཟུགས་ལ་སོགས་པའི་སྒྲར་འདིར་བཤད་དེ། དེ་རྣམས་ཀྱང་ མཆོད་པའི་ལྷ་མོ་དྲུག་ཡིན་ལ། འདིར་བྱང་ཆུབ་སེམས་དཔའི་ཚུལ་དུ་བརྗོད་པའི་ཕྱིར། ལྷ་མོ་རྣམས་ལ་ཡང་སྐྱེས་པའི་རྟགས་ཀྱིས་མིང་དུ་བྱས་པ་ཡིན་ནོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི། འདི་དག་གཙོ་བོར་གྱུར་པ་དང་སྟེ། གཙོ་བོར་གྱུར་པ་ཡང་རྟག་ཏུ་ ངའི་དཀྱིལ་འཁོར་ལ། དེ་དག་དཀྱིལ་འཁོར་པ་ཉིད་ཡིན་པའི་ཕྱིར་རོ། །ཁྲོ་བོའི་དཀྱིལ་འཁོར་ནི་རྟག་ཏུ་བ་མ་ཡིན་ཏེ། སྲུང་བའི་དོན་ནམ་འགོག་པའི་དོན་དུ་རེས་འགའ་བསྒོམ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་བས་ན་འདིར་འདོད་པའི་རྒྱལ་པོ་ལ་སོགས་པ་དྲུག་ནི་མ་གསུངས་པ་ཡིན་ནོ། ། དཀྱིལ་འཁོར་གྱི་བདག་པོ་ལ་ནི་ངེས་པ་ཡོད་པ་མ་ཡིན་ཏེ། རེས་འགའ་ནི་གཅིག་པུ་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ཡིན་ཏེ། དེ་ཡང་འདིར་བཅོམ་ལྡན་འདས་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ནི་གདུལ་བར་བྱ་བ་ཡིན་པས་གསང་བ་མ་ཡིན་ནོ། །དེ་བས་ན་ཐབས་ཅིག་ ཏུ་བཞུགས་པ་བསྟན་ནས། འདུལ་བར་མཛད་པ་པོ་དེ་བཞིན་གཤེགས་པ་རྣམས་དང་ཐབས་ཅིག་ཏུ་བཞུགས་པ་ནི་གསང་བར་བྱ་བ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ཕྱིས་སྨོས་པ་ཡིན་ཏེ། ནམ་མཁའི་དབྱིངས་དང་མཉམ་པར་བཤད་ཅིང་བསྟན་པ་སྟེ། དེ་ཡོངས་སུ་གང་བའི་གྲངས་རྙེད་དང་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་དང་རྣམ་པར་རྟོག་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན་མི་བསྐྱོད་པ་སྟེ། རྣམ་པ་སྣ་ཚོགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྐུ་བསྡུས་པས་ རྣམ་པར་སྣང་མཛད་པ་ཉིད་ཀྱིས་ན་རྣམ་པར་སྣང་མཛད་དོ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གསང་བ་གསུམ་མཉམ་པའི་སེམས་བསྐྱེད་པའི་རིན་པོ་ཆེ་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་དོན་ཐམས་ཅད་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཏོག་གི་མཚན་ཉིད་ འདི་ལ་མངའ་བས་ན་རིན་པོ་ཆེ་དཔལ་ལོ། །རིན་པོ་ཆེ་ལས་སོ་སོར་རྟོག་པའི་སྣང་བ་དཔག་ཏུ་མེད་པའི་རྒྱུར་གྱུར་པས་ན། འོད་དཔག་ཏུ་མེད་པ་སྟེ། འོད་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པའི་དོན་གྱི་ལས་རྣམས་དོན་ཡོད་པར་མཛད་པས་ན་གདོན་མི་ཟ་བ་སྟེ། དོན་ཡོད་ པར་གྲུབ་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་གཙོ་བོར་གྱུར་པ་དང་སྟེ། ལྔ་པོ་ཉིད་ནི་དཀྱིལ་འཁོར་པ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་ནམ་མཁའི་དབྱིངས་དང་མཉམ་པ་ཉིད་དུ་རབ་ཏུ་སྟོན་པར་བྱེད་དོ། །དཔེར་ན་ཞེས་བྱ་བ་ནི་ཡོངས་སུ་གསལ་ བར་ཞེས་བྱ་བའི་དོན་ཏོ། །ཏིལ་གྱི་གང་བུ་ཞེས་བྱ་བ་ནི་ཏིལ་འབྲུའི་གང་བུ་སྟེ། དཔེར་ན་དེ་ཏིལ་རྣམས་ཀྱིས་ཤིན་ཏུ་བཅེར་ཏེ་ཡོངས་སུ་གང་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཤིན་ཏུ་གང་བར་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི་ཀུན་ནས་སྣང་བར་གྱུར་ པ་སྟེ། དེ་བས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྟོགས་པའི་གདུལ་བྱ་རྣམས་ཀྱིས་མཐོང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའ་བར་མཚམས་མེད་པར་གང་ན་བྱང་ཆུབ་སེམས་དཔའ་དེ་སྙེད་དམ། སེམས་ཅན་རྣམས་ཀྱི་གོ་སྐབས་ག་ལ་ ཡོད། གལ་ཏེ་གང་གིས་ད་ལྟར་མཐོང་བ་འམ་གང་ནས་གང་དུ་འོང་བར་འགྱུར་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་དབང་བསྒྱུར་བའི་མཐུ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། སྟོན་པ་ཁྱད་པར་ཅན་དུ་གྱུར་པ་ཡིན་པ་གང་གིས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ མཐའ་ཡས་པ་དང་། བདག་ཉིད་ཆོས་འབྱུང་གི་ཕྱག་རྒྱ་མཐའ་ཡས་པ་གཅིག་གི་ནང་དུ་གདུལ་བྱ་འགོད་པ་མེད་པ་ཉིད་ཀྱིས་ཡོངས་སུ་གསལ་བར་མཐོང་བའི་ཕྱིར་འདི་ལ་ཐོས་པ་མང་པོ་དང་ལྡན་པ་རྣམས་ལ་ངོ་མཚར་དུ་གྱུར་པ་ཅི་ཡང་མེད་དོ། །དེ་ལྟར་ན་དེ་ཙམ་ཉིད་ནི་རྒྱུད་ཀྱི་གླེང་ གཞི་ཡིན་ལ། དེ་ལས་གཞན་པ་དག་ནི་རྒྱུད་ཀྱི་ལུས་ཡིན་ནོ། །དེ་ལ་ལེའུ་དང་པོ་ནི་ཐབས་ལས་བྱུང་བའི་རྒྱུད་ཡིན་ཏེ། བཅོམ་ལྡན་འདས་ཐབས་ལས་བྱུང་བའི་མཆོག་གསང་བ་འདུས་པ་ནི་དེས་བསྟན་པ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག ། རྡོ་རྗེ་འཛིན་པ་ཆེན་པོའི་གནས། །སངས་རྒྱས་ཀུན་གྱི་ཐབས་བྱུང་བ། །དེ་ཉིད་ཆོས་ཀྱི་ཆོས་ཉིད་ཡིན། །ཞེས་འཆད་པར་འགྱུར་རོ། །གཉིས་པ་ནས་བརྩམས་ཏེ། ལེའུ་བཅུ་དྲུག་ནི་ཐབས་ཀྱི་རྒྱུད་ཡིན་ནོ། །འདི་ལྟར་ཐབས་ནི་བཞི་སྟེ། བསྙེན་པ་དང་། ཉེ་བར་སྒྲུབ་པ་དང་། ། སྒྲུབ་པ་དང་། སྒྲུབ་པ་ཆེན་པོའོ། །དེ་ལ་དགའ་བ་ཅན་གྱི་ལེའུ་བཞི་ནི་སྒྲུབ་པ་ཆེན་པོ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །རྫོགས་ལྡན་གྱི་ལེའུ་བཞི་ནི་སྒྲུབ་པ་ཡིན་ནོ། །གཉིས་ལྡན་གྱི་ལེའུ་བཞི་ནི་ཉེ་བར་སྒྲུབ་པ་ཡིན་ནོ། །གསུམ་ལྡན་གྱི་ལེའུ་ བཞི་ནི་བསྙེན་པ་ཡིན་ནོ། །དེ་སྐད་དུ་ཡང་། ལྔ་པ་དང་ནི་དགུ་པ་དང་། །བཅུ་དང་བདུན་དང་བཅུ་གསུམ་པ། །སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། །བསྟན་པ་དག་ནི་སྒྲུབ་པ་ཆེ། །བཞི་པ་དང་ནི་བཅུ་དྲུག་པ། །བརྒྱད་པ་དེ་བཞིན་བཅུ་གཉིས་པ། །སློབ་དཔོན་སྤྱི་ཡི་ལས་དང་ནི། ། དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། །དྲུག་པ་དང་ནི་གཉིས་པ་དང་། །བཅུ་པ་དང་ནི་བཅུ་བཞི་པ། །དྲག་སྤྱོད་རྗེས་སུ་ཆགས་པ་དང་། །ཉེ་བར་སྒྲུབ་པ་སྡོམ་པའོ། །བདུན་པ་དང་ནི་གསུམ་པ་དང་། །བཅུ་དང་གཅིག་དང་བཅུ་དང་ལྔ། །དངོས་གྲུབ་ཞིང་དང་ལྟས་དང་ནི། །བསྙེན་ པ་སྒྲུབ་པའི་སྡོམ་པའོ། །ཞེས་འོག་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་ཡིན་ནོ། །འདིར་སྒྲུབ་པ་ཆེ་ཞེས་བྱ་བ་ནི་སྒྲུབ་པ་ཆེན་པོ་ཞེས་བྱ་བའི་དོན་ཏོ། །སྒྲུབ་པའི་སྡོམ་པའོ་ཞེས་ཚིགས་སུ་བཅད་པ་བཞི་པའི་མཐའ་མར་གང་གསུངས་པ་དེ་ཚིགས་སུ་བཅད་པ་གཉིས་པའི་ མཐར་བལྟ་བར་བྱའོ། །བཅུ་དང་བདུན་ཞེས་བྱ་བ་ནི་བཅུ་བདུན་པའོ། །དྲུག་ཅེས་བྱ་བ་ནི་དྲུག་པའོ། །བཅུ་དང་གཅིག་ཅེས་བྱ་བ་ནི་བཅུ་གཅིག་པའོ། །བཅུ་དང་ལྔ་ཞེས་བྱ་བ་ནི་བཅོ་ལྔ་པའོ། །ལེའུ་བཅུ་བདུན་པོ་འདི་དག་ནི་རྩ་བའི་རྒྱུད་དུ་བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན་ནོ། །ལེའུ་བཅོ་བརྒྱད་ པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རྒྱུད་ཕྱི་མ་ཡིན་ཏེ། དེས་རྩ་བའི་རྒྱུད་ཀྱི་ཚིག་དོན་སྦས་པ་གསལ་བར་བྱེད་པ་ཉིད་དོ། །དེ་བས་ན་འདིར་ལེའུ་བཞི་བཞིས་ཐབས་རེ་རེ་ཉེ་བར་སྡུད་པ་ཡིན་ཏེ། ལེའུ་བཞི་ཚན་བཞིས་ཐབས་བཞི་དང་། དང་པོས་ཐབས་ལས་བྱུང་བ་ཡིན་ཏེ། བཅུ་ བདུན་པོ་འདི་དག་གིས་ནི་ཐབས་དང་ཐབས་ལས་བྱུང་བ་དང་བཅས་པ་ཡིན་ལ། བཅོ་བརྒྱད་པས་ནི་དེ་ཉིད་གསལ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་ལེའུ་བཅོ་བརྒྱད་པོ་དག་གིས་ཐབས་དང་ཐབས་ལས་བྱུང་བ་དང་བཅས་པ་དང་། གསལ་བར་བྱེད་པ་དང་བཅས་པ་བསྡུས་པ་ཡིན་པས་ན་རྒྱུད་འདི་ལེའུ་རྣམས་ ཀྱི་འབྲེལ་པ་དང་བསྡུས་པའི་དོན་ཡིན་ནོ། །དེ་ལ་གཙོ་བོ་ཡིན་པས་ལེའུ་དང་པོའི་བརྗོད་པར་བྱ་བ་ནི་ཐབས་ལས་བྱུང་བ་ཡིན་ལ། དེའི་ཞར་ལས་བྱུང་བ་སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་ཡང་བསྟན་པ་ཡིན་ནོ། །དེ་ལྟར་ན་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ བ་འདུས་པ་ནི་ཐབས་ལས་བྱུང་བ་ཡིན་ཏེ། སྒྲུབ་པ་དེ་རྣམས་དང་། དེ་དག་གི་གསང་བ་རྣམས་རོ་གཅིག་པ་ཅན་དུ་རང་ཉིད་ཀྱིས་མངོན་པར་རྫོགས་པར་རྟོགས་པ་ཡིན་ལ། རང་ཉིད་ཀྱིས་མངོན་པར་རྫོགས་པར་རྟོགས་ནས་སྒྲུབ་པ་ཆེན་པོ་དེ་དག་རབ་ཏུ་རྣམ་པར་ཕྱེ་སྟེ་གཞན་དག་ལ་ཡང་དག་ པར་སྟོན་པ་ཡིན་ནོ། །དེ་ལྟར་ན་རང་དང་གཞན་གྱི་དབྱེ་བས་གསང་བ་འདུས་པ་འདི་ནི་རྣམ་པ་གཉིས་ཡིན་པ་དེའི་ཕྱིར་མེད་ན་མི་འབྱུང་བ་ཉིད་ཡིན་པས་ན་ཐབས་ལས་བྱུང་བ་བརྗོད་པར་བྱ་བའི་དོན་དུ་ལེའུ་དང་པོར་ཐབས་གཉིས་པོ་ཡང་བརྗོད་པར་བྱ་བ་ཡིན་ནོ། །དེ་ལ་བཅོམ་ལྡན་འདས་ནི་གླེང་གཞི་དང་ འདྲ་བར་སྒྲུབ་པ་ཡང་རང་གི་ངོ་བོ་ཉིད་དུ་སྟོན་པར་མཛད་པ་ཡིན་གྱི་ཚིག་ཏུ་ནི་མ་ཡིན་ནོ། །སྡུད་པར་བྱེད་པས་ཀྱང་དེ་བཞིན་དུ་མཐོང་ཞིང་སྔར་སྟོན་པའི་བྱིན་གྱི་རླབས་ཉིད་ཀྱིས་ཇི་ལྟར་སྣང་བའི་ཚིག་དང་། ཡི་གེ་འདི་ཉིད་ཀྱིས་སྡུད་པར་བྱེད་པ་ཡིན་པ་ནི་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ནས་ཞལ་གསུམ་པ་ལྟ་བུར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པར་གྱུར་ཏོ་ཞེས་བྱ་བའི་བར་དུ་རྒྱས་པར་བསྡུས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་གླེང་གཞི་ཕུན་སུམ་ཚོགས་པའི་དེ་མ་ཐག་པའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་ཤཱཀྱ་ ཐུབ་པའི་རང་བཞིན་ཅན་གྱི་རྡོ་རྗེ་ཅན་ནོ། །དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་སྟེ་རིག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ཚེ་རང་གི་བྱང་ཆུབ་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་དོ། ། རྣམ་པ་ལྔ་དག་གིས་དེ་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་ཆེན་པོའོ། །དེ་ཉིད་ཀྱིས་དེ་འདི་ཡང་ཡིན་ལ་རྡོ་རྗེ་འཆང་གི་སྐུར་ཀུན་དུ་སྟོན་པར་མཛད་པས་ན་རྡོ་རྗེ་ཡང་ཡིན་པའི་ཕྱིར་རྡོ་རྗེ་རྣམ་པར་སྣང་མཛད་ཆེན་པོ་སྟེ། ཟླ་བའི་དཀྱིལ་འཁོར་དང་། དང་པོའི་རྡོ་རྗེ་དང་། དང་ པོའི་སྙིང་པོ་དང་། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། སྔགས་ཀྱི་སྐུར་རབ་ཏུ་སྦྱོར་བ་ཞེས་བྱ་བ་རྣམ་པ་ལྔས་ཞལ་གསུམ་དང་ཕྱག་དྲུག་པའི་དཔལ་མཆོག་དང་པོའི་སྐུ་ཐུགས་ཀར་ཟླ་བ་དང་རྡོ་རྗེ་དང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱིས་ བྱིན་གྱིས་བརླབ་པའི་ཚུལ་དུ་བྱུང་བའོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་ཆེན་པོ་ནི་འོག་ནས་འབྱུང་བའི་ཆོ་གས་ཐམས་ཅད་ཞུ་བར་གྱུར་པའོ། །ཚུལ་ནི་དེའི་ཐབས་ཏེ་དཔལ་མཆོག་དང་པོ་རང་གི་གཉུག་མའི་རིག་མ་དང་སྦྱོར་བར་ལྡན་པའི་སྙིང་གའི་སྔགས་ཀྱི་ འོད་ཟེར་གྱི་སྒོ་ལས་ཕྱོགས་བཅུར་ཁྱབ་པའི་སྔགས་ཀྱིས་ལྷ་ཐམས་ཅད་སྤྲོ་བའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ་ཞེས་བྱ་བའི་སྒྲ་ནི་རབ་ཏུ་གསལ་བ་ཡིན་ཏེ་མིང་འདི་ཉིད་དུ་རབ་ཏུ་གྲགས་པ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ལ་ཞེས་བྱ་བ་ནི་མཉམ་པར་གཞག་པ་ སྟེ་སེམས་ནང་དུ་འཇོག་པའོ། །སྙོམས་པར་ཞུགས་ནས་ཞེས་བྱ་བ་ནི་མངོན་སུམ་དུ་མཛད་ནས་སོ། །བཀོད་པ་ཞེས་བྱ་བ་ནི་ཚོགས་སོ། །དེ་དག་ཅེས་བྱ་བ་ནི་ཕྱོགས་བཅུར་སོན་པ་རྣམས་སོ། །ཞུགས་པར་མཛད་དེ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་སྐུ་རང་གི་སྐུ་ལ་སོགས་པ་ལ་བསྡུས་ནས་དེའི་ སྐུ་ལ་སོགས་པ་དང་དབྱེར་མི་ཕྱེད་པར་འཇོག་པར་མཛད་པའི་ཕྱིར་རོ། །སྐུ་རྡོ་རྗེ་ལ་སོགས་པའི་བདག་པོ་ཡིན་ཏེ་དེ་ལ་ཞུགས་པས་དེ་བདག་པོར་གྱུར་པ་ཡིན་པའི་ཕྱིར་རོ། །ཡོངས་སུ་མཉེས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རིག་པ་ཐམས་ཅད་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། ཉིད་ཀྱི་སྐུ་ཞེས་པ་ ནི་རང་ཉིད་ཀྱི་སྐུའི་ཁྱད་པར་རོ། །མངོན་པར་སྤྲུལ་ནས་ཏེ་ཕྱུང་ནས་སོ། །མངོན་པར་བྱུང་བར་གྱུར་ཏོ་ཞེས་བྱ་བ་ནི་དེ་དག་ཉིད་འཐོན་པར་གྱུར་པའོ། །དེ་ལ་ཞེས་བྱ་བ་ནི་དམིགས་ཀྱིས་བཀར་བའོ། །སངས་རྒྱས་ནི་རྣམ་པར་སྣང་མཛད་དེ་དེའི་སྤྱན་ཡིན་གྱི་ནམ་མཁའི་སྤྱན་ནི་མ་ཡིན་ནོ། །དམ་ ཚིག་ནི་དོན་ཡོད་པར་གྲུབ་པ་སྟེ་དེའི་སྒྲོལ་མ་ཡིན་གྱི་པདྨའི་སྒྲོལ་མ་ནི་མ་ཡིན་ནོ། །ཀུན་དུ་གནས་པར་གྱུར་པ་ནི་ཡང་དག་པར་གནས་པར་གྱུར་པའོ། །གང་དུ་ཞེ་ན། དེར་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་འཆང་དེའི་རིག་པ་ལ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་རྣམས་ཀྱི་ངོ་བོ་ཉིད་དེ་ཁོ་ ན་ཉིད་ནི་གཟུགས་རྡོ་རྗེ་ལ་སོགས་པའོ། །ཅིའི་ཕྱིར་དགུ་པོ་ཉིད་ཡིན་ཞེ་ན། འདི་ལྟར་བཅུའི་ནང་དུ་བསྡུ་བར་བྱ་བ་ཡིན་ཏེ། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས། །ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུ། །ལྷ་མོ་དགུ་ནི་སྤྲོས་ནས་སུ། །བསྒྲུབ་པར་བྱ་བའི་ལུས་ལ་དགོད། །ཅེས་བཤད་ པ་ཡིན་ནོ། །རིག་བྱ་དང་རིག་པ་གཉིས་སུ་མེད་པར་བྱས་པའི་ཕྱིར་དེ་ཉིད་ནི་བཅོམ་ལྡན་མི་བསྐྱོད་པའོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དེ་རྣམས་ཀྱི་སྙིང་པོ་ཡང་ཡིན་ཞིང་རྡོ་རྗེ་བཙུན་མོའི་བྷ་ག་ཡང་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །རྡོ་རྗེ་བཙུན་ མོ་ནི་རིག་པ་བཅུའོ། །དེ་རྣམས་ཀྱི་བྷ་ག་ནི་རོ་གཅིག་པར་གྱུར་པ་རྣམས་ཀྱི་རོ་གཅིག་པར་གྱུར་པའི་པདྨ་སྟེ་དེ་དག་གི་དེའི་ལྟེ་བའི་དབུས་ན་ཞེས་བྱ་བའི་དོན་ཏོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཞེས་བྱ་བ་ལ་ཨ་ཡ་ནི་ཡང་དག་པར་རྟོགས་པ་སྟེ་ཡེ་ཤེས་སེམས་དཔའོ། །ས་མ་ནི་བསྐྱེད་པར་བྱ་ བ་དོན་དུ་མཚུངས་པར་བྱོན་པ་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔར་བྱ་བའི་ཕྱིར་གང་ཞིག་བྱོན་པ་དེ་དམ་ཚིག་ཆེན་པོའོ། །དེའི་དཀྱིལ་འཁོར་ནི་གཞལ་ཡས་ཁང་ངོ་། །རྡུལ་མེད་པ་ཞེས་བྱ་བ་ནི་ཟག་པ་མེད་པའོ། །གྲུ་བཞི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རིམ་པ་སྟེ། ནང་གི་རིམ་པ་ནི་ཟླུམ་པོ་ ཉིད་ཡིན་ནོ། །བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་ལྷ་མོ་བཞི་ཡོངས་སུ་གྱུར་པ་ལས་སྤྲུལ་པའོ། །གསལ་བ་ནི་དྲི་མ་མེད་པའོ། །དེའི་ངོ་བོ་ཉིད་ཅེས་བྱ་བ་ནི་དམ་ཚིག་ཆེན་པོའི་ངོ་བོ་ཉིད་དོ། །སྣ་ཚོགས་གཟུགས་ཀྱིས་ཞེས་བྱ་བ་ནི་སྒོ་དང་རྟ་བབས་དང་ཁ་ཁྱེར་གྱི་ལྷ་མོ་རྣམས་དང་ཀ་ བ་ལ་སོགས་པ་རྣམ་པ་སྣ་ཚོགས་ཅན་ནོ། །སངས་རྒྱས་སྤྲིན་ཏེ་འཕྲོ་བས་སོ། །ཀུན་དུ་ཁྱབ་པ་ནི་སྣ་ཚོགས་པར་གྱུར་པའོ། །འོད་ཟེར་འཕྲོ་བ་མང་པོ་ནི་འོད་ཟེར་གྱི་དྲ་བ་སྟེ་མགྱོགས་པའི་ཤུགས་ཀྱིས་ཀུན་དུ་ཁྱབ་པའོ། །དེས་ཀུན་དུ་འཁྲུགས་པ་ནི་ཁྱབ་པའོ། །གསལ་ བ་ལ་སོགས་དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བ་ལྔ་དང་ཟླ་བ་དང་ཉི་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ་དེའིའོ། །ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་ཞེ་ན་དེའི་རང་བཞིན་གང་ཡིན་པ་སྟེ་གནས་ནི་ཐར་བའི་གྲོང་ཁྱེར་ཡིན་པའི་ཕྱིར་རོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་དེ་བཞིན་ནི་རང་གི་ལྷ་ཇི་ལྟ་བ་བཞིན་ནོ། །ཨ་ག་ཏ་ནི་བྱོན་པའོ། །ཐམས་ཅད་ནི་རྣམ་པ་དང་ཚོགས་དང་འཁོར་རྣམས་ཏེ་དེ་རྣམས་རང་གི་ལྷ་ཇི་ལྟ་བ་བཞིན་དུ་བྱོན་པ་འདི་ལ་ཡོད་པས་ན་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཡང་ཡིན་ཏེ་དེ་དང་ལྷན་ཅིག་ཏུ་འོངས་པའི་རིགས་ལྔའོ། །མཆོག་ཏུ་བསྡུས་པ་ལས་བྱུང་བའི་ལྷ་ལྔ་སྟེ། དེ་གཉི་ག་དབུས་སུ་ཞེས་བྱ་བ་ནང་གི་རིམ་པར་ བཀོད་པའོ། །འདིར་རྡོ་རྗེ་སེམས་དཔའ་བསྐྱེད་པ་ལ་ནི་དེའི་ཡེ་ཤེས་སེམས་དཔའ་བཀུག་སྟེ། དབུས་ཀྱི་ཟླ་བའི་གདན་ལ་བཀོད་པ་དེའི་དཀྱིལ་འཁོར་ཆེན་པོ་པ་རྣམས་ལྷ་མོ་ལྔར་བསྡུས་ཏེ། གོས་དཀར་མོ་གཉིས་གཅིག་ཏུ་བྱས་པས་དགའ་མ་བཞིར་བྱས་ཏེ་ངོས་བཞིའི་ཟླ་བ་ལ་དགོད་ དོ། །གཞན་རྣམས་ལ་ཡང་ཡེ་ཤེས་སེམས་དཔའ་དབུས་སུ་བཀོད་ལ་དཀྱིལ་འཁོར་ཆེན་པོ་རྒྱལ་བ་ལྔར་བསྡུས་ལ། དེ་ནས་གཅིག་ནི་འཁོར་ལོའི་བདག་པོ་ལ་བསྟིམས་ལ་བཞི་ནི་ངོས་བཞིའི་སོ་སོའི་གདན་ལ་དགོད་དོ། །ཕྱག་རྒྱ་བཞི་ཡིས་ཡོངས་བསྐོར་བ། །དཀྱིལ་འཁོར་དེར་ནི་ བརྟག་པར་བྱ། །བདག་ཉིད་དབུས་སུ་གནས་བྱས་ལ། །འཁོར་ལོ་ཅན་ཀུན་བསྡུ་བར་བྱ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཡེ་ཤེས་སེམས་དཔའ་དེ་ལ་བྱང་ཆུབ་ཀྱི་སེམས་རྣམ་པ་ལྔས་དབང་བསྐུར་བ་སྦྱིན་པར་བྱའོ། །དེ་ཉིད་ཀྱི་ཕྱིར་འདིར་བཅོམ་ལྡན་འདས་ནི་བྱང་ཆུབ་ཀྱི་སེམས་ སྟོན་པར་མཛད་པ་ཉིད་ཡིན་པས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བཤད་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ལྔ་པོ་ཐུགས་ལ་ཞུགས་པ་འདི་ཡང་བྱང་ཆུབ་ཀྱི་སེམས་ཞི་བ་ཡིན་ཏེ་ནང་དུ་ཆུད་པ་ཉིད་ཀྱིས་ཕྱིའི་དོན་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། ། དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་མནན་པ་ནི་ཞུ་བའི་ཚུལ་གྱིས་རོ་གཅིག་པར་གྱུར་པ་སྟེ། བྱང་ཆུབ་ཀྱི་སེམས་འདི་ནི་དངོས་དང་དངོས་མེད་ཟད་པ་པོ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ ཅད་ནི་དཀྱིལ་འཁོར་དང་བཅས་པའི་ཡེ་ཤེས་སེམས་དཔའོ། །དེའི་བདག་པོ་ནི་ནོར་བུའི་བུམ་པས་དབང་བསྐུར་བར་མཛད་པའི་ཕྱིར་རོ། །གང་ལ་སྙོམས་པར་འཇུག་པའི་སྐད་ཅིག་མ་གཉིས་པའི་ངེས་པར་འབྱུང་བ་ནི་སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་སྟེ་དེ་ལྟ་བུར་གྱུར་མ་ཐག་ཏུ་ ཞེས་བྱ་བའི་དོན་ཏོ། །ནམ་མཁའི་དབྱིངས་ཐམས་ཅད་ནི་པདྨ་ཐམས་ཅད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་སྐུ་གསུམ་མཉམ་པ་ཉིད་དེ། དེ་ཉིད་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཞུ་བར་གྱུར་པའོ། །དེའི་ངོ་བོ་ནི་དེས་ཡོངས་སུ་གང་བའོ། །གནས་པར་གྱུར་པ་ནི་ རྣམ་པར་གནས་པ་སྟེ་དེ་ལྟར་ན་དབང་བསྐུར་བ་དང་པོའོ། །ནམ་མཁའ་ཐམས་ཅད་ནི་པདྨ་དེ་དག་ཉིད་ཐམས་ཅད་དོ། །དེའི་དབྱིངས་ནི་ཞུ་བ་དེ་ཉིད་དོ། །དེ་གནས་པ་ནི་ཀུན་ནས་གནས་པ་སྟེ་དེ་དག་ནང་དུ་ཡང་ཞུགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །སེམས་ཅན་ཐམས་ཅད་ཅེས་བྱ་བ་ནི་རང་དང་བདག་ པོའོ། །དེ་ལྟར་ན་དབང་བསྐུར་བ་ནི་གཉིས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ནི་གོ་རིམས་བཞིན་དུ་ལུས་ཀྱི་དང་སེམས་ཀྱི་ཚོར་བ་བདེ་བའོ། །དེ་ཐོབ་པ་ནི་རྙེད་པའོ། །གྱུར་ཏོ་ཞེས་བྱ་བ་ནི་རྫོགས་པ་སྟེ་རང་གི་ལུས་ ཞུ་བ་ལས་བྱུང་བའི་འོད་ཀྱིས་དེ་རྣམས་ཀྱང་ཞུ་བར་གྱུར་པ་འདི་ནི་དབང་བསྐུར་བ་གསུམ་པ་སྟེ། ཞུ་བ་ནི་ཤེས་རབ་ཡིན་པ་དེ་ཉམས་སུ་མྱོང་ཞིང་རྙེད་པ་ནི་ཡེ་ཤེས་སོ། །རྡོ་རྗེ་སེམས་དཔའི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་བཅས་པའི་དོན་གྱི་གསུམ་པ་སྟེ་དེ་རྣམས་ཀྱིས་དེ་ཐོབ་པར་གྱུར་པས་ རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་སྟེ་ལྷན་ཅིག་ཏུ་གྱུར་པའི་དོན་ཏོ། །རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་སྟེ་དེར་བྱིན་གྱིས་བརླབས་པས་སོ། །དེ་ལ་རྡོ་རྗེ་དང་རྡོ་རྗེ་ནི་མ་དང་ཕ་སྟེ་བྱིན་གྱིས་བརླབས་པ་ནི་དེ་དག་ཞུ་བའི་འོད་ཀྱིས་རྡོ་རྗེ་དག་ཀྱང་ཞུ་བར་གྱུར་པའོ། །སེམས་དཔའ་ བྱིན་གྱིས་བརླབས་པ་ནི་ཞུ་བའི་འོད་སྤྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར་བའོ། །དེ་ལ་བདག་པོ་དང་བཅས་པའི་ལྷ་རྣམས་བསྡུས་པ་ལས་གྱུར་པའི་ཞུ་བ་ནི་གཙོ་བོའི་བྱང་ཆུབ་ཀྱི་སེམས་སོ། །ཆོས་ཐམས་ཅད་སྡུད་པར་བྱེད་པའི་ཡབ་ཡུམ་ཞུ་བར་གྱུར་པ་ནི་སྟོང་པ་ ཉིད་དང་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སོ། །སེམས་རྣམས་དབང་བསྐུར་བ་ནི་སྙིང་རྗེ་དབྱེར་མེད་པའི་སེམས་སོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་དུ་རྣམ་པ་ལྔའི་རང་བཞིན་དུ་གནས་པས་ སྒྲིབ་པ་དག་ཅིང་ནམ་མཁའ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཆེན་པོ་དབུས་མའི་གདན་ལ་གནས་པར་བསམས་ལ་དེ་ལ་བྱང་ཆུབ་ཏུ་བསྒོམ་པར་བྱའོ། །དེ་ཡང་། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ། །དེ་འོག་བྱང་ཆུབ་བསྒོམ་པར་བྱའོ། །ཞེས་བཤད་པ་ཡིན་ནོ། །ཇི་ལྟར་བསྒོམ་ པར་བྱ་ཞེ་ན། ལྷ་མོ་བཞིས་གླུ་བཞིས་བསྐུལ་བའི་རྗེས་ཐོགས་ལ་ཞུ་བ་བསྡུས་པ་ལས་བྱུང་བ་རང་གི་གདན་ལ་གནས་པའི་རང་གི་ལྷའི་ས་བོན་ལས་དེའི་མཚན་མ་རྣམ་པར་བསྒོམ་ལ་དེའི་ལྟེ་བར་ས་བོན་དེ་ཉིད་ཕྲ་མོ་ནོར་བུའི་སྙིང་པོའི་ཐིག་ལེ་དང་ལྡན་པ་བསམས་ཏེ་ནོར་བུ་དེ་ཉིད་ལས་ དཀྱིལ་འཁོར་པའི་སྤྲིན་ཐམས་ཅད་ཀུན་དུ་སྤྲོས་ལ། དེ་རྣམས་ཟླ་བ་དང་རྡོ་རྗེ་དང་སྔགས་ལ་ཡང་དག་པར་བསྡུས་ཏེ་ཡོངས་སུ་གྱུར་པ་ལས་རང་གི་ལྷའི་གཟུགས་སུ་བསྒོམ་པ་ཉིད་དོ། །འདི་དག་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་ བྱ་བ་ནི་ལྷ་མོ་བཞིས་བསྐུལ་བའི་རྗེས་ཐོགས་ཉིད་ལའོ། །དེ་བཞིན་གཤེགས་པ་ནི་སྒྲིབ་པ་མེད་པའི་དེ་བཞིན་ཉིད་ཐུགས་སུ་ཆུད་པའི་ཕྱིར་རོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བ་ནི་སྒྲིབ་པ་དང་བྲལ་ཞིང་དག་པ་ནམ་མཁའི་དབྱིངས་ཀྱི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ དང་གསུང་དང་ཐུགས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་དོ། །དེའི་དམ་ཚིག་ནི་བསྡུས་པའོ། །དེའི་འབྱུང་བ་ནི་རང་གི་གདན་ལ་གནས་པའི་ས་བོན་ཏེ་འདི་ལས་བྱུང་བས་ན་ཞེས་བྱ་བའི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་དེ་སྐད་ཅེས་བྱའོ། །རིག་པ་དང་ ལྡན་པའི་སྐྱེས་བུའི་རྣམ་པ་ཉིད་ཡིན་པའི་ཕྱིར་རིག་པའི་སྐྱེས་བུའི་གཟུགས་ཀྱང་དེ་ཡིན་ལ་བླ་ན་མེད་པ་ཉིད་ཀྱི་ཕྱིར་ཆེན་པོ་ཡང་ཡིན་པས་ནའོ། །འདི་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་གཟུགས་ཅན་ཏེ་སྐུ་གཉིས་ཀ་ཡང་ཞལ་གསུམ་པ་ཕྱག་དྲུག་པ་སྙོམས་པར་འཇུག་པ་རང་གི་ལྷའི་གཟུགས་ ཅན་ཞེས་བྱ་བའི་དོན་ཏོ། །ཆེན་པོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་གསུངས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་མི་བསྐྱོད་པ་ལ་སོགས་པ་ནས་བགེགས་མཐར་བྱེད་ཀྱི་བར་དུའོ། །དེ་རྣམས་ ཀྱི་བྱིན་གྱི་རླབས་ནི་རྟེན་ཡིན་ཏེ་དེའི་རང་བཞིན་ཡིན་པའི་ཕྱིར་དང་དེ་སྐྱེད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི་སྤྲུལ་པར་གྱུར་པ་སྟེ་ལྷ་མོ་རྣམས་ཀྱིས་བསྐུལ་བའི་གླུ་བཞིས་སྙིང་པོ་བསྐུལ་བ་དང་། དུས་གསུམ་རྡོ་རྗེའི་རང་བཞིན་སེམས། །ཡེ་ཤེས་བཞིན་ དུ་ལུས་བསྒོམ་མོ། །ཞེས་བཤད་པ་ཡིན་ནོ། །ཞལ་གསུམ་པ་ནི་སྐབས་སུ་བབ་པའི་བྱང་ཆུབ་ཆེན་པོའི་ཕྱག་རྒྱར་གྱུར་པའི་སྐུའོ། །ལྟ་བུར་ནི་དེ་ལྟར་སྣང་བའོ། །དེ་གཟིགས་པར་གྱུར་པ་སྟེ་ངེས་པར་དངོས་པོ་ཐམས་ཅད་དུ་སྣང་བར་ནི་མ་ཡིན་ཏེ། སངས་རྒྱས་མ་ཡིན་ པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ། །ཅིའི་ཕྱིར་སྤྱོད་ཡུལ་མ་ཡིན་ཞེ་ན། འདི་ལྟར་དཀྱིལ་འཁོར་གྱི་བདག་པོའི་སྐུ་ནི་བྱང་ཆུབ་ཆེན་པོ་ཡིན་ལ་དེ་ ཡང་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་ཡིན་ཏེ། དེ་ནི་མཆོག་ཏུ་ངོ་མཚར་དུ་གྱུར་པའི་སངས་རྒྱས་ཀྱི་ཆོས་རྣམས་རོ་གཅིག་པར་གྱུར་པའི་ཚོགས་ཆེན་པོ་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཡིན་ཏེ། ཇི་སྐད་དུ། དཔལ་རྡོ་རྗེ་རྩེ་མོ་ལས། སངས་རྒྱས་རྡོ་རྗེ་ ཅན་རྣམས་ནི། །ངོ་བོ་ཉིད་ཀྱི་སྐུ་ཡིས་བྱུང་། །རྨད་བྱུང་ཆོས་ཀྱི་རྒྱུད་ཆེན་པོ། །ཐར་པའི་མཆོག་ཏུ་རྟག་པ་ཡིན། །ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་མ་ཡིན་གྱི་རྣམ་པ་ཐམས་ཅད་དུ་ཤེས་བྱ་ཐམས་ཅད་ལ་རྟག་ཏུ་ཐོགས་པ་མེད་པར་གཟིགས་པའི་ སངས་རྒྱས་རྣམས་ཀྱི་ཡུལ་ཡིན་པར་འདོད་དོ། །འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཡུལ་ཉིད་མ་ཡིན་ནམ་འདི་རྣམས་ལས་སངས་རྒྱས་གཞན་མ་ཡིན་ལ་སངས་རྒྱས་ཀྱི་ཆོས་རྣམས་ཉིད་འདིར་དཀྱིལ་འཁོར་བ་དང་འཁོར་རྣམས་ཡིན་ནོ། །དེ་བས་ན་འདི་ལྟར་སངས་རྒྱས་ཀྱི་ཡུལ་ ཡིན་ན། ཇི་ལྟར་འཁོར་རྣམས་ཀྱི་ཡུལ་མ་ཡིན་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་འོན་ཀྱང་དཀྱིལ་འཁོར་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཉིད་ཡིན་ལ་འཁོར་རྣམས་ནི་ངེས་པ་མེད་པ་ཡིན་ནོ། །ལྷག་མ་ནི་བཅུ་བདུན་པ་དང་བཅོ་ལྔ་པ་ལས་འཆད་པར་འགྱུར་རོ། ། གལ་ཏེ་བཅོམ་ལྡན་འདས་ནི་ཐོག་མའི་སངས་རྒྱས་ཡིན་ལ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དགོས་སོ་ཞེ་ན། འདི་ནི་སྟོན་པའི་མངོན་པར་བྱང་ཆུབ་སྟོན་པ་ཡིན་གྱི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མ་ཡིན་ནོ། །སྒྲུབ་པ་བཤད་ཟིན་ཏོ། །སྒྲུབ་པ་ཆེན་ པོ་རྩོམ་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐད་ཅིག་མ་དེ་ལ་མངོན་པར་རྫོགས་པར་སངས་རྒྱས་པས་ན་རྣམ་པར་སྣང་མཛད་དོ། །ཐུགས་ཀ་ནས་ཞེས་བྱ་བ་ནི་ཐུགས་ཀའི་མཚན་མ་ལ་གནས་པའི་ས་བོན་ལས་སོ། །བྱུང་སྟེ་ཞེས་བྱ་བ་ནི་སྤྲོས་པའི་ཚུལ་དུའོ། །ཆེད་དུ་བརྗོད་པ་འདི་ ཞེས་བྱ་བ་ནི་ལུས་ལས་བྱུང་བའི་རླུང་སྟེ་ཇི་ལྟར་དེ་རང་གི་ངང་གིས་བྱུང་བ་དེ་བཞིན་དུ་འཕགས་པ་རྣམས་ཀྱི་རྨད་དུ་བྱུང་བའི་ཆོས་ཐུགས་སུ་ཆུད་པའི་དགྱེས་པས་ཀུན་ནས་བསླང་བའི་ཚིག་ཀྱང་ཡིན་པ་དེ་བས་ན་རླུང་དང་ཆོས་མཐུན་པའི་ཕྱིར་ཆེད་དུ་བརྗོད་པ་ཞེས་བྱའོ། །འདི་ཞེས་བྱ་བ་ནི་འཆད་པར་ འགྱུར་བའོ། །ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་བརྗོད་པར་གྱུར་པའོ། །ཅིའི་ཕྱིར་དེ་དག་ཉིད་ཆེད་དུ་བརྗོད་ཅེ་ན། དེའི་ཐུགས་ཀ་ནས་བྱུང་བ་ཉིད་ཀྱིས་དེའི་ཆོས་རྟོགས་པ་ཉིད་ཀྱི་ཕྱིར་རོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་གསང་ བ་འདུས་པའིའོ། །བྱང་ཆུབ་སེམས་ལས་རབ་བྱུང་བ། །ཞེས་བྱ་བ་ནི་ཞལ་གསུམ་པ་དང་ཕྱག་དྲུག་པ་ལ་སོགས་པའི་ཚུལ་གྱིས་བྱང་ཆུབ་པའི་ངོ་བོར་བྱུང་བར་གྱུར་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་བའི་ གསང་བ་གསུམ་མོ། །རབ་ཏུ་མི་རྟོག་ཅེས་བྱ་བ་ནི་སྤྲོས་པ་དང་མཚན་མ་ཐམས་ཅད་དུ་སྣང་བ་དང་བྲལ་བ་ཉིད་ཀྱིས་དེ་བཞིན་དུ་རོ་གཅིག་པ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་རྣམ་པར་རྟོག་པའི་ཡུལ་མ་ཡིན་ནོ། །རྙོག་པ་མེད་པའོ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཀྱི་དྲི་མ་བག་ཆགས་དང་ བཅས་པ་ཟད་པའི་ཕྱིར་མཆོག་ཏུ་དང་བའི་ཐུགས་ཀྱི་བདག་ཉིད་ཅན་ནོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡིན་པ་དེ་བས་ན་ཕྱག་མཚན་ལྔ་འཛིན་པར་མཛད་པའི་ཕྱིར་ཕྱག་དྲུག་པའོ། །གང་གི་ཕྱིར་གསང་བ་གསུམ་མངའ་བ་དེ་བས་ན་ཞལ་གསུམ་པའོ། །གང་གི་ཕྱིར་རབ་ཏུ་མི་རྟོག་ཅིང་ རྙོག་པ་མེད་པ་ཡིན་པ་དེའི་ཕྱིར་རིག་པ་དང་ལྡན་པའི་སྐྱེས་བུའི་བདག་ཉིད་ཅན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའི་ཆོས་ལ་འདོད་པ་སྐྱེད་པར་བྱེད་པའི་ཆེད་དུ་བརྗོད་པ་ཐོས་པའི་རྗེས་ཐོགས་ལའོ། །ཡང་འདུས་ནས་ཞེས་བྱ་བ་ནི་སྔར་ནི་སྐུའི་འདུས་པ་མཛད་པ་ཡིན་ལ་ད་ནི་གསོལ་བ་གདབ་ པའི་དོན་དུ་དགོངས་པ་གཅིག་པའི་མཚན་ཉིད་ཅན་གྱི་འདུས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ཀྱང་དེ་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྟེ་རྡོ་རྗེ་འཆང་གི་རྣམ་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ནི་མཆོད་པའི་སྙིང་གའི་སྔགས་ལས་བྱུང་བའི་ གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་སོ། །དེ་རྣམས་ཀྱིས་སྤྲོས་པའི་དམ་ཚིག་ནི་འདའ་བར་མི་བྱ་བ་དང་བླ་ན་མེད་པའི་གཟུགས་དང་སྒྲ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་འཕྲོ་བའི་བདག་ཉིད་ཅན་ནོ། །དེ་ཉིད་ནི་དེ་ཁོ་ན་ཉིད་ཡིན་ནོ། །རིན་པོ་ཆེ་ནི་ཁྱད་པར་དུ་འཕགས་པའི་དེ་ཁོ་ན་ཉིད་ དེ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །དེ་རྣམས་ཀྱི་སྤྲིན་ནི་ནམ་མཁའི་ཁྱབ་པའི་བཀོད་པའོ། །ཕྱག་འཚལ་ནས་ཞེས་བྱ་བ་ནི་ཕྱག་བྱས་ནས་སོ། །འདི་སྐད་ཅེས་བྱ་བ་ནི་ཇི་སྐད་དུ་འཆད་པར་འགྱུར་རོ། །འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ ཀུན་གྱིས་ཞེས་བྱ་བ་ལ་འདི་གསང་བ་རྣམས་ཀྱིས་བྱུང་བས་ན་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་འདུས་པ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་སྙིང་པོ་ནི་ནོར་གྱི་མཆོག་སྟེ་ཆོས་ཐམས་ཅད་དོ། །དེ་རྣམས་ཀྱིས་ བཏུས་པ་ནི་བསྡུས་པའོ། །དེ་ཉིད་ཅེས་བྱ་བ་ནི་དོན་དམ་པ་སྟེ་ཐར་པའི་མཆོག་ཅེས་བྱ་བའི་དོན་ཏོ། །བཤད་དུ་གསོལ་ཞེས་བྱ་བ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྣམ་པར་སྟོན་པ་སྟེ་རྣམ་པར་ཕྱེ་ནས་གསུངས་ཤིག་པའོ། །གསང་བ་ཞེས་བྱ་བ་ནི་གཞན་རྣམས་ཀྱི་མངོན་སུམ་དང་རྗེས་སུ་དཔག་ པ་ལ་སོགས་པས་མི་རྟོགས་པའོ། །གལ་ཏེ་འདི་ལྟར་གསང་བ་དེ་ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩོལ་བར་མཛད་པ་ཡིན་ཞེ་ན། རང་གི་ངོ་བོའི་སྒོ་ནས་བསྟན་པར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེའི་རྒྱུ་མཐུན་པར་གྱུར་པ་ལོངས་སྤྱོད་རྫོགས་ པའི་སྐུས་ཡང་དག་པར་བསྡུས་པ་ཕྱག་རྒྱ་ཆེན་པོ་ཀུན་ནས་ཡང་དག་པར་སྟོན་པའི་སྒོ་ནས་ཡིན་ཏེ། དེ་སྐད་དུ། དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས། དེ་ནས་ངོ་བོ་ཉིད་སྐུ་ལས། །སླར་ཡང་ལོངས་སྤྱོད་རྫོགས་སྐུར་བྱུང་། །ཞེས་བྱ་བ་དང་། གསང་བའི་རོལ་མོའི་འཁོར་ལོ་ཡང་། །ལོངས་སྤྱོད་ རྫོགས་པའི་སྐུ་མཆོག་གིས། །ཞེས་གསུངས་པ་དང་། ཡང་། ངོ་བོ་ཉིད་ཀྱི་སྐུ་ལས་ནི། །མིག་ཡོར་ལྟ་བུར་ཡང་དག་བྱུང་། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ནི། །ཆོས་ཀྱི་ལོངས་སྤྱོད་འདི་ལྟ་བུར། །ཐམས་ཅད་བརྗོད་མེད་གནས་པ་མེད། །ཞི་ཕྲ་ཤིན་ཏུ་བལྟ་དཀའ་ཡིན། །སངས་ རྒྱས་རྗེས་སུ་ཐུགས་བརྩེ་བས། །སངས་རྒྱས་རོལ་མོ་སྟོན་པར་མཛད། །ཅེས་གསུངས་པ་ལྟ་བུའོ། །ལེགས་སོ་ལེགས་སོ་ཞེས་བྱ་བ་ནི་བསྔགས་པའི་སྒོ་ནས་ཞལ་གྱིས་བཞེས་པར་མཛད་པའོ། །འོན་ཀྱང་ཞེས་བྱ་བའི་སྒྲ་ནི་ཁྱད་པར་དུ་བྱེད་པའི་དོན་ཏོ། །འདི་ནི་ཞེས་བྱ་བ་ནི་གསང་ བ་འདུས་པའི་མིང་ཅན་གྱི་ལོངས་སྤྱོད་རྫོགས་པའི་སྐུའོ། །འདི་དག་གིས་ཐམས་ཅད་དེ་བཞིན་ཉིད་དུ་མཐོང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ་བདེན་པ་མཐོང་བའི་བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱང་ཐེ་ཚོམ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་ལ་བསྟན་དུ་ཟིན་ ཀྱང་འདིའི་ཆེ་བའི་བདག་ཉིད་ངེས་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདིར་ཐེ་ཚོམ་ནི་མ་ངེས་པ་ཙམ་ཡིན་གྱི་ཐེ་ཚོམ་ཉིད་ནི་མ་ཡིན་ཏེ། དེ་ནི་བདེན་པ་མཐོང་བས་སྤངས་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་རྣམས་ལྟ་ཅི་སྨོས་ཞེས་བྱ་བ་ནི་བདེན་པ་མ་མཐོང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ། ། གལ་ཏེ་བདེན་པ་མ་མཐོང་བ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཇི་ལྟར་སྟོན་པར་མཛད་ཅེ་ན། དེ་ནི་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆ་འདྲ་བར་སྟོན་པ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྟོན་པར་མཛད་པ་ལྟ་བུ་ཡིན་ནོ། །ངོ་མཚར་དུ་གྱུར་པ་ནི་གཞན་དག་དང་རང་ གིས་བརྟག་པར་མི་ནུས་པ་ཉིད་ཀྱིས་སོ། །རྨད་དུ་གྱུར་པ་ནི་ཤིན་ཏུ་ངོ་མཚར་དུ་གྱུར་པ་སྟེ་བསྟན་དུ་ཟིན་ཀྱང་ཆེ་བའི་བདག་ཉིད་ངེས་པ་མེད་པའི་ཕྱིར་རོ། །སངས་རྒྱས་རྣམས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་ངོ་མཚར་དང་རྨད་དུ་གྱུར་པ་མངའ་བ་ཡིན་ནོ། །འོན་ཀྱང་ངོ་མཚར་དང་རྨད་དུ་ གྱུར་པའི་མིག་དང་ཡན་ལག་གི་འགྱུར་བ་ཐུགས་རྗེ་སྟོན་པར་མཛད་པས་ན་ངོ་མཚར་དུ་གྱུར་རྨད་དུ་གྱུར་ཏེ་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པ་ནི་རྡོ་རྗེ་འཆང་སྟེ། དེའི་གོ་འཕང་ཐོབ་པ་ཉིད་ཀྱིས་དེ་རྣམས་ཀྱི་ཐེ་ཚོམ་ཐམས་ཅད་ གཅོད་པའི་ཕྱིར་རོ། །འཚང་རྒྱ་བ་ཉིད་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་དེ་ནི་དེ་རྣམས་ཀྱི་བདག་པོ་ཡིན་ལ། དེ་བཞིན་གཤེགས་པའི་གསང་བ་རྣམ་པ་ཐམས་ཅད་དུ་སྟོན་པར་མཛད་པའི་ཕྱིར་ཆོས་ཀྱི་བདག་པོ་ཡིན་ནོ། །དེ་ཉིད་ཀྱིས་ན་དེ་དག་གིས་ཕྱག་འཚལ་ནས་གསོལ་བ་བཏབ་ པའོ། །དེའི་ཕྱིར་ཁ་ཅིག་ཏུ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་ཀྱང་བརྗོད་དོ། །གསོལ་ཏོ་ཞེས་བྱ་བ་ནི་ཡང་གསོལ་བ་འདེབས་པའོ། །གང་ཞེས་བྱ་བའི་སྒྲ་ནི་གང་གི་ཚེ་ཞེས་བྱ་བའི་དོན་ཏོ། །དེ་ཞེས་བྱ་བ་ནི་དེའི་ཚེ་ཞེས་བྱ་བའི་དོན་ཏོ། །དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་རྣམས་ཀྱི་ཆོས་དེ་ཉིད་དོ། །དེ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་དེ་རྣམས་གང་ལས་བྱུང་བའི་འབྱུང་གནས་ཏེ་དེ་ཡང་རང་གི་རིག་པའི་ཆུ་སྐྱེས་ཏེ་ལྟེ་བའི་ནང་དུ་ཞུ་བ་སྤྲོ་བ་དང་བསྡུ་བ་ལས་བྱུང་བ་སྟན་ལ་གནས་པ་རང་གི་ས་བོན་ཡིན་ནོ། །དེ་མཛད་ པ་ནི་བསྐྱེད་པ་སྟེ་དེ་ཡང་དག་པར་བསྟན་དུ་གསོལ། ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་པ་ཐམས་ཅད་དོ། །དེ་རྣམས་ཀྱི་རྡོ་རྗེ་དམ་ཚིག་འབྱུང་བ་ནི་བཀོད་པའི་ཁྱད་པར་ཏེ་དེའི་དོན་གྱི་ཚིག་ནི་བཛྲ་ དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་ཚིག་གོ། །སྤྲོ་བ་དང་བསྡུ་བ་དང་རྒྱས་བཏབ་པ་དང་ངེས་པར་དགོད་པ་ཞེས་བྱ་བ་བཞི་ནི་རྡོ་རྗེ་དམ་ཚིག་སྟེ། གསང་བ་རྣམས་ཉེ་བར་སྒྲུབ་པའི་ཕྱིར་རོ། །ཚིག་གིས་ཟབ་པའི་ཆེ་བའི་བདག་ཉིད་དང་སྤྲོ་བ་ལ་སོགས་པས་རྒྱ་ཆེ་བའི་བདག་ཉིད་སྟོན་པའི་ཕྱིར་རོ་ཞེས་བྱ་ བར་དགོངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་གང་ཡིན་པ་དེ་དག་མྱོང་བར་བགྱི་བ་ནི་དེའི་རང་བཞིན་དག་དེ་རྣམས་ཀྱིས་མཐོང་བ་དང་བསྒོམ་པས་ཉམས་སུ་མྱོང་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ལྔ་ སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་ནན་ཏན་སྒྲུབ་པའི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ། །མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། གཞན་གྱི་སེམས་ཤེས་པ་ དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པ་ཤེས་པའོ། །དེ་དག་ཐོབ་ཅིང་རྙེད་པར་བགྱི་བ་དེ་ཉིད་ནི་འབྲས་བུ་སྟེ་དེའི་རྒྱུ་ནི་དེའི་དོན་དུའོ། །བར་གྱི་ཞེས་བྱ་བ་མཐར་ཐུག་པའི་ཚིག་གིས་ནི་འབྲས་བུར་གྱུར་པའི་སངས་རྒྱས་ཀྱི་ཆོས་ རྣམས་བསྡུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཏེ་དེ་རྣམས་ཀྱི་རྡོ་རྗེ་ནི་རོ་གཅིག་པར་ཞུ་བ་སྟེ་དེའི་རང་བཞིན་ཅན་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཞུ་བ་དེ་ཉིད་ནི་རིག་པ་དང་བཅས་པར་དཔལ་མཆོག་དང་པོའི་ཚུལ་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན་ དེ་བཞིན་གཤེགས་པའོ། །གསོལ་བ་བཏབ་པ་མཁྱེན་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་ཕྱོགས་གཅིག་གཟིགས་ནས་ཏེ་རིག་པའི་ཆུ་སྐྱེས་ཀྱི་ནང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་འབྱིན་པར་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཀྱི་སྒྲོན་མ་ཞེས་བྱ་བ་ནི་དོན་ དམ་པ་གསལ་བར་བྱེད་པས་ན་ཡེ་ཤེས་ཀྱང་ཡིན་ལ་སྒྲོན་མ་ཡང་ཡིན་པས་ན་ཡེ་ཤེས་སྒྲོན་མ་སྟེ་ཤེས་བྱ་ལྔ་དང་ཡེ་ཤེས་ལྔ་གཉིས་སུ་མེད་པའི་རྣམ་པར་ཤེས་པའི་ཕུང་པོ་སྟེ་དེ་ཉིད་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མི་ཕྱེད་ པའི་ཕྱིར་རྡོ་རྗེ་ཞེས་བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་པདྨའི་ནང་ན་གནས་པའི་ས་བོན་ལས་རིགས་སྤྲོ་བའི་ཚུལ་གྱིས་མི་བསྐྱོད་པ་སྤྲུལ་པར་བཞེད་པའི་རྣམ་པ་ཅན་གྱི་ཐུགས་རྩེ་གཅིག་ཏུ་མཛད་ནས་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་གི་རིགས་ནི་སྔགས་ཀྱི་ཏིང་ངེ་འཛིན་རྣམས་ཏེ་དེ་རྣམས་ཀྱི་མཆོག་ནི་ནམ་ མཁའ་ཁྱབ་པར་ཡོངས་སུ་གང་བའོ། །དེའི་སྙིང་པོ་བསྡུས་པ་ནི་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེའི་སྙིང་པོ་ནི་དེ་ཁོ་ན་ཉིད་སྐུལ་བར་བྱེད་པའི་སྔགས་སོ། །ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་ཞེས་བྱ་བ་ལ་སྐུ་དང་གསུང་དང་ཐུགས་ནི་སེམས་དཔའ་གསུམ་མོ། །རྡོ་རྗེ་ནི་ཡེ་ ཤེས་སེམས་དཔའོ། །ཕྱུང་བ་ནི་དེ་དག་དང་ལྷན་ཅིག་ཏུ་བརྗོད་པའོ། །བཛྲ་དྷྲྀཀ་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་དག་གི་དོན་ནི་གོ་རིམས་བཞིན་དུ་ལེའུ་བཅོ་བརྒྱད་པ་ལས་སྟོན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ནི་དཀྱིལ་འཁོར་གྱི་བདག་པོའོ། ། དེའི་རིག་པས་བསྐྱེད་པའི་སྐྱེས་བུ་ནི་རིག་པའི་སྐྱེས་བུ་སྟེ་ལུས་ཅན་གྱི་རིག་པའི་པདྨའི་ནང་དུ་ཕྱུང་བའི་ཡེ་ཤེས་ལྔ་ཞུ་བ་གང་ཡིན་པ་དེ་ནི་དོན་དམ་པ་ཉིད་རིག་པས་ན་རིག་པའོ། །རིག་པ་བསྡུས་པ་ལས་བསྐྱེད་པའི་རང་གི་སྟན་ལ་གནས་པའི་སེམས་ཀྱི་བདག་ཉིད་ཀྱི་ས་བོན་ནི་སྐྱེས་བུ་སྟེད་ནི་སྔར་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་སྒྲར་གསུངས་པ་གང་ཡིན་པའོ། །བཅོམ་ལྡན་འདས་དེ་ཉིད་བཞུགས་སོ་ཞེས་བྱ་བ་ལ་ཇི་ལྟར་དེ་ཉིད་ཡིན་ཞེ་ན་དེའི་རང་བཞིན་ཡིན་པའི་ཕྱིར་ཏེ་ཞེ་སྡང་གི་རིགས་མཆོག་གི་སྔགས་རྣམས་དེ་ལས་སྤྲོས་ཏེ་བསྡུས་ནས་མི་བསྐྱོད་པའི་སྐུ་ཕྱག་རྒྱ་ཆེན་ པོར་བྱས་པའི་ཕྱིར་རོ། །དེ་བས་ན་མི་བསྐྱོད་པའི་ཕྱག་རྒྱ་ཆེན་པོ་ཡང་ཞལ་གསུམ་པ་ཕྱག་དྲུག་པ་ཐམས་ཅད་ཀྱི་སྐུ་ཡིན་ལ་སྦྱོར་བ་ཡང་དེ་དང་མཚུངས་པའི་ཤེས་རབ་ཀྱི་སྐུ་ཡིན་ཞིང་། མཆོག་གི་མཆོག་ནི་ཐུགས་ཀར་ཉི་མ་དང་རྡོ་རྗེ་དང་ཉི་མ་དང་ཞེ་སྡང་གི་ཡི་གེ་ཧཱུྃ་སྟེ་དེ་དག་ཀུན་དུ་སྣང་བར་ གྱུར་པ་ཉིད་ཀྱིས་བཞུགས་སོ། །ཕྱག་རྒྱ་ཆེན་པོ་འདི་ཇི་ལྟ་བུ་སྦྱོར་བ་ནི་ཇི་ལྟ་བུ་ཡིན་ཞེ་ན་ནག་པོ་དང་དཀར་པོ་དང་དམར་པོའི་ཚུལ་དུ་སྟེ་སྐུ་དང་རྩ་བའི་ཞལ་ནི་ནག་པོའོ། །ཞལ་གཡས་པ་ནི་དཀར་པོའོ། །ཞལ་གཡོན་པ་ནི་དམར་པོའི་ཚུལ་དུའོ། །གང་དུ་ཞེ་ན་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཅན་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལའོ། །གོ་རིམས་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་སྦྱོར་བ་དང་མཆོག་གི་གོ་འཕང་དག་ལ་བཞུགས་པ་སྟེ་མི་སྣང་བར་གྱུར་པ་ཉིད་ ཀྱིས་བཞུགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དཀྱིལ་འཁོར་གྱི་བདག་པོ་ཉིད་ལས་འབྱིན་པ་ཡིན་ན་དཀྱིལ་འཁོར་པ་ཐམས་ཅད་ཀྱི་རིགས་ཀྱང་དེ་ཉིད་ཡིན་ཏེ། བདག་པོའི་དབྱེ་བས་རིགས་ཀྱི་དབྱེ་བར་ཐལ་བར་འགྱུར་རོ་ཞེ་ན། ཉེས་པ་འདི་ཡོད་པ་མ་ཡིན་ཏེ་རྒྱུད་འདིར་ སྐྱེད་པ་པོ་ནི་རིགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དེའི་རིགས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་གཏི་མུག་དང་ཞེ་སྡང་དང་ང་རྒྱལ་དང་འདོད་ཆགས་དང་ཕྲག་དོག་གི་རིགས་རྣམས་ཡིན་ལ་སངས་རྒྱས་རྣམས་ཀྱི་ནི་ཞེ་སྡང་ཡིན་ཏེ་ཞེ་སྡང་ནི་མཆོག་དང་པོ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་ པའི་མཐའ་ཅན་ནོ། །འོ་ན་ཞེ་སྡང་གི་རིགས་ཀྱི་སྔགས་ཀྱི་མཆོག་དེ་སྤྲོས་པ་གང་ཡིན་པ་དེ་གང་ཞེ་ན། ལ་ལ་ནི་མི་བསྐྱོད་པ་ཉིད་ཡིན་ནོ་ཞེས་འདོད་དོ། །གཞན་དག་ནི་དེ་བཞིན་གཤེགས་པ་ལྔའི་ཚོགས་ཁྲོ་བོར་གྱུར་པའོ་ཞེས་འདོད་དོ། །གཞན་ནི་ཁྲོ་བོའི་རིགས་དཔག་ཏུ་མེད་པ་ཡིན་ནོ་ཞེས་ འདོད་དོ། །དེ་བཞིན་དུ་གཏི་མུག་གི་རིགས་ལ་སོགས་པ་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཡང་དག་པར་རྟོག་པ་སྟེ། གཟུགས་ཀྱི་ཕུང་པོའི་བདག་ཉིད་ཀྱི་རྣམ་པར་སྣང་མཛད་དོ། །དེ་འབྱུང་བ་ནི་བསྐྱེད་པ་སྟེ་དེ་ལ་དམིགས་པའི་ཏིང་ངེ་ འཛིན་ལ་དེ་སྐད་ཅེས་བྱའོ། །ལྷག་མ་ནི་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །དཀར་པོ་ནག་པོ་དམར་པོའི་ཚུལ་དུ་ཞེས་བྱ་བ་ནི་སྐུ་དང་རྩ་བའི་ཞལ་ནི་དཀར་པོའོ། །ཞལ་གཡས་པ་ནི་ནག་པོའོ། །ཞལ་གཡོན་པ་ནི་དམར་པོའི་ཚུལ་དུའོ། །སྤྱན་སྔར་བཞུགས་སོ་ཞེས་བྱ་བ་ནི་བྱུང་ནས་ཤར་ཕྱོགས་ཀྱི་ པདྨ་དང་ཟླ་བ་ལ་བཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་འབྱུང་བ་ཞེས་པ་ལ་རིན་པོ་ཆེའི་རྣམ་པར་འབྱུང་བས་ན་རིན་ཆེན་འབྱུང་བའོ། །ནོར་བུ་ནི་ཕྲ་མོ་སྟེ་དེ་ཡང་སྐུ་དང་ཐུགས་དང་གསུང་ཕྲ་མོ་མཉམ་པ་ཉིད་ལས་བྱུང་བའི་ཕྲ་མོ་ཡང་ཡིན་ལ་རྡོ་རྗེ་དཔལ་ཡང་ཡིན་ཏེ། དེ་བས་ན་ ཚོར་བའི་ཕུང་པོའི་ངོ་བོ་ཉིད་ཀྱི་རིན་ཆེན་འབྱུང་ལྡན་ཏེ་བསམས་མ་ཐག་ཏུ་དོན་སྣ་ཚོགས་འབྱོར་པའི་ཕྱིར་ཡིད་བཞིན་གྱི་ནོར་བུའི་རིགས་སོ། །སེར་པོ་དང་དམར་པོ་དང་ལྗང་གུ་དག་གི་གཡོན་དང་གཡས་ཀྱི་ཞལ་དཀར་པོ་དང་ནག་པོ་ཉིད་དུ་སྦྱར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་འདོད་ཆགས་ཆེན་པོ་ནི་རིག་པ་བཞི་ཡོངས་སུ་བསྡུས་པའི་གསང་བའི་ཚོགས་དེ་ཉིད་ལ་སོ་སོར་ཀུན་དུ་རྟོག་པ་སྟེ་དེ་ཡང་འདུ་ཤེས་ཀྱི་ཕུང་པོའི་བདག་ཉིད་ཀྱི་སྣང་བ་མཐའ་ཡས་སོ། །རྡོ་རྗེ་ནི་གསང་བའི་དམ་ཚིག་གོ། །དེ་རྣམས་ཀྱི་འདོད་ཆགས་ནི་རིགས་རྣམས་སོ། །འདོད་ཆགས་ དེ་ཉིད་ནི་ཀུན་དུ་བལྟ་བས་ན་གཟིགས་པ་སྟེ་དེའི་དབང་ཕྱུག་གོ། །ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཡིན་ལ་རིག་པ་ཆེན་པོའི་བདག་པོ་ཡང་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཡང་དག་པར་རྟོགས་པའོ། །དེ་རྣམས་ཀྱི་གདོན་མི་ཟ་བའི་དམ་ཚིག་ནི་ཀུན་དུ་འགྲོ་བས་ འབྲས་བུ་དང་བཅས་པ་སྟེ་དེ་ཡང་འདུ་བྱེད་ཀྱི་ཕུང་པོའི་བདག་ཉིད་ཀྱི་དོན་ཡོད་པར་གྲུབ་པའོ། །དམ་ཚིག་ནི་ཀུན་ནས་རྟོགས་པ་ཡིན་ལ་བཀུག་པ་ནི་འབྲས་བུ་ཉེ་བར་བྱེད་པའོ། །དེ་བཞིན་གཤེགས་པ་ལྔ་པོའི་སྡོམ་ནི་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤེས་པ་དང་ཤེས་བྱ་གཅིག་ཏུ་གྱུར་ པའི་རྣམ་པར་ཤེས་པའི་ཕུང་པོ་སྟེ་བཅོམ་ལྡན་འདས་མི་བསྐྱོད་པའོ། །དེ་ཉིད་ཀྱིས་ན་ཐ་དད་དུ་འབྱེད་པའི་གཉེན་པོ་ཡིན་པས་གཉིས་ལ་ཞེ་སྡང་པའོ། །སེམས་ཙམ་ཉིད་ཀྱིས་ཡེ་ཤེས་དོན་ལ་མི་དམིགས་པ་ནི་གཟུགས་ཀྱི་ཕུང་པོའི་བེམས་པོ་ཡིན་པས་གཏི་མུག་སྟེ་རྣམ་པར་སྣང་མཛད་དོ། ། དེ་ཁོ་ན་ཉིད་མཚན་མའི་འདུ་ཤེས་ཀྱི་ཕུང་པོ་ནི་འདོད་ཆགས་ཏེ་འོད་དཔག་ཏུ་མེད་པའོ། །དེ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཞེ་སྡང་དང་གཏི་མུག་དང་འདོད་ཆགས་རྣམས་ཉོན་མོངས་པ་ཡིན་པ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་དམ་ཚིག་ཀྱང་ངོ་། །ཡིད་བཞིན་གྱི་ནོར་བུ་ནི་ཡེ་ཤེས་ཙམ་དུ་རིག་པའི་ཚོར་བའི་ ཕུང་པོའོ། །དེ་ཡང་ང་རྒྱལ་དང་དྲེགས་པ་སྟེ་ངར་རློམ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དམ་ཚིག་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ་གཏོང་བ་དང་ཡང་དག་པར་མཚོན་པ་དང་བདག་ཉིད་ཅན་ཞེས་བྱ་བའི་དབང་དུ་བྱས་ནས་ལྷག་མ་མི་མངོན་པས་དེ་ཉིད་ཕྲག་དོག་གོ། །ལྔར་གཏོགས་པ་འདི་རྣམས་ནི་རང་ རང་གི་སྔགས་ཀྱི་ལྷ་རྣམས་ཀྱི་རིགས་ཡིན་ཏེ་རིགས་སུ་གྱུར་པ་རྣམས་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རིགས་ནི་དང་པོའི་རྒྱུ