Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 26
Văn bản gốc(Tây Tạng)
Trang 23 / 28 (50.000 ký tự/trang)
ི་དག་བསྡུས་པའི་ཚུལ་དུ་བྱུང་བ་ ཡིན་པའི་ཕྱིར་ཡང་གསུངས་ལ། སྟོན་པས་ཇི་ལྟར་བཤད་པའི་དོན་སྒྲོ་སྐུར་གྱི་མཐའ་དང་བྲལ་བ་སྡུད་པ་པོས་བསྡུས་པའི་ཕྱིར་ཡང་བཀོད་པའོ། །དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ནི་གཟུགས་བརྙན་གྱི་དཀྱིལ་འཁོར་དང་། དེར་བཀོད་པའི་མཚན་མ་དག་གི་སྒོ་ནས་རྒྱས་འདེབས་ ཤིང་གསལ་བར་བྱེད་པས་སོ། །རྟོག་པ་བདུན་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་བསྒྲུབ་པར་བྱ་བའི་གཞི་ཤེས་ཤིང་འབྲས་བུ་ལ་མངོན་པར་ཕྱོགས་པ་དེ་དག་གིས་ནི་སྒྲུབ་པའི་ལས་རྣམ་པ་གཉིས་ལ་སྦྱོར་བའི་ཕྱིར་ཆོ་གའི་ཡན་ལག་དང་ལྡན་པར་བྱའོ། །དེའི་ཕྱིར་འདི་ནི་ ཕྱག་འཚལ་བའི་ཕྱག་རྒྱ་དང་། མཆོད་པའི་ཕྱག་རྒྱ་དག་གསལ་བར་བསྟན་པའོ། །ཇི་ལྟར་སྤྱན་དྲང་བ་ལ་སོགས་པའི་ལས་དག་དང་། དེ་དག་གི་ཐུན་མོང་དུ་འགྲོ་བའི་སྔགས་དང་ཕྱག་རྒྱ་སྣ་ཚོགས་པ་དག་བསྟན་པ་ལས་འདི་ཉིད་ཁྱད་པར་དུ་ཕྱོགས་གཅིག་ཏུ་དགོད་པར་མཛད་ཅེ་ན། ལམ་ རྣམ་པ་གཉིས་ཀྱི་ཐུན་མོང་གི་ཆོ་ག་ནི་མཉེས་པའི་བྱ་བ་ཡིན་ཏེ། དེ་ཉིད་ཕྱག་འཚལ་བ་དང་མཆོད་པ་ལ་རག་ལས་པ་སྟེ། དེས་ན་རྩ་བའི་རྒྱུད་ཆེན་པོ་ལས་སོ་སོའི་ཞར་བྱུང་དུ་བཤད་ཟིན་ཀྱང་། འདིར་ཞེས་པ་ཕྱོགས་གཅིག་ལ་བསྡུ་བའི་དུས་སུ་ནི་ལོགས་ཤིག་ཏུ་བཀོད་པར་རིགས་པ་ ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ལས། ཆོ་གའི་ཡན་ལག་ཐམས་ཅད་ལས། །ཕྱག་འཚལ་མཆོད་པའི་ལས་དག་ནི། །གནས་སྐབས་ཀུན་དུ་འཇུག་པ་སྟེ། །བརྩོན་ལྡན་འཇུག་པས་ཀུན་དུ་སྦྱོར། །ལྷ་དང་བླ་མ་མཉེས་པའི་མཐུས། །འདོད་ཡོན་ལས་ལ་སྦྱོར་བར་འགྱུར། །ཞེས་ སོ། །དེའི་ཕྱིར་ལེའུ་བརྒྱད་པ་འདི་ནི་ཀུན་གྱི་ཡན་ལག་གི་ཚུལ་གྱིས་ཐུན་མོང་དུ་བཤད་པ་སྟེ་ཕྱོགས་གཅིག་ཏུ་གཞག་པ་ནི་མེད་དོ། །དེ་ལས་དང་པོར་མདོར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་སེམས་དཔའ་དཔལ་གྱི་ལྷའི། །རྣམ་པ་ཀུན་དུ་སྣ་ཚོགས་མཆོག །མཆོད་ པ་ཐམས་ཅད་རྣམ་འཕྲུལ་པའོ། །དཀྱིལ་འཁོར་གྱི་འཁོར་ལོ་དང་། རང་ཉིད་ཀྱི་བླ་མ་ལ་སོགས་པའི་ཐུན་མོང་དང་། ཁྱད་པར་གྱི་ལྷ་རྣམས་མགུ་བར་བྱ་བའི་དོན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་ལས། མཆོད་པ་རྣམ་པ་སྣ་ཚོགས་ཀུན་གྱི་མཆོག་ཏུ་གྱུར་པ་ཐམས་ཅད་ རྣམ་པར་འཕྲུལ་ཞིང་ཕྱག་འཚལ་བའི་མཆོད་པ་ལུས་ངག་ཡིད་གསུམ་གྱི་རྣམ་པ་ལས་བྱུང་བ་དང་། མཆོད་པའི་ཕྱག་རྒྱ་ཕྱི་ནང་གསང་བའི་སྒོ་ནས་གླུ་དང་གར་ལ་སོགས་པའི་སྒོ་ནས་རྣམ་པར་འཕྲུལ་ཞིང་དཀྱིལ་འཁོར་མཉེས་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། རྡོ་རྗེ་ སེམས་དཔའི་རྣམ་འཕྲུལ་ལས། །མཆོད་པའི་ཚོགས་མང་རབ་སྤྲོས་ཏེ། །སྣ་ཚོགས་ཀུན་གྱི་ཕྱག་རྒྱ་ཡིས། །དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱ། །ཞེས་སོ། །ད་ནི་ཕྱག་འཚལ་བའི་ཕྱག་རྒྱའི་སྒོ་ནས་མཆོད་པ་ལས་དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ནི། ལག་པ་ གཡས་གཡོན་གཉིས་དག་ནི། །མཛུབ་མོ་མཐེའུ་ཆུང་མཛེས་པར་བསྒྱུར། །དཔལ་ལྡན་གཡོན་པ་འགྱིང་བའི་ཐབས། །གཡས་པ་བ་དན་གསུམ་པ་བྱ། །ཕྱག་རྒྱ་བཅིང་བ་ལ་ནུས་པ་མཐུ་དང་ལྡན་པར་བྱ་བའི་དོན་དུ་ལག་པ་བྱིན་གྱིས་བརླབ་པ་སྔོན་དུ་སོང་བས་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་ཕྱག་རྒྱ་ གཡོན་དང་། གཡས་དང་། མདུན་རྣམ་པ་གསུམ་དུ་པདྨའི་ལག་སྐོར་ལན་གསུམ་དུ་བསྒྱུར་ཞིང་། དེ་ལས་གཡོན་པ་ཁུ་ཚུར་དུ་བཅངས་ཤིང་དྲིལ་བུ་འཛིན་པའི་ཚུལ་གྱིས་དཀུའི་གནས་སུ་བཞག་སྟེ། འགྱིང་བག་དང་ལྡན་པའི་ཚུལ་དུ་བྱ་བ་དང་། གཡས་པའི་སྲིན་མཐེབ་སྦྱར་ཏེ། བ་དན་གསུམ་ པའི་ཚུལ་གྱིས་རྡོ་རྗེ་བཟུང་ནས་བཀན་ཏེ་སྙིང་གར་གཞག་པར་བྱའོ། །ཚུལ་ཇི་ལྟའི་སྒོ་ནས་ཤེ་ན། སྲི་ཞུར་བྱས་ཤིང་བཏེག་པའི་མཆོག །བདག་ཉིད་རྡོ་རྗེ་སེམས་དཔའ་དཔལ། །འཛུམ་དང་བཅས་པའི་མིག་གིས་བལྟ། །བསམ་པ་གཡོས་པའི་ཕྱག་རྒྱའོ། །བདག་ཉིད་རྡོ་རྗེ་སེམས་ དཔའ་དང་གཉིས་སུ་མེད་པ་ལས་བྱུང་བའི་ཚུལ་གྱིས་ཀུན་དུ་ཆགས་པ་ལས་འཛུམ་པ་ནི་སྲི་ཞུར་བཅས་པ་སྟེ། དེ་ཉིད་ལ་རང་འོད་ཀྱི་རིག་མ་དང་ཞལ་སྦྱོར་གྱི་ཚུལ་གྱིས་བཞུགས་པ་ནི་བཏེག་པའོ། །ཕྱག་རྒྱ་དེ་ལྟ་བུ་སྔོན་དུ་སོང་བས་འཛུམ་མིག་དང་བཅས་པར་ལྟ་ཞིང་། བསམ་པ་གཡོས་ པའི་སྒོ་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བར་བྱའོ། །དེ་ཡང་རྟོག་པ་བདུན་པ་ལས། སྒྱུ་འཕྲུལ་དགའ་བའི་རྡོ་རྗེ་རོལ་མོའི་ཚོགས། །གཞན་ལ་སྣང་བའི་དཀྱིལ་འཁོར་རྣམ་པར་མཛེས། །ཞེས་པ་ལ་སོགས་པའི་སྐུ་གསུང་ཐུགས་ ཡོན་ཏན་ཕྲིན་ལས་ལྔའི་སྒོ་ནས་ཕྱག་འཚལ་བའི་ཚིགས་སུ་བཅད་པ་དང་། ཨོཾ་ཨཱཿཧཱུཾ། ཨ་ཏི་པུ་ཧོ། བནྡྷ་ནཾ་ཀ་རོ་མི། ག་རུ་པ་ཏི་ཨ་ལ་ལ་ཧོ། ཨོཾ་ཨ་ཏི་ཧཱུཾ་ཞེས་པས་སྔགས་བརྗོད་ཅིང་ཕྱག་བཙལ་བར་བྱའོ། །འདི་དག་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་གནས་སྐབས་སུ་ཡང་རྒྱ་ ཆེར་སྦྱར་བར་བྱའོ། །དེ་ལྟར་ཕྱག་འཚལ་བའི་ཕན་ཡོན་ནི། སངས་རྒྱས་རྡོ་རྗེ་པདྨ་འཛིན། །རྡོ་རྗེ་ཉི་མ་ཁམས་གསུམ་པས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། འཇིག་རྟེན་ལས་འདས་རིགས་དྲུག་གི་དཀྱིལ་འཁོར་དག་དང་། རིགས་ཀྱི་དཀྱིལ་འཁོར་ཐུན་མོང་ བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་དྲེགས་བྱེད་ཀྱི་ཚོགས་ཀུན་གྱིས་ཕྱག་འཚལ་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་བའོ། །གཞན་ཡང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར་གཞན་དག་གི་ཕྱག་འཚལ་ཕྱག་རྒྱ་དག་བསྟན་པའི་ ཕྱིར། རྡོ་རྗེ་དཔལ་གྱི་ཐལ་མོ་བསྒྱུར། །བསམ་པ་གཡོས་པས་ཕྱག་བྱས་པའི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། དང་པོར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ལ་ནི་ཚུལ་གོང་མ་དང་འདྲ་བ་ལས་འཁོར་ལོའི་ཕྱག་རྒྱའི་ཐལ་མོ་དཔྲལ་བར་གཏུག་ཅིང་ཨོཾ་ཨ་ཏི་པུ། ཨོཾ་ཞེས་པའི་ཚིག་བརྗོད་པར་བྱས་པས་སངས་རྒྱས་ཀྱི་མཆོད་པ་རྒྱ་ཆེན་པོས་ཐམས་ཅད་མཉེས་ཤིང་ཐམས་ཅད་འགྲུབ་པར་འགྱུར་བའོ། །ཧེ་རུ་ཀའི་སྨིན་མ་གཡོན་པ་བཏེག་ཅིང་གར་སྟབས་ཀྱི་སྒོ་ནས་མཐེའུ་ཆུང་མཆེ་བ་བཞིན་དུ་བྱས་ཏེ་ཁར་བཞག་ནས་ཨོཾ་ཨ་ཏི་པུ་ཧི་ཧི་རུ་ལུ་རུ་ལུ་ཧཱུཾ་ཞེས་ བརྗོད་པས་འཇིག་རྟེན་གྱི་ལྷ་ཆེན་པོ་དྲེགས་བྱེད་ཀུན་གྱིས་བྲན་བཞིན་དུ་ལས་ལ་འདུད་པའོ། །པདྨ་གར་དབང་གི་ནི་པདྨའི་ཐལ་མོ་ཁ་འབུས་བཞིན་དུ་མཐེ་བོང་མཐེའུ་ཆུང་བཞི་པོ་དག་པདྨའི་འདབ་མ་ཁ་བྱེ་བ་བཞིན་དུ་སྙིང་གར་སྦྱར་ཏེ། ཨོཾ་ཨ་ཏི་པུ་ཧྲི་ཞེས་པས་ཆོས་ཐམས་ཅད་རྣམ་པར་དག་པའི་ངང་དུ་སྦྱོར་ ཞིང་རྒྱས་པར་འགྱུར་རོ། །རྡོ་རྗེ་ཉི་མའི་ནི་གར་བསྐོར་བ་སྔོན་དུ་འགྲོ་བས་ལུས་ཀྱི་ཡན་ལག་ཐམས་ཅད་ས་ལ་ཕབ་སྟེ་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་། ཨོཾ་ཨ་ཏི་པུ་ཏྲཾ་ཞེས་པས་ཕྱག་འཚལ་བས་ཡོན་ཏན་རིན་པོ་ཆེའི་རིགས་ཐམས་ཅད་ཀྱིས་རྒྱས་པར་འགྱུར་བའོ། །རྟ་མཆོག་གི་ནི་གར་ བསྐོར་བ་སྔོན་དུ་སོང་བས་རྡོ་རྗེ་འགྱིང་བག་གི་ཐབས་ཀྱིས་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བཅིངས་ཏེ་འཛུམ་པའི་མིག་དང་ལྡན་པས། ཨོཾ་ཨ་ཏི་པུ་ཧཾ་ཞེས་བརྗོད་པས་ཁམས་གསུམ་ཐམས་ཅད་དག་ཟིལ་གྱིས་གནོན་པར་འགྱུར་བའོ། །དེས་ནི་ཕྱག་འཚལ་བའི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་བཤད་པའོ། ། ད་ནི་མཆོད་པའི་ཕྱག་རྒྱའི་སྒོ་ནས་དཀྱིལ་འཁོར་མཉེས་པར་བྱ་བ་ལས། དང་པོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་རྒྱ་བསྟན་པའི་ཕྱིར། གར་གྱི་རྒྱུད་རྣམས་ཇི་སྙེད་དང་། །དེ་བཞིན་བྱ་བའི་ཚུལ་སྟོན་ཀུན། །དེ་དག་རྡོ་རྗེ་སེམས་དཔའི་རྒྱ། །རང་གི་དོན་རྣམས་ སྒྲུབ་བྱེད་པའོ། །གར་གྱི་གཙུག་ལག་ལས་ཇི་སྐད་དུ་བཤད་པའི་བརྒྱད་ལྡིང་དང་དྲུག་འགྱུར་དང་། ཡན་ལག་ཅན་དང་། ཚིག་ཆེན་དང་། བུང་བའི་སྟོབས་དང་། དོ་ཤལ་དང་། སེང་གེ་བསྒྱིངས་པ་དང་། གནས་བདུན་རོལ་པ་ཞེས་བྱ་བ་ལ་སོགས་པ་ཇི་སྙེད་པ་དང་དེ་དང་རྗེས་སུ་མཐུན་པའི་གླིང་བུའི་སྟབས། པི་ཝང་དང་། མུ་སྟི་ཧ་ར་ལ་སོགས་པའི་སྟབས་ཀྱི་སྒོ་ནས་གར་དང་ཕྱག་རྒྱ་སྣ་ཚོགས་བསྒྱུར་ཞིང་བྱ་བའི་ཚུལ་དང་བཅས་པས་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་སྒོ་ནས་རང་གི་དོན་རྣམས་བསྒྲུབ་པར་བྱའོ། །དེ་དག་གི་ཚུལ་གཞན་ཡང་བསྟན་པའི་ཕྱིར། འགྱིང་དང་བཅས་པའི་ཚུལ་བསྟན་ནས། །ཇི་ ལྟའི་ཚུལ་བཞིན་གར་བྱེད་ཅིང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ཚོགས་ཀྱི་དཀྱིལ་འཁོར་ལ་སོགས་པའི་སོ་སོའི་ལས་དང་མཐུན་པར་བྱེ་བྲག་གི་ཚུལ་དུ་ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱི་སྔགས་དང་། མཆོད་པ་དང་། ཕྱག་རྒྱ་དང་། ཏིང་ ངེ་འཛིན་དུ་སྦྱར་ཞིང་གཡོན་ཕྱོགས་ནས་བསྐོར་བའི་གར་ཐབས་ཀྱི་སྒོ་ནས་ལས་སུ་བྱ་བ་དག་སྤྱད་པར་བྱའོ། །དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིང་ཞིང་འོག་ནས་འབྱུང་བ་བཞིན་གྱི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་། གླུའི་ཕྱག་རྒྱ་ལ་སོགས་པས་མཚོན་ཞིང་རིགས་ཀྱི་གཙོ་བོ་མཉེས་པར་ བྱའོ། །བསྡུས་པའི་དོན་ནི་འདི་ལྟར་ཡིན་ཏེ། གང་ཞིག་གིས་བསྒོམ་པའི་རིམ་པ་རྫོགས་པར་བྱས་ནས་དཀྱིལ་འཁོར་དག་མཆོད་པ་ལ་སོགས་པའི་སྐབས་སུ་སྦྱོར་བའི་སྒོ་ནས་དཀྱིལ་འཁོར་བསྐུལ་བ་དང་། སྤྱན་དྲང་བ་དང་། གཞུགས་སུ་གསོལ་བ་དང་། ཕྱག་འཚལ་བ་དང་། མཆོད་ པ་སྤྲོ་བ་དང་། དབུལ་བའི་སྔགས་དང་། གླུ་འགྱུར་དང་། ཕྱག་རྒྱ་དང་། ལྷ་རྣམས་དགུག་གཞུག་བྱ་བ་དང་། ཕྱག་རྒྱ་ཆེན་པོ་གསལ་ཞིང་མཉེས་པར་བྱ་བ་དང་། དངོས་གྲུབ་བསྐུལ་བ་དང་། དམ་ཚིག་གི་ཕྱག་རྒྱས་བརྟན་པར་བྱ་བ་དང་། མཆོད་པ་བཞིའི་སྒོ་ནས་གསོལ་བ་གདབ་པ་ དང་། རྡོ་རྗེ་གླུའི་སྒོ་ནས་གསོལ་བ་གདབ་པ་དང་། ལས་སྣ་ཚོགས་ཀྱི་སྒོ་ནས་གསོལ་བ་གདབ་པ་དང་། བཞིན་གྱི་ཕྱག་རྒྱ་དང་། འཛུམ་པའི་ཕྱག་རྒྱ་དང་། བདུད་རྩིའི་མཆོད་པ་དང་། གསང་བའི་མཆོད་པ་དག་གིས་མཉེས་པར་བྱའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །སངས་ རྒྱས་ཀུན་དང་འགྲོགས་པ་དང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ཡིན་ཏེ། དེ་ལས་སངས་རྒྱས་ཀུན་དང་འགྲོགས་པ་ནི་ཕྱག་རྒྱ་འདིའི་མཐུས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀུན་གྱི་བདག་ཉིད་དུ་སྦྱོར་བར་མཛད་པའོ། །དཔལ་ སྐལ་བ་བཟང་པོ་ཞེས་བྱ་བའི་ཕྱག་རྒྱའི་བཤད་པའོ།། །།ད་ནི་ལྷ་མོ་བདེ་མཆོག་མ་ལ་སོགས་པའི་མཆོད་པ་བསྟན་པའི་ཕྱིར། སྙེམས་འཛིན་ཆེན་པོར་བཅས་པ་ཡི། །སྦྱོར་བས་དེ་ནི་བཏེག་ནས་སུ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ལྷ་མོ་ཉི་ཤུ་ལ་ སོགས་པའི་སོ་སོའི་འགྱིང་བག་དང་བཅས་པས་གར་ཐབས་ལན་གསུམ་དུ་བསྒྱུར་ཞིང་། འགྲམ་པའི་ཕྱོགས་སུ་བཏེག་སྟེ་ཡང་བསྒྱུར་ཞིང་ཐལ་མོ་སྦྱར་ཏེ་སྤྱི་བོའི་མཚམས་སུ་བཞག་པ་ལས་བཀྲོལ་ནས་སོ་སོའི་ཕྱག་རྒྱ་བཅིངས་པའི་རྗེས་ལ་ཧཱུཾ་གི་གླུ་བླང་ཞིང་མཆོད་པ་ཐམས་ཅད་ དབུལ་བར་བྱའོ། །དཔལ་སྐལ་བ་བཟང་པོ་བདེ་བ་ཆེན་པོ་ལས་རྣམས་ཀྱི་ཕྱག་རྒྱ་བཤད་པའོ། །ད་ནི་རིགས་ཀྱི་དཀྱིལ་འཁོར་གཞན་དག་གི་མཆོད་པའི་ཕྱག་རྒྱ་བསྟན་པའི་ཕྱིར། ལག་པ་གཡས་གཡོན་གཉིས་དག་གི། །མཛུབ་མོ་མཐེའུ་ཆུང་མཛེས་བསྒྱུར་བའི། །ཞེས་པ་ལ་ སོགས་པའི་ཚིགས་སུ་བཅད་པ་གསུངས་པ་ལས། དང་པོར་རྣམ་པར་སྣང་མཛད་ཀྱི་ནི་གར་བསྒྱུར་བ་ལས་བྱུང་བའི་འཁོར་ལོའི་ཐལ་མོ་སྦྱར་ཞིང་གཡོན་ཕྱོགས་སུ་བསྒྱུར་ཞིང་བཏེག་སྟེ་སྤྱི་བོའི་མཚམས་སུ་བཞག་ནས་ཨོཾ་གྱི་གླུ་དང་བཅས་པས་ལས་ལ་སྦྱར་བར་བྱའོ། །ཧེ་རུ་ཀའི་ ནི་གར་བསྒྱུར་བ་ལས་ཐལ་མོ་གྱེན་དུ་བཀྲོལ་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཞལ་ལམ། ཐོད་པའི་ཚུལ་དུ་བྱས་ནས་མཆོད་པ་དང་། གཏོར་མས་བཀང་བའི་ཚུལ་གྱིས་དུར་ཁྲོད་ཀྱི་ཆས་དང་ལྡན་པར་བྱས་ནས་རྡོ་རྗེ་དྲག་པོའི་གད་མོའི་སྒོ་ནས་ལས་ལ་སྦྱར་བར་བྱའོ། །པདྨ་གར་དབང་གི་ནི་ གར་བསྐོར་བ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཐལ་མོ་ལན་གསུམ་དུ་བརྡབ་ཅིང་ཧྲིའི་གླུ་བླངས་ཏེ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ཉི་མས་ནི་གར་བསྐོར་བ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཐལ་མོ་སྦྱར་ཞིང་ཏྲཾ་གི་གླུ་བླངས་ཏེ་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །རྟ་མཆོག་གི་ ནི་གར་བསྐོར་བ་ལས་སོ་སོའི་ཕྲིན་ལས་ཀྱི་བྱ་བ་བཞིན་དུ། སྣ་ཚོགས་རྡོ་རྗེའི་ཐལ་མོ་བཅིངས་ཤིང་བཀྲོལ་ཏེ། རྣམ་པར་སྣང་མཛད་ཕྱག་རྒྱ་དང་སྔགས་ལ་རང་གི་སྙིང་པོ་ཧཾ་གིས་བརྒྱན་པའི་གླུ་བླངས་པའོ། །ད་ནི་མཆོད་པའི་ལྷ་མོ་བཞིའི་སྒོ་ནས་བརྩམ་པ་དང་། ཕྱག་རྒྱ་གོང་མ་དག་བཅིང་ བའི་རྗེས་སུ་མཆོད་པ་འདི་དག་ལ་སོགས་པ་དབུལ་བའི་ཕྱིར། གྱེན་དུ་འཐོར་དང་ཐུར་དུ་འབེབས། །བསྐོར་ཞིང་དེ་བཞིན་ཉུག་པ་དང་། །མེ་ཏོག་བདུག་པ་མར་མེ་དང་། །དྲི་ཡི་མཆོད་པ་འབྱུང་བའོ། །ལྷ་མོའི་སྔགས་དང་ཕྱག་རྒྱ་མེ་ཏོག་གྱེན་དུ་འཐོར་བ་དང་། བདུག་སྤོས་ཐུར་དུ་ བླུགས་པ་དང་མར་མེ་ཕྱོགས་བཅུར་བསྐོར་བ་དང་། དྲིས་བདག་དང་ལྷ་རྣམས་ཀྱི་ཐུགས་ཀར་ཉུག་པ་ལ་སོགས་པའི་ཚུལ་དུ་ལས་དེ་རྣམས་ལ་སྦྱར་བར་བྱའོ། །ཡང་ཚིགས་སུ་བཅད་པ་ཐ་མ་འདི་ཉིད་ཀྱིས་ནི་མཆོད་པའི་ལྷ་མོ་དག་ཀྱང་མཚོན་པར་བྱེད་པའོ། །དེ་ལྟར་མཆོད་པ་དེ་དག་ གྲངས་ལ་སོགས་པའི་ཚད་ཇི་ཙམ་ཞེ་ན། གང་ངམ་འོན་ཏེ་སྟོང་ཡང་རུང་། །ཡང་ན་ཅི་འབྱོར་པ་ཡིས་ཀྱང་། །དམ་ཚིག་མཉམ་པར་བསྒྲུབས་པ་ཡིས། །མཆོད་པ་ཐམས་ཅད་འགྲུབ་པར་འགྱུར། །སྣོད་གཅིག་ནས་བཟུང་སྟེ་སྟོང་གི་བར་དུ་རིན་པོ་ཆེ་དང་མཆོད་པའི་ཚོགས་རྣམས་ཀྱིས་ བཀང་བའམ། ཡང་ན་ཅི་འབྱོར་པ་བཞིན་དུ་བཤམས་ཤིང་། དངོས་སུ་འབྱོར་པས་གང་བ་དང་། མ་འབྱོར་པའི་སྟོང་པ་དག་ཀྱང་སེམས་ཀྱིས་རྒྱ་ཆེར་སྤྲུལ་ཏེ་མཆོད་པར་བྱའོ། །དེ་ཡང་དམ་ཚིག་དང་མཉམ་པར་ལྡན་པའི་སྒྲུབ་པ་པོས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་ཚོགས་པའི་རྣམ་ པས་མཆོད་པའི་ཚོགས་རྣམས་བསྒྲུབ་ཅིང་དབུལ་བར་བྱའོ་ཞེས་པའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་རྣམས་བཅིངས་ན་ནི། །སངས་རྒྱས་ཐམས་ཅད་མཆོད་པར་འགྱུར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་ཏེ་གོ་སླ་བས་མ་བཤད་དོ། །མཆོད་པ་ ཐམས་ཅད་དང་མཉམ་པར་སྦྱོར་བ་བཟང་པོ་དམ་ཚིག་གི་རྟོག་པ་ཉིད་རང་གི་ཆེ་བའི་ཡོན་ཏན་རྣམ་པར་འཕྲུལ་པ་ལས་བྱུང་བས་རང་ཉིད་མཆོད་པར་མཛད་པས་མཉམ་པར་སྦྱོར་བ་སྟེ། དེ་དག་མི་འབྲལ་ཞིང་ལོངས་སྤྱོད་པར་མཛད་པས་སྐལ་བ་བཟང་པོ་དཔལ་གྱི་དམ་ཚིག་ཅེས་བྱའོ། །ལེའུ་ བརྒྱད་པའི་དོན་རྣམ་པར་བཤད་པའོ།། །།གང་ཞིག་ལམ་གྱི་ཆོས་ཉམས་སུ་བླངས་པ་དེ་དག་ཀྱང་། ཆོ་གའི་ཡན་ལག་ཕུན་སུམ་ཚོགས་པ་དང་མི་ལྡན་པས་ནི་འགྲུབ་པར་མི་འགྱུར་ཏེ། རྒྱལ་པོ་རྟ་རྣའི་བཀོད་པ་ལྟ་བུ་ཡིན་ལ། ཡན་ལག་མ་ཚང་བའི་གསང་སྔགས་དང་། རྟེན་ འབྲེལ་མ་ཚོགས་པའི་ལས་ཀྱང་དེ་བཞིན་དུ་བྲམ་ཟེ་མོ་བཟང་ལྡན་གྱི་བཀོད་པ་བཞིན་ནོ། །དེས་ན་བསྒྲུབ་བྱའི་འབྲས་བུ་དག་ནི་རྒྱུ་ཕུན་སུམ་ཚོགས་པ་དང་རྐྱེན་ཕུན་སུམ་ཚོགས་པ་ལ་རག་ལས་ཏེ། ལེགས་པར་སྦྱར་བའི་ཤིང་རྟ་དག་ཀྱང་རྟ་ལ་མ་བརྟེན་པར་རང་གི་གནས་སུ་ཕྱིན་པར་མི་ནུས་ལ། བདེན་པའི་མཐུས་ནི་ཟོལ་པའི་ལས་དག་ཀྱང་འགྲུབ་པར་བྱེད་དེ། སྒྱུ་མ་མཁན་བཟའ་པོའི་བཟའ་སྟོན་བཞིན་ནོ། །དེའི་ཕྱིར་ཕྱག་རྒྱ་ཉི་ཤུ་རྩ་བདུན་དང་ལྡན་པས་ནི་ལས་ཐམས་ཅད་ལ་སྦྱོར་བར་བྱེད་ཅིང་། དེ་དག་གི་ཕྲིན་ལས་མ་ལུས་པ་འབྱུང་བའི་གྲོགས་སུ་གྱུར་པ་ཡིན་ནོ། །དེ་ཡང་རྩ་བའི་ རྒྱུད་ལས། བསྒྲུབ་པའི་ལས་རྣམས་གང་ཞིག་ལ། །གོམས་པའི་ལས་ཀྱིས་བརྩམ་བྱ་བའང་། །རྒྱུ་རྐྱེན་རྟེན་འབྲེལ་མ་ཚོགས་པར། །མི་མཐུན་ཕྱོགས་ཀྱིས་སྒྲུབ་བྱེད་པའི། །རྨ་བྱ་ཤི་རི་ཤའི་བཞིན་དུ། །བསྐལ་པར་བསྒྲུབས་ཀྱང་འགྲུབ་མི་འགྱུར། །སྨིན་ཅིང་གྲོལ་བར་ བྱ་བའི་ཐབས། །ཐབས་ཀྱི་ཡན་ལག་སྤྱོད་པ་དང་། །རྒྱུ་རྐྱེན་ལ་སོགས་ཚོགས་པའི་མཐུས། །འདོད་པའི་འབྲས་བུ་ལས་སྦྱོར་འགྲུབ། །ཕྱག་རྒྱའི་དཀྱིལ་འཁོར་གང་དག་ལ། །ཕྱག་རྒྱའི་ཚོགས་ཀྱིས་མ་བསྒྲུབས་པར། །ལེགས་སྤྱད་འབྲས་བུ་འབྱུང་མི་འགྱུར། །དེ་ཕྱིར་ཕུན་ སུམ་ཚོགས་པས་འཇུག །ཅེས་སོ། །དེས་ན་ལམ་གང་མ་དག་བསྒྲུབ་པར་བྱ་བ་ལ་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་གྱིས་བྱ་དགོས་སོ། །དེ་ཡང་རྟོག་པ་བདུན་པ་ལས། བསྙེན་སྒྲུབ་ལ་སོགས་ལས་གང་བའི། །ཕྱག་རྒྱ་རིམ་པ་གསལ་བ་དག །བསྒྲུབ་བྱའི་ལམ་དུ་གྱུར་པ་སྟེ། །དེ་ གསལ་འབྲས་བུའི་ལས་ལ་སྦྱོར། །ཚོགས་པའི་ཡན་ལག་ཉི་ཤུ་བདུན། །ཕྱག་རྒྱའི་ལས་སུ་རབ་ཏུ་གྲགས། །ཁྱད་པར་སོ་སོའི་ལས་དག་གི །འཇུག་པའི་ཡན་ལག་གྲོགས་སུ་བཤད། །དེ་དག་གནས་སྐབས་གོང་དུ་འགྲོ་བ་ནི་གོང་དུ་བཤད་ཟིན་ཏོ། །དེ་ཡང་བསྡུ་ ན་ཕྱག་རྒྱ་བཞི་རུ་ཤེས་པར་བྱ་སྟེ། དང་པོ་དང་། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དག་གི་ནི་ཕྱག་རྒྱ་ཆེན་པོའོ། །གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། བཅུ་དྲུག་པ་དང་། བཅུ་དགུ་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །དགུ་པ་དང་། བཅུ་པ་དང་། བཅུ་གཅིག་པ་དང་། བཅུ་གསུམ་པ་ དང་། བཅོ་བརྒྱད་པ་དག་ནི་ཆོས་ཀྱི་ཕྱག་རྒྱའོ། །ལྔ་པ་དང་། བཅུ་གཉིས་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། ཉི་ཤུ་པ་ནས་བཟུང་སྟེ། མཐར་ཐུག་གི་བར་དུ་ནི་ལས་ཀྱི་ཕྱག་རྒྱའོ། །དེ་དག་གི་ཚིག་གི་འབྲེལ་ཚུལ་དང་པོར་ཕྱག་རྒྱ་ཆེན་པོའི་སྐུ་ལ་བརྟེན་དགོས་པས་ ཐམས་ཅད་འབྱུང་བའི་ཕྱག་རྒྱ་བསྟན་ཏོ། །དེ་ཉིད་ཀྱིས་རྒྱས་བཏབ་ནས། ཡང་དམ་ཚིག་གི་ཕྱག་རྒྱ་བརྟེན་པར་བྱ་དགོས་པས་གཉིས་པ་བསྟན་ཏོ། །དེ་ཡང་དམ་ཚིག་ཆེན་པོའི་ཕྱག་རྒྱ་ལ་བརྟེན་ཏེ་འབྱུང་བའི་ཕྱིར་གསུམ་པ་བསྟན་ཏོ། །དེ་དག་གི་གཞིར་གྱུར་པ་ནི་སྦྱོར་བའི་ཕྱག་རྒྱ་ ཡིན་ཏེ། དེ་ཉིད་དང་ལྡན་དགོས་པའི་ཕྱིར་བཞི་པ་བསྟན་ཏོ། །དེས་ནི་སྦྱོར་བ་སྣ་ཚོགས་ཀྱི་སྒོ་ནས་ལས་བྱ་བའི་ཕྱིར་ལྔ་པ་བསྟན་ཏོ། །དེས་ལས་སྒྲུབ་པ་དག་ཤེས་པར་བྱ་བའི་ཕྱིར་གཞན་གྱི་ཆ་ལུགས་དང་འཛུམ་པའི་རིམ་པ་དང་ལྟ་བའི་ཁྱད་པར་གྱི་བྱེ་བྲག་གིས་སྦྱོར་དགོས་པས་དྲུག་ པ་དང་། བདུན་པ་དང་བརྒྱད་པ་དག་བསྟན་པ་ཡིན་ནོ། །དེས་ངག་དག་པར་བྱས་ཤིང་བཟླས་བརྗོད་ལ་སོགས་པ་བྱ་བ་དང་མཆོད་བསྟོད་ལ་སོགས་པ་བྱ་བའི་ཕྱིར། དགུ་པ་དང་བཅུ་པ་དང་བཅུ་གཅིག་པ་གསུངས་པ་ཡིན་ནོ། །དེས་ལྷ་མཉེས་པར་བྱ་བའི་ཕྱིར་གར་གྱི་ཕྱག་རྒྱ་དང་ རྡོ་རྗེའི་གླུ་དང་། མཆོད་པ་དང་། གཏོར་མ་བརྩམ་དགོས་པས་བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དག་བསྟན་པ་ཡིན་ནོ། །དེ་ལྟར་མཆོད་པས་མཉེས་པའི་རྗེས་ལ་ལྷ་དང་སློབ་མ་དབང་བསྐུར་དགོས་པས་བཅུ་དྲུག་པ་བསྟན་ཏོ། །དེས་ནི་དངོས་གྲུབ་ ཀྱི་ལས་དང་། བསྲུང་བ་ལ་སོགས་པའི་ལས་ལ་སྦྱར་དགོས་པའི་ཕྱིར་བཅུ་བདུན་པ་དང་བཅོ་བརྒྱད་པ་བསྟན་ཏོ། །དེ་ཉིད་བརྡའི་མཚན་མ་ལ་གནས་པས་ལས་ལ་འཇུག་པའི་ཕྱིར་བཅུ་དགུ་པ་བསྟན་ཏོ། །དེས་དངོས་གྲུབ་དང་། ལས་ཀྱི་བྱེ་བྲག་གཞན་ལའང་སྦྱར་བའི་ཕྱིར་ཉི་ཤུ་པ་ནས་ཉི་ཤུ་ བདུན་གྱི་བར་བསྟན་པ་ཡིན་ནོ། །དེ་ཡང་རྩ་བའི་རྒྱུད་ལས། སྣ་ཚོགས་ཕྱག་རྒྱ་མཐའ་དག་ཀུན། །ཕྱག་རྒྱ་བཞི་ལས་སྤྲོས་པ་སྟེ། །དེ་ཡི་ཡན་ལག་ཉི་ཤུ་བདུན། །ལས་ཀྱི་ཆོ་ག་སྟོན་པར་བྱེད། །དངོས་གྲུབ་ཐམས་ཅད་སྒྲུབ་པ་དང་། །ཕྲིན་ལས་ཆོ་ག་རབ་འབྱམ་དག །ཕྱག་རྒྱ་ ཉི་ཤུ་རྩ་བདུན་གྱིས། །གསལ་ཞིང་འགྲུབ་པར་བྱེད་པ་ཡི། །སྣ་ཚོགས་གཉིས་མེད་དཀྱིལ་འཁོར་གསལ། །སྣ་ཚོགས་དམ་ཚིག་རྗེས་ཆགས་ཤིང་། །སྣ་ཚོགས་ཆོས་ཀྱི་སྔགས་བརྗོད་པས། །སྣ་ཚོགས་ཕྲིན་ལས་ཀུན་དུ་སྤྱོད། །སངས་རྒྱས་ཐམས་ཅད་མཉམ་སྦྱོར་བས། །སངས་ རྒྱས་ཀུན་གྱི་དམ་ཚིག་མཆོག །མཁའ་འགྲོ་སྒྱུ་མའི་ཀུན་སྤྱོད་གནས། །ལས་ཀྱི་ཆོ་ག་རྣམ་གསལ་འགྲུབ། །རང་གི་ལས་ལ་སྦྱོར་བའི་མཐུས། །ཕྱག་རྒྱའི་ཡེ་ཤེས་གསལ་བས་འགྲུབ། །ཅེས་སོ། །དེའི་ཕྱིར་ཕྱག་རྒྱ་སྤྲོས་པ་མཐའ་དག་ནི་ཕྱག་རྒྱ་ཉི་ཤུ་རྩ་བདུན་དུ་འདུས་པ་དེ་ དག་ནི་ཕྱག་རྒྱ་རྣམ་པ་བཞིར་འདུས་པའོ། །དེས་ན་རྟོག་པ་བདུན་པ་ལས་ཀྱང་། ཕྱག་རྒྱ་སྤྲོས་སོགས་མ་ལུས་ཀུན། །ཕྱག་རྒྱ་བཞི་ལ་འདུས་པར་བསྟན། །ཞེས་སོ། །དེ་ལས་དང་པོར་ཕྱག་རྒྱ་ཆེན་པོའི་མཚན་ཉིད་མདོར་བསྟན་པའི་ཕྱིར། དེ་ནས་གཞན་ཡང་བཤད་པ་ནི། །རྡོ་རྗེ་ སེམས་དཔའ་དཔལ་གྱི་ལྷ། །ཀུན་དུ་སྣ་ཚོགས་མཆོག་རྣམས་ཀྱི། །ཕྱག་རྒྱ་ཐམས་ཅད་རྣམ་འཕྲུལ་པའོ། །ཕྱག་རྒྱའི་དཀྱིལ་འཁོར་སྒྲུབ་པའི་ཡན་ལག་གོང་མ་དག་ལས་ཁྱད་པར་གྱི་མཚན་ཉིད་མི་འདྲ་བ་གཞན་ཡང་དང་པོར་ལྷའི་དཀྱིལ་འཁོར་སོ་སོའི་སྐུ་མདོག་དང་། ཆ་ལུགས་དང་། རྒྱན་ཆས་དང་། བཞུགས་ཚུལ་དང་། ཕྱག་མཚན་ལ་སོགས་པའི་བྱེ་བྲག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་སྣ་ཚོགས་པ་དག་ནི་དཔལ་རྡོ་རྗེ་སེམས་དཔའི་སྣང་བ་ཡིན་ཏེ། ཚུལ་ཇི་ལྟར་ཞེ་ན། ཀུན་དུ་སྣ་ཚོགས་ཀྱི་ཆ་ལུགས་དང་ལྡན་ཞིང་མཆོག་ཏུ་གྱུར་པའི་ཕྱག་རྒྱ་ཐམས་ཅད་རྣམ་པར་འཕྲུལ་པའོ། ། ད་ནི་ཁྱད་པར་གྱི་སྒོ་ནས་དཀྱིལ་འཁོར་དྲུག་གི་ཐམས་ཅད་འབྱུང་བའི་ཕྱག་རྒྱའི་མཚན་ཉིད་ལས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་གཙོ་བོའི་མཚན་ཉིད་བསྟན་པའི་ཕྱིར། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་ བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དཔལ་རྡོ་རྗེ་སེམས་དཔའ་ནི་སྐུ་གསུམ་གཉིས་སུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་སྣང་བ་ལས་བྱུང་བ་ཡིན་ཏེ། རིགས་དྲུག་གི་བདག་ཉིད་དུ་བཞུགས་པའོ། །དེ་ཉིད་ཀྱི་སྐུ་མདོག་ལ་སོགས་པའི་ མཚན་ཉིད་ནི། བདེ་བ་ཀུན་ལ་ཞེན་པ་དང་། །དངོས་གྲུབ་ཐམས་ཅད་རྣམ་དག་ཕྱིར། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །ཟླ་བ་ཉ་ལྟར་རྩ་དམར་སྐུ། །བདེ་བ་དང་ཡིད་བདེ་བ་བླ་ན་མེད་པའི་ཆོས་ལ་ལོངས་སྤྱོད་པས་ཆགས་པ་ཆེན་པོའི་ཆ་ལུགས་སུ་མདངས་དམར་པོ་དང་ལྡན་ཞིང་དངོས་གྲུབ་ ཐམས་ཅད་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ལོངས་སྤྱོད་པས་ཚོགས་ཡོངས་སུ་རྫོགས་ཏེ། ཚེས་བཅུ་དྲུག་གི་ཟླ་བ་ལྟར་དཀར་ལ་རྒྱས་པའི་ཞལ་མངའ་བའོ། །དེ་ཡང་རྟོག་པ་བདུན་པ་ལས། དམ་པའི་ཡི་གེ་གྲུབ་པ་དང་། །ཆོས་རྣམས་ཐམས་ཅད་ རྣམ་དག་ཅིང་། །གསང་བ་དེ་ཉིད་དག་པའི་ཕྱིར། །རྡོ་རྗེ་འཛིན་པ་ཟླ་བའི་མདོག །ཅི་ཕྱིར་བཅོམ་ལྡན་འདོད་ཆགས་ཆེ། །འདོད་ཆགས་ཀུན་ལ་རྗེས་ཆགས་ཕྱིར། །རྡོ་རྗེ་འཛིན་པ་དེ་ཉིད་ཀྱང་། །སྣ་ཚོགས་དམར་མོ་འབར་བའི་མདོག །ཅེས་སོ། །དེ་ཉིད་ཀྱི་འོད་ཀྱི་སྣང་བ་ གཞན་སྤང་བར་བྱ་བའི་ཕྱིར། འདོད་ཆགས་ཀུན་ལ་ཆགས་པའི་ཕྱིར། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །དམར་པོ་སྣ་ཚོགས་འབར་བའི་འོད། །སྟོང་གསུམ་གྱི་སྐྱེ་འགྲོ་མཐའ་དག་ལ་ཐུགས་རྗེ་ཆེན་པོས་དབྲི་བཀོལ་མེད་པར་ གཟིགས་ཤིང་དོན་མཛད་པའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཞལ་རྣམ་པ་བཞི་དང་། ཕྱག་རྣམ་པ་བཞིས་མཛེས་ཤིང་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འོད་འཕྲོ་བ་ལས་རིགས་རྣམ་པ་དྲུག་གི་དཀྱིལ་འཁོར་གྱིས་གཞན་གྱི་ལས་ལ་སྦྱོར་བ་རྒྱན་དང་ཆ་ལུགས་སུ་བཅས་པའི་ སྐུ་སྟོན་པར་མཛད་པའོ། །དེ་ཡང་རྩ་བའི་རྒྱུད་ལས། གངས་རི་རྡུལ་བྲལ་ཉི་ཤར་འོད། །རིན་ཆེན་ལྔ་ཡི་ཟེར་ཕྲེང་མཛེས། །སྒེག་དགྱེས་འཛུམ་མིག་ཆགས་པའི་བཞིན། །དཀར་མཐིང་གསེར་མདོག་དམར་བའི་མདངས། །ཞལ་མང་ཕྱག་བཞི་སྒེག་བཞད་འཆང་། །གཡས་ན་རྡོ་རྗེ་རྩེ་ལྔ་ འབར། །བསྙེམས་བཅས་གསོར་ཞིང་ཐུགས་ཀར་བརྟེན། །གཡོན་པ་ཁ་ཊྭཱཾ་རྒྱ་གྲམ་ཅན། །དྲིལ་བུ་བ་དན་བཅས་པ་འཁྲོལ། །འོག་མ་གཉིས་ཀྱིས་མདའ་དང་གཞུ། །མཚན་དཔེའི་ཕྱག་རྒྱ་ལྔ་ཡིས་མཛེས། །སྟོད་གཡོགས་དར་དཀར་གསེར་རིས་ཅན། །སྐུ་སྨད་ཚེ་གུའི་ན་བཟའ་ལ། ། རིན་ཆེན་ཕྲེང་བའི་སྐེད་ཆིངས་ཅན། །མགུར་ཆུ་དོ་ཤལ་དཔུང་རྒྱན་དང་། །ཞབས་ཕྱག་གདུ་བུ་སེ་མོ་དོ། །ཞེས་སོ། །ད་ནི་སངས་རྒྱས་དེ་ཉིད་ལ་རིགས་རྣམ་པ་ལྔའི་དབུ་རྒྱན་དང་། རིགས་ཀྱི་བདག་པོ་དང་། ཐོད་པའི་ཕྲེང་བ་དག་གིས་མཚན་པའི་ཕྱིར། །ཁམས་གསུམ་དག་ན་རིན་ཆེན་ གཞན། །སངས་རྒྱས་རིན་ཆེན་ལྟ་བུ་མེད། །ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ། སྟོང་གསུམ་གྱི་འཇིག་རྟེན་དག་ན་ནོར་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་ནོར་བུ་རིན་པོ་ཆེ་ཡིན་ཏེ། དཀོན་ཞིང་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང་། རིན་པོ་ ཆེ་ཡིན་པའི་ཕྱིར་རོ། །དེ་དག་གིས་ཟག་བཅས་ཀྱི་རྫས་སྟོན་པར་ནུས་ཀྱང་། ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་ཡིན་པས་འདུས་བྱས་ཀྱི་རྫས་སོ། །དེ་ལས་ཁྱད་པར་དུ་གྱུར་པའི་ཕྱིར་དཀོན་མཆོག་རིན་པོ་ཆེ་ཡིན་ལ། དེ་ཡང་ཐེག་པ་ཐུན་མོང་དུ་བརྟགས་པའི་སངས་རྒྱས་དག་ནི་གསང་ སྔགས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་ཤིང་། དམ་ཚིག་དང་མི་ལྡན་པའི་ཕྱིར་དབུ་རྒྱན་མེད་དེ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མ་མྱོང་བའོ། །འདིར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ལྷ་མོས་དབང་བསྐུར་བའི་འབྲས་བུ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པའོ། །དེ་ཡང་རྟོག་པ་ བདུན་པ་ལས། དཀྱིལ་འཁོར་སྤྱན་དྲངས་ལྷ་མོ་ཡིས། །ཁྲུས་བྱས་དྲི་མ་གསུམ་དག་ནས། །དབང་བསྐུར་འབྲས་བུ་བསམ་པར་བྱ། །སངས་རྒྱས་གཙུག་གི་ནོར་བུའོ། །ཞེས་སོ། །དེ་ཡང་གཞན་གྱི་ནོར་བུ་ལྟ་བུ་མ་ཡིན་ཏེ། རང་ཉིད་ཀྱི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ལས་བྱུང་བའོ། ། དེ་ནས་ལྷ་མོའི་བདུད་རྩིའི་བུམ་པའི་ཆུ་རྒྱུན་ནི་ལྷའི་དཀྱིལ་འཁོར་གཉིས་སུ་མེད་པའི་འོད་ལས་བྱུང་བའོ། །དེ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཚན་མའི་ཚོགས་ཐམས་ཅད་ཡང་དག་པར་མཛད་པས་ཆུ་རྒྱུན་ལྟ་བུ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་མཐུ་དང་། ལྷག་པའི་བསམ་པ་རྣམ་པར་དག་པའི་སྨོན་ལམ་གྱི་ངོ་བོ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་རང་བཞིན་གྱིས་འབྲས་བུ་གསལ་བར་བྱས་པའོ། །དེ་ཡང་ཡེ་ཤེས་རྣམ་པ་དྲུག་དང་རིགས་རྣམ་པ་དྲུག་གི་རྟགས་ཀྱིས་མཚན་ཞིང་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་སངས་རྒྱས་ཀྱི་དཀྱིལ་འཁོར་གྱིས་ རྒྱས་པར་མཛད་པའོ། །དེ་དག་གི་ཕན་ཡོན་ནི། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བ། །ལྷ་མོ་ཀུན་དང་འདུས་པ་ཡིས། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གསུངས་ཏེ་གོ་སླ་བའི་ཕྱིར་མ་བཤད་དོ། །མཆོག་ཏུ་དགའ་བ་ལ་རབ་ཏུ་སྦྱོར་བ་ནི། སྦྱོར་བ་ལ་སོགས་པའི་ སྒོ་ནས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལ་གནས་པའི་མཚན་ཅན་ནོ། །སྐལ་བ་བཟང་པོ་དཔལ། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་རོལ་བ། །ཞེས་བྱ་བའི་ཕྱག་རྒྱ་ལས་གཙོ་བོའི་རང་བཞིན་དང་སྐུ་མདོག་ལ་སོགས་པའི་མཚན་ཉིད་བཤད་པའོ། །ད་ནི་ཡབ་ཡུམ་གཉིས་སུ་མེད་ པར་རོལ་པའི་སྐྱིལ་མོ་ཀྲུང་བཤད་པའི་ཕྱིར། གཡས་དང་གཡོན་པའི་སྦྱོར་བ་ཡིས། །བདེ་བའི་ཆ་ལུགས་གར་བྱེད་ཅིང་། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ན། །དཔུང་རྣམས་ཐམས་ཅད་རབ་ཏུ་འཇོམས། །དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཞལ་སྦྱོར་ཏེ་ཞབས་གཡས་གཡོན་ བསྣོལ་ནས་གཉིས་སུ་མེད་པའི་རོལ་པ་ལ་སྙོམས་པར་ཞུགས་པའི་སྦྱོར་བས་བདེ་བའི་ཆ་ལུགས་དང་འོད་ཟེར་གྱི་འཕྲོ་འདུས་ཕྲིན་ལས་གཉིས་ཀྱི་བྱ་བའི་ཚོགས་ཀྱིས་གར་བྱེད་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་དུ་གནས་པས་བདུད་ཀྱི་དཔུང་ཐམས་ཅད་འཇོམས་པར་བྱེད་དོ། །ཚུལ་ཇི་ལྟར་ ཞེ་ན། གཙོ་བོའི་ཞབས་གཡས་གཡོན་གྱི་རྐང་པའི་བོལ་གཉིས་བརླའི་སྟེང་དུ་ཕྱུང་ནས་ཡུམ་པང་དུ་བཞག་སྟེ་ཞབས་ཀྱིས་ཐབས་ལ་འཁྱུད་པའོ། །དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཤད་པའོ། །ད་ནི་དཀྱིལ་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ ལས་ཐུན་མོང་དུ་ཁ་དོག་གི་བྱེ་བྲག་བསྟན་པའི་ཕྱིར། ཟླ་བའི་ཁ་དོག་འཛུམ་པའི་ཞལ། །དངོས་གྲུབ་ཐམས་ཅད་དག་པ་དང་། །པདྨོ་འདོད་ཆགས་རྣམ་དག་ཕྱིར། །བརླ་ཡི་དབུས་ནི་དཀར་ལ་དམར། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་གསུངས་ཏེ། ལྷ་མོ་ཐམས་ཅད་མཐུན་པར་ བསྡུས་པའི་རྒྱུད་འདིར་ཁ་དོག་མཚུངས་པར་བསྟན་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་རབ་ཏུ་རྒྱས་ཤིང་དངོས་གྲུབ་ཐམས་ཅད་རྣམ་པར་དག་པའི་དོན་དུ། ཞལ་གྱི་དཀྱིལ་འཁོར་ཟླ་བ་རྒྱས་པ་འདྲ་བ་ལས་བཞིན་འཛུམ་པའི་མདངས་དང་ལྡན་པའོ། །བརླ་གཉིས་ཀྱི་ནང་ རོལ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་ལྡན་པའི་རྟགས་སུ་དཀར་ལ་དམར་ཞད་ཆགས་པའོ། །ཕྱག་དག་ནི་ཕྲིན་ལས་ཐམས་ཅད་ལས་མི་འགྱུར་བའི་སྒོ་ནས་སྤྱོད་པར་མཛད་པ་དང་། དེ་ཉིད་ཀྱི་ཆེ་བའི་ལོངས་སྤྱོད་མངའ་བརྙེས་པའི་རྟགས་སུ་བྲ་མ་ཏའི་ལོ་མ་གཅིག་ཏུ་གཅུས་པ་ལྟ་བུ་ལས་ འོད་འཇའ་ཚོན་བཞིན་དུ་འགྱུར་བའོ། །དེ་བཞིན་དུ་ཞབས་ཀྱི་བྱིན་པ་གཉིས་ཀྱང་སྔོན་པོར་གནས་པའོ། །བདེ་བའི་དབང་ཕྱུག་ཡོན་ཏན་གྱི་ཚོགས་ཐམས་ཅད་ལ་རྣམ་པར་སྦྱོར་ཞིང་བདེ་བ་ཆེན་པོའི་ཆ་ལུགས་ཀྱིས་བདག་གཞན་གྱི་འདོད་པ་མཐའ་དག་སྟོན་པར་མཛད་པའི་ཕྱིར། བརླའི་རྒྱབ་ དང་མཐའ་བཞི་དང་ནི་དཀར་ལ་སེར་བའི་མདངས་ཅན་ནོ། །སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་ཞིང་དེ་དག་གི་རྩེ་མོ་ལས་ཀྱང་སངས་རྒྱས་དྲུག་གི་དཀྱིལ་འཁོར་གྱིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་མཛད་པས་རིན་པོ་ཆེའི་ཁ་དོག་ཅན་གྱི་ལྷ་རྫས་ཀྱི་ཚོགས་སྟོན་པར་ མཛད་པའོ། །དེ་དག་ཀྱང་གདན་པདྨའི་དཀྱིལ་འཁོར་ལ་ཆོས་ཐམས་ཅད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་བཞུགས་ཤིང་། དབུ་ལ་སོགས་པའི་རྒྱན་དག་སངས་རྒྱས་ལྔའི་མཚན་མས་སྤྲས་ཤིང་རིན་པོ་ཆེའི་རྒྱན་ལ་སོགས་པ་སྣ་ཚོགས་ཀྱིས་སྤྲས་པའོ། །དེ་དག་གི་སྐུའི་སྣང་བས་སྟོང་གསུམ་ གྱི་འཇིག་རྟེན་ཐམས་ཅད་རྒྱས་པར་མཛད་དེ། དཔེར་ན་བཅོམ་ལྡན་འདས་འོད་ཟེར་བཀོད་པའི་གནས་ལ་འཇུག་ཅིང་མི་མཇེད་ཀྱི་འཇིག་རྟེན་འདི་དག་སངས་རྒྱས་ཀྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་བཀང་སྟེ། གདུལ་བྱའི་ལྷ་མ་སྲིན་སྡེ་བརྒྱད་དག་སྐད་ཅིག་གིས་འདུལ་བར་མཛད་པ་བཞིན་ནོ། ། ད་ནི་ཁྱད་པར་གྱི་ལྷ་མོ་དག་གི་མཚན་ཉིད་སོ་སོར་བསྟན་པ་ལས་དང་པོར་ལྷ་མོ་བདེ་མཆོག་མའི་བསྟན་པའི་ཕྱིར། བྱ་བ་དང་ནི་ཟློག་པ་དང་། །འཕྲོག་པ་དག་ཀྱང་ལྷག་པར་མཛད། །བདག་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཡན་ལག་ཐམས་ཅད་འཕྲོག་པ་འགྲུབ། །ཞི་གནས་ དང་ལྷག་མཐོང་ཟུང་དུ་འབྲེལ་པའི་མདའ་གཞུ་འགེངས་པས་གཙོ་བོའི་ཐུགས་བསྐུལ་ཞིང་རྗེས་སུ་ཆགས་པའི་ཚུལ་གྱི་རང་འོད་ཀྱི་རིག་མ་ལ་འཁྱུད་པའོ། །དེ་དག་གི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །འདོད་པ་གཞན་དུ་འགྲོ་འོང་ལྡིང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་ པ་གཅིག་གསུངས་ཏེ་གོ་སླའོ། །དཔལ་རྡོ་རྗེ་མདའ་བདེ་བའི་མཆོག་རོལ་པ་ཞེས་བྱ་བ་ནི། ཕྱག་མཚན་གྱི་སྒོ་ནས་སོ། །ཡང་ལྷ་མོ་གཞན་དག་གི་བསྟན་པའི་ཕྱིར། །རྣམ་པ་སྣ་ཚོགས་དམ་ཚིག་ཆགས། །བདེ་བ་འབབ་པའི་གར་བྱེད་པས། །ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཨེ་མའོ་བདེ་བ་མོའི་དམ་ཚིག་ཆགས་པ་མོའི་དམ་ཚིག་གི་བརྡས་མཚོན་ཏེ། བྷ་ག་དང་ལིངྒའི་མཚན་མ་འཛིན་ཅིང་རང་འོད་ཀྱི་རིག་མ་ལ་འཁྱུད་པ་དང་། སྣང་མཛད་མའི་སེ་རལ་ཁའི་ཚུལ་དུ་ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བཅས་ཤིང་། གཡས་པ་རང་འོད་ཀྱི་རིག་མ་ལ་འཁྱུད་པ་དང་། གཡོན་ པས་རྡོ་རྗེ་རྒྱ་གྲམ་འཛིན་པ་དང་། སློབ་མ་མོས་གཡས་པ་རང་འོད་ཀྱི་རིག་མ་ལ་འཁྱུད་ཅིང་གཡོན་པས་ཐོད་པ་སངས་རྒྱས་ཀྱི་སྐུ་དང་བཅས་པ་འཛིན་པའོ། །ལྷ་མོ་འདི་དག་ལ། དབུས་ཀྱི་ལྷ་མཆོག་ཆེན་པོའོ། །ཞེས་པ་ནི་རང་འོད་ཀྱི་རིག་མ་རྡོ་རྗེ་སེམས་དཔའ་ལྟ་བུ་དང་འཁྲིལ་ཞིང་རྡོ་རྗེ་ཕོ་ བྲང་ནང་མའི་ཁོངས་སུ་ཆུད་པའོ། །དེས་ན་རྩ་བའི་ཕྱག་རྒྱའི་ཚོགས་ཞེས་ཀྱང་བཤད་དོ། །ཕྱག་རྒྱ་བཅིངས་པའི་ཕན་ཡོན་ཐུན་མོང་དང་ཁྱད་པར་དུ་བསྟན་པ་དག་ནི་གོ་སླའོ། །ཡང་ཕྱིའི་ལྷ་མོ་གཞན་དག་གིས་བསྟན་པའི་ཕྱིར། གཙུག་ལག་ཇི་ལྟའི་རྗེས་མཐུན་པར། །དཔལ་རྫོགས་ རྒྱ་ཆེན་གར་དག་གིས། །ཞེས་པ་ལ་སོགས་པ་སྟེ། ལྷ་མོ་སངས་རྒྱས་བྱང་ཆུབ་མ་ལ་སོགས་པ་བཞི་དང་། རྟ་མགྲིན་འཕང་མཐོ་མ་ལ་སོགས་པ་བཞི་དང་། གླིང་བུ་མ་ལ་སོགས་པ་བཞི་དང་། མེ་ཏོག་མ་ལ་སོགས་པ་བཞི་དག་གི་ཕྱག་རྒྱ་སྟེ། དེ་དག་ཇི་ལྟར་འཆིང་བའི་མཚན་ཉིད་ནི་གོང་ དུ་གསལ་བར་བསྟན་ཟིན་ལ། རྣམ་པར་དག་པའི་དེ་ཁོ་ན་ཉིད་ནི་ཆོ་ག་ལྔ་པ་ལས་གསལ་བར་བསྟན་པས་འདིར་སྤྲོ་བར་མི་བྱའོ། །དེ་དག་གི་ཕན་ཡོན་ཕྱོགས་གཅིག་ཏུ་བསྟན་པའི་ཕྱིར། དེ་ལ་སོགས་པ་མཐའ་ཡས་མཆོག །ཆོས་དབྱིངས་མཉམ་དང་མི་མཉམ་པ། །ཞེས་པ་ལ་སོགས་པ་ གསུངས་པ་ཡིན་ནོ། །ཡང་བསྐུལ་བའི་གླུ་བསྟན་པའི་ཕྱིར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། །མཁའ་འགྲོ་སྒྱུ་མ་བདེ་མཆོག་གི །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་ཀྱིས་དགོས་པའི་དོན་དང་གླུའི་མཚན་ཉིད་བསྟན་ནས་ཚིགས་སུ་བཅད་པས་བསྐུལ་བའི་ཕྱིར། རྡོ་རྗེ་སེམས་དཔའ་སྐལ་བཟངས་དཔལ་ཁྱོད་བདག་ལགས་བདག་ཅག་བསྒྲུབས་ལ་རྟོགས་པར་མཛད་དུ་གསོལ། །ཀྱེ་དེ་བཞིན་གཤེགས་པ་ཀུན་གྱི་བདག་ཉིད་བདེ་བ་མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བའི་མཆོག །ཅེས་པ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་བདེ་བའི་ཕྱག་ རྒྱ་རོལ་པ་དང་བཅས་པའི་གར་ཐབས་ཀྱིས་སྐལ་བ་བཟང་པོའི་ལྷ་མོ་ལ་སྤྱོད་པ་ནི་བདག་གི་རང་བཞིན་དང་གཉིས་སུ་མེད་པར་གནས་པ་ལགས་པས་དེ་ཉིད་ཀྱི་ཆེ་བའི་ཡོན་ཏན་བདག་གི་རྒྱུད་ལ་མི་གསལ་བ་དག་གསལ་བར་སྒྲུབ་ཏུ་གསོལ་ཞེས་པ་དང་། ཡང་། འཁོར་གྱི་ལྷ་མོ་ཀུན་གྱི་རང་བཞིན་ཏེ། ། དེ་བཞིན་གཤེགས་པ་ཀུན་གྱི་བདེ་བ་དང་། །མཁའ་འགྲོ་སྒྱུ་མ་སྣ་ཚོགས་བདེ་བ་དང་། །སྣ་ཚོགས་གདུལ་བའི་མཆོག་འགྲུབ་པ་དང་། སྦྱོར་བ་སྣ་ཚོགས་ཀྱི་གར་གྱི་སྒོ་ནས་དེ་ཁོ་ན་ཉིད་སྟོན་པར་མཛད་ཅིང་། སྔགས་རྣམ་པ་བཞིས་གསུང་མཚོན་པ་དང་། ཕྲིན་ལས་ཀྱི་དམ་ཚིག་བཞིས་ཐུགས་ མཚོན་པར་མཛད་པ་དང་། དེའི་ཡོན་ཏན་འབྲས་བུ་དང་བཅས་པ་བསྟན་པ་ཡིན་ནོ། །དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཐམས་ཅད་འབྱུང་བའི་ཕྱག་རྒྱ་ཞེས་པའི་དོན་བཤད་པའོ། །ད་ནི་དཔལ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་འབྱུང་བའི་ཕྱག་རྒྱ་བསྟན་པའི་ ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཞེས་པ་ལ་སོགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་སྤྱིའི་མཚན་ཉིད་དང་། སྐུ་མདོག་དང་། རང་བཞིན་དང་། ཕྱག་མཚན་དང་། རྒྱན་ཆས་དང་། ཕྲིན་ལས་དང་། སྐྱིལ་ཀྲུང་དང་། འཁོར་རྣམས་ཀྱི་མཚན་ཉིད་ དང་། གླུའི་བྱེ་བྲག་རྣམས་བསྟན་ཏོ། །དེ་ལས། དབུས་ཀྱི་གཙོ་བོའི་མཚན་ཉིད་ནི། །ཐར་པ་ཐམས་ཅད་རྣམ་དག་ཕྱིར། །སངས་རྒྱས་ཕྱག་རྒྱ་དཔལ་དུ་གནས། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་སྲིད་པ་ལས་ངེས་པར་འབྱུང་བའི་དོན་ལ་གནས་པ་ དག་ནི་ཉན་ཐོས་ལ་སོགས་པ་དག་པར་བྱ་བའི་ཕྱིར་བདེ་བ་ཆེན་པོའི་ཕྱག་རྒྱ་སྟོན་པར་མཛད་པའི་དཔལ་རྣམ་པར་སྣང་མཛད་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་ལུགས་སམ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཆ་ལུགས་སུ་རབ་ཏུ་སྤྲུལ་པའོ། །དེ་ཉིད་ཀྱི་སྐུ་མདོག་ནི། དོན་རྣམས་ཐམས་ཅད་དག་ པའི་ཕྱིར། །བཙོ་མ་གསེར་གྱི་ཁ་དོག་བཞིན། །ཆགས་མེད་ལ་སོགས་ཆགས་ཆེན་ཕྱིར། །དཀར་ཞིང་སྣ་ཚོགས་གསལ་བའི་མདངས། །ཞེས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ཅིང་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སྐུ་དྲུག་ལྷུན་གྲུབ་ཀྱི་ངོ་བོར་སྦྱོར་ བས་མཚན་མའི་རྣམ་པར་རྟོག་པ་གཞན་གྱིས་མི་འགྱུར་བས་སྐུ་བྱིན་པོ་དང་ཞལ་དབུས་མ་ནི་སེར་པོར་གནས་པའོ། །ཡང་འདུལ་བའི་མོས་པ་བཞིན་དུ་སྐུའི་དཀྱིལ་འཁོར་དཀར་པོ་ལ་ཞལ་གཡས་སེར་པོར་ཡང་བསྟན་ཏོ། །བདག་ལ་སོགས་པའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་སྤངས་པས་ ཆགས་པ་མེད་དེ་དཀར་པོའི་ཚུལ་དང་། ཕྲིན་ལས་སྣ་ཚོགས་དང་ལྡན་པས་ལྗང་གུའི་ཚུལ་དང་། ཆགས་པ་ཆེན་པོའི་ཆོས་ཐམས་ཅད་ལ་མངའ་མཛད་པས་དམར་གསལ་དུ་བཞུགས་པའི་ཞལ་བཞི་དང་ལྡན་ནོ། །དེ་ཉིད་ཀྱི་ཕྱག་རྒྱ་རྣམ་པ་བཞིས་ནི་རང་རྟགས་ཀྱི་ཕྱག་རྒྱ་འཛིན་ཞིང་རྒྱན་དང་ཆ་ ལུགས་ཀྱིས་མཛེས་པར་སྤྲུལ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། ཞལ་བཞི་སེར་དཀར་ལྗང་དམར་མདོག །སྐུ་མདོག་གངས་རི་ཉི་ཤར་བཞིན། །ཕྱག་ན་ཆོས་གོས་ལྷུང་བཟེད་དང་། །འཁར་གསིལ་དམ་ཆོས་གླེགས་བམ་འཛིན། །འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་དང་། །ལོངས་ སྤྱོད་ཚོགས་ཀྱིས་ཉེར་མཛེས་པར། །ཐུན་མོང་རྒྱན་ཚོགས་ཚངས་པ་ལས། །ཁྱད་པར་རྟགས་ཀྱིས་རྣམ་སྤྲས་པའོ། །ཞེས་སོ། །ཡང་རིན་པོ་ཆེའི་རྒྱན་ཆས་ཀྱི་སྒོ་ནས་ནི། ཆོས་ཀྱི་རྒྱལ་སྲིད་རབ་བསྒྲུབ་པ། །རིན་ཆེན་ཆོས་ལས་ལྷག་པ་མེད། །དེ་བས་ཐེག་ཆེན་བྱང་ཆུབ་སེམས། ། རྒྱལ་བ་རྡོ་རྗེ་རིན་ཆེན་ཅན། །གང་ཞིག་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ནི་ཆོས་ཀྱི་རྒྱལ་སྲིད་ཀྱིས་ཟིལ་གྱིས་གནོན་པར་བྱེད་ལ། རིན་པོ་ཆེའི་ཚོགས་ཐམས་ཅད་ནི་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས་གནོན་པར་མཛད་དེ། དེ་དང་ལྡན་པའི་རྟགས་སུ་རིན་པོ་ཆེའི་ དབུ་རྒྱན་དང་རྒྱན་ཆས་ཀྱིས་སྤྲས་པའོ། །དེ་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་ནི། གཡས་པའི་མཐེ་བོང་གུང་མོ་གཉིས། །གཡོན་པའི་ཁུ་ཚུར་བཅངས་པ་ཡི། །སོར་མོ་ཀུན་ལ་རེག་པ་ནི། །རྩ་བའི་ཕྱག་རྒྱ་ཡིན་པར་གྲགས། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཕ་རོལ་ཕྱིན་གསལ་ ཡིན། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དུ་ཕྱག་རྒྱ་བཅིངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་མཐའ་དག་གསལ་བར་མཛད་པའི་ཚུལ་གྱིས་ཆོས་ཀྱི་རྒྱལ་སྲིད་རབ་ཏུ་གྲུབ་པར་མཛད་པའོ། །དེ་དག་གི་མཛད་པའི་ཕྲིན་ལས་ནི། བྱང་ཆུབ་སེམས་ཅན་སྐྱེ་བ་དང་། ། ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གསུམ་གསུངས་ཏེ། ཕྱག་རྒྱ་གསལ་བར་བྱས་པའི་སྒོ་ནས། བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོ་བསྐྱེད་པ་དང་། ཆོས་ཀྱི་འཁོར་ལོས་མི་མཐུན་པའི་ཕྱོགས་ཐམས་ཅད་གཅོད་པར་མཛད་ནས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་ཚུལ་རྒྱ་ཆེན་པོ་ལ་སྦྱོར་ཞིང་འབྲས་བུའི་དེ་ཁོ་ན་ཉིད་གསལ་བར་མཛད་པའོ། །དེ་དག་གི་ཕན་ཡོན་བསྟན་པའི་ཕྱིར། གང་གིས་ལྡན་པ་འདི་མཐོང་ཞིང་། །རྣམ་པ་ཀུན་དུ་མཆོད་བྱེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་ཏེ། ཏིང་ངེ་འཛིན་གྱི་ དཀྱིལ་འཁོར་གསལ་བའི་སྒོ་ནས་རྩེ་གཅིག་ཏུ་བསྒོམས་ཤིང་མཆོད་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་མཐོང་ཞིང་མཆོད་པ་དང་འདྲ་སྟེ། སེམས་བསྐྱེད་ཅིང་ལམ་ལ་ཞུགས་མ་ཐག་ཏུ་སངས་རྒྱས་ཀྱི་འབྲས་བུ་འགྲུབ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའོ། །དཔལ་དམ་ཚིག་ཅེས་བྱ་ བའི་ཕྱག་རྒྱ་ནི་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་བའི་ཆོས་ཐམས་ཅད་མི་སྤོང་ཞིང་ལོངས་སྤྱོད་པས་ཞི་བ་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་འཇོམས་པར་མཛད་པས་ན་རང་ཉིད་ཀྱི་དེ་ཁོ་ན་ཉིད་མཚོན་པའི་ཕྱག་རྒྱ་ཆེན་པོའི་ཚུལ་གྱིས་བཞུགས་པའོ། །ཡབ་ཡུམ་གྱི་སྐྱིལ་ ཀྲུང་བསྟན་པའི་ཕྱིར། གཡས་པའི་ཡན་ལག་གནོན་པ་ཡིས། །གཡོན་པའི་ཡན་ལག་ཀུན་ལས་རྒྱལ། །སེམས་དཔའི་སྐྱིལ་མོ་ཀྲུང་བྱས་ན། །བདུད་རྣམས་ཐམས་ཅད་རབ་ཏུ་འཇོམས། །ཡབ་ཡུམ་གྱི་བརླ་གཡས་པ་དག་གིས་སོ་སོའི་བརླ་གཡོན་པ་མནན་ཏོ། །ཞབས་ བསྣོལ་བའི་སྐྱིལ་མོ་ཀྲུང་བཅས་ནས་གཉིས་སུ་མེད་པའི་སྙོམས་འཇུག་ལ་ཞུགས་པས་སྲིད་པ་དང་ཞི་བའི་མཐའ་ལ་གནས་པ་དག་འདུལ་བར་མཛད་པའོ། །དཔལ་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་དང་འདྲ་བའི་སྒོ་ནས་སོ། །གཙོ་བོའི་མཚན་ཉིད་རྣམ་པར་བཤད་ པའོ། །ད་ནི་འཁོར་གྱི་ལྷ་མོའི་མཚན་ཉིད་ལ་ཕྱག་རྒྱའི་ཡོན་ཏན་བསྟན་པ་དང་། འོག་ནས་ལྷ་མོ་རྣམས་ཀྱི་མཚན་སྦྱར་ཏེ་ཤེས་པར་བྱ་བ་ལས། རྡོ་རྗེ་ཁུ་ཚུར་བཅངས་ནས་སུ། །ལག་པ་གཡོན་པས་བཀབ་ནས་ནི། །ཞེས་པ་ལ་སོགས་པས་ཁྱད་པར་གྱི་ལྷ་མོ་བརྒྱད་ཀྱི་ཕྱག་རྒྱ་བཅིང་ བའི་ཕྱིར། གར་བསྐོར་བ་སྔོན་དུ་འགྲོ་བས་ལག་པ་གཡས་པ་རྣམས་ཀྱིས་ཇི་སྐད་དུ་བསྟན་པའི་རང་རང་གི་ཁུ་ཚུར་བཞིན་གཡོན་པའི་ཐལ་མོས་འགེབས་པར་མཛད་པའོ། །དེ་ལ་རྡོ་རྗེ་ཁུ་ཚུར་ནི་ལྷ་མོ་སངས་རྒྱས་ཀུན་བརྗོད་མའི་སྟེ་ཁུ་ཚུར་བཅངས་པ་ལས་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོའི་རྩེ་ བཅུག་སྟེ། མཛུབ་མོ་བརྐྱང་སྟེ་ཅུང་ཟད་བཀུག་པའོ། །དེ་ཡང་། སྲིན་ལག་མཐེའུ་ཆུང་ཡན་ལག་དབུས། །མཐེ་བོང་ལེགས་པར་གཞག་པར་བྱ། །དེ་ནས་ཁུ་ཚུར་བཅངས་ནས་ནི། །མཛུབ་མོ་ལེགས་པར་དགུག་པར་བྱ། །ཞེས་སོ། །ལྷ་མོ་དཔལ་མོའི་ནི་ཧེ་རུ་ཀའི་ཁུ་ཚུར་ནི། རྡོ་རྗེ་ཁུ་ཚུར་ བཅངས་པ་ལས། །མཐེའུ་ཆུང་གཉིས་ནི་རབ་བརྐྱང་སྟེ། །ཞེས་མཆེ་བ་ལྟར་བྱས་པའོ། །ཀུན་དུ་བཟང་མོའི་ནི་པདྨོའི་བུད་མེད་ཀྱི་ཁུ་ཚུར་ཏེ། བརྡེག་པའི་ཁུ་ཚུར་བཅངས་པ་ལས། །མཐེ་བོང་དག་ལ་གུང་མོ་གཞག །ཅེས་ཏེ། ཁུ་ཚུར་བཅངས་པ་ལས་མཐེ་བོང་དང་གུང་མོ་རྩེ་སྦྱར་ཏེ་ པདྨའི་འདབ་མ་འདྲ་བར་བྱས་པའོ། །མི་བཟད་སྣོད་འཛིན་པ་ཡི་ནི། །རིན་ཆེན་འཛིན་པའི་ཁུ་ཚུར་ཏོ། །གོང་མ་ལས་གུང་མོ་སྦྱར་ཞིང་ཚིགས་ཟུར་ཅན་དུ་བྱས་པའོ། །དེ་ཡང་། རིན་ཆེན་འཛིན་པའི་ཁུ་ཚུར་ནི། །ཁུ་ཚུར་རྡོ་རྗེ་རིན་ཆེན་མཆོག །ཅེས་སོ། །སངས་རྒྱས་ཡན་ལག་བདུན་ལྡན་ མའི་ནི་སངས་རྒྱས་ཀྱི་ཁུ་ཚུར་བཅངས་པ་སྟེ། རྡོ་རྗེ་ཁུ་ཚུར་ལེགས་བཅངས་ལ། །བདག་གི་མཐེ་བོང་ནང་དུ་གཞུག །ཅེས་པའོ། །ཞལ་བཟངས་གཟུགས་མའི་བུད་མེད་ཕྱག་རྒྱ་ནི་ཁུ་ཚུར་སྙིང་གར་བསྟོད་དེ་མེ་ལོང་འཛིན་པའི་ཚུལ་དུ་བྱས་པའོ། །དེ་ཡང་། ཁུ་ཚུར་སྙིང་གར་བཅིངས་པ་ནི། ། བུད་མེད་ཕྱག་རྒྱ་དེར་བཤད་དེ། །ཞེས་པའོ། །སྤྲིན་ཆེན་མོ་ནི་རྟ་མཆོག་གི་ཁུ་ཚུར་ཏེ། རྡོ་རྗེ་ཁུ་ཚུར་བཅངས་པ་ལས། །སོར་མོ་ཐམས་ཅད་ཡོངས་སུ་བཟུང་། །རྟུལ་ཕོད་ལས་རྣམས་ཐམས་ཅད་ནི། །མ་ལུས་ལུས་པ་མེད་པ་འགྲུབ། །ཅེས་པའོ། །ནམ་མཁའི་སྤྱན་ལྡན་མ་ཡི་ ནི། །དཔལ་གྲུབ་སྤྱན་གྱི་ཁུ་ཚུར་བཞིན་ཏེ། མཛུབ་མོས་མཐེ་བོང་མནན་ནས་ནི། །རང་གི་མཐེ་བོས་མཛུབ་མོ་མནན། །དཔལ་གྲུབ་སྤྱན་གྱི་ཕྱག་རྒྱ་སྟེ། །མཛུབ་མོ་མིག་གི་འབྲས་བུར་བཅས། །ཞེས་སོ། །དེ་ཡང་ལྷ་མོ་འདི་དག་གི་སོ་སོའི་ཁུ་ཚུར་བཅངས་པ་ལས་རང་གི་ཕྱག་ མཚན་ནང་དུ་ཆུད་པའོ། །དེ་ཡང་རིགས་དྲུག་གི་ཁུ་ཚུར་ནི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་པ་ལས་བཤད་ཅིང་། བུད་མེད་ཀྱི་ཕྱག་རྒྱ་ནི་དངོས་གྲུབ་ཀྱི་དབང་ཕྱུག་གི་ཕྱག་རྒྱ་ལས་བཤད་པ་ལ། དཔལ་གྲུབ་ཅན་གྱི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་ལས་བསྟན་ཏོ། །དེ་དག་འཆིང་བའི་དུས་ སུ། སོ་སོའི་སྔགས་བརྗོད་ཅིང་སོ་སོའི་སྐུ་གསལ་བར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་རྒྱས་འདེབས་པའོ། །ལྷ་མོ་གླིང་བུ་མ་ལ་སོགས་པ་དག་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ་བཞིན་དུ་ཕྱག་རྒྱ་བཅིང་ཞིང་། སོ་སོའི་སྔགས་ལ་འཁོར་ལོའི་སྒྲ་དང་ལྡན་པར་བརྗོད་པའོ། ། དེ་ལྟར་དཀྱིལ་འཁོར་འོག་མ་དག་ལ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ། །ད་ནི་བསྐུལ་བའི་གླུ་ལས། དང་པོའི་སྤྱིའི་མཚན་ཉིད་ནི། ཕྱག་རྒྱ་ཤེས་པ་འདི་དག་གི །སངས་རྒྱས་སྤྲུལ་པ་གླུ་མཆོག་གི །ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་གཉིས་གསུངས་པ་ལ། གོང་ནས་འབྱུང་ བའི་ཕྱག་རྒྱ་ནི་འོག་ནས་འབྱུང་བ་དག་གི་དོན་ཤེས་པ་ལས་སངས་རྒྱས་སྤྲུལ་པའི་གླུ་བླང་ཞིང་བསྐུལ་བའི་མཐུས་ཐམས་ཅད་འགྲུབ་པར་བྱེད་ཅིང་། ཐམས་ཅད་འགག་པ་ལས་ཐམས་ཅད་ལ་སྦྱོར་བའོ། །དེས་ནི་མྱ་ངན་ལས་འདས་པའི་ལམ་ལ་ཞེན་པ་དག་ཀྱང་སློང་བར་བྱེད་ཅིང་། སྐུ་གསུང་ ཐུགས་ཀྱི་ཕྱག་རྒྱ་བསྟན་པར་འགྲུབ་པས་ན་གླུ་མཐུག་པོ་དང་། སྲབ་བུ་ལ་སོགས་པ་བྱེ་བྲག་བཞི་ལེགས་པར་སྦྱར་བའི་དབྱངས་ཕྲལ་འཁྱུག་པ་དང་། ཚངས་པའི་དབྱངས་དག་བླང་བར་བྱའོ། །དེ་དག་གི་བསྐུལ་བའི་གླུ་དངོས་ནི། འཇིག་རྟེན་ཁམས་མང་རྡུལ་ཕྲན་གྲངས་མེད་ཁྱད་ པར་སྤྲོས་པ་ཡི། །རྒྱལ་བའི་དོན་རྣམས་རབ་ཏུ་ཕྲ་བའི་རྡུལ་གྱི་གྲངས་སྙེད་པ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གསུངས་པ་ལས། འཇིག་རྟེན་གྱི་ཁམས་སྣྲེལ་ཞི་དང་། སྤྱིའུ་ཚུགས་དང་། ཡན་མན་དང་། ཕན་ཚུན་ལ་སོགས་པའི་བཀོད་པ་རྒྱ་ཆེན་པོ་མཐའ་དག་ཏུ་དེ་དང་མཐུན་ པའི་མཛད་པ་སྣ་ཚོགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་ཞེས་པ་དང་། བྱ་བའི་ཚུལ་དེ་དག་སྐད་ཅིག་ཙམ་གྱི་རྣམ་པས་བདག་ལ་སྦྱོར་ཞིང་གྲུབ་པར་མཛོད་ཅིག་ཅེས་པའོ། །དེ་དག་གི་ཕན་ཡོན་ནི། གླུ་འདི་དག་ནི་བླངས་པ་ཡིས། །ནམ་མཁའ་ཐམས་ཅད་མཉམ་སྦྱོར་བ། །མཁའ་ འགྲོ་སྒྱུ་མ་བདེ་བའི་མཆོག །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར། བསྐུལ་བའི་རྗེས་ལ་མཆོད་པའི་ཕྱིར། །དེ་ནས་བུད་མེད་བཞི་རྣམས་དང་། །རང་གི་ཡང་དག་གསང་བ་ཡིས། །ཞེས་པ་ལ་སོགས་པས་མཆོད་པའི་ལྷ་མོ་བཞི་དང་། ཏིང་ངེ་འཛིན་གྱིས་ མངོན་པར་སྤྲུལ་པའི་ཕྱི་ནང་གསང་བའི་མཆོད་པ་དག་རྒྱ་ཆེན་པོར་སྤྲོས་ཤིང་མཆོད་པའོ། །དེ་བཞིན་གཤེགས་པའི་ཕྱག་རྒྱ་ཤེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོ་སྤྱི་ཡི་མཚན་ཉིད་ནི། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། ། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །དཔལ་རྡོ་རྗེ་སེམས་དཔའི་ཆེ་བའི་ཡོན་ཏན་ལས་དམ་ཚིག་ལ་སྡང་བའི་རུ་ཏྲ་ལ་སོགས་པ་གཞོམ་པའི་དོན་དུ་དཔལ་ཧེ་རུ་ཀ་དུར་ཁྲོད་ཆེན་པོའི་ཆས་བརྒྱད་ལ་སོགས་པའི་ཆ་ ལུགས་དང་ལྡན་པར་བྱའོ། །ད་ནི་ཁྱད་པར་གྱི་མཚན་ཉིད་ལས། གཙོ་བོའི་སྐུ་དེ་ལྟར་བསྟན་པ་གང་གི་དོན་དུ་ཞེ་ན། ཐུགས་རྗེ་བསྐྱེད་པའི་ཡུལ་དག་གི་ཕྱིར་ཏེ། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཞེས་སོ། །དེའི་གཉེན་པོར་ཐུགས་རྗེ་ཆེན་པོའི་མཚན་ཉིད་ནི། ཤེས་ རབ་ཐབས་ཀྱི་རྣལ་འབྱོར་གྱི། །རྣལ་འབྱོར་བདེ་མཆོག་དམ་པར་འགྱུར། །ཞེས་པའོ། །དེ་ཉིད་ཀྱི་ཆ་ལུགས་ཀྱི་མཚན་མ་ནི། སངས་རྒྱས་ཁྲོ་བྱུང་ཁྲོ་བོ་ནི། །ཐལ་བར་འཇིག་པའི་མཆོག་ཡིན་ཏེ། །ཞེས་པ་ལ་སོགས་པ་ལ། ཕྱག་བརྒྱད་ལས་དང་པོའི་འོག་མ་གཉིས་ན་དབང་ཕྱུག་ཆེན་པོའི་ པགས་པ་བརྒྱད་སྟེ་འཛིན་པ་དང་། གསུམ་པ་དག་ན་མདའ་དང་གཞུ་འཛིན་པ། བཞི་པ་དག་ན་ཤ་ཆེན་པོ་དག་དང་། སྦྲང་རྩིའི་སྒྲས་ཁྲག་ཆེན་པོ་དག་གིས་བཀང་བའི་ཐོད་པ་འཛིན་པ་དང་། དང་པོ་གཉིས་ནི་འོག་ནས་འབྱུང་བའི་རྡོ་རྗེ་དང་ཁ་ཊྭཱཾ་ག་འཛིན་པའོ། །གཞན་དག་གི་དོན་ནི་གོ་སླ་བས་མ་བཤད་ དོ། །དེ་ཉིད་ཀྱི་ཕྲིན་ལས་ནི། དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ་ཚོགས་རྣམ་སྤྲུལ་པས། །ཞེས་པ་ལ་སོགས་པའོ། །པདྨ་གར་གྱི་དབང་ཕྱུག་ཅེས་པ་ནི་དཔལ་ཧེ་རུ་ཀས་ཆོས་ཐམས་ཅད་ལ་གར་ཐབས་སྣ་ཚོགས་ཀྱི་སྒོ་ནས་དབང་སྒྱུར་བར་མཛད་པས་སོ། །ཡབ་ཡུམ་གྱི་ མཚན་ཉིད་བསྟན་པའི་ཕྱིར། སེ་རལ་ཁ་ཡི་ཚུལ་དག་ཏུ། །ཁ་ཊྭཱཾ་ག་ལ་རྒྱབ་བརྟེན་བྱས། །ཞེས་པ་ལ་སོགས་པ་ལ་ཡུམ་གྱི་སྐུ་མདོག་དང་། རྒྱན་ཆས་དང་ཕྱག་མཚན་དག་ཀྱང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱག་རྒྱའི་ཡོན་ཏན་ནི། བུད་མེད་ལ་སོགས་རིན་ཆེན་མཆོག །དངོས་པོ་ཐམས་ཅད་ མཁའ་ལས་འབྱིན། །ཞེས་པ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཡབ་ཡུམ་གྱི་སྐྱིལ་ཀྲུང་གི་མཚན་ཉིད་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །བདེ་བ་འབབ་པའི་གར་བྱེད་པས། །སྐྱིལ་མོ་ཀྲུང་ནི་ཕྱེད་བཅས་པས། །རྐང་པ་རང་གི་བརླས་མནན་ན། །འགྱིང་བག་དང་བཅས་པའི་སྒོ་ ནས་ལངས་ཏེ་ཡབ་ཀྱི་ཞབས་གཡས་པས་ཡུམ་གྱི་བརླ་ལ་འཁྱུད་ཅིང་། གཡོན་པ་བརྐྱང་སྟེ་ས་ལ་བཞག་ནས་ཡུམ་གྱིས་ཀྱང་དེ་བཞིན་དུ་སྐྱིལ་ཀྲུང་ཕྱེད་པའི་ཞབས་ཀྱིས་འཁྱུད་ཅིང་གནས་པའོ། །དེ་དག་གི་ཕྲིན་ལས་དང་ཡོན་ཏན་དང་བཅས་པ་ནི། དྲག་པོ་དབང་པོ་ཉེ་དབང་བཅས། །ཉི་ཟླ་ གཤིན་རྗེ་ཚངས་བཅས་པ། །ཞེས་པ་ལ་སོགས་པའོ། །བདེ་བར་རེག་པ་མཉམ་པར་སྦྱོར་བ་སྐལ་བ་བཟང་པོ་དཔལ་རྡོ་རྗེ་དྲག་པོ་གནས་པ་ནི་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་ལས་སྤྲུལ་པར་བཅས་པས་མཉམ་པར་སྦྱོར་ཞིང་དེ་ཉིད་ཀྱི་ཕྲིན་ལས་ཀྱིས་དྲག་པོའི་ཚོགས་འཇོམས་པར་ མཛད་པའོ། །ད་ནི་འཁོར་གྱི་ལྷ་མོ་ལས་དང་པོ་སྤྱིའི་མཚན་ཉིད་ནི། དེ་ནས་གཞན་ཡང་རབ་བཤད་པ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ། །དཔལ་ལྡན་ཧེ་རུ་ཀ་བཅས་པའི། །ཕྱག་རྒྱ་སྣ་ཚོགས་གནས་པའོ། །གཙོ་བོའི་ཆ་ལུགས་ལས་གཞན་པའི་ལྷ་མོ་ རྣམས་ཀྱི་མཚན་ཉིད་ཕྱག་རྒྱ་སྣ་ཚོགས་ཀྱི་ཚུལ་དུ་གནས་ཏེ། དང་པོར་སྐུའི་ཆ་ལུགས་བསྟན་པ་དང་ལྟ་བའི་ཁྱད་པར་དང་། ཕྱག་མཚན་གྱི་ཁྱད་པར་དང་། གར་ཐབས་ཀྱི་ཁྱད་པར་དང་། མཚན་གྱི་ཁྱད་པར་གྱི་སྒོ་ནས་སྣ་ཚོགས་སུ་གནས་པའོ། །དེ་ལས་དང་པོ་སྐུའི་ཁྱད་པར་ནི། ཞི་དང་དྲག་པོ་ རྨོངས་པ་མཆོག །དགའ་བའི་གར་བྱེད་འགྱུར་བར་བཅས། །ཤི་བ་ལྡང་བའི་སྦྱོར་བ་ཡིས། །བདེ་བའི་ཕྱག་རྒྱ་རབ་ཏུ་གནས། །འདིར་གནས་ཞེས་པའི་སྒྲས་ཞལ་གདོང་གི་ཁྱད་པར་དང་། བཞུགས་ཚུལ་བསྟན་པ་ཡིན་ཏེ། གཽ་རཱི་ནི་རྒྱས་འདེབས་མ་སྟེ་ཞི་བའི་ཞལ་དང་ལྡན་ཞིང་དེ་ཉིད་ཀྱི་ ཚུལ་གྱིས་བཞུགས་པའོ། །དེ་བཞིན་དུ་ཞལ་དང་བཞུགས་ཐབས་གཉིས་ཀ་ལ་སྦྱོར་ཏེ། ཙཽ་རཱི་ནི་སྙིང་འདྲེན་མ་ཞེས་བྱ་སྟེ་དྲག་པོའི་ཚུལ་ལོ། །པྲ་མོ་ཧཱ་ནི་རྨོངས་བྱེད་མ་སྟེ། དེ་ཉིད་ཀྱི་ཚུལ་གྱིས་སོ། །པུཀྐ་སཱི་ནི་གར་བྱེད་མ་ཞེས་ཏེ་དགའ་བའི་ཚུལ་ཅན་ནོ། །གྷསྨ་རཱི་ནི་འདེབས་བྱེད་མ་ སྟེ། དེ་ཉིད་ཀྱི་ཚུལ་གྱིས་སོ། །བཻ་ཏཱ་ལཱི་ནི་གསོད་བྱེད་མ་སྟེ་འགྱུར་བའི་ཚུལ་དུ་བཞུགས་པའོ། །སྨ་ཤཱ་མ་ནི་གསོད་བྱེད་མ་སྟེ། ཤི་བ་སློང་བའི་ཚུལ་གྱིས་བཞུགས་པའོ། །ཙཎྜ་ལཱི་ནི་ཟབ་མོ་སྟེ། ཤི་བ་ལྡང་བའི་ཚུལ་དུ་བཞུགས་པའོ། །དེ་ལྟར་ལྷ་མོ་ཀུན་ཀྱང་རང་རང་གི་སྐྱེས་བུ་དང་མི་འབྲལ་ ཞིང་བདེ་བ་ལ་ལོངས་སྤྱོད་པས་ན་བདེ་བའི་ཕྱག་རྒྱའོ། །ཡང་ལྷ་མོ་དག་གི་ལྟ་བའི་ཁྱད་པར་བསྟན་པའི་ཕྱིར། ཞི་དང་དྲག་པོ་རྨོངས་བྱེད་དང་། །གྱེན་དུ་དབུགས་འབྱིན་གར་བྱེད་ལུས། །ལྟ་བའི་ཕྱག་རྒྱ་གྲུབ་པའི་མཆོག །གསང་བའི་སྦྱོར་བ་དེ་མཆོག་གིས། །དེ་ལ་ཞི་བའི་ལྟ་བ་ནི་མིག་ ཟམ་ཟིམ་དུ་བྱས་ལ་གླང་པོ་ཆེ་ཁྱོ་ཤུག་བྱེད་པའི་གནས་སྐབས་བཞིན་ནོ། །དྲག་པོའི་ལྟ་བ་ནི་སྡང་མིག་གི་ཚུལ་དུའོ། །རྨོངས་པའི་ལྟ་བ་ནི་ཆང་གིས་མྱོས་པ་བཞིན་མི་གསལ་བར་བརྟགས་པའོ། །ཤི་བ་སློང་བ་ནི་ཅུང་ཟད་གྱེན་དུ་གཟིགས་པའོ། །དབུགས་འབྱིན་པའི་ཚུལ་ནི་ ཕྱོགས་བཅུར་བལྟ་བའོ། །གར་བྱེད་པ་ནི་རང་གི་གཡས་དང་གཡོན་དུ་རེས་བཞིན་གཟིགས་པའོ། །རྣམ་པར་གཡེང་བ་ནི་ཕྱོགས་བཅུར་ཕུར་བུ་འདེབས་པའི་ཚུལ་གྱིས་གཟིགས་པའོ། །རོ་ཟ་བ་ནི་མདུན་དུ་རེས་ཀྱིས་ལྟ་བའོ། །གྲུབ་པའི་མཆོག་ནི་ལྟ་བ་དེ་དག་གི་ལས་ལ་སྦྱོར་བར་བྱེད་ཅིང་། གསང་བའི་སྦྱོར་བའི་བདེ་མཆོག་ལ་གནས་པའོ། །ཕྱག་མཚན་གྱི་ཁྱད་པར་ནི། མེ་ཏོག་བདུག་པར་སྦྱར་བའི་མཆོག །ཆང་དང་ཆུ་དང་ལྕུག་མ་དང་། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལྔ་གསུངས་ཏེ། དང་པོས་ནི་མཆོད་པའི་མཚན་མ་བརྒྱད་བསྟན་ཏེ། བསྒྲུབ་པར་བྱ་བ་ལ་རྒྱས་ འདེབས་པར་མཛད་པའོ། །གཉིས་པས་ནི་ཕྲིན་ལས་རྒྱས་འདེབས་པར་མཛད་པའོ། །གསུམ་པས་ནི་ཆ་ལུགས་ཀྱི་རིམ་པ་མཚོན་པར་བྱེད་པའོ། །བཞི་པ་དང་ལྔ་པས་ནི་ཕྲིན་ལས་ཀྱི་ཕྱག་མཚན་དག་བསྟན་པའོ། །མཚན་གྱི་ཁྱད་པར་ནི། དང་པོ་རྒྱས་འདེབས་མ་ཡི་རྒྱ། །སྙིང་འདྲེན་ མ་ཡི་གཉིས་པའོ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་གསུངས་པའོ། །ཡང་ཕྱག་རྒྱ་ལན་དང་བཅས་པ་ནི། དེ་ནས་ཕྱག་རྒྱ་འདི་ཀུན་གྱིས། །ཕྱག་རྒྱའི་ལན་རྣམས་བླ་ན་མེད། །ཅེས་པ་ལ་སོགས་པ་སྟེ། གཞན་གྱི་སྦྱོར་བ་ལ་སོགས་པས་མི་ཚུགས་པར་བྱ་ཞིང་། རང་གི་ དངོས་གྲུབ་མཐའ་དག་སྒྲུབ་པའི་ཕྱིར་དཔལ་ཧེ་རུ་ཀའི་ཕྱག་རྒྱ་དང་། འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་རིམ་པ་བཞིན་དུ་བཅིང་ཞིང་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་བྱ་ཞིང་། རང་གི་ལས་ལ་སྦྱོར་བར་བྱ་བའི་ཕྱིར། གླུས་བསྐུལ་བ་ལས་དང་པོ་ སྤྱིའི་མཚན་ཉིད་ནི། དེ་ནས་ཕྱག་རྒྱ་ཤེས་པ་འདི། །དཔལ་ལྡན་རྡོ་རྗེའི་སྦྱོར་བའི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །དཔལ་ཧེ་རུ་ཀའི་ཕྱག་རྒྱ་དང་གཉིས་སུ་མེད་པར་སྦྱོར་ཞིང་། ལས་ཐམས་ཅད་འགྲུབ་པར་བྱེད་པའི་ཚུལ་གྱིས་རང་གི་དེ་ཁོ་ན་ ཉིད་གསལ་བར་སྟོན་པའི་གླུ་བརྗོད་པའོ། །དེ་ལས་དང་པོ་གཙོ་བོའི་ཞལ་རྣམ་པ་བཞིའི་སྒོ་ནས་བསྐུལ་བའི་ཕྱིར། གཟིགས་པ་རྣམ་པ་སྣ་ཚོགས་འགྱུར་བའི་རྒྱས་ཐོབ་ལ། །རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད་པས་རྨོངས་མཛད་དེ། །རྣམ་པ་སྣ་ཚོགས་བདེ་བའི་མཆོད་སྟོན་ཀུན་གསོལ་ ལ། །རྣམ་པ་སྣ་ཚོགས་བདེ་མཆོག་ངོ་མཚར་བསྟན་དུ་གསོལ། །ཞལ་དང་པོ་དྲག་པོའི་སྒོ་ནས་གཟིགས་པ་སྣ་ཚོགས་འགྱུར་བའི་རྒྱས་འདེབས་པ་དང་། ཞལ་གཉིས་པ་རྨོངས་པའི་སྒོ་ནས་འོ་བྱེད་འཁྱུད་པ་དང་། ཞལ་གསུམ་པ་ཟ་བྱེད་ཀྱི་སྒོ་ནས་མཆོད་བསྟོད་ཀུན་ གསོལ་བ་དང་། ཞལ་བཞི་པ་སྒེག་པའི་སྒོ་ནས་ངོ་མཚར་བསྟན་པའོ། །ད་ནི་འཁོར་གྱི་ལྷ་མོ་བརྒྱད་ཀྱིས་བསྐུལ་བའི་གླུ་གསུངས་ཏེ། རྒྱས་བཏབ་རྨོངས་བྱས་མནབས་སུ་གསོལ། །བདེ་མཆོག་ངོ་མཚར་བདེ་བར་བཞུགས། །ཞེས་པ་ནི་ནང་གི་ལྷ་མོ་བཞིའིའོ། །ཧཱུཾ་ཨ་ལ་ལ་ཧོ་སྣང་ བར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །ཞེས་པ་ནི་ནང་གི་ལྷ་མོ་བཞིའི་ཕྲིན་ལས་སོ། །དམ་ཚིག་ལ་འཇུག་ཏུ་གསོལ། ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་མནབས་སུ་གསོལ། །ཉོན་མོངས་ཐམས་ཅད་བསལ་བར་མཛོད། །ཅེས་པ་ནི་ ཕྱིའི་ལྷ་མོ་བཞིའིའོ། །ཕན་ཡོན་ནི་གོ་སླའོ། །དཔལ་ཧེ་རུ་ཀ་རྡོ་རྗེའི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །ད་ནི་དཔལ་པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོར་སྤྱིའི་མཚན་ཉིད་ནི། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་ དེ་བཞིན་གཤེགས། །འདོད་ཆགས་ཐམས་ཅད་རྣམ་སྦྱང་ཕྱིར། །པདྨོའི་ཕྱག་རྒྱ་དཔལ་དུ་གནས། །བདག་ཏུ་འཛིན་པའི་ལྟ་བས་ཀུན་དུ་བསླང་ཅིང་། རྟག་པ་དང་ཆད་པའི་མཐའ་རྣམ་པ་གཉིས་མངོན་པར་ཞེན་པ་དག་པར་བྱ་བའི་དོན་དུ་གང་ཞིག་པདྨའི་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་ཆེན་པོ་ དེ་ཉིད་ལ་དེ་སྐད་ཅེས་བྱའོ། །དེ་ལས་གཙོ་བོའི་སྐུ་མདོག་གི་རྣམ་པར་དག་པ་བསྟན་པའི་ཕྱིར། མི་འགྱུར་དག་པ་དམ་པའི་ཕྱིར། །ཤེལ་སྒོང་བཞིན་དུ་དག་པ་ཡི། །འདོད་ཆགས་ཐམས་ཅད་དག་པའི་ཕྱིར། །འབར་བ་སྣ་ཚོགས་འཁྲིགས་པའི་འོད། །མི་མཐུན་པའི་མཚན་མ་གཞན་ དང་། རྟོག་པའི་བག་ཆགས་ཀྱིས་འགྱུར་བ་མེད་དེ། གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་ཆོས་ཐམས་ཅད་རྣམ་པར་དག་པ་ལ་མངའ་བརྙེས་པས་ནོར་བུ་ཆུ་ཤེལ་གྱི་མདངས་དང་ལྡན་པའོ། །མི་གནས་པའི་མྱ་ངན་ལས་འདས་པའི་ཐུགས་རྗེ་ཆེན་པོས་གདུལ་བྱ་དུ་མའི་ འདུལ་ཐབས་མཁྱེན་ཅིང་མཐུན་པའི་མཛད་པ་སྟོན་པའི་ཕྱིར། ཁ་དོག་ཉི་ཤུ་རྩ་ལྔའི་མདངས་འཕྲོ་བའོ། །ད་ནི། རྒྱན་དང་མཚན་མ་བསྟན་པའི་ཕྱིར། །སངས་རྒྱས་ཚེ་ཡི་རིན་ཆེན་སྤྲས། །གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །ཞེས་པ་ལ་སོགས་པ་གསུངས་ཏེ། རིགས་ཀྱི་མཚན་མ་མི་འགྱུར་ ཞིང་འབྲས་བུ་ལ་རྒྱས་གདབ་པའི་ཕྱིར། སངས་རྒྱས་ཚེ་དཔག་མེད་ཀྱིས་བརྒྱན་ཅིང་རིགས་དང་མཐུན་པའི་མཛད་པའོ། །དེ་ཉིད་ཀྱི་སྤྱོད་པའི་ཕྱིར། སྣ་ཚོགས་པའི་གོས་དང་རྒྱན་གྱིས་བརྒྱན་པ་སྐུའི་འོད་ཟེར་ལས་བྱུང་བའི་བདེ་བར་གཤེགས་པས་སྟོང་གསུམ་གང་བར་མཛད་པའོ། །གཞན་ ཡང་ཞལ་ཉི་ཤུ་རྩ་ལྔ་ལས་ཕྱག་རྒྱས་མཚན་པའམ། ཞལ་བཞི་ལ་ཕྱག་ལྔ་བཅུས་མཚན་པའམ། བརྒྱད་དང་བཞིས་མཚན་པའི་གཡས་ཀྱི་པདྨ་དག་ལ་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། རལ་གྲི་དང་། རྩེ་གསུམ་པ་དང་། དབྱུག་པ་དང་། གཏུན་ཤིང་དང་། བཀྲ་ཤིས་ཀྱི་མཚན་མ་ བརྒྱད་ལ་སོགས་པས་མཚན་ཞིང་། གཡོན་པ་དག་ནི་པདྨ་རྐྱང་བའོ། །དེ་དག་གི་སྒོ་ནས་རིགས་ཀྱི་དཀྱིལ་འཁོར་སྤྲོ་ཞིང་། པདྨའི་མཁའ་འགྲོ་མ་རྣམས་ཀྱིས་སྒྱུ་མས་འདུལ་བའི་ཐབས་སྣ་ཚོགས་སྟོན་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་ལ་བཀོད་པའོ། །ཡབ་ཡུམ་དང་ཞལ་སྦྱོར་དུ་ བཞུགས་པའི་སྐྱིལ་ཀྲུང་གི་མཚན་ཉིད་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །སྐྱིལ་མོ་ཀྲུང་ནི་ཕྱེད་མར་གནས། །རྒྱལ་པོའི་སྐྱིལ་མོ་ཀྲུང་བཅས་ནས། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད། །མེ་ཏོག་པདྨའི་སྟེགས་བུ་ལ་གཡས་པ་བརྐྱང་སྟེ་ས་ལ་བརྟེན་ཅིང་། གཡོན་པ་བསྐུམ་སྟེ་སྐྱིལ་མོ་ཀྲུང་གི་ཚུལ་དུ་ཡུམ་དང་ཞལ་སྦྱོར་བའི་ཚུལ་གྱིས་གནས་པའོ། །དཔལ་པདྨ་རྒྱལ་པོ་གནས་ཞེས་བྱ་བའི་ཕྱག་རྒྱའི་བཤད་པའོ། །གཞན་ཡང་འཁོར་གྱི་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་ནི། བསྙེམས་པའི་ལག་པ་གཡོན་པ་ཡིས། ། པདྨ་དམར་པོ་ཅི་བདེར་བཟུང་། །ཞེས་པ་ལ་སོགས་པ་གསུངས་ཏེ། ལྷ་མོ་བརྒྱད་པོ་འདི་དག་གིས། །ཕྱག་གཡོན་པ་ན་པདྨ་སོ་སོའི་ཁ་དོག་དང་མཐུན་པར་འགྱིང་བག་གི་ཚུལ་གྱིས་གནས་ཤིང་འཛིན་པ། གཡས་པ་དག་ན་སོ་སོའི་ཕྱག་རྒྱའི་གར་གྱི་ཆ་ལུགས་དང་ལྡན་པའོ། །དེ་ལས་ དང་པོ་ལྷ་མོ་རྣམ་པར་གཟིགས་པས་ནི་གཡོན་པས་པདྨ་དམར་པོ་ཅི་བདེ་བར་འཛིན་ཞིང་། གཡས་པའི་མཐེབ་མཛུབ་རྩེ་སྤྲད་ཅིང་སྐམ་པའི་ཕྱག་རྒྱས་རང་གི་སྙིང་གར་འདྲེན་ཞིང་ཁ་འབྱེད་པར་མཛད་པའོ། །དེས་ན་རྣམ་པར་གཟིགས་པའི་རྣམ་དག་དཔལ་ཏེ་ཆོས་དག་པ་ལ་སྤྱོད་ པའོ། །སྒྲོལ་མས་ནི་པདྨ་སྔོན་པོ་བཟུང་སྟེ་རང་གི་སྙིང་གར་བུད་མེད་ཀྱི་ཁུ་ཚུར་གྱིས་འདྲེན་པའོ། །དེས་ན་བྱང་ཆུབ་ཀྱི་མཆོག་ཏུ་གྱུར་པ་ལ་ལོངས་སྤྱོད་པའི་ཕྱག་རྒྱ་དང་བཅས་པའོ། །རྒྱན་ཅན་མས་ནི་གཡོན་པས་པདྨ་དཀར་པོ་བཟུང་སྟེ་གཡས་ན་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེས་ན་ ཆོས་ཀྱི་འཁོར་ལོས་འཁོར་བའི་འཁོར་ལོ་གཅོད་པར་བྱེད་པའོ། །ཁྲོ་གཉེར་མས་ནི་གཡོན་པ་པདྨ་མཐིང་ག་འཛིན་ཅིང་། གཡས་ཀྱིས་བ་དན་གསུམ་པའི་ཕྱག་རྒྱས་གར་མཛད་པའོ། །དེ་ཉིད་ཀྱི་སྒོ་ནས་གཞན་གྱི་ཕྱག་རྒྱ་སླར་ཟློག་པར་མཛད་པས་ན། ཕྱག་རྒྱའི་ལན་ཞེས་སོ། །པདྨ་གཏུམ་ པའི་དབང་ཕྱུག་མས་ནི་གཡོན་པ་པདྨ་ཐོགས་ཏེ་བསྙེམས་བག་གིས་སྐུའི་གནས་སུ་བརྟེན་ཅིང་། གཡས་པས་ནི་རིན་པོ་ཆེ་འཛིན་པའོ། །དེས་ནི་གཞན་དག་གི་འདོད་པ་ཐམས་ཅད་སྐོང་བར་མཛད་པས། པད་གཏུམ་དབང་ཕྱུག་རིན་ཆེན་མཆོག །ཅེས་སོ། །སྣ་ཚོགས་པདྨ་མོས་ནི་གཡོན་ན་པདྨ་ ལྗང་གུ་བསྟོད་ཅིང་གཡས་ན་རྩེ་གསུམ་པ་འཛིན་པས་ཕྲིན་ལས་གསུམ་གྱིས་གཞན་འཇོམས་པའི་ཕྱིར། སྣ་ཚོགས་པདྨ་རྩེ་གསུམ་ལས་རྒྱལ་ཞེས་སོ། །པདྨ་དཔལ་ཆེན་མོས་ནི་གཡོན་ན་པདྨ་སེར་པོ་འཛིན་ཅིང་གཡས་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པའོ་ཞེས་པས་ན། དེས་པདྨོ་གནས་པའི་སྐྱེད་ པའོ་ཞེས་སོ། །འདོད་པའི་དབང་མོས་ནི་གཡོན་ན་པདྨོ་ལེ་བརྒན་འཛིན་ཅིང་གཡས་པ་རྡོ་རྗེ་རྩེ་གསུམ་ཐོགས་ཏེ་གར་བྱེད་པས་འགྲོ་བ་གསུམ་དབང་དུ་བསྡུ་བའོ། །ད་ནི་དེ་དག་མཉེས་པར་བྱ་བའི་གླུ་དབྱངས་གསུངས་པ་ལས། དང་པོ་སྤྱིའི་མཚན་ཉིད་གོ་སླའོ། །གཞན་ཡང་གཙོ་བོ་ལ་བསྐུལ་ བའི་ཕྱིར། དེ་བཞིན་གཤེགས་པ་ཀུན་ལ་སོགས་པའི་གཟུགས་མཆོག་སྣ་ཚོགས་འཛིན། །སེམས་ཅན་རྣམ་པ་སྣ་ཚོགས་འདུལ་མཆོག་དངོས་གྲུབ་མཆོག་མངའ་བ། །ཞེས་པ་ལ་སོགས་པ་གསུངས་པ་ལས། ཀུན་ལ་སོགས་པའི་གཟུགས་མཆོག་ཅན་ཏེ་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དང་། འཇིག་རྟེན་གྱི་ལྷ་དྲེགས་བྱེད་ཆེན་པོ་དག་གི་སྐུ་སྣ་ཚོགས་སྟོན་ཅིང་འགྲོ་བའི་དོན་དུ་འཕྲུལ་པའོ། །དེས་ན། སངས་རྒྱས་རྡོ་རྗེ་འཛིན་པ་བདག །ཚངས་པ་འཇུག་སེལ་དབང་ཕྱུག་བདག །ཉི་ཟླ་བདག་ལགས་ཞེས་པ་དང་། །རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས་ཀྱང་འདི་ ཉིད་ཀྱི་རིགས་ཀྱི་སྤྲུལ་པས་འགྲོ་བ་འདུལ་བ་ལ་འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་སྣ་ཚོགས་སྣང་བར་བསྟན་ཏེ། འགྲོ་བ་འདུལ་བ་ཀུན་གཟུགས་ཅན། །ཞེས་བསྟན་ཏོ། །ཡང་འཁོར་གྱི་ལྷ་མོ་རྣམས་ཀྱི་གླུ་ནི། པདྨོ་སྒྱུ་མ་དཔལ། རྣམ་པ་སྣ་ཚོགས་འདུལ་མཛད་དག་པའི་ཚུལ་གྱིས་གར་མཛད་ པ། །པདྨོ་དམ་ཚིག་དབང་ཕྱུག་སངས་རྒྱས་གར་རྣམས་མཛད་དུ་གསོལ། །ཞེས་པ་ལ་སོགས་པའི་སྒོ་ནས་ཡོན་ཏན་དང་བཅས་པར་བསྟན་ཏོ། །དཔལ་པདྨོ་གར་གྱི་དབང་ཕྱུག་གི་ཕྱག་རྒྱ་ཞེས་པའི་དོན་རྣམ་པར་བཤད་པའོ། །གཞན་ཡང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ ལས་དང་པོ་སྤྱིའི་མཚན་ཉིད་བསྟན་པའི་ཕྱིར། རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ནོར་མཆོག་རྣམ་པར་སྦྱོང་བའི་ཕྱིར། །དཔལ་ལྡན་ཉི་མའི་ཕྱག་རྒྱར་གནས། །གང་ཞིག་སེར་སྣའི་ལམ་ལ་གནས་ཤིང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་ མ་ཅན་དག་འཁོར་གསུམ་ཡོངས་སུ་དག་པའི་སྦྱིན་པ་བཞི་ལ་དགོད་པའི་ཕྱིར། གང་ཉི་མའི་གཟུགས་དང་། གཟི་བརྗིད་དག་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ད་ནི་གཙོ་བོའི་མཚན་ཉིད་ལས། དང་པོར་ཞི་བའི་ཆ་ལུགས་སུ་གནས་པའི་ཚུལ་ནི། ནམ་མཁའི་སྙིང་པོ་ཐམས་ཅད་ ཕྱོགས། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །བུད་མེད་ལ་སོགས་རིན་ཆེན་མཆོག །རིན་ཆེན་ཐམས་ཅད་མཁའ་ལས་འབེབས། །གང་ཞིག་ནམ་མཁའི་ལུས་ཅན་ལ། །གསེར་གྱི་རི་བོ་ལྟར་བཞུགས་པ། །ཕྱོགས་ཐམས་ཅད་ནས་སེམས་ཅན་གྱི་རེ་བ་རྫོགས་ པར་བྱེད་པའི་བཙུན་མོ་རིན་པོ་ཆེ་ལ་སོགས་པའི་བདུན་པོ་དག་ཆར་བཞིན་དུ་འབེབས་པར་མཛད་པ་ནི་ནམ་མཁའི་སྙིང་པོ་ཉིད་དོ། །དེ་ལས་ཁྱད་པར་དུ་དག་པོའི་ཚོགས་རྣམས་གདུལ་བའི་ཕྱིར་ཁྲོ་བོའི་ཆ་ལུགས་སུ་བསྟན་པ་ནི། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་ མི་འགྱུར་ཏེ། །ཞེས་པ་ལ་སོགས་པ་གསུངས་ཏེ། ཉི་མ་འབུམ་གྱི་འོད་ཟེར་དང་ལྡན་པའི་སྒོ་ནས་གཞན་དག་གི་གདུང་བ་སེལ་ཞིང་། དྲག་པོའི་ཆ་ལུགས་སྣ་ཚོགས་དང་ལྡན་ཞིང་། སྐུ་ཉི་མའི་དཀྱིལ་འཁོར་འབར་བ་བཞིན་དམར་སེར་དུ་གནས་ནས། དྲག་པོའི་ཐབས་སྣ་ ཚོགས་ཀྱི་སྒོ་ནས་དེ་དག་འདུལ་བར་མཛད་པའོ། །དེ་དག་གི་ཕྱག་མཚན་ལ་སོགས་པའི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་གཞུ་དང་མདའ་མཆོག་དང་། །ཤིན་ཏུ་ལེགས་པར་འགྱིངས་པ་སྟེ། །ཞེས་པ་ལ་སོགས་པ་ལས་ཕྱག་རྣམ་པ་བཞི་ནི་གཞུ་དང་། མདའ་དང་། ཉི་མ་དང་། རལ་གྲི་ འཛིན་ཅིང་འཛུམ་བག་དད་བཅས་པའི་བཞིན་གྱིས་སྤྱན་མིག་གཡོན་པ་གྱེན་དུ་བཏེག་སྟེ། མཁའ་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་པ་གཟིགས་པའོ། །དེ་ཉིད་ཀྱི་ཕྲིན་ལས་ནི་གོ་སླའོ། །སྐྱིལ་ཀྲུང་གི་ཁྱད་པར་བསྟན་པའི་ཕྱིར། རྡོ་རྗེ་པུས་མོ་གཉིས་བཅིངས་ཏེ། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ ནས། །ཞེས་པ་ལ་སོགས་པ་ལ། ནོར་བུ་རིན་པོ་ཆེའི་དབྱིབས་ལྟར་པུས་མོ་གཉིས་བཅིངས་ཏེ། ཡུམ་དང་ཞལ་སྦྱོར་དུ་བཞུགས་ཤིང་། བགེགས་ཐམས་ཅད་གཞིག་པར་མཛད་པའོ། །གཞན་ཡང་འཁོར་གྱི་ལྷ་མོ་དག་གི་མཚན་ཉིད་ཀྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་ཆ་ལུགས་བསྟན་པའི་ཕྱིར། དབང་བསྐུར་བ་དང་གཏེར་དག་དང་། །རྒྱལ་མཚན་མཆོག་ལྡན་མཆོད་པ་ཆེ། །ཞེས་པ་ནི་ནང་གི་ལྷ་མོ་བཞིའོ། །ཇི་ལྟའི་ཚུལ་དག་སྟོན་པ་དང་། །རང་གི་དོན་རྣམས་རབ་སྒྲུབ་པའོ། །ཞེས་པ་ནི་ཕྱིའི་ལྷ་མོ་དག་དང་སོ་སོའི་ལས་སོ། །དཀྱིལ་འཁོར་གྱི་ལྷ་དེ་དག་མཉེས་ཤིང་ལས་ལ་ གཞུག་པའི་ཕྱིར་བསྐུལ་བའི་གླུ་གསུངས་པ་ལས། དེ་ནས་ཕྱག་རྒྱ་ཤེས་པ་འདི། །རྒྱལ་པོ་སྒྱུ་མ་མཆོག་གི་གླུ། །ལས་རྣམས་ཐམས་ཅད་རབ་སྒྲུབ་པ། །ཁྱད་པར་དུ་ནི་བཤད་པར་བྱ། །གར་སྣ་ཚོགས་དང་སོ་སོའི་ཕྱག་རྒྱ་བཅིངས་ནས། སྐུའི་དཀྱིལ་འཁོར་གསལ་བར་གྱུར་པ་ ལ་དམིགས་ཏེ་སྔགས་དང་ཕྱག་རྒྱར་ལྡན་པས་ལས་ལ་གཞུག་པར་བྱའོ། །དེ་ཡང་ལས་རྣམ་པ་བཞིའི་སྒོ་ནས་ཞལ་བཞིའི་རྣམ་པས་ལྷ་མོ་བཞིའི་ཕྲིན་ལས་ལ་གཟུང་པའི་ཕྱིར། སེམས་ཅན་སྤྲིན་ལས་བྱང་ཆུབ་མཆོག་སྦྱིན་སྣ་ཚོགས་ཆར་འབེབས་པ། །བདག་གི་རེ་བ་ཀུན་སྒྲུབ་མྱུར་དུ་ སྟོན་ཨ་ལ་ལ་ཧོ། །ཞལ་དང་པོ་དང་ལྷ་མོ་དབང་བསྐུར་མའི་སྒོ་ནས་སེམས་ཅན་སྤྲིན་ཚོགས་ལ་བྱང་ཆུབ་སེམས་ཀྱི་དབང་བསྐུར་བ་དང་། ཞལ་གཉིས་དང་། ལྷ་མོ་གཏེར་ལྡན་མའི་སྒོ་ནས་རིན་པོ་ཆེའི་མཆོག་སྣ་ཚོགས་ཀྱི་ཆར་འབེབས་ཤིང་བྱིན་པ་དང་། ཞལ་གསུམ་པ་དང་ལྷ་མོ་རྒྱལ་མཚན་མཆོག་ ལྡན་མའི་སྒོ་ནས་ཆོས་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བདག་གི་རེ་བ་ཀུན་སྒྲུབ་པའི་ཐབས་མྱུར་དུ་སྟོན་པ་དང་། ཞལ་བཞི་པ་དང་ལྷ་མོ་མཆོད་ཆེན་མའི་སྒོ་ནས་དགའ་བཞིའི་མཆོད་པ་སྤྲོ་བའོ། །གཞན་ཡང་ལྷ་མོ་རྣམས་ཀྱིས་ཁྱད་པར་གྱི་ལས་ལ་བསྐུལ་བའི་ཕྱིར། མི་ཟད་གཏེར་གྱི་ དབང་བསྐུར་ཁྱད་པར་བདག་ལ་སྩལ་དུ་གསོལ། །ཁྱད་པར་འདི་དག་ཐམས་ཅད་བུད་མེད་རིན་ཆེན་རྣམས་ཀྱི་ཕྱིར། །ཞེས་པ་ལ་སོགས་པའི་གླུ་དང་ཕན་ཡོན་དག་གསུངས་པ་ཡིན་ནོ། །དཔལ་རྡོ་རྗེ་ཉི་མའི་ཕྱག་རྒྱ་ཆེན་པོའི་བཤད་པའོ། །གཞན་ཡང་དཔལ་རྟ་མཆོག་རོལ་པའི་ དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལས། དང་པོ་སྤྱི་ཡི་མཚན་ཉིད་ནི། །རྣལ་འབྱོར་དེ་ཉིད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དྲག་ཤུལ་སྦྱོར་བར་རྣམ་སྤྱོད་དཔལ། །རྟ་ཡི་རྒྱལ་པོ་རབ་ཏུ་གནས། །དཔལ་རྡོ་རྗེ་འཆང་ཆེན་པོ་ལས་རྟ་མཆོག་གི་སྐུར་ སྤྲུལ་པའི་ཚུལ་ལོ། །ད་ནི་ཕྱག་རྒྱ་ཆེན་པོའི་ཆ་ལུགས་ལས་དགོངས་མཛད་ཀྱི་རྣམ་པ་ནི། ཐམས་ཅད་དག་པར་མོས་པ་ཡིས། །སྡིག་མེད་སྟོབས་ཀྱིས་ངོ་མཐོན་དུ། །ཞེས་པ་ལ་སོགས་པས་ལྷ་ཆེན་པོ་བཞིའི་དྲགས་པ་གཞོམ་པའི་ཕྱིར་ཞལ་བཞིའི་སྒོ་ནས་ཕྲིན་ལས་རྣམ་ པ་བཞི་མངའ་བར་བསྟན་པའོ། །གཞན་ཡང་ཕྱག་རྒྱའི་ཆ་ལུགས་ནི། །ཞལ་བཞི་པ་ལ་ཕྱག་བཞི་པ། །ཞབས་བཞི་པ་ལ་རྨིག་པ་བཞི། །ཞེས་པ་ལ་སོགས་པ་སྟེ། དཔུང་པ་བཞི་ལ་ལག་ངར་བརྒྱད་དུ་གྱེས་པའོ། །གཡོན་པ་དག་ན་ནི་ཁུ་ཚུར་གྱིས་སྣ་ཚོགས་པདྨ་ དང་། མདུང་དང་། དབྱུག་པ་དང་། གཞུ་ཐོགས་པའོ། །གཡས་པ་དག་ན་ནི་བ་དན་གསུམ་པ་གྱེན་དུ་བསྒྲེང་བ་དང་། སྣ་ཚོགས་རྡོ་རྗེ་དང་། རལ་གྲི་དང་མདའོ། །ཕྱག་རྒྱ་དེ་དག་བཅིངས་པའི་ཕན་ཡོན་ནི། ཕྱག་རྒྱ་འདི་ཡིས་བཏབ་ན་ནི། །ཤིན་ཏུ་ལྟུང་བར་གྱུར་པ་ཡང་། །ཞེས་ པ་ལ་སོགས་པ་སྟེ་གོ་སླའོ། །རྡོ་རྗེ་སློང་བ་ནི་པདྨ་སྡིགས་མཛུབ་ཀྱི་ཕྱག་རྒྱར་བཅས་པས་དྲེགས་བྱེད་ཀྱི་ཚོགས་རྣམས་བརྒྱལ་ཞིང་སླར་སངས་པར་མཛད་པའོ། །དེ་ཉིད་ཀྱི་སྐྱིལ་ཀྲུང་ནི། གཡས་དང་གཡོན་པའི་སྦྱོར་བ་ཡིས། །བརྐྱང་བསྐུམ་པ་ཡི་ཚུལ་བཅས་ནས། ། ཞེས་པ་ལ་སོགས་པ་སྟེ་ཞབས་གཡས་བརྐྱང་བའི་དང་པོས་གསུམ་གྲུབ་མ་དང་དཔལ་མོ་མནན་པའོ། །གཉིས་པས་སྒྲོལ་མ་དང་དགའ་མོ་མནན་པའོ། །གཡོན་བསྐུམ་པའི་དང་པོས་མིག་གསུམ་པ་དང་ཁྱབ་འཇུག་མནན་པའོ། །གཉིས་པས་ཚངས་པ་དང་ལྷའི་བུ་དགའ་རབ་ དབང་ཕྱུག་མནན་པའོ། །ཁྲོ་བོ་གནས་པ་ནི་ཁྲོ་བོ་ཆེན་པོའི་ཆ་ལུགས་ཀྱི་བརྐྱང་བསྐུམ་གྱིས་མནན་པའོ། །དེ་ཉིད་ལ་བསྐུལ་བའི་གླུ་ནི། དེ་ནས་ཕྱག་རྒྱ་ཞེས་པ་འདི། །རྟ་མཆོག་དཔལ་ལྡན་གནས་པའི་གླུ། ཞེས་པ་ལ་སོགས་པ་སྟེ། འདོད་པའི་ལྷ་མོ་དག་དང་ཆགས་པའི་ཚུལ་གྱིས་ གནས་ཤིང་། གླང་པོ་ཆེ་སྨྱོན་པ་འདོད་ཆགས་ཀྱིས་མྱོས་པ་སྟོང་བས་ལྷག་པར་གནས་པ་དག་འདུལ་ཞིང་བདེ་བ་ལ་དགོད་པའི་ཕྱིར། ཞལ་དང་པོ་སྒེག་པར་བསྟན་པ་དང་། ཁྱབ་འཇུག་ཞེ་སྡང་གི་མེ་བསྔོ་བས་གཤིན་རྗེ་སྟོང་པས་འཇིགས་པའི་མཚན་ཉིད་ཅན་འདུལ་བའི་ཕྱིར། ཞལ་གཉིས་པ་ དྲག་པོར་བསྟན་པ་དང་། བརྒྱ་བྱིན་ཞི་བའི་སྐུ་ཚངས་པ་སྟོང་བས་ལྷག་པའི་བཞིན་དང་ལྡན་པ་གདུལ་བའི་ཕྱིར། ཞལ་གསུམ་པ་ཞི་བའི་ཚུལ་དུ་བསྟན་པ་དང་། ཐམས་ཅད་དག་པར་མོས་པས་ངོ་མཐོན་གྱི་སྟོབས་ཀྱིས་གདུལ་བའི་ཕྱིར། ཞལ་བཞི་པ་རྟའི་གདོང་པ་ཁྲོ་གཉེར་དང་བཅས་པ་ ལས་དགྱེས་པའི་གད་མོ་ཕ་རོལ་གནོན་པའི་སྟོབས་ཀྱིས་སྒྲ་དང་བཅས་པར་སྒྲོགས་པའོ། །གཞན་ཡང་ཞབས་རྣམ་པ་བཞིའི་སྒོ་ནས་ལྷ་ཆེན་པོ་བཞི་མནན་ཞིང་དེ་དག་གི་ཆུང་མ་ལ་སྤྱོད་པར་མཛད་པའོ། །དེ་ཡང་དབང་ཕྱུག་ཆེན་པོའི་ཆུང་མ་ནི་མིག་ལས་ཕྱུང་བ་སྟེ། ལྷའི་དབང་པོ་ བརྒྱ་བྱིན་གྱིས་མཆོད་སྦྱིན་ཆེན་པོ་བྱེད་པའི་དུས་སུ་ལྷ་གཞན་དག་མ་བོས་པར་སྔོན་དུ་ཚོགས་ནས་དེ་དག་འདུས་པའི་རྗེས་ལ་དབང་ཕྱུག་ཆེན་པོ་སྤྱན་དྲངས་པ་ལས། ང་ཀུན་གྱི་མཐའ་མར་བོད་པ་ཅི་ཉེས་ཞེས་ཏེ་གཏུམ་ཚིག་དྲག་པོར་སྨྲས་ཤིང་ཁྲོས་ནས་དཔྲལ་བ་ནས་མིག་ལྷག་པ་གཅིག་ བྱུང་བར་མཛད་དོ། །དེས་བལྟས་པ་ཙམ་གྱིས་འཇིག་རྟེན་གྱི་ཁམས་སུ་ནད་རྣམ་པ་སྣ་ཚོགས་དང་། མུ་གེ་དང་གདུག་པའི་མཚོན་ཆའི་ཆར་དང་འཁྲུགས་པ་ལ་སོགས་པ་མང་དུ་སྤྲོ་ཞིང་། འཇིག་རྟེན་གྱི་ཁམས་ན་སྐྱེ་འགྲོ་ཀུན་ལ་གནོད་པར་མཛད་དོ། །དེ་འདུལ་བའི་ཕྱིར་སངས་རྒྱས་འོད་མཐའ་ ཡས་པའི་སྐུས་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་ལས་ཁྲོ་བོ་མི་གཡོ་མགོན་པོའི་སྤྲུལ་པ་སྣང་བར་མཛད་དེ། ལྷ་ཆེན་པོའི་སེམས་རྨོངས་པར་བྱས་ཤིང་། སྒོ་གསུམ་གནོན་པར་མཛད་པ་ལས་ཞུམ་པའི་སྒོ་ནས་མཆི་མ་ཕྱུང་བདག་རང་ཉིད་ཀྱི་སྨོན་ལམ་གྱི་མཐུས་ལྷ་མོ་གསུམ་གྲུབ་པར་གྱུར་ནས། དེ་དང་ལོངས་སྤྱོད་པ་ལས་རྟ་མཆོག་གི་མཐུས་ཕྲོགས་པའོ། །གཞན་ཡང་ཁྱབ་འཇུག་གིས་ནི་ཉིད་ཀྱི་སྨོན་ལམ་གྱི་ལྷ་མོ་མངོན་པར་སྤྲུལ་པ་དང་། ཚངས་པས་ནི་སྦྱོར་བའི་མཐུ་ལས་ལྷ་མོ་སྤྲུལ་པར་མཛད་པ་དང་། དགའ་རབ་དབང་ཕྱུག་གིས་ནི་མེ་ཏོག་གི་མདངས་གཞན་དག་གི་མདངས་ བསྡུས་ཏེ་ཆགས་པའི་སེམས་གཡོས་པས་རང་ཉིད་ཀྱི་མདངས་འཕེལ་བར་བྱས་པ་ལས་གྲུབ་པའི་ལྷ་མོ་སྟེ། དེ་ལྟར་དཔལ་མོ་དང་སྒྲོལ་མ་དང་དགའ་བ་མོ་དག་ལ་སྤྱོད་པར་མཛད་པའོ། །དེ་དག་གི་ལོ་རྒྱུས་ནི་གསུང་བཀོད་པའི་རྒྱུད་ལས་བཤད་པའོ། །ཅི་ལྷ་མོ་འདི་དག་རེས་འགའ་གདུལ་བྱའི་ དབང་གིས་སྐྱོབ་པར་མཛད་པ་དང་འཁོར་དུ་མཛད་པ་དང་། ཡུམ་དུ་མཛད་པ་དང་ཞབས་ཀྱིས་མནན་པ་དག་ནི་འགལ་བར་སྣང་ངོ་ཞེས། ཡེ་ཤེས་ཀྱི་ཆོ་འཕྲུལ་ཆེན་པོར་ཇི་ལྟར་འདུལ་བ་གཞན་ཐབས་སྣ་ཚོགས་ཀྱི་སྒོ་ནས་སྣང་བར་བཀོད་པ་དང་། དེ་ཉིད་གཟུང་བའི་ཕྱིར་སྐྱོན་མེད་དོ། །ཡང་ལྷ་མོ་ གཉིས་ཀྱི་སྒོ་ནས་བསྐུལ་བའི་ཕྱིར་ཚིགས་སུ་བཅད་པ་གཅིག་གསུངས་པ་ལས། གང་ཞིག་གིས་གཉེན་ལ་མཛའ་བར་བྱ་བའི་སེམས་དང་། དགྲ་ལ་བརྒལ་བར་བྱ་བའི་སེམས་དག་ནི་རྩེ་གཅིག་པའི་སྒོ་ནས་འགྲུབ་སྟེ། ཐེ་ཚོམ་དང་ཡིད་གཉིས་སུ་བཅས་པས་ནི་དེ་ལྟར་འགྲུབ་པར་འགྱུར་བ་ མ་ཡིན་པ་བཞིན་དུ་ཐེག་པ་ཆེན་པོ་གསང་སྔགས་འདིའི་སྒོར་འཇུག་པའི་གང་ཟག་གིས་ཀྱང་ཡིད་གཉིས་ཀྱི་རྟོག་པ་སྤང་བར་བྱའོ། །དེས་ན་རྩ་བའི་རྒྱུད་ལས། ཐེ་ཚོམ་གྱིས་ནི་རྨོངས་པར་བྱེད། །ལས་རྣམས་འགྲུབ་པར་མི་འགྱུར་ཞིང་། །འཇུག་པའི་གནས་སྐབས་མི་ཤེས་ཏེ། ། བསྒྲུབས་ཀྱང་འབྲས་བུ་མེད་པར་འགྱུར། །ཞེས་སོ། །གཉིས་པས་ནི་མཛའ་བ་དང་རྒོལ་བ་དག་ཀྱང་། འཇིག་རྟེན་གྱི་བྱ་བའི་སྒོ་ནས་རྟོག་པ་དག་མ་སྐྱེས་ཀྱང་སླའི། གཉེན་ལ་ཆགས་པ་དང་དགྲ་ལ་ཞེ་སྡང་བའི་ཆོས་དེ་དག་ནི་སྐད་ཅིག་མའི་རྣམ་པ་མི་བརྟན་པའི་ངོ་བོ་བཅོས་ པ