Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 067_མདོ་སྡེ།_འ
Văn bản gốc(Tây Tạng)
Trang 15 / 20 (50.000 ký tự/trang)
་ཅིང་། ཕྱིན་ཅི་ལོག་བརྒྱད་དང་བྲལ་བ། སྐྱེ་འགག་མེད་པ་ཡང་དག་པའི་རྟེན་གནས་སུ་གྱུར་པ་དེ་ནི་སངས་རྒྱས་དཀོན་མཆོག་ཅེས་བྱའོ། །རྟག་པའི་ཆོས་རྙེད་དོ་ཅོག་དམིགས་ པའི་མཐར་ཕྱིན་པར་སྤྱད་པ་ནི་ཡང་དག་པའི་ཆོས་དཀོན་མཆོག་ཅེས་བྱའོ། །སྤྱོད་པ་པ་རྣམས་ཀྱིས་ཡང་དག་པའི་ཆོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་ཅིང་རྟག་ཏུ་འདུས་མ་བྱས་པའི་གནས་སུ་གྲུབ་པ་ནི་དགེ་འདུན་ཞེས་བྱའོ། །ཡང་ཕྱིན་ཅི་ལོག་བརྒྱད་གཏན་དུ་བྲལ་བས་འཕགས་པ་དང་སྐྱེ་བོ་ ཐམས་ཅད་འཐུན་ཞིང་ནམ་དུ་ཡང་རྩོད་པ་མེད་པ་ནི་དགེ་འདུན་དཀོན་མཆོག་ཅེས་བྱའོ། །སྔོན་དཀོན་མཆོག་གསུམ་མི་དང་ཆོས་སུ་ཐ་དད་པར་བཤད། དེང་འདིར་ནི་སངས་རྒྱས་དངོས་པོ་གཅིག་ལ་ཆོས་དང་དགེ་འདུན་ཡང་དེར་བྱུང་བས་དོན་དེའི་ཕྱིར་ངས་ཁྱོད་ལ་དངོས་པོ་གཅིག་པའི་དཀོན་མཆོག་ གསུམ་བཤད་དེ། སྐྱེ་བོ་ཀུན་ཐེག་པ་གཅིག་ཏུ་ཕྱོགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་གང་ལ་རྣམ་པར་རྟོག་སྟེ་ཐེག་པ་ཆེན་པོ་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་ཁམས་གསུམ་མི་རྟག་པར་བསམས་ཏེ་ཐེག་པ་ཆེན་པོར་བསྒྲུབ་བོ། །བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་གསོལ་པ། ཇི་ལྟར་ན་མི་རྟག་པ་ལ་རྣམ་པར་རྟོག་པར་བགྱི། བཀའ་སྩལ་པ། མི་རྟག་པ་ལ་རྣམ་པར་རྟོག་པར་བྱ་ན་ཉོན་མོངས་པ་རྣམ་པར་སྤངས་ཏེ་ཡང་ དག་པའི་དྲན་པ་མངོན་དུ་བཞག་ལ་བྱམས་པ་དང་སྙིང་རྗེ་ཐོག་མར་འགྲོ་བར་བྱ་སྟེ། སྐྱེ་བོ་རྣམས་ལ་ཆོས་བཤད་ཅིང་བསྒྲལ་ན་ཡང་ལན་མི་རེ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལྟར་སེམས་ཅན་ཡོངས་སུ་མི་གཏོང་བར་ཐེག་པ་ཆེན་པོ་བསྒྲུབ་པར་བྱའོ། །རིགས་ཀྱི་བུ་དཔེར་ན་གྲོང་ཁྱེར་ཆེན་པོ་ གཅིག་འཁོར་རྒྱ་དཔག་ཚད་གཅིག་ལ། སྒོ་མང་པོ་ཞིག་ཡོད་པ་དེར་འགྲོར་ནི་ལམ་ན་གཡང་ས་དང་། མུན་ནག་པ་དང་། ཤིན་ཏུ་འཇིགས་པའི་ས་ཆེར་ཡོད་ཀྱིས་ཀྱང་། གྲོང་ཁྱེར་དེར་ཕྱིན་ན་ཤིན་ཏུ་བདེ་སྐྱིད་པར་འགྱུར་བས་སྐྱེས་བུ་མི་གཅིག་ལ་བུ་གཅིག་པུ་ཞིག་ཡོད་པ་ཤིན་ཏུ་ཡང་སྡུག་མོད་ ཀྱི། གྲོང་ཁྱེར་དེ་ན་བདེ་སྐྱིད་པའི་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་དོ་ཞེས་ཐོས་པས་བུ་སྡུག་པ་དེར་བོར་ནས། གྲོང་ཁྱེར་དེར་འགྲོ་འདོད་པའི་ཕྱིར་ཐབས་སྣ་ཚོགས་ཀྱིས་ལམ་འཇིགས་ས་བསྒྲལ་ནས་གྲོང་ཁྱེར་དེའི་སྒོར་ཕྱིན་པ་དང་། རྐང་པ་ཡ་གཅིག་ནང་དུ་བཅུག་སྟེ། རྐང་པ་ཡ་གཅིག་མ་བཏེག་ པའི་བར་དུ་བུ་དེ་དྲན་ནས་འདི་ལྟར་བསམས་སོ། །བདག་ལ་བུ་གཅིག་པུ་ཡོད་པ་བདག་ཆས་པའི་ཁར་ཅི་སྟེ་མ་ཁྲིད། ད་སུ་ཞིག་སླད་ན་གསོ་ཞིག་གུ་ཞེས་བསམས་ནས་གྲོང་ཁྱེར་དེ་བཏང་སྟེ་སླར་བུའི་ཐད་དུ་ཆས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བྱམས་པ་དང་སྙིང་རྗེ་ཡང་དེ་དང་འདྲ་སྟེ། བྱམས་ཤིང་སྙིང་བརྩེ་བའི་ཕྱིར་མངོན་པར་ཤེས་པ་ལྔ་སྒོམ་པར་བྱེད་དོ། །བསྒོམས་ཏེ་ཟག་པ་ཟད་ན་ཡང་མི་ཤེས་གྲུབ་པ་མི་ལེན་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཟག་པ་ཟད་པ་དང་། མངོན་པར་ཤེས་པ་སྤོང་སྟེ། སོ་སོའི་སྐྱེ་བོའི་སར་བགྲོད་པར་བྱེད་དོ། །རིགས་ཀྱི་ བུ་དཔེར་གྲོང་ཁྱེར་བདེ་སྐྱིད་པ་ཞེས་བྱ་བ་ནི་རྣམ་པར་ཐར་པ་ཆེན་པོ་ལ་བྱའོ། །དཔེར་སྒོ་མང་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྒོ་བརྒྱད་ཁྲི་བཞི་སྟོང་ལ་བྱའོ། །དཔེར་ལམ་འཇིགས་ས་ཆེན་པོ་ཞེས་བྱ་བ་ནི་བདུད་དང་བགེགས་ལྟ་བུ་ལ་བྱའོ། །དཔེར་གྲོང་ཁྱེར་གྱི་སྒོར་ཕྱིན་ཞེས་བྱ་བ་ནི་མངོན་ པར་ཤེས་པ་ལྔ་ཐོབ་པ་ལ་བྱའོ། །དཔེར་རྐང་པ་ཡ་གཅིག་བཏེག་སྟེ་ཐེམ་པའི་ནང་དུ་འཇུག་པ་ནི་ཡེ་ཤེས་ལ་བྱའོ། །དཔེར་རྐང་པ་ཡ་གཅིག་མ་བཏེག་པ་ནི་བྱང་ཆུབ་སེམས་དཔའ་གཞན་རྣམ་པར་མ་གྲོལ་བ་ལ་བྱའོ། །དཔེར་བུ་གཅིག་པུ་ལུས་ཞེས་སྨྲ་བ་ནི་ལམ་རྒྱུད་ལྔའི་སེམས་ཅན་ལ་ བྱའོ། །དཔེར་བུ་ལ་དྲན་པ་ནི་སྙིང་རྗེ་ཆེན་པོ་ལ་བྱའོ། །དཔེར་བུའི་ཐད་དུ་ལྡོག་པ་ནི་སེམས་ཅན་འདུལ་ཞིང་རྣམ་པར་གྲོལ་བ་ཐོབ་པར་བྱེད་པ་ལ་བྱའོ། །དཔེར་ལན་དང་འགྲུབ་པ་མི་ལེན་པ་ནི་ཐབས་མཁས་པ་ལ་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱམས་པ་ ཆེན་པོ་དང་སྙིང་རྗེ་ཆེན་པོས་བསྡུས་ཏེ། མི་གཏོང་བ་ནི་བསམ་གྱིས་མི་ཁྱབ་བོ། །རིགས་ཀྱི་བུ་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་དང་པོ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་སེམས་ཅན་ལ་རྟག་ཏུ་དགེ་བ་བཅུ་དཔོག་པར་བྱའོ། །བཅུ་པོ་གང་ ཞེ་ན། སྲོག་མི་གཅོད་པ་དང་། མ་བྱིན་པར་མི་ལེན་པ་དང་། འདོད་པས་ལོག་པར་མི་གཡེམ་པ་དང་། བརྫུན་དུ་མི་སྨྲ་བ་དང་། ཕྲ་མ་དང་དབྱེན་མི་བྱེད་པ་དང་། ངག་རྩུབ་པོ་མི་སྨྲ་བ་དང་། དོན་མེད་པའི་གཏམ་ཚིག་ཀྱལ་པ་མི་སྨྲ་བ་དང་། བརྣབ་སེམས་མི་བྱེད་པ་ དང་། གནོད་སེམས་མི་བྱེད་པ་དང་། ལོག་པར་མི་ལྟ་བ་སྟེ། བྱང་ཆུབ་སེམས་དཔའ་དེ་བཞིན་དུ་བྱམས་པ་དང་། སྙིང་རྗེ་ཕུན་སུམ་ཚོགས་པར་སྤྱད་ན་བྱམས་པས་ནི་དགེ་བ་སྟོན་ཅིང་བདེ་བ་ལ་འགོད་པར་བྱེད། སྙིང་རྗེས་ནི་སྡུག་བསྔལ་ལས་ཐར་བ་དང་། དམྱལ་བ་ ལས་སྒྲོལ་བར་བྱེད་དོ། །སྐྱེ་བོ་རྣམས་མྱ་ངན་ལས་འདའ་བར་བསྒྲུབ་འདོད་པའི་སྒོ་མ་ཤེས་པ་མཐོང་ན་བྱང་ཆུབ་སེམས་དཔས་སྐྱེ་བོ་དེ་དག་ལ་སྙིང་རྗེ་བའི་སེམས་བསྒོམ་པར་བྱའོ། །སྙིང་རྗེ་བའི་དབང་གིས་སེམས་ཅན་ཐམས་ཅད་ལ་མྱ་ངན་ལས་འདའ་བའི་སྒོ་འབྱེད་པས་བདེ་བའི་གནས་མངོན་ པར་སྟོན་ཏེ། ཐེག་པ་ཆེན་པོའི་འབྲས་བུ་ཐོབ་པར་བྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱད་པ་སྤྱོད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པའི་དྲན་པ་ཞེས་བགྱི་བ་གང་། བཀའ་ སྩལ་པ། མི་སྐྱེ་མི་འགག་པའི་ཆོས་སྤྱད་པའོ། །གསོལ་པ། བཅོམ་ལྡན་འདས་ཆོས་མི་སྐྱེ་བ་ནི་གང་། མི་འགག་པ་ནི་གང་། བཀའ་སྩལ་པ། རིགས་ཀྱི་བུ་སྡིག་པའི་ཆོས་ནི་མི་སྐྱེ་བར་བྱ། དགེ་བའི་ཆོས་ནི་མི་འགག་པར་བྱའོ། །དེ་ལྟ་བུའི་སྤྱོད་པ་ཁམས་གསུམ་དུ་སྤྱད་པ་ནི་འདོད་པ་རྣམ་པ་ལྔའི་བག་ཆགས་ཀྱི་ དྲི་མས་གོས་པར་མི་འགྱུར་རོ། །རིགས་ཀྱི་བུ་ཁམས་གསུམ་ན་བགྲོད་ཅིང་སེམས་ཅན་བསྒྲལ་བར་འདོད་ན་ཆོས་རྣམ་པ་བཅུ་པོ་འདིས་ཁམས་གསུམ་དུ་བགྲོད་པར་བྱ་སྟེ། ཀུན་རྫོབ་ཀྱི་ཚིག་དང་། ཡི་གེའི་རྗེས་སུ་ཁམས་གསུམ་ཡོད་པར་བཤད་མོད་ཀྱི། བླ་ན་མེད་པའི་བྱང་ཆུབ་ནི་དུས་གསུམ་དུ་མི་གནས་ ལ་མཐར་ཕྱིན་པའི་བྱང་ཆུབ་རྣམ་གྲངས་སུ་མི་ལྟུང་ན་དུས་གསུམ་དང་ཁམས་གསུམ་ལྟ་ཅི་སྨོས། ཆོས་བཅུ་པོ་གང་ཞེ་ན། སྟོད་པ་དང་སྨད་པ་ལ་སེམས་སྐྱེད་བྲི་མེད་པ་དང་། སྙན་པ་དང་མི་སྙན་པར་ཐོས་པ་ལ་སེམས་རྣམ་པར་མི་རྟོག་པ་དང་། ཤེས་རབ་ཅན་དང་། གཏི་མུག་ཅན་ལ་འདྲ་བར་སྙིང་རྗེ་ བསྐྱེད་པ་དང་། སེམས་ཅན་བླ་འོག་གང་ཡང་རུང་སྟེ། སྙོམས་པར་ལྟ་བ་དང་། མཆོད་པ་གུས་མ་གུས་ལ་སེམས་རྣམ་པ་གཉིས་སུ་མི་འབྱེད་པ་དང་། གཞན་གྱི་ཉེས་སྐྱོན་ལ་འཕྱས་མི་འདོགས་པ་དང་། ཐེག་པ་རྣམ་པ་སྣ་ཚོགས་སུ་མཐོང་ན་ཡང་ཐེག་པ་གཅིག་ཏུ་ལྟ་བ་དང་། ངན་སོང་གསུམ་གྱི་ སྒྲ་ཐོས་ན་ཡང་འཇིགས་པ་དང་སྐྲག་པའི་སེམས་མི་སྐྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་དང་འདྲ་བར་བལྟ་བ་དང་། བསྐལ་པ་སྙིགས་མ་ཅན་གྱི་དུས་སུ་སངས་རྒྱས་འབྱུང་བ་ལ་ངོ་མཚར་རྨད་དུ་བྱུང་བའི་འདུ་ཤེས་བསྐྱེད་པ་དང་བཅུ་སྟེ། ཆོས་བཅུ་པོ་དེ་དག་དང་ ལྡན་ན་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་བག་ཆགས་ཀྱིས་ཉོན་མོངས་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྐྱེས་བུ་དམ་པ་ཁམས་གསུམ་ན་བགྲོད་པའི་ཚེ་སྙིང་རྗེ་ཆེན་པོས་གཞི་བྱས་ན་མནོལ་བའི་ཞིང་དེར་འོད་འདྲེས་ཀྱང་རྡུལ་མི་གཅིག་སྟེ། དེ་བས་ན་བསམ་གྱིས་ཁྱབ་དཀའ་ཞེས་བྱའོ། ། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དམ་དུ་བསྲུང་བ་ནི། །སྐྱེས་བུ་དེ་ནི་སྐད་ཅིག་ཙམ། །བྱམས་པ་སྤྱད་པས་དམ་པ་མཆོག །གང་ཞིག་འཇིག་རྟེན་འདི་རུ་ནི། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་ གསུམ་དུ་ལྟུང་ངེས་དག །བྱམས་སེམས་དེ་ཡིས་འཕྲལ་དུ་འབྱང་། །བྱང་ཆུབ་སེམས་དཔའ་འགའ་ཞིག་གིས། །འཇིག་རྟེན་ངན་པར་སྐྱེས་ན་ཡང་། །འཇིགས་དང་དོགས་པ་མ་སྐྱེད་ཅིག །ངན་སོང་ལྟུང་བའི་སྡིག་ཡོད་ཀྱང་། །མགོ་བོ་ན་བ་ཙམ་གྱིས་འབྱང་། ། གང་ཞིག་འཆིང་བ་གཅོད་འདོད་དམ། །ཉོན་མོངས་སྒྲིབ་པ་སྤང་འདོད་པ། །འཇིག་རྟེན་ངན་འདིར་སྐྱེས་ན་ཡང་། །དམ་ཆོས་བསྲུང་བས་ཤེས་རབ་འཕེལ། །རྣམ་དག་ཞིང་དུ་བསྐལ་པ་འབུམ། །ཚུལ་ཁྲིམས་རྣམ་དག་སྤྱད་པ་བས། །དེང་ནས་སང་གི་བར་དག་ཏུ། ། འཇིག་རྟེན་འདི་ན་གནས་ཀྱང་སླ། །དེ་ཅིའི་ཕྱིར་ཞེ་ན། ངས་ནི་མི་འཁྲུགས་འཇིག་རྟེན་དང་། །བདེ་བ་ཅན་གྱི་འཇིག་རྟེན་གཉིས། །ཤིན་ཏུ་རྣམ་དག་མཐོང་བ་ན། །སྡུག་བསྔལ་བྱ་བའི་མིང་ཡང་མེད། །ཁམས་དེར་བསོད་ནམས་བྱ་བ་ནི། །དཀའ་བ་སྙམ་དུ་མི་མཛད་དོ། ། གང་ཞིག་འཇིག་རྟེན་འདི་དག་ཏུ། །རང་གིས་མི་བཟོད་བཟོད་བྱ་སྟེ། །ཕ་རོལ་པོ་ཡང་བཟོད་བཅུག་ན། །དེ་ནི་བསོད་ནམས་དམ་པ་མཆོག །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །འཇིག་རྟེན་ངན་འདིར་བགྲོད་པའི་ཚེ། །ཉོན་མོངས་མྱ་ངན་མ་བྱེད་པར། །སེམས་ཅན་ ཐམས་ཅད་འདྲེན་བྱ་སྟེ། །བརྩོན་འགྲུས་བརྟན་པའི་སེམས་བསྐྱེད་ན། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་དེང་འདིར་བྱང་ ཆུབ་སེམས་དཔའ་བྱང་ཆུབ་ཀྱི་རྒྱུ་དང་རྐྱེན་ཞིག་ཞུ་ཞིང་མཆིས་ན། དེ་བཞིན་གཤེགས་པས་སྐབས་དབྱེ་བར་གནང་ན་སྤོབས་པ་བསྐྱེད་དེ་ཞུ་བར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །རིགས་ཀྱི་བུ་ཁྱོད་སྔོན་སངས་རྒྱས་བརྒྱ་སྟོང་དུ་མ་ལ་དགེ་བའི་རྩ་བ་ རྣམས་བསྐྱེད་པ། བྱང་ཆུབ་སེམས་དཔའི་ཐབས་སྤྱད་པ་ལ་མཁས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱིར་བྱང་ཆུབ་སྤྱོད་པའི་བརྩོན་འགྲུས་བརྟན་པ་འདྲི་བ་ལེགས་ཀྱིས་འདོད་པ་བཞིན་དྲིས་ཤིག །ངས་ཁྱོད་ལ་བྱེ་ཕྲག་ཕྱེད་པར་བཤད་དོ། །བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ བར་གནང་ནས་བཅོམ་ལྡན་འདས་ལ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཅི་བགྱིས་ན་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་སེམས་ལ་གདུང་བ་མ་མཆིས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ངེས་པའི་ཚིག་ལ་འགྱོད་པ་མ་ མཆིས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་དགེ་བའི་རྩ་བ་འཕེལ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་འཇིགས་པ་མ་མཆིས་ཤིང་ཚུལ་མི་གཡོ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་དམ་པའི་ཆོས་ཡོངས་སུ་འགྲུབ་པར་འགྱུར། བྱང་ཆུབ་སེམས་ དཔས་ཅི་བགྱིས་ན་ས་གཅིག་ནས་ས་བཅུའི་བར་དུ་ལེགས་པར་འཚལ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན། ཐབས་ལ་ཤིན་ཏུ་མཁས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་སེམས་ཅན་གྱི་སྟོན་པ་བགྱིད་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཚེ་ཚེ་རབས་རབས་སུ་ བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་སེམས་སྤྱོད་པ་རྣམས་གཅིག་ལས་རྣམ་པ་སྣ་ཚོགས་སུ་སྤྱོད་པ་མ་མཆིས་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཆོས་རིན་པོ་ཆེས་ལེགས་པར་སྒྲུབ་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཚུལ་ཁྲིམས་ དང་འདུལ་བ་ལས་བཅས་པའི་ཁ་ན་མ་ཐོ་བ་ལས་འབྱུང་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཉོན་མོངས་པ་རྣམས་འགག་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཚོགས་མང་པོ་ཀུན་དང་འཐུན་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་ཆོས་ཀྱི་སྦྱིན་པའི་སྒོ་ལེགས་པར་ འབྱེད་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་སྔོན་གྱི་དབང་གི་མཐུས་དགེ་བའི་རྩ་བ་མི་སྟོར་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་གཞན་གྱིས་བསྟན་པ་ལ་རག་མི་ལུས་པར་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་བསམ་གཏན་ དང་ཏིང་ངེ་འཛིན་བཏང་སྟེ། འདོད་པའི་ཁམས་སུ་སྐྱེ་བར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པར་འགྱུར། བྱང་ཆུབ་སེམས་དཔས་ཅི་བགྱིས་ན་དགེ་བའི་རྩ་བ་འཕེལ་བ་དང་། ཁམས་གསུམ་དུ་བགྲོད་ཅིང་སེམས་ཅན་ལ་སྟོན་པ་བགྱིད་དེ། སངས་ རྒྱས་ཀྱི་ངོ་བོ་ཉིད་བར་མི་འཆད་པར་འགྱུར་རོ་ཞེས་བགྱིས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཁྱོད་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའི་བྱ་བ་རྣམས་ཞུ་ནུས་པ་ཡང་ཤིན་ཏུ་ལེགས་སོ་ལེགས་སོ། །ཁྱོད་ལེགས་ པར་ཉོན་ལ་དྲན་པ་མངོན་དུ་ཞོག་ཤིག །གསོལ་པ། བཅོམ་ལྡན་འདས་བཀའ་བཞིན་དུ་ཐོས་པར་སྨོན་ཏེ། མཉན་ཅིང་མནོས་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་ དཔའ་ཆོས་བཞི་དང་ལྡན་ན་བརྟུལ་ཞུགས་དང་དཀའ་ཐུབ་ཀྱིས་སེམས་མི་གདུང་བར་འགྱུར་རོ། །ཆོས་བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེར་བསྐྱེད་པ་དང་། བརྩོན་འགྲུས་བསྐྱེད་ཅིང་ལེ་ལོ་མི་བྱེད་པ་དང་། སྐྱེ་ཤིའི་འཁོར་བ་རྨི་ལམ་ཙམ་དང་འདྲ་བར་ཤེས་པ་དང་། ཡང་ དག་པའི་ཡིད་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་བསམ་པ་དང་བཞི་སྟེ། བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་དཀའ་ཐུབ་དང་བརྟུལ་ཞུགས་ཀྱིས་སེམས་གདུང་བ་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ངེས་པའི་ཚིག་ལ་བར་མ་དོར་འགྱོད་པར་མི་ འགྱུར་རོ། །བཞི་གང་ཞེ་ན། ངེས་པའི་ཚིག་ཆོས་ལ་བདག་མེད་པར་མངོན་པར་ཆུད་ཅེས་བརྗོད་པ་དང་། ངེས་པའི་ཚིག་སྐྱེ་གནས་སོ་ཅོག་ལ་དད་པའི་འདུ་ཤེས་བསྐྱེད་པ་མི་རིགས་ཞེས་བརྗོད་པ་དང་། ངེས་པའི་ཚིག་གིས་ཐེག་པ་ཆེན་པོ་ལ་རྒྱུན་དུ་བསྔགས་པ་བརྗོད་པ་དང་། ངེས་ པའི་ཚིག་གིས་ལས་དགེ་སྡིག་གི་འབྲས་བུ་མི་རླག་ཅེས་བརྗོད་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་དགེ་བའི་རྩ་བ་རྣམ་པར་འཕེལ་བར་འགྱུར་རོ། །བཞི་གང་ཞེ་ན། ཚུལ་ཁྲིམས་བསྲུང་བ་དང་། མང་དུ་ཐོས་པ་དང་། སྦྱིན་པ་བྱིན་པ་དང་། རབ་ཏུ་བྱུང་བ་དང་བཞི་ འོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་འཇིགས་པ་མེད་ཅིང་ཚུལ་ལས་མི་གཡོ་བར་འགྱུར་རོ། །བཞི་གང་ཞེ་ན། ཁེ་སྟོར་བ་དང་མི་སྙན་པར་གྲགས་པ་དང་། སྨད་ཅིང་སྨ་དབབ་པ་དང་། སྡུག་བསྔལ་གྱིས་ནོན་ཀྱང་མི་གཡོ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་ དང་ལྡན་ན་ཆོས་དཀར་པོ་ཡོངས་སུ་འགྲུབ་པར་འགྱུར་རོ། །བཞི་གང་ཞེ་ན། ཕ་རོལ་པོ་ལ་ལས་དགེ་སྡིག་ཡིད་ཆེས་པར་སྟོན་པ་དང་། སྦྱིན་པ་ལ་ལན་མི་རེ་བ་དང་། དམ་པའི་ཆོས་བསྲུང་ཞིང་སྐྱོང་བ་དང་། ཤེས་རབ་ཆེན་པོས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་བྱེད་པ་དང་བཞིའོ། །རིགས་ ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། ས་གཅིག་ནས་ས་བཅུའི་བར་དུ་ལེགས་པར་ཤེས་པར་འགྱུར་རོ། །ཆོས་བཞི་གང་ཞེ་ན། དགེ་བའི་རྩ་བ་ཡུན་དུ་བསྐྱེད་པ་དང་། ཉེས་སྐྱོན་ཐམས་ཅད་སེལ་བ་དང་། ཐབས་ལ་ཤིན་ཏུ་མཁས་པ་དང་། དགེ་བའི་བརྩོན་འགྲུས་ཅི་སྤྱད་པ་བྱང་ ཆུབ་ཏུ་བསྔོ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ཐབས་ལ་ཤིན་ཏུ་མཁས་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་གྱི་ཡིད་དང་འཐུན་པར་བྱེད་པ་དང་། གཞན་གྱི་བསོད་ནམས་དང་ཡོན་ཏན་ལ་རྗེས་སུ་ཡི་རང་བའི་སེམས་སྐྱེད་པ་དང་། སྡིག་ཡོད་ན་ འགྱོད་ཚངས་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་སེམས་ཅན་གྱི་སྟོན་པ་བྱེད་པར་འགྱུར་རོ། །བཞི་གང་ཞེ་ན། རྟག་ཏུ་སེམས་ཅན་ལ་ཕན་པ་དང་བདེ་བ་སྒྲུབ་ པར་བྱེད་པ་དང་། རང་གི་དགའ་བ་ཡོངས་སུ་འདོར་བ་དང་། མཉེན་དེས་བྱས་ཏེ་བཟོད་པ་བསྒོམ་པ་དང་ལེ་ལོ་སྤོང་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ཚེ་ཚེ་རབས་རབས་སུ་བྱང་ཆུབ་ཀྱི་སེམས་ཆུད་མི་ཟོས་པར་འགྱུར་རོ། །བཞི་གང་ཞེ་ན། ཕྱོགས་བཅུའི་སངས་རྒྱས་ ཐམས་ཅད་རྟག་ཏུ་དྲན་པར་བྱེད་པ་དང་། བསོད་ནམས་བྱས་སོ་ཅོག་སེམས་ཅན་གྱི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་དང་། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་སྒྲོག་པར་བྱེད་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་སེམས་སྤྱོད་པ་ རྣམ་པ་གཅིག་ལས་རྣམ་པ་སྣ་ཚོགས་སུ་མི་སྤྱོད་པར་འགྱུར་རོ། །བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་སྤང་བ་དང་། རང་སངས་རྒྱས་ཀྱི་སེམས་སྤང་བ་དང་། ཆོས་སྒྲུབ་པས་སྐྱོ་མི་ངས་པ་དང་། ཆོས་ཅི་ཐོས་པ་གཞན་ལ་སྟོན་པར་བྱེད་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་ དང་ལྡན་ན་ཆོས་རིན་པོ་ཆེ་ལེགས་པར་བསྒྲུབ་པར་འགྱུར་རོ། །བཞི་གང་ཞེ་ན། ཐེག་པ་ཆེན་པོ་ཆོས་དཀོན་པའི་ཕྱིར་རིན་པོ་ཆེ་དང་འདྲ་བར་འདུ་ཤེས་བསྐྱེད་པ་དང་ཐེག་པ་ཆེན་པོའི་ཆོས་སེམས་ཀྱི་ནད་ཐམས་ཅད་སེལ་བའི་ཕྱིར་སྨན་དང་འདྲ་བར་ལྟ་བ་དང་། ཐེག་པ་ཆེན་པོའི་ཆོས་ནམ་ཡང་མི་རླག་པའི་ཕྱིར་ ནོར་གྱི་དབྱིག་དང་འདྲ་བར་ལྟ་བ་དང་། ཐེག་པ་ཆེན་པོའི་ཆོས་མྱ་ངན་ལས་འདའ་བར་བྱེད་པའི་ཕྱིར་སྡུག་བསྔལ་འགོག་པར་ལྟ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ཚུལ་ཁྲིམས་ཉམས་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བ་ལས་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། ཆོས་རྣམས་འོང་བ་མེད་པའི་ཕྱིར་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་པ་དང་། ཆོས་རྣམས་སོང་བ་མེད་པའི་ཕྱིར་ཆོས་ལ་མི་འགོག་པའི་བཟོད་པ་ཐོབ་པ་དང་། ཆོས་རྣམས་རྒྱུ་དང་རྐྱེན་ལས་སྐྱེ་བར་ཤེས་པའི་ཕྱིར་ཆོས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་བཟོད་པ་ཐོབ་པ་དང་། ཐ་དད་པའི་སེམས་ རྒྱུད་མེད་པའི་ཕྱིར་མི་གནས་པའི་བཟོད་པ་ཐོབ་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ཉོན་མོངས་པ་རྣམས་འགག་པར་འགྱུར་རོ། །བཞི་གང་ཞེ་ན། ཡང་དག་པའི་དྲན་པ་མངོན་དུ་གཞག་པ་དང་། དབང་པོ་རྣམས་བསྡམ་པ་དང་། དགེ་བའི་ཆོས་ཀྱི་ སྟོབས་བསྐྱེད་ནུས་པ་དང་། དབེན་པའི་གནས་སུ་དད་ཅིང་འདུ་འཛི་སྤང་བར་བྱ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ཚོགས་མང་པོ་ཀུན་དང་འཐུན་པར་འགྱུར་རོ། །བཞི་གང་ཞེ་ན། བདག་ཆོས་སྒྲུབ་ན་ཡང་ཁྱད་པར་ཐོབ་པར་མི་སྒྲུབ་པ་དང་། ལེ་ལོ་མེད་པར་རྟག་ཏུ་བཀུར་སྟི་དང་གུས་པའི་སེམས་སྐྱེད་པ་དང་། ཆོས་ཀྱི་ཕན་པ་འབའ་ཞིག་ཚོལ་གྱི་བདག་མི་སྤྱོམ་པ་དང་། གཞན་ལ་དགེ་བའི་ཆོས་བསྟན་ཀྱང་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་མི་ཚོལ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་ ཆོས་ཀྱི་སྦྱིན་པའི་སྒོ་ལེགས་པར་འབྱེད་པར་འགྱུར་རོ། །བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་བསྲུང་ཞིང་སྐྱོང་བ་དང་། རང་གི་ཤེས་རབ་ལ་ཕན་པར་བྱེད་ཅིང་གཞན་ལ་སྟོན་པར་བྱེད་པ་དང་། རྟག་ཏུ་ཡ་རབས་ཀྱི་ཆོས་སྤྱོད་པ་དང་། རྣམ་པར་དག་པ་དང་། མ་དག་པའི་ཆོས་ལ་མི་རྟོག་པ་ དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་སྔོན་གྱི་དབང་གི་མཐུས་དགེ་བའི་རྩ་བ་མི་རླག་པར་འགྱུར་རོ། །བཞི་གང་ཞེ་ན། ཕ་རོལ་པོའི་ཉེས་སྐྱོན་ལ་དབང་མི་བཟའ་བ་དང་། ཞེ་སྡང་ཅན་ལ་རྟག་ཏུ་བྱམས་སེམས་བསྒོམ་པ་དང་། རྟག་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་དུ་ བཤད་པ་དང་། བླ་ན་མེད་པའི་བྱང་ཆུབ་རྟག་ཏུ་དྲན་པར་བྱ་བ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་གཞན་གྱིས་བསྟན་པ་ལ་རག་མ་ལུས་པར་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པར་འགྱུར་རོ། །བཞི་གང་ཞེ་ན། རྟག་ཏུ་ཆོས་ཀྱི་སྦྱིན་པ་གཞན་ལ་སྦྱིན་པ་དང་། གཞན་གྱི་ཁ་ན་མ་ཐོ་བ་མི་བརྗོད་པ་དང་། ཆོས་ཀྱིས་བསྡུས་ཏེ་སེམས་ཅན་གྱི་སྟོན་པ་ལ་མཁས་པ་དང་། ཆོས་ཟབ་མོ་ཆུབ་པར་ཤེས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་བསམ་གཏན་དང་ཏིང་ངེ་འཛིན་བཏང་སྟེ་འདོད་པའི་ཁམས་སུ་མངོན་དུ་སྐྱེ་བར་འགྱུར་རོ། ། བཞི་གང་ཞེ་ན། སེམས་མཉེན་དེས་སུ་བྱ་བ་དང་། དགེ་བའི་རྩ་བའི་མཐུ་རྙེད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་མི་གཏོང་བ་དང་། ཤེས་རབ་དང་ཐབས་མཁས་པའི་མཐུ་སྟོབས་རྒྱུན་དུ་སྒོམ་ནུས་པ་དང་བཞིའོ། །བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན། སངས་རྒྱས་ཀྱི་ཆོས་ ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བཞི་གང་ཞེ་ན། སྐྱེ་ཤིའི་འཁོར་བ་གྲངས་མེད་པར་མྱོང་ན་ཡང་སྐྱོ་བའི་སེམས་མི་བསྐྱེད་པ་དང་། རྟག་ཏུ་སངས་རྒྱས་ཚད་མེད་པ་ལ་མཆོད་པ་བྱ་བ་དང་། བྱམས་སེམས་ཚད་མེད་པ་བསྒོམ་པར་བྱ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་ཚད་མེད་པ་ལ་མོས་ པ་བསྐྱེད་པ་དང་བཞིའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཡང་ཆོས་བཞི་དང་ལྡན་ན་སངས་རྒྱས་ཀྱི་བདག་ཉིད་རྒྱུན་མི་འཆད་པར་འགྱུར་རོ། །བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྨོན་ལམ་མི་གཏོང་བ་དང་། སྦྱིན་པའི་སྤྱོད་ལམ་ལ་དད་པ་དང་། བརྩོན་འགྲུས་ཆེན་པོ་ལ་འདུན་ པ་དང་། སངས་རྒྱས་ཀྱི་ཆོས་ལ་སེམས་ཟབ་མོས་རྒྱུན་དུ་སྤྱོད་པ་དང་བཞི་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཁམས་གསུམ་དུ་བགྲོད་ཅིང་སྤྱོད་པ་རྣམ་པ་བཞི་པོའི་རྣམ་གྲངས་སྤྱད་དེ། སེམས་ཅན་ལ་ཕན་པ་དང་བདེ་བར་བྱས་ཤིང་འཇིག་རྟེན་ལས་བཟླ་བར་བསྒོམས་ན་སངས་རྒྱས་ ཀྱི་བདག་ཉིད་རྒྱུན་མི་འཆད་པར་འགྱུར་རོ། །དེའི་ཚེ་ཐེག་པ་ཆེན་པོའི་ཆོས་རྣམ་པ་བཞི་བཞིར་བཤད་པའི་ཚེ་ན་ལྷ་བཞི་ཁྲིས་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མི་ལས་ཉི་ཁྲི་ལྔ་སྟོང་ནི་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བཞི་ཁྲི་བརྒྱད་སྟོང་ནི་ཆོས་ཀྱི་ ཁམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་སྟེ་སངས་རྒྱས་ཀྱི་ཡེ་ཤེས་ལ་མངོན་པར་ཆུད་དོ། །དེའི་ཚེ་དེའི་དུས་ན་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་མདོ་སྡེ་འདི་ལེགས་པར་ ཟུང་ཤིག །ཆོངས་ཤིག་ཅེས་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འདིའི་མིང་ནི་ཐར་པ་ཆེན་པོ་ཕྱོགས་སུ་ རྒྱས་པ་བདུད་ཀྱི་ཡུལ་འཇོམས་པ། མུ་སྟེགས་ཀྱི་དཔུང་དང་བཅས་པར་གཞིག་པ། ཉོན་མོངས་པ་ཐམས་ཅད་སེལ་བ། ལོག་པར་ལྟ་བ་དང་། འདོད་པ་རྣམ་པ་ལྔའི་འཆིང་བ་འགྲོལ་བ། ཁམས་གསུམ་གྱི་བཙོན་ར་འདྲལ་བ། འཁོར་བ་ལས་ཐར་ཅིང་མྱ་ངན་ལས་འདའ་བའི་ཕྱོགས་སུ་ སྒྲོལ་བ། ས་བོན་དམ་པའི་རྒྱུ་སྐམས་པ་རླན་པར་བྱེད་པ། རྒྱུ་རྐྱེན་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཀྱི་ཆར་འབེབས་པ། སེམས་ཅན་ཐེག་པ་གསུམ་གྱི་མྱུ་གུ་དང་མེ་ཏོག་རྒྱས་ཤིང་འཕེལ་བར་བྱེད་པ། བྱང་ཆུབ་ཀྱི་འབྲས་བུ་མཆོག་ཐེག་པ་གཅིག་ཏུ་འགྲུབ་པར་བྱེད་པ་ཞེས་ བྱ་བར་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་སྔོན་འདས་པའི་སངས་རྒྱས་གྲངས་མ་མཆིས་པའི་སྤྱན་སྔ་དང་། འདུས་པ་གྲངས་མ་མཆིས་པ་དང་། ཚོགས་དཔག་ཏུ་མ་མཆིས་པའི་ནང་ དུ་ཆོས་རྣམ་པ་སྣ་ཚོགས་དང་། དོན་རྣམ་པ་སྣ་ཚོགས་དང་། མཚན་མ་རྣམ་པ་སྣ་ཚོགས་དང་། ཐེག་པ་རྣམ་པ་སྣ་ཚོགས་ཀྱང་ཐོས་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ལྟ་བུ་དང་། ངོ་མཚར་རྨད་དུ་བྱུང་བའི་དོན་དེ་ལྟ་བུ་དང་། ངོ་མཚར་རྨད་དུ་བྱུང་བའི་མཚན་མ་དེ་ལྟ་བུ་དང་། ངོ་མཚར་རྨད་ དུ་བྱུང་བའི་ཐེག་པ་ཆེན་པོ་དེ་ལྟ་བུ་ནི་ཐོས་མ་མྱོང་སྟེ། དེང་ཐོས་པ་འདི་ད་བདག་གིས་རྒྱུན་མི་འཆད་པར་བགྱིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་རྟག་ལ་ཆོས་དང་དགེ་འདུན་ནི་འགག་པར་མི་འགྱུར་ཏེ། ཁམས་གསུམ་གྱི་སེམས་ཅན་རང་སྐྱེ་ཞིང་རང་འགག་པར་གྱུར་ ནས་དེ་བཞིན་གཤེགས་པ་མ་མཐོང་བ་དང་། ཆོས་དང་དགེ་འདུན་མ་མཐོང་བས་མྱ་ངན་ལས་འདས་ཏེ་འགག་པར་འགྱུར་རོ་ཞེས་བརྗོད་དོ། །བདག་ཅག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཁམས་གསུམ་དུ་བགྲོད་ཅིང་སོ་སོའི་སྐྱེ་བོའི་རྗེས་སུ་སྙེགས་ཏེ། མྱ་ངན་ལས་འདའོ་ ཞེས་བླ་དགས་སུ་བརྗོད་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སླད་ན། བདག་ཅག་རྣམས་ཀྱིས་ཐེག་པ་བརྒྱད་ཁྲིས་སངས་རྒྱས་ཀྱི་ཡེ་ཤེས་སུ་ཆུད་པར་སྐྱེས་བུ་ཆེན་པོའི་ཆོས་ཀྱི་སྐུ་ཐོབ་པར་བགྱིའོ། །ཆོས་ཀྱི་ཁམས་སུ་གཏོགས་པའི་སེམས་ ཅན་རྣམས་ལ་མདོ་སྡེ་འདི་སྤེལ་བར་བགྱིའོ། །གཟུང་ཞིང་འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པར་བགྱིའོ། །ཇི་ལྟར་བཤད་པ་བཞིན་བསྒོམ་སྟེ། དུས་གཅིག་ཏུ་སངས་རྒྱས་སུ་འགྲུབ་པར་བགྱིའོ། །མི་གཏོང་བར་བགྱིའོ། །བཅོམ་ལྡན་འདས་རིགས་ཀྱི་བུ་ དང་། རིགས་ཀྱི་བུ་མོ་གང་ལ་ལས་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སླད་ན་སྙིགས་མ་ཅན་གྱི་དུས་སུ་མདོ་སྡེ་འདི་གཟུངས་སུ་བཟུང་ཞིང་ཀློག་གམ། ཁ་ཏོན་དུ་བགྱིད་དམ། གླེགས་བམ་དུ་ཡི་གེར་འདྲིའམ། ཡི་གེར་འདྲིར་འཇུག་ན་བསོད་ནམས་ཇི་ཙམ་ཞིག་ཐོབ་པར་འགྱུར། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་ལ་ལས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནོར་བུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་མདོ་སྡེ་འདིའི་མིང་ཙམ་ཐོས་པས་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །གང་ལ་ལས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་ བཅུ་ནོར་བུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་མདོ་སྡེ་འདི་གླེགས་བམ་དུ་བྱས་ཏེ་འཆང་བ་ཙམ་གྱིས་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །གང་ལ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ནོར་བུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་ཐེག་པ་ཆེན་པོ་ཕྱོགས་ སུ་རྒྱས་པའི་མདོ་སྡེ་འདིའི་ནང་ན་ཡི་གེ་འབྲུ་གཅིག་གམ། ཚིགས་བཅད་གཅིག་གམ། ཤུ་ལོག་གཅིག་འདྲིའམ། འདྲིར་འཇུག་ན་དེ་བས་ཀྱང་བསོད་ནམས་དཔག་ཏུ་མེད་པར་ཆེའོ། །འཇིག་རྟེན་གྲངས་མེད་པའི་ཁམས་སུ་རིན་པོ་ཆེས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས་ཀྱང་སེམས་ཐག་པ་ ནས་མདོ་སྡེ་འདི་ཤུ་ལོག་གཅིག་ཀློག་གམ། ཁ་ཏོན་དུ་བྱས་ན་བསོད་ནམས་དེ་བས་ཀྱང་དཔག་ཏུ་མེད་པར་ཆེའོ། །སྟོང་ཁམས་ཡོངས་སུ་གང་བའི་སེམས་ཅན་གྱི་སྲོག་གི་སྐྱབས་བྱིན་པ་བས་ཀྱང་། གང་གིས་སེམས་ཐག་པ་ནས་མདོ་སྡེ་འདིའི་དོན་ཚིག་གཅིག་ཤེས་ཏེ། གཞན་ལ་ ཚིག་གཅིག་གམ། ཤུ་ལོག་གཅིག་གི་དོན་བསྟན་ན་བསོད་ནམས་དེ་བས་ཀྱང་དཔག་ཏུ་མེད་པར་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། ཟང་ཟིང་གི་སྦྱིན་པ་ནི་ཉན་ཐོས་ཀྱི་སྦྱིན་པ་ཡིན་ཏེ། ཚེ་དང་ལོངས་སྤྱོད་བསྐྱེད་པར་ཟད་ཀྱི་འཁོར་བ་ལས་མི་ཐར་རོ། །ཐེག་པ་ཆེན་པོ་ཆོས་ཀྱི་སྦྱིན་པ་ནི་སེམས་ཅན་ རྣམས་ཀྱི་བྱང་ཆུབ་ཀྱི་རྩ་བ་བསྐྱེད་པ་དང་། ཐེག་པ་གསུམ་གྱི་ཡེ་ཤེས་ཀྱི་སྲོག་སྡུད་པར་བྱེད་པའོ། །རིགས་ཀྱི་བུ་མདོ་སྡེ་འདི་ཀློག་པ་དང་འཆང་བ་ནི་སྔོན་སྡིག་ཅན་མ་རུངས་པ་ཡིན་ན་ཡང་ད་དགེ་བ་དང་ལྡན་པའོ། །སྔོན་སྡུག་བསྔལ་ཅན་ཡིན་ན་ཡང་ད་ལོངས་སྤྱོད་དང་ལྡན་པའོ། །སྔོན་འཆིང་ བ་ཅན་ཡིན་ན་ཡང་དགྲོལ་ཐར་པ་དང་ལྡན་པའོ། །སྔོན་མ་རྒལ་བ་ཡིན་ན་ཡང་ད་རྒལ་བ་ཅན་ནོ། །སྔོན་བླུན་པ་ཞིག་ཡིན་ན་ཡང་ད་ནི་སློབ་དཔོན་དུ་ཆུད་པའོ། །སྔོན་ཟག་པ་དང་བཅས་པ་ཞིག་ཡིན་ན་ཡང་ད་ནི་ཟག་པ་མེད་པའོ། །སྔོན་སོ་སོའི་སྐྱེ་བོའི་སྤྱོད་པ་ཅན་ཞིག་ཡིན་ན་ཡང་ད་ནི་ འཕགས་པའི་སྤྱོད་པ་དང་ལྡན་པའོ། །སྔོན་ཆོས་ལམ་དང་འགལ་བ་ཞིག་ཡིན་ན་ཡང་ད་ནི་འཕགས་པའི་ལམ་ལ་ཆུད་པའོ། །ལུས་སྐྱེ་བོའི་ལུས་ཅན་ཡིན་ན་ཡང་མདོ་སྡེ་འདི་ཀློག་པ་དང་འཆང་བའི་ཕྱིར་བློ་ནི་འཕགས་པའི་ཡེ་ཤེས་དང་འདྲ་བའོ། །སྔོན་ཉོན་མོངས་པ་ཅན་ཞིག་ཡིན་ན་ཡང་ད་མདོ་སྡེ་ འདི་ཀློག་པ་དང་འཆང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་མྱ་ངན་ལས་འདའ་བ་ཅན་ནོ་ཞེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བཤད་པ་ལྟར་ན། སྔོན་སོ་སོའི་སྐྱེ་བོ་ ལགས་ཀྱང་ད་ནི་འཕགས་པའི་སྤྱོད་པ་དང་ལྡན་ནོ་ཞེས་བགྱི་བ་དང་། སྔོན་ཉོན་མོངས་པ་ཅན་ལགས་ན་ཡང་ད་ནི་མདོ་སྡེ་འདི་ཀློག་པ་དང་། འཆང་བས་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་མྱ་ངན་ལས་འདའ་བ་ཅན་ནོ། །ཞེས་བྱུང་ན་ཚུལ་ཁྲིམས་ཞིག་པ་དང་། མཚམས་མ་མཆིས་ པར་སྤྱད་པ་དང་། དམ་པའི་ཆོས་ལ་སྐུར་པ་བཏབ་པ་ཡང་ཅི་མདོ་སྡེ་འདི་ཀློག་པ་ཙམ་གྱིས་ཉོན་མོངས་པ་སྤོང་སྟེ། མྱ་ངན་ལས་འདའ་བ་དང་འཐུན་པ་ཞིག་ལགས་སམ། དོན་དེ་རིག་པར་དཀའ་ཞིང་མཆིས་ན། བཅོམ་ལྡན་འདས་བྱེ་བྲག་ཕྱེད་པར་བསྟན་དུ་གསོལ་ཞེས་བགྱིས་ པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་ལེགས་པར་ཞུས་པས་ངས་ཀྱང་ལེགས་པར་བཤད་པར་བྱའོ། །རིགས་ཀྱི་བུ་སེམས་ཅན་ཐམས་ཅད་སངས་རྒྱས་མ་མཐོང་བའི་ཕྱིར་ལོག་པར་ལྟ་བ་དང་། ཚུལ་ཁྲིམས་ ཉམས་པ་དང་། དམ་པའི་ཆོས་ལ་སྐུར་པ་བཏབ་པ་ཡིན་ནོ། །སངས་རྒྱས་འཇིག་རྟེན་དུ་བཞུགས་པ་ན་ཚུལ་ཁྲིམས་ཉམས་པ་དང་། དམ་པའི་ཆོས་ལ་སྐུར་པ་བཏབ་པ་ཡོང་མེད་དོ། །དེ་ཇི་ལྟ་ཞེ་ན། དཔེར་ན་དྲ་མ་མི་གཅིག་ལ་བུ་གཅིག་པུ་ཞིག་ཡོད་པ་དེ་ཤིན་ཏུའང་ཕངས་ཤིང་སྡུག་ ན་ཕ་ཡོད་པའི་ཚེ་ན་ནི་ཉིན་མཚན་དུ་བསྟན་ཅིང་བསླབས་པས་བྱས་སོ་ཅོག་ལ་འགལ་བ་མེད། བུ་ཡང་ཕ་ལ་སྲི་ཞུ་ཆེ་སྟེ། ཕའི་ངག་ཉན་ཅིང་ཉེས་པ་ཡོང་མ་བྱུང་ངོ་། །རེ་ཤིག་དུས་གཅིག་ན་ཕ་ལམ་རིང་པོར་འདྲོན་དུ་སོང་བ་ལས་རིང་དུ་ལོན་ཏེ་སླར་མ་འཁོར་བའི་བར་དུ་བུ་དེ་ཕའི་བསྟན་ངག་ བརྗེད་ནས་ཉེས་པ་ཡང་མང་དུ་བྱུང་ངོ་། །ཕ་རིང་དུ་ལོན་ཏེ་སླར་མ་འཁོར་བའི་ཕྱིར་ཕ་ཤི་བ་སྐད་དུ་བརྗོད་དེ་ངུད་མོ་དག་བྱེད་ཅིང་ཁད་ཀྱིས་འཆལ་དུ་བྱེད་དོ། །མྱ་ངན་གྱིས་ནོན་ཏེ་སེམས་སྟོར་ནས་ཕས་བསྟན་པ་ཡང་བརྗེད་དེ་ཆོས་ལ་སྐུར་པ་དང་འདྲ་བར་འགལ་བ་ཤ་སྟག་བྱེད་དོ། །ཕ་དེ་ཡུན་རིང་མོ་ཞིག་ ལོན་ནས་དུས་གཅིག་ན་སླར་ཁྱིམ་དུ་ལོག་པའི་ཚེ་བུ་ཡང་ཤིན་ཏུ་དགའ་བ་དང་ཚིམ་པ་སྐྱེས་ནས་སྔོན་ཕའི་བསྟན་ངག་ཀྱང་དྲན་ཏེ་གཟུངས་སུ་བཟུང་ནས་ཉེས་པ་ཡང་མ་བྱུང་ངོ་། །ཕ་མཐོང་བའི་ཕྱིར་ཕ་མ་ཤི་བར་ཡང་ཡིད་ཆེས་ནས་ལོག་པར་ལྟུང་བ་ཅན་ཞེས་ཀྱང་མི་བྱའོ། །ཕའི་བཀའ་བཞིན་དུ་མི་འགལ་ བར་སྤྱད་པས་སྐུར་པ་ཅན་ཞེས་ཀྱང་མི་བྱ་སྟེ། རིགས་ཀྱི་བུ་དྲ་མ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའོ། །བུ་གཅིག་པུ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དོ། །ཕས་བསྟན་ཅིང་བསླབས་ཞེས་བྱ་བ་ནི་ཚུལ་ཁྲིམས་སོ། །ལམ་རིང་པོར་སོང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཁམས་གཞན་དུ་ཆོས་ཀྱི་ འཁོར་ལོ་བསྐོར་བར་གཤེགས་པའོ། །ཕ་མ་མཐོང་ཞེས་བྱ་བ་ནི་ཚེ་འདས་སོ་ཞེས་བརྗོད་པའོ། །མྱ་ངན་གྱིས་ནོན་པ་ནི་སྒྲིབ་པས་བསྒྲིབས་པའོ། །གཟུངས་སུ་མི་འཛིན་པ་ནི་ཚུལ་ཁྲིམས་ཞིག་པའོ། །ཤི་བ་སྐད་བརྗོད་པའི་ཕྱིར་སྡིག་སྤྱོད་པའོ། །དོན་འཁྲུལ་པའི་ཕྱིར་སྐུར་པ་བཏབ་པའོ། ། དེ་བཞིན་གཤེགས་པས་ཁམས་གཞན་ནས་སླར་གཤེགས་ཏེ། སེམས་ཅན་གྱིས་མཐོང་བ་ནི་སངས་རྒྱས་མྱ་ངན་ལས་མི་འདའ་བར་ཡིད་ཆེས་པའོ། །སངས་རྒྱས་ཀྱིས་ཆོས་བསྟན་ནས་སེམས་ཀྱི་རང་བཞིན་སླར་རྙེད་པས་ཚུལ་ཁྲིམས་མི་ཉམས་པའོ། །མྱ་ངན་ལས་མི་འདའ་བར་ཡིད་ ཆེས་པ་ནི་ལྟུང་བ་མེད་པའོ། །བསྟན་པ་དང་མི་འགལ་བར་སྤྱོད་ཅིང་དོན་ཤེས་པ་ནི་ཆོས་ལ་མི་སྐུར་པ་ཡིན་ནོ། །རིགས་ཀྱི་བུ་མདོ་སྡེ་འདི་ཀློག་པ་དང་འཆང་བ་ནི་འཁོར་བ་གྲངས་མེད་པའི་ཉོན་མོངས་པའི་སྡིག་ལྕི་བ་ཀུན་འབྱང་བར་འགྱུར་རོ། །གང་མདོ་སྡེ་འདི་ཐོས་པ་ནི་སངས་རྒྱས་ཀྱི་མཚན་ཐོས་པའོ། ། གང་མདོ་སྡེ་འདི་མཐོང་བ་ནི་སངས་རྒྱས་ཀྱི་ཞལ་མཐོང་བའོ། །གང་མདོ་སྡེ་འདི་འཛིན་པ་ནི་སངས་རྒྱས་ཀྱི་སྐུ་འཛིན་པའོ། །གང་མདོ་སྡེ་འདི་སྤྱོད་པ་ནི་སངས་རྒྱས་ཀྱི་མཛད་པ་སྤྱོད་པའོ། །གང་མདོ་སྡེ་འདི་བཤད་པ་ནི་སངས་རྒྱས་ཀྱི་མཛད་པ་བཤད་པའོ། །གང་མདོ་སྡེ་འདིའི་དོན་ ཤེས་པ་ནི་སངས་རྒྱས་ཀྱི་དོན་ཤེས་པའོ། །གང་སངས་རྒྱས་ཀྱི་མཛད་པ་སྤྱོད་པ་དང་། སངས་རྒྱས་ཀྱི་དོན་ལེགས་པར་ཁྲོལ་བ་དེ་ནི་ཉོན་མོངས་པ་གཏན་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ལག་ཏུ་འོངས་པའི་ཕྱིར་ཉོན་མོངས་པ་ཡོངས་སུ་སྤང་བར་འགྱུར་བའོ། །རིགས་ཀྱི་བུ་བསྐལ་ པ་བརྒྱད་ཁྲི་ལ་ཉིན་ཞག་གཅིག་ཏུ་བརྩི་བ། ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བསྒྲེས་པའི་བསྐལ་པ་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་འདས་པ་ལ་སངས་རྒྱས་གཅིག་འབྱུང་བ་དང་ཕྲད་དོ། །ཡང་བསྐལ་པ་གྲངས་དེ་དང་འདྲ་བ་འདས་ནས་སངས་རྒྱས་གཅིག་འབྱུང་བ་དང་ ཕྲད་པ་བས་ཀྱང་མདོ་སྡེ་འདི་དང་ཕྲད་པ་ཤིན་ཏུ་དཀོན་ནོ། །གང་མདོ་སྡེ་འདི་དང་ཕྲད་པ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཕྲད་པ་དང་འདྲའོ། །དེའི་ཕྱིར་བློ་དང་ལྡན་པས་མདོ་སྡེ་འདི་བླང་བ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཡི་གེར་ འདྲི་བ་དང་། འདྲིར་འཇུག་པ་དང་། གཞན་ལ་ཡང་བསྟན་ན་ལོག་པར་ལྟ་བ་དང་། མ་རིག་པའི་ཉོན་མོངས་པ་དང་། ཟག་པ་དང་བཅས་པའི་སྡིག་པ་ཡོངས་སུ་འབྱང་བར་འགྱུར། བསོད་ནམས་ཀྱི་ཞིང་ལ་གནས་པར་འགྱུར། འཇིག་རྟེན་གྱི་མཆོད་ཡོན་དཔག་ཏུ་མེད་པ་ཡང་འཇུ་བར་ འགྱུར་རོ། །ཞེས་བཀའ་སྩལ་པ་དང་། ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་རང་སངས་རྒྱས་ཀྱང་འཇིག་རྟེན་གྱི་ཡོན་འཇུ་བ་སྐད་མི་གདའ་ན་སོ་སོའི་སྐྱེ་བོ་ལྟ་ཞིག་ཡོན་འཇུ་བར་འགྱུར་རམ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་སངས་རྒྱས་ ཡོན་མི་འཇུ་མི་སྲིད་དེ། སེམས་ཅན་ལ་ཆོས་བཤད་ཅིང་བསྒྲལ་མི་ནུས་ན་ཡང་བསམ་གཏན་དང་ཏིང་ངེ་འཛིན་ལ་འཇུག་པས་ཏིང་ངེ་འཛིན་ལས་ལངས་ཏེ། རྫུ་འཕྲུལ་ཆེན་པོ་རྣམ་པར་སྤྲུལ་ཅིང་སེམས་ཅན་རྣམས་སྒྲོལ་བར་བྱེད་པས་མཆོད་ཡོན་འཇུ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་ སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་ཁ་ཅིག་ལས་འབྱུང་བ་ལྟ་བ་ལོག་པ་དང་། ཚུལ་ཁྲིམས་ཞིག་པ་རྣམས་དང་། ཁམས་གཅིག་ཏུ་ལྷན་ཅིག་གནས་སུ་ཡང་མི་རུང་བ་དང་། ཆུ་ཀླུང་གཅིག་ལ་ཆབ་འཚལ་དུ་ཡང་མི་རུང་ངོ་ཞེས་འབྱུང་ལ་ གསོ་སྦྱོང་གི་ཚེ་གང་ཟག་དེ་འཕགས་པའི་ལམ་སྟོར་བ་ལགས་ཏེ། དགེ་འདུན་གྱི་ནང་དུའང་མི་ཆུད་ཅེས་འབྱུང་ན་ཅིའི་སླད་དུ་དེང་འདིར་ཚུལ་ཁྲིམས་ཞིག་པ་རྣམས་ཀྱང་མཆོད་ཡོན་འཇུ་བར་འགྱུར་ཞེས་གསུངས། གལ་ཏེ་དེ་དག་མཆོད་ཡོན་འཇུ་བར་འགྱུར་ན་ནི་དེ་བཞིན་གཤེགས་པ་དང་ཡང་ཐ་མི་དད་ ལ། འཕགས་པ་དགྲ་བཅོམ་པ་དང་། རང་སངས་རྒྱས་དང་འདྲ་ན། བཅོམ་ལྡན་འདས་དེ་ཙམ་ཞིག་བྱེ་བྲག་ཕྱེད་པར་བཤད་པར་སྨོན། བདག་ཀྱང་དེ་ཐོས་ནས་དེ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པར་བགྱིའོ། །རྣམ་པར་དགྲོལ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་ དཔའ་ནམ་མཁའི་སྙིང་པོ་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱེད་ལ་སོགས་པ་དེང་འདིར་བྱམས་པ་དང་། སྙིང་རྗེ་ཕུན་སུམ་ཚོགས་པར་ལྡན་པས་སེམས་ཅན་རྣམས་ལ་སྙིང་བརྩེ་བར་བསམས་ཏེ། དོན་དེ་ཞུ་བ་ནི་རབ་ཏུའང་ལེགས་ཏེ་ངས་ཀྱང་བྱེ་བྲག་ཕྱེད་པར་བཤད་ཀྱིས་ ལེགས་པར་སོམས་ལ་ཉོན་ཅིག །ཆོས་ཀྱི་རྣམ་གྲངས་འདིའི་སྤྱོད་ཡུལ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་རིག་པར་ཡང་མི་འགྱུར་ལ། བདུད་དང་། མུ་སྟེགས་དང་། སོ་སོའི་སྐྱེ་བོ་རྣམས་ཀྱི་བསམ་པའི་གནས་ཀྱང་མ་ཡིན་ཏེ། དེ་ནི་སངས་རྒྱས་མཁྱེན་པ་དང་ཁྱོད་ཀྱི་ཁོང་དུ་ཆུད་པར་ ཟད་དོ། །རིགས་ཀྱི་བུ་ངས་རྟག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ་བསྟན་པ། སེམས་ཅན་བཟང་ངན་རྣམ་པར་མི་རྟོག་པར་སྦྱིན་པ་བྱས་ན་བསོད་ནམས་ཀྱི་ཚོགས་ཡོངས་སུ་འགྲུབ་པོ་ཞེས་བཤད་དེ། བྱོལ་སོང་ལ་སྦྱིན་པ་བྱིན་པས་ནི་བསོད་ནམས་ཀྱི་ཡོན་ཏན་ཐོབ་པར་འགྱུར་རོ། ། ལོག་སྤྱོད་ལ་སྦྱིན་པ་བྱིན་པས་ནི་བསོད་ནམས་ཀྱི་ཡོན་ཏན་ལན་སྟོང་ཐོབ་པར་འགྱུར་རོ། །རིགས་ཀྱི་བུ་དགེ་བའི་རྩ་བ་རྒྱུན་ཆད་པ་ནི་འཆི་འཕོས་ནས་ལོག་སྤྱོད་ཀྱི་རྒྱུད་དུ་འགྲོའོ། །དྲིན་གཟོ་བ་དང་ཁྲེལ་མེད་པ་ནི་བྱོལ་སོང་གི་བརྒྱུད་དུ་འགྲོའོ། ལོག་སྤྱོད་ཀྱི་འབྲས་བུ་རྣམ་པར་སྨིན་ པ་ཡང་བསོད་ནམས་ཅན་གྱི་ཡོན་འཇུ་ན་མདོ་སྡེ་འདི་ཀློག་པ་དང་། འཆང་བའི་གང་ཟག་ལྟ་ཞིག་ཅི་སྨོས། དེ་བས་ན་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོའི་ཕྱོགས་སུ་རྒྱས་པའི་མཐུ་དང་བྱིན་ནི་བསམ་གྱི་མི་ཁྱབ་བོ། །ཚུལ་ཁྲིམས་འཇིག་པ་དང་། མཚམས་མེད་པར་འགྲོ་བ་ དང་། དམ་པའི་ཆོས་ལ་བཀུར་བ་དང་། ལོག་པར་བལྟ་བ་དང་། ཉོན་མོངས་པ་ཅན་གྱི་སྡིག་པ་ཡོངས་སུ་འབྱང་བར་བྱེད་པས་ན་མཆོད་ཡོན་ཡང་འཇུ་བར་ནུས་སོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་པ་ནམ་མཁའི་སྙིང་པོས་གསོལ་བ། བཅོམ་ལྡན་འདས་བདེ་བཞིན་ གཤེགས་པ་ཡང་བསམ་གྱིས་མི་ཁྱབ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མཐུ་དང་བྱིན་ཡང་བསམ་གྱི་མི་ཁྱབ། མདོ་སྡེ་འདི་འཛིན་པ་དང་། ཀློག་པའི་གང་ཟག་དེའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །རིགས་ཀྱི་ བུ་དེ་དེ་བཞིན་ནོ། །ཁྱེད་ཀྱི་བཤད་པ་བཞིན་ཏེ། ཡོན་ཏན་བསམ་གྱིས་མི་ཁྱབ་པ་མཐའ་ཡས་པ་ཐོབ་པར་འགྱུར་རོ་ཞེས་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་པ་ནམ་མཁའི་སྙིང་པོ་ལ་དེ་སྐད་ཅེས་བཀའ་སྩལ་ཏོ། །ངས་དྲན་པ་སྔོན་འདས་པའི་བསྐལ་པ་རྣམ་ པར་དག་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་ཉན་ཐོས་ཀྱི་ཚུལ་དུ་སྤྱད་པས་ཉེས་སྐྱོན་མང་དུ་བྱུང་བ་དང་། ཚུལ་ཁྲིམས་ཉམས་པ་དཔག་ཏུ་མེད་པ་དག་བྱུང་བའི་ཕྱིར་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་ ལུང་བསྟན་པར་མ་གྱུར་ཏོ། །བསྐལ་པ་དེ་འདས་ནས་བསྐལ་པ་མཐོང་བར་མོས་པ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཀྱང་བསྐལ་པ་ཚངས་པའི་དབྱངས་ཞེས་ བྱ་བ་ན་ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་གཉིས་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་བསྐལ་པ་སེམས་དགའ་ཞེས་བྱ་བ་ན་ང་དེའི་ཚེ་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་ལ་མཆོད་པ་ཕུལ་ཏེ། བསྙེན་ བཀུར་བྱས་ན་ཡང་སངས་རྒྱས་དེ་དག་གིས་ང་ལ་ལུང་མ་བསྟན་ཏོ། །བསྐལ་པ་དེ་འདས་ནས་ཡང་བསྐལ་པ་སྡུག་བསྔལ་སྐྱབས་ཞེས་བྱ་བ་དང་། འཇིག་རྟེན་རྣམ་པར་བརྒྱན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་ གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྦྱིན་པ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། ང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་ལ་མཆོད་པ་ཕུལ་ཏེ། བསྙེན་བཀུར་བྱས་ནས་གདོད་མདོ་སྡེ་འདིའི་མིང་ ཐོས་ཏེ། ཉོན་མོངས་པ་ཡོངས་སུ་སྤངས་ཀྱིས་ཀྱང་མདོ་སྡེ་འདི་ད་དུང་མ་མཐོང་སྟེ། ང་དེའི་ཚེ་དེའི་དུས་ན་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་བསྩགས་ཏེ། མཆོད་པ་ཕུལ་ན་ཡང་དེ་བཞིན་གཤེགས་པ་དེ་དག་གིས་ཀྱང་ང་ལ་ལུང་བསྟན་པར་མ་གྱུར་ཏོ། །རིགས་ཀྱི་བུ་ང་སྔོན་བསྐལ་ པ་དེ་སྙེད་དུ་སངས་རྒྱས་དེ་སྙེད་ལ་མཆོད་པ་དེ་སྙེད་ཅིག་ཕུལ་བ་དང་། བསྙེན་བཀུར་དང་བསྟོད་པ་བྱས་ནས་ཉོན་མོངས་པ་རྣམ་པར་སྤངས་ཏེ། ཉན་ཐོས་ཀྱི་སྡོམ་པ་དང་། ཚུལ་ཕུན་སུམ་ཚོགས་པ་ཚངས་པར་སྤྱད་ཅིང་སྦྱིན་པ་བྱིན་པ་དང་། ཚུལ་ཁྲིམས་བསླབ་པ་དང་ང་རྒྱལ་དང་། ཞེ་སྡང་དང་། གཏི་ མུག་སྤངས་ཏེ། སྦྱངས་པའི་ཡོན་ཏན་སྤྱད་པ་དང་། བཟོད་པ་དང་། བྱམས་པའི་སེམས་དང་། ཇི་ལྟར་ཐོས་པ་བཞིན་བརྩོན་འགྲུས་སུ་བཤད་པ་དང་། ཐོས་སོ་ཅོག་ཐམས་ཅད་མི་བརྗེད་པ་དང་། འདུ་འཛི་སྤངས་ཏེ་དབེན་པ་ལ་གནས་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་ལ་འཇུག་པ་དང་། བསམ་གཏན་ལས་བྱུང་ནས་ཆོས་ཉན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། བསམ་པ་ལ་སོགས་པ་བྱས་ཀྱང་རྒྱལ་བ་དེ་དག་གིས་ང་ལ་ལུང་མ་བསྟན་སྟེ། དེ་ཅིའི་ཕྱིར་ཞེ་ན། སྡོམ་པ་མནོས་སོ་ཅོག་འཇིག་པ་དང་། ཉམས་པ་མང་དུ་བྱུང་བའི་ཕྱིར་རོ། །ཉན་ཐོས་དང་། རང་སངས་རྒྱས་ ཀྱི་ཐེག་པ་ལ་ཆགས་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འདི་མ་ཐོས་པའི་ཕྱིར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ལམ་སྤང་བར་བྱ། ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་ རྒྱས་པ་བསྒོམ་པར་བྱས་ན་ལུང་བསྟན་པ་ཐོབ་པར་འགྱུར་རོ། །གལ་ཏེ་ངས་བསྐལ་པ་གཅིག་ནས་བསྐལ་པ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་བཤད་ན་ཡང་རྫོགས་པར་མི་ནུས་ཏེ། རིགས་ཀྱི་བུ་ང་བསྐལ་པ་དེ་དག་འདས་པའི་འོག་ཏུ་དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ཚོགས་ཆེན་པོ་ དཔག་ཏུ་མེད་པ་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེར་མཐོང་ནས་ང་དེའི་ཚེ་དེའི་དུས་ན་གདོད་ཐོས་པ་དང་མཐོང་བར་གྱུར་ཏོ། །རྒྱལ་བ་དེ་ལས་བླངས་ཏེ་འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་བྱ་བ་དང་། དོན་བསམ་པ་ལ་སོགས་པ་བྱས་ནས་ དེ་མ་ཐག་ཏུ་ཆོས་ལ་མི་སྐྱེ་བའི་བཟོད་པ་ཐོབ་བོ། །དེ་བཞིན་གཤེགས་པ་འོད་མི་འགྱུར་གྱིས་ང་ལ་ལུང་བསྟན་པ། ཁྱོད་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་བས་ན་རིགས་ཀྱི་བུ་ཆོས་ ཀྱི་རྣམ་གྲངས་འདི་བླངས་ཏེ། འཆང་བ་དང་། ཀློག་པ་ལ་སོགས་པ་བྱས་ན་སངས་རྒྱས་ཀྱིས་ཡང་མྱུར་དུ་ཐོབ་པར་འགྱུར་ན། འཇིག་རྟེན་ན་ལྷ་དང་མིར་བཅས་པའི་མཆོད་ཡོན་འཇུ་བར་འགྱུར་བ་ལྟ་ཅི་སྨོས། རིགས་ཀྱི་བུ་དེའི་ཕྱིར་ངས་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་མཐུ་སྟོབས་རིན་ པོ་ཆེའི་སྙིང་པོ་དང་འདྲ་བ་བསམ་གྱིས་མི་ཁྱབ་པ་ཚུལ་ཁྲིམས་འཇིག་པ་དང་། དབུལ་ཕོངས་པ་རྣམས་ཀྱི་ཚུལ་དང་རིན་པོ་ཆེའི་ནོར་བུ་སྦྱིན་པར་བྱེད་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཐེག་ཆེན་དཔེ་ཚད་རྒྱ་མཚོ་བཞིན། །ཐེག་པ་ཆུང་ངུ་བ་རྗེས་ཆུ། །ཐེག་ཆེན་དཔེ་ཚད་རི་རབ་ལྷུན། ། ཐེག་པ་ཆུང་ངུ་གྲོག་མའི་མཁར། །ཐེག་ཆེན་དཔེ་ཚད་ཉི་ཟླ་བཞིན། །ཐེག་པ་ཆུང་ངུ་མེ་སྟག་ཙམ། །ཐེག་པ་འདི་ནི་ཐེག་ཆེན་ཡིན། །བསམ་གྱིས་མི་ཁྱབ་ཐེག་པའོ། །དཔེར་ན་ནམ་མཁའ་དང་འདྲ་བ། །སེམས་ཅན་ཐམས་ཅད་གོ་འབྱེད་དོ། །ཐེག་པ་ཐམས་ཅད་ཀུན་གྱི་ནང་། །ཐེག་པ་འདི་ལས་འདའ་བ་ མེད། །ཐེག་པ་ཆེན་པོ་འདི་ནང་ནས། །ཐེག་པ་རྣམ་པ་སྣ་ཚོགས་འབྱུང་། །དཔག་པའི་གྲངས་ཤིག་ཡོད་ན་ནི། །ཐམས་ཅད་བསྒྲལ་བར་མི་ནུས་སོ། །ཐེག་པ་བླ་ན་མེད་པ་འདི། །སེམས་ཅན་ཡོངས་སུ་བསྒྲལ་ནུས་པ། །ནམ་མཁའ་འདྲ་བའི་ཐེག་ཆེན་ལ། །གང་གིས་དཔག་མེད་འདི་སྤྱད་ པ། །ནམ་མཁའ་དཔག་ཏུ་མེད་པ་བཞིན། །གཟུགས་དང་དབྱིབས་ཀྱང་ཡོང་མེད་དོ། །ཐེག་པ་ཆེན་པོའང་དེ་བཞིན་ཏེ། །ཐོགས་པ་མེད་ཅིང་དཔག་ཏུ་མེད། །སེམས་ཅན་ཐམས་ཅད་དེ་དག་ཀུན། །ཐེག་པ་ཆེན་པོ་འདི་ཞོན་ལ། །ཐེག་པའི་མཚན་ལ་རྣམ་རྟོག་ན། །གཏོས་རྒྱ་ཆེ་ ཞིང་མང་དུ་ཤོང་། །གལ་ཏེ་ཐེག་ཆེན་ཡོན་ཏན་དང་། །ཐེག་པ་གཅིག་ཏུ་སྤྱོད་པ་ནི། །བསྐལ་པ་དཔག་མེད་རབ་བཤད་ཀྱང་། །མཐའ་རུ་རྫོགས་པར་ཡང་མི་ནུས། །ཐེག་པ་ཐམས་ཅད་ཀུན་གྱི་ནང་། །ཐེག་པ་ཆེན་པོ་དམ་པ་མཆོག །སེམས་ཐག་ཐེག་ཆེན་འདི་བླངས་ན། །བྱང་ཆུབ་ ཤིང་དྲུང་མངོན་པར་འགྲོ། །འཆིང་བ་མེད་ཅིང་ཐོགས་མེད་པ། །བླ་ན་མེད་པའི་ཐེག་པ་འདི། །ཐེག་པ་དམན་པའི་མཆོག་འགྱུར་བས། །བྱང་ཆུབ་དཀྱིལ་དུ་འདུག་པར་འོང་། །རྟེན་འབྲེལ་བཅུ་གཉིས་རྣམ་རྟག་སྟེ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཕྱོགས་བཅུའི་སེམས་ཅན་ ཐམས་ཅད་ལ། །ཐེག་ཆེན་མདོ་སྡེ་བཤད་པར་བྱ། །གང་ཞིག་ཐེག་ཆེན་ཐེག་པ་ནི། །འཕེལ་བའམ་འགྲིབ་པ་ཡོང་མེད་དེ། །ནམ་མཁའ་བཞིན་དུ་ཀུན་ཤོང་བས། །ཐེག་པ་ཆེན་པོ་བསམ་མི་ཁྱབ། །དེ་ཕྱིར་སེམས་ཅན་ཐམས་ཅད་ཀྱིས། །བརྩོན་འགྲུས་སུ་ནི་བསྒོམ་བྱ་སྟེ། །མངོན་པར་ ཤེས་པ་རྣམས་དང་ནི། །ཡེ་ཤེས་ཆེན་པོ་ཐོབ་པར་བྱ། །ལྷ་ཡི་ཚོགས་དང་ལྷ་ཡི་བདུད། །མུ་སྟེགས་ཉོན་མོངས་སེལ་འདོད་ན། །ཐེག་པ་ཆེན་པོའི་སྐྱབས་སོང་ལ། །མངོན་ཤེས་དྲུག་དང་ལྡན་པར་བྱོས། །རིག་པ་གསུམ་དང་རྣམ་ཐར་གསུམ། །དེས་ནི་བདུད་དང་མུ་སྟེགས་འཇོམས། །ལོག་ པར་ལྟ་བའང་འཇིལ་བས་ན། །ཐེག་པ་ཆེན་པོ་མཆོག་ཏུ་དགོས། །ཉོན་མོངས་ཐམས་ཅད་འཇིག་པ་དང་། །དགེ་རྩ་ཕུན་སུམ་ཚོགས་འགྱུར་བས། །ཐེག་ཆེན་མཐུ་ནི་བསམ་མི་ཁྱབ། །དེ་བས་དཔག་པའང་རབ་ཏུ་དཀའ། །འཇིག་རྟེན་པ་ཡི་ཆོས་རྣམས་དང་། །འཇིག་རྟེན་འདས་པའི་ ཆོས་ཐམས་ཅད། །སློབ་དང་མི་སློབ་དེ་དག་ཀུན། །ཐེག་པ་ཆེན་པོར་ཀུན་འདུས་སོ། །སེམས་ཅན་གང་ཞིག་ངན་འགྲོར་སྤྱོད་པ་ནི། །ལོག་པར་ལྟ་བ་དང་ནི་སྡིག་གྲོགས་བསྟེན། །གང་ཞིག་ཐེག་པ་ཆེན་པོར་མ་དད་པ། །དེས་ནི་ཉོན་མོངས་བདུད་རྣམས་འཇོམས་མི་ནུས། །དེ་རྣམས་ སྤངས་ཏེ་ཐེག་ཆེན་སྐྱབས་སོང་བ། །གྲོལ་ཐར་འདོད་པས་ཐེག་པ་ཆེན་པོ་སློབ། །སྐྱེས་བུ་གང་ཞིག་དོན་ཆེན་ཤེས་འདོད་པ། །ཐེག་ཆེན་བཤད་པ་ཐོས་ན་དགའ་བ་སྐྱེ། །དེ་ནི་ཐེག་ཆེན་མི་ནི་ཡིན་པར་མངོན། །ཞི་གནས་སེམས་ནི་མངོན་པར་ཤེས་དང་ལྡན། །དེ་ཡང་ཐེག་ཆེན་ དབང་གིས་རྣམ་པར་བརྒྱན། །གང་ཞིག་ཐེག་པ་ཆེན་པོར་སྤྱོད་ནུས་པ། །དེ་ནི་དཀོན་མཆོག་གསུམ་གྱི་རིགས་མི་འཆད། །གང་ཞིག་དཀོན་མཆོག་གསུམ་ལ་ཕྱོགས་པ་ནི། །དེ་ནི་བསོད་ནམས་དཔག་མེད་ཐོབ་པའོ། །ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་ཕྱིན་པ་དང་། །ཕྱོགས་བཅུའི་རྒྱལ་བ་ དཔག་མེད་མཆོད་པ་དང་། །དེ་བཞིན་ཐེག་ཆེན་ཕྱོགས་སུ་རྒྱས་པའི་མདོ། །མཆོད་ན་འཇིག་རྟེན་ཐེག་པས་ཐུབ་པ་མེད། །དཔལ་དང་གཟི་བརྗིད་ལྡན་ཞིང་འཁོར་བ་འཇོམས། །དེ་ཕྱིར་ཐེག་པ་ཆེན་པོ་བསམ་ཁྱབ་དཀའ། །བྱད་གཟུགས་སྟོབས་དང་དབང་ཕྱུག་ཐོབ་པར་འགྱུར། །ཕུན་སུམ་ཚོགས་ ལྡན་ཆོས་སྐུ་མངོན་པར་འགྲུབ། །གང་ཞིག་ཐེག་ཆེན་འདི་ལ་ཞོན་པ་ནི། །བླ་ན་མེད་པའི་དགའ་བ་མྱོང་བ་ཡིན། །ལུས་ཀྱི་སྦྱིན་པས་སྙིང་རྗེ་བྱམས་བསྒོམས་ན། །དེ་ཕྱིར་ཐེག་པ་བླ་མེད་ཐོབ་པར་འགྱུར། །ཚུལ་ཁྲིམས་བརྩོན་འགྲུས་ཚངས་པར་སྤྱོད་པ་ནི། །རྫུ་འཕྲུལ་མངོན་དུ་ཉི་ཟླ་སྒྲིབ་ཀྱང་ ནུས། །དེ་ཡང་ཐེག་ཆེན་སྤྱོད་པའི་དབང་གིས་སོ། །རང་གི་སེམས་ཀྱིས་བརྩོན་འགྲུས་རྒྱུན་སྤྱོད་པ། །དེས་ནི་ཐེག་པ་ཆེན་པོ་ཐོབ་པའོ། །སྡུག་བསྔལ་ནོན་པའི་སྒྲིབ་པ་ཡོད་ན་ཡང་། །ཐེག་ཆེན་བསྒོམས་པས་དེ་དག་ཀུན་ཀྱང་འབྱང་། །གང་ཞིག་ཐེག་ཆེན་ཆོས་ལ་བདེ་གནས་པ། །དེ་ནི་ ཚེ་དང་ལོངས་སྤྱོད་སངས་རྒྱས་བཞིན། །ཡང་དག་དྲན་པ་བརྩོན་པར་ལྡན་པ་ནི། །རྫུ་འཕྲུལ་རྐང་པ་བཞི་ཡི་སྟོབས་ཀྱང་རྙེད། །དམ་ཆོས་ཡང་དག་དོན་ལ་བརྟེན་པ་ཡང་། །ཐེག་པ་ཆེན་པོ་བསྒོམས་པའི་དབང་གིས་སོ། །མི་འཇིགས་དང་ནི་སྟོབས་བཅུ་ལྡན་པ་དང་། །མཚན་བཟང་ སུམ་ཅུ་རྩ་གཉིས་བརྒྱན་པ་དང་། །རྡོ་རྗེ་ཏིང་འཛིན་ཡེ་ཤེས་ཐམས་ཅད་ཀྱང་། །ཐེག་པ་ཆེན་པོ་བསྒོམ་པའི་དབང་གིས་སོ། །རིགས་ཀྱི་བུ་གང་ལ་ལས་ཐེག་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་བཟུང་སྟེ། འབྲུ་གཅིག་གམ། ཚིག་གཅིག་གམ། ཚིགས་བཅད་གཅིག་འཆང་ངམ་ཀློག་ ན་བསོད་ནམས་འདི་ལྟ་བུ་དང་ལྡན་པར་འགྱུར་རོ། །གང་ཞེ་ན། འདི་ལྟ་སྟེ། གང་གིས་མདོ་སྡེ་འདི་འཛིན་པ། །སྡུག་བསྔལ་ཀུན་དང་ཡོང་འབྲལ་ལོ། །ནམ་དུའང་ངན་འགྲོར་མི་ལྟུང་སྟེ། །བདེ་བའི་གནས་སུ་ཕྱིན་པར་འགྱུར། །གང་གིས་མདོ་སྡེ་འདི་ཐོས་པ། །ཕྱི་མ་མ་འོངས་ དུས་ངན་ཚེ། །མཐའ་རུ་སངས་རྒྱས་འགྲུབ་པར་ཡང་། །ངས་ནི་ལུང་དུ་བསྟན་པར་བྱ། །གང་གིས་རྒྱལ་ལ་རྟག་གཞོལ་བ། །རྒྱལ་བའང་རྟག་ཏུ་དེ་ལ་གཞོལ། །གང་གིས་རྒྱལ་བའི་ཆོས་བསྲུངས་ན། །རྒྱལ་བའང་དེ་ལ་བསྲུང་བར་འགྱུར། །རྫུ་འཕྲུལ་ཆེན་པོ་ཐོབ་པ་དང་། ། ཆོས་ཀྱི་འཁོར་ལོ་བསྐོར་བར་ནུས། །འཁོར་བའི་རྒྱུད་ལས་བསྒྲལ་བ་དང་། །བདུད་ཀྱི་དཔུང་བཅས་འཇིལ་ཡང་ནུས། །རྒྱལ་བ་འོད་མི་འགྱུར་དེ་ལས། །ངས་ནི་མདོ་སྡེ་འདི་ཐོས་ནས། །བཟོད་པར་གནས་ཏེ་ལུང་བསྟན་པ། །ཤཱཀྱ་ཐུབ་ཅེས་བྱ་བར་གྲུབ། །ང་ནི་མྱ་ངན་འདས་འོག་ན། ། གང་ཞིག་མདོ་སྡེ་འདི་འཆང་བ། །མངོན་པར་རྫོགས་པར་འཚང་རྒྱ་བར། །ངས་ཀྱང་ལུང་དུ་བསྟན་པར་བྱ། །གང་གིས་མ་འོངས་དུས་ཀྱི་ཚེ། །མདོ་སྡེ་འདི་ཡི་དོན་ཤེས་ཏེ། །བླུན་པོ་རྣམས་ལ་རབ་བཤད་པ། །དཀོན་མཆོག་གསུམ་གྱི་རིགས་མི་འཆད། །སངས་རྒྱས་འཇིག་རྟེན་ མི་བཞུགས་ཀྱང་། །མདོ་འདི་འཇིག་རྟེན་གང་ན་བར། །གནས་པའི་མཆོད་གནས་དེ་དག་ཏུ། །སངས་རྒྱས་མངོན་སུམ་བཞུགས་པ་བཞིན། །དེ་ཅིའི་ཕྱིར་ཞེ་ན། ངས་སྔོན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ལས་མདོ་སྡེ་འདི་མནོས་ཏེ་འཆང་བ་དང་། བསྐལ་པ་འཇིག་པའི་ ཚེ་གཞན་ལ་རྒྱ་ཆེར་བཤད་པས་ན་མཚན་སུམ་ཅུ་རྩ་གཉིས་ཀྱང་དེ་ལྟར་ཐོབ་བོ་ཞེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་བཤད། དེང་འདིར་ཡང་བཅོམ་ལྡན་འདས་ཀྱིས་མཚན་སུམ་ཅུ་རྩ་གཉིས་བཤད་ན། ལས་ཀྱི་རྒྱུ་གང་དང་གང་གི་དབང་གིས་དེ་དག་འགྲུབ་པར་འགྱུར་བ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བསྟན་དུ་གསོལ་ཞེས་བགྱིས་པ་དང་། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་བསྒྲུབས་པས་མཚན་སུམ་ཅུ་རྩ་གཉིས་འགྲུབ་པ་ཡིན་ཏེ། གལ་ཏེ་ངས་རྒྱ་ཆེར་བཤད་དུ་བསྐལ་པའི་བར་དུ་ཡང་བཤད་པ་མི་རྫོགས་པས་དེང་མདོ་ཙམ་ཞིག་ཁྱོད་ལ་བཤད་དོ། །དེ་དག་གང་ཞེ་ན། འདི་ལྟ་སྟེ་སེམས་ཐག་པ་ནས་ཚུལ་ཁྲིམས་དག་པར་བསྲུང་བ་དང་། ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པའི་མཚན་དང་ལྡན་པར་འགྱུར་བ་དང་། བླ་མ་ལ་བསུ་སྐྱལ་དང་། ཆོས་ཉན་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་བསྒྲུབ་པ་ལ་ཕུ་དུད་དུ་བྱས་པས་ཕྱག་དང་ ཞབས་འཁོར་ལོའི་མཚན་རྩིབས་སྟོང་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་མ་བརྙས་པས་རྟིང་པ་ཡངས་པའི་མཚན་དང་ལྡན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་བསྲུངས་པས་སོར་མོ་རིང་བའི་མཚན་དང་ལྡན་པར་འགྱུར་བ་དང་། བསྡུ་བ་རྣམ་བཞི་གོམས་ པར་བྱས་པས་ཕྱག་དང་ཞབས་དྲ་བས་སོར་མོ་བར་འབྲེལ་བའི་མཚན་དང་ལྡན་པར་འགྱུར་བ་དང་། གོས་བཟང་པོ་སྦྱིན་པ་བྱིན་པས། ཕྱག་དང་ཞབས་གཞོན་ཞིང་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། བཟའ་བ་དང་། བཏུང་བ་ཞིམ་པོ་དང་། གཙང་མ་དང་། ཉམས་སུ་བདེ་བ་བྱིན་ པས། བདུན་ཤིན་ཏུ་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ལ་ཐོས་པར་དགའ་བས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་གྱི་གཡོ་དང་མཚང་སྦེད་ཅིང་བཅབས་པས་གསང་བའི་གནས་སྦུབས་སུ་ནུབ་པའི་མཚན་དང་ལྡན་པར་ འགྱུར་བ་དང་། དགེ་བ་བཅུ་བསྒོམས་པས་སེང་གེའི་རོ་སྟོད་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། དགེ་བའི་ཆོས་ཡང་དག་པར་བླངས་ཏེ་སེམས་ཅན་ལ་རྟག་ཏུ་སྟོན་པས་ཕྲག་སོ་ཤིན་ཏུ་རྒྱས་པའི་མཚན་དང་ལྡན་པར་འགྱུར་བ་དང་། འཇིགས་པ་རྣམས་ཀྱི་མགོན་དང་སྐྱབས་བྱས་པས་ཕྲག་པའི་ ལྷུན་མཛེས་པར་གྲུབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་གྱི་གཙུག་ལག་ཁང་ངམ། མཆོད་རྟེན་བསྒྲུབ་པའི་གྲོགས་བྱེད་པར་མོས་པ་དང་། སློང་བ་རྣམས་ལ་བདོག་པ་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་པུས་མོའི་ལྷ་ང་ལ་སླེབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། རྟག་ཏུ་དགེ་ བའི་ཆོས་ཐམས་ཅད་བསྒྲུབ་པ་དང་། སྲོག་གི་རིམ་གྲོ་བྱས་པས་སྐུ་ཆེ་ཞིང་དྲང་བའི་མཚན་དང་ལྡན་པར་འགྱུར་བ་དང་། ན་བ་རྣམས་ཀྱི་རྩི་སྨན་དང་། རིམ་གྲོ་དང་། ཉམས་སུ་ཕན་པའི་ཟས་བྱིན་པས་རོ་བྲོ་བའི་མཆོག་ཐོབ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཡུན་རིང་པོ་ནས་ཚིག་ཀྱལ་པ་སྤངས་ཤིང་ དུས་སུ་སྨྲ་བས་སེང་གེའི་འགྲམ་པ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པར་སྙོམས་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའི་མཚན་དང་ལྡན་པར་འགྱུར་བ་དང་། རྩོད་པ་རྣམས་སྡུམ་པ་ལ་དགའ་བས་ཚེམས་ཐགས་བཟང་བའི་མཚན་དང་ལྡན་པར་ འགྱུར་བ་དང་། རིན་པོ་ཆེའི་སྦྱིན་པ་བྱས་པས་ཚེམས་མཉམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ལུས་དང་ངག་ཡིད་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བའི་མཚན་དང་ལྡན་པར་འགྱུར་བ་དང་། ངག་གི་ཉེས་པ་བསྡམས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའི་མཚན་དང་ལྡན་པར་འགྱུར་བ་དང་ སེམས་ཅན་རྣམས་ལ་རྟག་ཏུ་ཚིག་འཇམ་པོ་སྨྲ་བས་ཚངས་པའི་དབྱངས་ཀྱི་མཚན་དང་ལྡན་པར་འགྱུར་བ་དང་། བྱམས་པའི་སེམས་བསྒོམས་ཏེ་རྨོངས་པ་མེད་པའི་མིག་གིས་ལྟ་ལྟ་བས་སྤྱན་དཀར་ནག་འབྱེས་པའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཐག་པ་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ བསྒྲུབས་པས་བའི་རྫི་མ་ལྟ་བུའི་མཚན་དང་ལྡན་པར་འགྱུར་བ་དང་། གཞན་ལ་བསོད་ནམས་དང་ཡོན་ཏན་ཡོད་པ་རྗེས་སུ་ཡི་རང་ཞིང་བསྔགས་པས་ཞལ་མཛོད་སྤུས་བརྒྱན་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཕ་དང་། མ་དང་། མཁན་པོ་དང་། སློབ་དཔོན་ལ་སོགས་པ་བླ་མ་རྣམས་ལ་ཚུལ་བཞིན་ དུ་རིམ་གྲོ་དང་། བཙུན་པར་བྱས་པས་དབུ་སྤྱི་གཙུག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཐེག་པ་ཆེན་པོའི་ཆོས་བསྟན་པ་ལ་མོས་པས་མདོག་ཤིན་ཏུ་འཇམ་པའི་མཚན་དང་ལྡན་པར་འགྱུར་བ་དང་། སྟན་དང་། གོས་དང་། ཁང་པ་དང་། གནས་བཟང་པོ་བྱིན་པས་གསེར་གྱི་ཁ་ དོག་དང་ལྡན་པའི་མཚན་དང་ལྡན་པར་འགྱུར་བ་དང་། འཇིག་རྟེན་གྱི་གཏམ་སྣ་ཚོགས་ཏེ་སྨྲ་བ་སྤངས་པས་བ་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་པའི་མཚན་དང་ལྡན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་དང་། མཁན་པོ་དང་། བླ་མ་རྣམས་ཀྱིས་བསྟན་པའི་ཚིག་ཡང་དག་ པར་བླངས་པ་དང་། བཟུང་བ་མངོན་དུ་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་པའི་མཚན་དང་ལྡན་པར་འགྱུར་བ་དང་། ཡོན་ཏན་དཔག་ཏུ་མེད་པར་བསྒྲུབས་པས་ཞབས་ལེགས་པར་མཐོ་བའི་མཚན་དང་ལྡན་པར་འགྱུར་བ་དང་། སེམས་ཅན་ རྣམས་ཏིང་ངེ་འཛིན་བསྒོམ་པར་བསྐུལ་བས་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའི་མཚན་དང་ལྡན་པར་འགྱུར་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་དཔག་ཏུ་མེད་པའི་ཡོན་ཏན་བསྒྲུབས་ན་མཚན་སུམ་ཅུ་རྩ་གཉིས་དེ་ལྟ་བུ་དག་དང་ལྡན་པར་འགྱུར་རོ་ཞེས་དེ་སྐད་ ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གིས་བརྟགས་ན་གང་ཡང་དངོས་པོ་དང་མཚན་མར་མ་གྲུབ་སྟེ་མ་མཆིས་ལ། དེ་བཞིན་གཤེགས་པ་ལ་བརྟགས་ན་ཡང་དེ་བཞིན་ གཤེགས་པའི་སྤྱོད་ལམ་དེ་མ་ལགས་ན་ཅིའི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབ་ཅེས་གསུངས། དཀོན་མཆོག་གསུམ་དང་། བདེན་པ་བཞི་དང་། ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་དང་། རྟེན་འབྲེལ་བཅུ་གཉིས་དང་། ཕ་རོལ་ཏུ་ཕྱིན་པའི་ཆོས་རྣམས་ལ་བདག་གིས་བརྟགས་ན་ཡང་ ཕྱི་ནང་གི་རྒྱུ་འབྲས་ཀུན་སྟོང་པ་ཉིད་དེ། མཚན་མ་མ་མཆིས། སྨོན་པ་མ་མཆིས། སྐྱེ་ཞིང་འབྱུང་བ་ཡང་མ་མཐོང་། འགག་ཅིང་ནུབ་པ་ཡང་མ་མཐོང་། སྒྱུ་མ་དང་འདྲ་བ། སྤྲུལ་པ་དང་འདྲ་བ། འབར་བ་དང་འདྲ་བ། བྲག་ཅ་དང་འདྲ་བ། ཆབ་ཀྱི་ཟླ་བ་དང་འདྲ་བ། རུས་སྦལ་ གྱི་སྤུ་དང་འདྲ་བ། རི་བོང་གི་རྭ་དང་འདྲ་བ། ནམ་མཁའི་མེ་ཏོག་དང་འདྲ་བ། མོ་གཤམ་གྱི་བུ་དང་འདྲ་བ། གཟུགས་བརྙན་གྱི་གོས་གྱོན་ཞིང་སྒྱུ་མའི་གླང་པོ་ཆེ་ལ་འཚལ་བ་དང་འདྲ་བ། མཆིས་པ་ཡང་འདྲ་བ། མ་མཆིས་པ་ཡང་འདྲ་བ། དེ་དག་ནི་མཆིས་པ་དང་མ་མཆིས་པ། མཆིས་པ་ཡང་མ་ ལགས། མ་མཆིས་པ་ཡང་མ་ལགས། རྟག་པ་མ་ལགས། ཆད་པ་མ་ལགས། སྐྱེ་བ་མ་ལགས། འགག་པ་མ་ལགས། ནང་དུ་མ་ལགས། སླད་རོལ་མ་ལགས། མཐོང་བ་མ་ལགས། ཤེས་པ་མ་ལགས། དཔེར་ན་ནམ་མཁའ་དང་འདྲ་བ་ལ་བཅོམ་ལྡན་འདས་ཅིའི་སླད་དུ་ངས་ནི་ སྤྱོད་ལམ་དེ་དག་སྤྱད་ཅེས་གསུངས། དེ་བཞིན་གཤེགས་པ་ལ་བདག་གིས་བརྟགས་ན་བདག་མ་ལགས། སེམས་ཅན་མ་ལགས། སྲོག་མ་ལགས། གསོ་བ་མ་ལགས། སྐྱེས་བུ་མ་ལགས། གང་ཟག་མ་ལགས། ཤེད་ཅན་མ་ལགས། ཤེད་བདག་མ་ལགས། བྱེད་པ་པོ་ལ་ སོགས་པ་མ་ལགས། མིག་མ་ལགས། གཟུགས་མ་ལགས། མིག་དང་གཟུགས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། རྣ་བ་མ་ལགས། སྒྲ་མ་ལགས། རྣ་བ་དང་སྒྲའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། སྣ་མ་ལགས། དྲི་མ་ལགས། སྣ་དང་དྲིའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ལྕེ་ མ་ལགས། རོ་མ་ལགས། ལྕེ་དང་རོའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ལུས་མ་ལགས། རེག་བྱ་མ་ལགས། ལུས་དང་རེག་བྱའི་མཚན་ཉིད་ཀྱི་སྤྱོད་ཡུལ་མ་ལགས། ཡིད་མ་ལགས། ཆོས་མ་ལགས། ཡིད་དང་ཆོས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། རྣམ་པར་ཤེས་པ་མ་ལགས། གཟུགས་མ་ལགས། རྣམ་པར་ཤེས་པ་དང་གཟུགས་ཀྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། གཟུགས་མ་ལགས། སྡུག་བསྔལ་མ་ལགས། གཟུགས་དང་སྡུག་བསྔལ་གྱི་མཚན་ཉིད་ཀྱི་སྤྱོད་ཡུལ་ཡང་མ་ལགས། བདག་མ་ལགས། བདག་གི་མ་ལགས། འགྲོ་བ་མ་ལགས། གཟུགས་ཅན་མ་ལགས། ཕུང་པོ་མ་ ལགས། བདེན་པ་མ་ལགས། བརྫུན་པ་མ་ལགས། བསྡུས་པ་མ་ལགས། གཏོར་བ་མ་ལགས། འབྱུང་བ་མ་ལགས། འཇུག་པ་མ་ལགས་ཏེ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་དེ་བཞིན་ནོ། །ཕར་བཞུད་པ་མ་ལགས། ཚུར་བྱོན་པ་མ་ ལགས། བཞུགས་པའི་གནས་ཀྱང་མི་མངའ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཡང་མི་མངའ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱང་མི་མངའ། གཅིག་པ་ཡང་མ་ལགས། ཐ་དད་པའང་མ་ལགས། འདས་པ་ཡང་མ་ལགས། མ་བྱོན་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ ལགས། དྲི་མ་ཅན་མ་ལགས། ཡོངས་སུ་དག་པ་མ་ལགས། བདག་མ་ལགས། སེམས་ཅན་མ་ལགས། སྲོག་དང་། སྐྱེས་བུ་དང་། གང་ཟག་ལ་སོགས་པ་ཡང་མ་ལགས། རྟག་པ་མ་ལགས། ཆད་པ་མ་ལགས། སྐྱེ་བ་མ་མཆིས། འགག་པ་མ་མཆིས། སྒོམ་དུ་མ་མཆིས། སྤྱོད་དུ་མ་ མཆིས། དོར་དུ་མ་མཆིས། བླང་དུ་མ་མཆིས། མཐའ་ལས་འདས་པ། ཡུན་དུ་བཞུགས་པ་ལ་གང་གི་སླད་དུ་སྤྱོད་ལམ་རྒྱ་ཆེར་བསྒྲུབས་ཞེས་གསུངས་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་སྔོན་འདས་པའི་དུས་ན་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་རྣམས་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྲུན་པ། ཡུན་རིང་པོ་ནས་ཐེག་པ་ཆེན་པོ་བླ་ན་མེད་པའི་དོན་ཆུབ་པར་ཆུད་དེ། ཆོས་སོ་ཅོག་ཀུན་ཀྱང་སྟོང་པ་ཉིད་དུ་མངོན་པར་ ཤེས་པ་དང་། དེ་བཞིན་གཤེགས་པ་ཡང་དག་པའི་མཐའ་ལས་འདས་ཏེ། ཡུན་དུ་གནས་པར་ཡང་ཤེས་པས་རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་བཻ་དཱུརྱ་ཤིན་ཏུ་དང་བ་གསལ་བ། འདམ་རྫབ་ཀྱི་ནང་དུ་ལོ་སྟོང་གི་བར་དུ་བཞག་ཀྱང་། རང་བཞིན་ཡོང་གིས་དག་པས་ཕྱིར་ཕྱུང་ ན་ཡང་སྔ་མ་ཁོ་བཞིན་ཏེ། ཁྱོད་ཀྱང་དེ་དང་འདྲ་བར་ཆོས་ཀྱི་མཚན་ཉིད་མངོན་པར་རྟོགས་ལ། རང་བཞིན་རྣམ་པར་དག་པས། ཁྱེད་རྣམས་ད་ལྟར་ཁམས་གསུམ་ན་སྙིགས་མ་ཅན་རྣམ་ལྔའི་འདམ་རྫབ་ཏུ་གནས་ཏེ། དེ་བཞིན་གཤེགས་པ་དང་། སེམས་ཅན་གྱི་དོན་བྱས་ཀྱིས་ཀྱང་འདམ་ རྫབ་ཀྱིས་མ་གོས་པས་ན་དོན་འདི་ལྟ་བུ་དག་འདྲི་ནུས་པ་ཡིན་ནོ། །རིགས་ཀྱི་བུ་ཁྱོད་ཡང་ཉོན་ཅིག །འདི་ལྟ་སྟེ། ཆོས་སོ་ཅོག་ཐམས་ཅད་ཡང་དག་པར་ན་དངོས་པོ་མེད་དེ། ཡི་གེ་ཡོད་པའི་ཕྱིར་ཆོས་ཡོད་ཅེས་བཤད། ཆོས་ཀྱི་ནང་དུ་ཡི་གེ་མེད་ལ་ཡི་གེའི་ནང་དུ་ཡང་ཆོས་མེད་དོ། ། ཀུན་ཏུ་སྤེལ་བའི་ཕྱིར་ཡི་གེ་བསྟན་ཏོ། །ཡི་གེའི་ནང་དུ་ནི་བྱང་ཆུབ་ཀྱང་མེད། བྱང་ཆུབ་ཀྱི་ནང་དུ་ནི་ཡི་གེ་ཡང་མེད་མོད་ཀྱི། དོན་དམ་པར་ནི་ཡི་གེ་མེད་ཀྱང་ཀུན་རྫོབ་ཏུ་ཡི་གེ་ཡོད་པར་བཤད་པས་སེམས་ཅན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་ཡི་གེ་ལས་གུད་ན་མི་རྙེད་དོ། ། རིགས་ཀྱི་བུ་ཁྱོད་ཟེར་བའང་བདེན་ཏེ། དེ་བཞིན་གཤེགས་པ་ལ་ཟད་པ་མེད། སྐྱེ་བ་མེད། མི་བསྒོམ་མི་སྤྱོད། བསྒོམ་སྤྱོད་རྣམས་དང་བྲལ་བ། ཡང་དག་པའི་ཆོས་ལ་མི་འཇུག །དེ་ལས་ལྡོག་ཅིང་འགྱུར་བའང་མ་ཡིན། སྐྱེ་བ་གཅིག་གིས་དགའ་ལྡན་གྱི་གནས་སུ་ཡང་མ་སྐྱེས། དེ་ལས་བབས་ཏེ་ཡུམ་གྱི་ལྷུམས་སུ་ཡང་མ་གནས། ཆོས་ཐམས་ཅད་ལ་སེམས་མི་གནས་པས་ང་ནི་སྐྱེ་རྒན་འཆི་ལས་འདས་སོ་ཞེས་ཀྱང་མ་བྱས། ཕྱོགས་བཞིར་གོམ་པ་བདུན་བདུན་ཡང་མ་བོར། ང་ནི་འཇིག་རྟེན་ན་བླ་ན་མེད་པའི་བཙུན་པ་ཡིན་ནོ་ཞེས་ཀྱང་མ་བརྗོད། གྲོང་ཁྱེར་མཆོག་ཏུ་ན་ཅུང་བཟང་མོ་དང་ ཡང་མ་རྩེ་ན། འཇིག་རྟེན་གྱི་བྱ་བ་ཡིག་རྩིས་ལ་སོགས་པ་ཡང་མ་བསླབས། སྟོབས་དང་འཕོང་རྩོལ་ཡང་མ་བསྒྲུན། སེམས་ཅན་ཡངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་རྒན་པོ་མངོན་སུམ་དུ་བསྟན་པ་ནི་ལུས་ལ་ཆགས་པ་རྣམས་བཀག་པའོ། །ནད་པ་མངོན་སུམ་དུ་བསྟན་པ་ནི་ཚེ་ལ་ཆགས་ པ་རྣམས་བཀག་པའོ། །ཤི་བའི་མཚན་མ་མངོན་སུམ་དུ་བསྟན་པ་ནི་འདོད་ཆགས་དང་ང་དང་ངར་འཛིན་པ་རྣམས་བཀག་པའོ། །དགེ་སློང་མངོན་སུམ་དུ་བསྟན་པ་ནི་སེམས་ཅན་རྣམས་ཚངས་པ་དང་བརྒྱ་བྱིན་གྱི་ལུས་སུ་མི་སྨོན་པར་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་ཆོས་བརྩོན་པར་བསྒྲུབ་ པར་བྱ་བའོ། །གྲོང་ཁྱེར་མཆོག་ནས་བྱུང་སྟེ་གཤེགས་པ་ནི་ཁམས་གསུམ་གྱི་བཙོན་ར་ནས་ཐར་པ་དང་འབྲས་བུ་མ་ཡིན་པ་རྣམས་བསྟན་པའོ། །སླར་གཟིགས་པ་ནི་བྱམས་སྡང་མི་མངའ་བར་བསྟན་པའོ། །དེའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་རྣམ་པར་བརྒྱན་ཅིང་སེམས་ཅན་གྱི་ བསོད་ནམས་ཀྱི་ཞིང་དུ་བྱ་བའོ། །དབུ་སྐྲ་བྲེགས་པ་དང་། རྒྱན་རྣམས་སྤངས་པ་དང་། རྟ་ཙན་ཏ་ཀ་ཞབས་རིང་དད་པ་ཅན་ལ་སླར་བསྐུར་བ་ནི་ཉོན་མོངས་པ་ཐམས་ཅད་དང་དབྲལ་བར་བསྟན་པའོ། །ཁ་སྤུ་བྲེགས་པ་ནི་ཆོས་ཐམས་ཅད་ལ་མི་ཆགས་པར་བསྟན་པའོ། །ཀཤ་ངུར་སྨྲིག་གྱོན་པ་ནི་ སེམས་ཅན་འདུལ་བར་བསྟན་པའོ། །དྲང་སྲོང་ཨུ་ཏ་ཀ་དང་། ཨ་རན་ཏ་ལ་ཆོས་འདྲི་རྟོག་བྱ་བ་ནི་རང་གི་ང་རྒྱལ་གྱི་སེམས་འཇོམས་པར་བསྟན་པའོ། །ལོ་དྲུག་གི་བར་དུ་དཀའ་ཐུབ་སྤྱད་པ་ནི་མུ་སྟེགས་འདུལ་བའོ། །ཞལ་ཟས་བླངས་པ་ནི་འཇིག་རྟེན་པའི་ཆོས་ཀྱི་རྗེས་སུ་འབྲང་བའོ། ། རྩྭ་སྭ་སྟི་ཀ་བླངས་པ་ནི་ཆོག་ཤེས་པར་བསྟན་པའོ། །རྩྭ་བཏིང་བའི་སྟེང་དུ་བཞུགས་པ་ནི་ཉམ་རངས་དང་གཡེལ་བ་རྣམས་འཇོམས་པར་བསྟན་པའོ། །ལྷ་ཀླུ་ཀུན་གྱིས་བསྟོད་ཅིང་བསྔགས་པ་དང་བསྙེན་བཀུར་བྱས་པ་ནི་ཡོན་ཏན་གྱི་འབྲས་བུ་ལ་བཀོད་པར་བསྟན་པའོ། །བདུད་རྣམས་བཏུལ་བ་ ནི་དཔའ་བའི་མཐུ་བསྟན་པའོ། །ཕྱག་གཡས་པ་ས་ལ་བསྟན་པ་ནི་བསོད་ནམས་ཀྱི་མཐུ་བསྟན་པའོ། །ས་ཆེན་པོ་ཀུན་ཏུ་གཡོ་བ་ནི་དྲིན་གྱི་ལན་ལྡོན་པར་བསྟན་པའོ། །དེ་ལྟར་མཚན་མ་མེད་པར་བསྒོམས་པའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཐོབ་པ་ཡིན་ནོ། །འདི་ལྟར་ ཆོས་ཐམས་ཅད་ཀྱི་མཚན་ཉིད་མངོན་སུམ་དུ་མཁྱེན་ནས། ཆོས་ཀུན་མཉམ་པ་ཉིད་དུ་བསྟན་པས་ནི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ཀྱི་ཡེ་ཤེས་ལ་ཐུབ་པ་མེད་དེ། ཆོས་བསྟན་ཏོ་ཅོག་ལ་སངས་རྒྱས་སུ་འགྲུབ་པའི་དོན་བསྟན་པས་ནི་དེ་བཞིན་གཤེགས་པ་ཞེས་བྱའོ། །དུས་ གསུམ་གྱི་བྱ་བ་དགེ་བ་དང་མི་དགེ་བའི་ཆོས་མངོན་དུ་གསལ་བར་གཟིགས་ཤིང་མཁྱེན་པས་ན་ཐམས་ཅད་མཁྱེན་པ་ཞེས་བྱའོ། །བདེན་པ་དང་ཡང་དག་པར་གསུངས་པའི་ཕྱིར་ལྷ་དང་མིའི་མཁན་པོ་ཞེས་བྱའོ། །གང་ཞིག་དེ་ལྟར་བསླབ་ཅིང་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ལ་ ལོག་པར་རྟོག་པ་ནི་བྱང་ཆུབ་སེམས་དཔའ་ཞེས་མི་བྱ་སྟེ། སངས་རྒྱས་ཐམས་ཅད་ལ་བསླུ་བ་ཅན་ཞེས་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་མི་འབྱུང་མི་འཇུག་མི་སྐྱེ་མི་འགོག་སྟེ། སེམས་ཅན་ཐམས་ཅད་མྱ་ངན་ལས་བཟླ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་ཞེས་བརྗོད་པ་དང་། སངས་རྒྱས་མྱ་ངན་ལས་འདའོ་ཞེས་བརྗོད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་ཡང་དག་པར་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྟོང་པ་ཉིད་དུ་རྟོགས་ཏེ། དེ་བཞིན་གཤེགས་པ་ལ་འབྱུང་བའམ་ནུབ་ པ་མི་མངའ་བས་རྒྱལ་པོའི་ཕོ་བྲང་དུ་ཡང་མ་བལྟམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་ཡང་མྱ་ངན་ལས་མ་འདས། མཐའ་ལས་འདས་ཏེ་ཡུན་དུ་གནས་པ། སེམས་ཅན་ཡོངས་སུ་བསྒྲལ་པར་མཛད་པའི་སླད་དུ་དཀའ་ཐུབ་སྤྱད་ཅིང་མྱ་ངན་ལས་འདའ་བར་བསྟན་ཀྱང་ཡང་དག་པར་ན་ འགྱུར་བའམ་སྤྲོས་པ་མི་མངའ་ཞིང་དེ་བཞིན་གཤེགས་པའི་སྤྱོད་ཡུལ་དུ་གནས་ཏེ། ཁམས་གསུམ་ན་སྐུ་འབྱུང་བ་ཡང་ཆོས་ཀྱི་སྐུ་རྣམ་པ་ལྔ་འབྱུང་ངོ་། །ལྔ་པོ་གང་ཞེ་ན། འདི་ལྟ་སྟེ། སྐུ་ཡང་དག་པའི་ངོ་བོ་ཉིད་དང་། སྐུ་ཡོན་ཏན་ཅན་དང་། སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་པ་ དང་། སྐུ་སྤྲུལ་ཅིང་འབྱུང་བ་དང་། སྐུ་ནམ་མཁའ་ལྟ་བུ་དང་ལྔ་སྟེ། དེ་ལ་སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱི་བ་ནི་ཡང་དག་པའི་འབྲས་བུའི་མཆོག་མཚན་མ་ཐམས་ཅད་ལས་འདས་པ་རང་གི་དབྱིངས་ལ་ཡུན་དུ་གནས་པས་ན་སྐུ་ཡང་དག་པའི་ངོ་བོ་ཉིད་ཅེས་བགྱིའོ། །སྐུ་ཡོན་ཏན་ཅན་ཞེས་བགྱི་བ་ནི་སེམས་ཅན་ མྱ་ངན་ལས་བཟླ་བའི་སླད་དུ་སྤྱོད་པ་རྣམ་པ་སྣ་ཚོགས་མཛད་ཅིང་དགེ་བ་ཐམས་ཅད་ཕུན་སུམ་ཚོགས་པར་མཛད་པས་ན་སྐུ་ཡོན་ཏན་ཅན་ཞེས་བགྱིའོ། །སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱི་བ་ནི་ཆོས་ཀྱི་མཚན་ཉིད་ཐམས་ཅད་ཐུགས་སུ་ཆུད་དེ་མི་མཁྱེན་པ་མི་མངའ། སྤྱོད་ཡུལ་དེ་ལ་ཡང་དག་པར་ མཁྱེན་པའི་སྟོང་པ་ཉིད་ལས་སྐྱེས་ཏེ། ཡང་དག་པར་རྫོགས་པས་ན་སྐུ་ཆོས་ཀྱི་ངོ་བོ་ཉིད་ལས་སྐྱེས་ཞེས་བགྱིའོ། །སྐུ་སྤྲུལ་ཅིང་འབྱུང་བ་ཞེས་བགྱི་བ་ནི་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་ཡང་ལམ་རྒྱུད་ལྔར་དགེ་སྡིག་ཀུན་ལ་མངོན་པར་བསྟན་ཅིང་སྐྱབས་སུ་མི་མཛད་པ་མ་མཆིས་ཏེ། སྤྲུལ་པའི་རྫས་ལས་མཚན་དུ་འགྱུར་བས་ན་སྐུ་སྤྲུལ་ཅིང་འབྱུང་བ་ཞེས་བགྱིའོ། །སྐུ་ནམ་མཁའ་ལྟ་བུ་ཞེས་བགྱི་བ་ནི་ནམ་མཁའ་མཐའ་ཡས་པས་ན་ཆོས་ཀྱི་སྐུ་ཡང་མཐའ་ཡས་སོ། །ནམ་མཁའ་ལ་དཔག་པ་དང་གཞལ་དུ་མ་མཆིས་པས་ན་ཆོས་ཀྱི་སྐུ་ཡང་དཔག་ཅིང་གཞལ་དུ་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྐུ་ཡང་ནམ་མཁའ་ཆེན་པོ་དང་འདྲ་བ་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བའི་སླད་དུ་སྐུ་རྣམ་པ་ལྔར་སྟོན་པས་ན་དེ་བཞིན་གཤེགས་པ་ལ་སྐྱེ་བ་མི་མངའ། འགག་པ་མི་མངའ་བར་མངོན་ནོ། ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ་སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་ བའི་སླད་དུ་སངས་རྒྱས་མངོན་དུ་སྤྲུལ་ཅིང་ཆོས་རྣམ་པར་སྤེལ་བ་ལགས་སོ་ཞེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ནི་དེ་བཞིན་གཤེགས་པ་དང་འདྲ་བར་ཆོས་ཀྱི་མཚན་ཉིད་ལ་མཁས་ པས་སྤྱོད་ཡུལ་ཐམས་ཅད་ལ་བར་དུ་ཆོད་པའམ་ཐོགས་པ་མེད་དེ། རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་སྟོང་རྣམ་པར་དག་པ་ཞེས་བྱ་བ་དང་། འཇིག་རྟེན་ལོངས་སྤྱོད་ཅན་ཞེས་བྱ་བ་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་དག་ཐེག་པ་ཆེན་པོ་འབའ་ཞིག་སྤྱོད་དེ། ཉན་ ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་མིང་རྣ་བའི་ཐོག་མར་ཡང་མི་གྲག་ན་ངན་སོང་ལྟ་ཞིག་ཅི་སྨོས། ཁྱོད་བསྐལ་པ་དེ་དང་འཇིག་རྟེན་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱན་རྣམ་པར་དག་པ་ཞེས་བྱ་བ་འབྱུང་སྟེ། འཇིག་རྟེན་གཞན་ནས་སྐྱེས་ བུ་ཆེན་པོ་དག་ཀྱང་དེར་ཕྱིན་ཅིང་ཐེག་པ་ཆེན་པོ་ཐར་པ་ཕྱོགས་སུ་རྒྱས་པའི་མདོ་སྡེ་མཉན་པ་དང་། བླངས་པ་དང་། བཅངས་པར་འགྱུར་རོ། །དེ་བས་ན་སེམས་ཅན་གང་ལ་ལས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་མིང་ཐོས་ཏེ་ཕྱག་འཚལ་ཞིང་མཆོད་པ་བྱས་ན་འཇིག་རྟེན་ལོངས་ སྤྱོད་ཅན་གྱི་ཁམས་དེར་སྐྱེ་བར་འགྱུར་རོ། །སེམས་ཅན་གང་ལ་ལས་ཐེག་པ་ཆེན་པོའི་ཆོས་སྒྲུབ་ན་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར། གང་ཆོས་ཀྱི་རྣམ་གྲངས་འདི་བླང་ཞིང་བཅངས་པ་དེས་ནི་སངས་རྒྱས་འབྱུང་བ་བཅུ་མ་འདས་པར་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། །དེའི་ཚེ་ དེའི་དུས་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བྱང་ཆུབ་སེམས་དཔའ་མཚན་ཉིད་དད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཞུས་ནས་བཅོམ་ལྡན་འདས་ཀྱིས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་མཚན་དང་། མདོ་སྡེ་བཅུ་གཉིས་ཀྱི་མཚན་དང་། བྱང་ཆུབ་སེམས་དཔའི་ དགེ་འདུན་རྣམས་ཀྱི་མཚན་བསྟན་ནས་ཡང་སེང་གེའི་སྒྲ་ཆེན་པོ་སྒྲོགས་ཏེ། སེང་གེའི་སྒྲ་ཞེས་བྱ་བ་ནི་ངེས་པའི་ཚིག་བསྟན་པའོ། །ངེས་པའི་ཚིག་བསྟན་པ་ནི་དེ་བཞིན་གཤེགས་པ་རྟག་པར་འཚོ་སྐྱོང་ཞིང་གཞེས་ཏེ། མྱ་ངན་ལས་མི་འདའ་བར་རིག་པའོ། །ཡང་སེམས་ཅན་ཐམས་ཅད་ ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ་ཞེས་བསྟན་པ་དང་། ལྷའི་བདུད་དང་མུ་སྟེགས་ལ་སོགས་པ་སྤ་གོང་སྟེ། སྐྱབས་ཀྱི་དབང་དུ་གྱུར་པས་ན་སེང་གེའི་སྒྲ་ཞེས་བྱའོ། །དེ་ལྟར་བསྟན་ནས་ལྗགས་ཀྱི་མཚན་རྒྱ་ཆེན་པོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཁེབས་པར་ གཡོགས་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །རྣམ་པ་དྲུག་ཏུ་གཡོས་ཞེས་བྱ་བ་ནི་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམའ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམའ། བྱང་ཕྱོགས་མཐོ་ན་ལྷོ་ཕྱོགས་དམའ། དབུས་མཐོ་ན་མཐའ་དམའ།