Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 067_མདོ་སྡེ།_འ
Văn bản gốc(Tây Tạng)
Trang 13 / 20 (50.000 ký tự/trang)
ེ་ལ་བདག་གིས་སྨོན་ལམ་འདི་ ལྟ་བུ་བཏབ་སྟེ། གལ་ཏེ་བདག་བླ་ན་མེད་པའི་ཤེས་རབ་ཆེན་པོ་མ་ཐོབ་ཀྱི་བར་དུ་བདག་གི་སྨོན་ལམ་འདི་གྲུབ་པར་གྱུར་ཅིག །བདག་ཤིང་ཆེན་པོ་འདི་ལ་འཛེགས་ཏེ། བདག་མཆོངས་ནས་རྫུས་ཏེ་རར་སྐྱེས་ལ། ལྷས་མི་རྣམས་ལ་བསྒོ་བ་འདི་ནི་ནད་པ་རྣམས་ཀྱི་སྨན་དུ་གྱུར་པ་ཡིན་ གྱིས་སེམས་ཅན་དེ་དག་གིས་ཤ་ཟོ་ཤིག་དང་། དེ་དག་གི་ནད་དེ་ཞི་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དུ་བདག་འཇིག་རྟེན་དུ་སངས་རྒྱས་སུ་གྱུར་པ་དེར་སེམས་ཅན་རྣམས་ཤ་ཟ་བར་མ་གྱུར་ཅིག །དེ་ན་ནད་ཀྱིས་རེག་པ་རྣམས་ལ་སྨན་དུ་མ་གྱུར་པའི་དངོས་པོ་མེད་པར་གྱུར་ ཅིག །ཡིད་དུ་མི་འོང་བའི་སྒྲ་མི་གྲག་པར་གྱུར་ཅིག །སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ལོངས་སྤྱོད་དང་ཀུན་ཏུ་སྤྱོད་པས་ཕོངས་པར་འགྱུར་བའི་སྒྲ་མི་གྲག་པར་གྱུར་ཅིག །བདག་ད་ལྟར་རའི་གཟུགས་ཀྱིས་ནད་པ་རྣམས་བསྙེན་བཀུར་བྱེད་པ་དེ་བཞིན་དུ་ཇི་སྲིད་དུ་ཡུན་རིང་པོར་ འཁོར་བ་ན་སེམས་ཅན་རྣམས་ནད་ཀྱིས་རེག་པར་གྱུར་པ་ལ་ཤ་དང་། ཁྲག་དང་། འོ་མ་དང་། མར་གྱིས་སེམས་ཅན་རྣམས་ཀྱི་ནད་ཞི་བར་འགྱུར་བ་དེ་སྲིད་ཀྱི་ཡུན་རིང་པོར་སེམས་ཅན་རྣམས་ཀྱི་ནད་ཞི་བར་བགྱི་བའི་སླད་དུ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་ཅིག །བདག་ཤིང་དེ་ལས་ འཛེགས་ནས་བདག་མཆོངས་ཏེ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་ལ། བརྒྱ་བྱིན་དང་། ཚངས་པ་དང་། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། ཨ་ག་རུ་དང་། ཏ་ཀ་ར་དང་། དུས་ དང་འཐུན་པའི་ཙན་དན་གྱི་ཕྱེ་མའི་ཆར་རབ་ཏུ་ཕབ་ནས་བདག་གི་མདུན་དུ་ཐལ་མོ་སྦྱར་ཏེ་འདུག་ལ་འདི་སྐད་ཅེས་སྨྲས་ཏེ། སྐྱེས་བུ་དམ་པ་སེམས་ཅན་ནོ་ཅོག་གིས་བདག་མ་གསད་ཅིག་དང་། བདག་ཅག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སེམས་ཅན་ནད་པ་རྣམས་ནད་ཐམས་ཅད་ལས་ ཡོངས་སུ་ཐར་བར་བྱའོ། །ཆར་མི་འབབ་ཅིང་མུ་གེ་འབྱུང་བ་ཐམས་ཅད་དང་། ན་བ་དང་། འཆི་བ་དང་། ཐབ་མོ་དང་། རྩོད་པ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་ལས་ཀྱང་ཐར་བར་བྱ་སྟེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་སེམས་ཅན་རྣམས་སྦྱར་བར་བྱའོ། །བདག་ཤིང་དེ་ ལས་མཆོངས་པ་ལྷ་རྣམས་ཀྱིས་བདག་ནམ་མཁའ་བར་སྣང་ལས་བཟུང་སྟེ། དེ་ན་བདག་གིས་སེམས་ཅན་རྣམས་ལ་བསླབས་ནས་སེམས་ཅན་རྣམས་ཆོས་ལ་སྦྱོར་བར་བྱས་སོ། །དེ་ན་བདག་གིས་སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལྔ་མངོན་པར་ཤེས་པ་དང་ལྡན་པར་ བྱས་སོ། །བདག་གི་ཚིག་གིས་ལྷ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དེ་དག་ཐམས་ཅད་དུ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་ལ་བཙུད་ཅིང་སོ་སོར་བཀོད་དོ། །བཙུན་པ་བཅོམ་ལྡན་འདས་བདག་གི་སྨོན་ལམ་ནི་དེ་ལྟ་བུ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ ཆུབ་སེམས་དཔའ་ནམ་མཁའི་དབྱངས་ལ་ལེགས་ས་ཞེས་བྱ་བ་བྱིན་ནས་རིགས་ཀྱི་བུ་ཁྱོད་ཀྱི་སྨོན་ལམ་དེ་ལྟ་བུར་གྱུར་ཏེ། སྤྱད་པར་དཀའ་བ་སྤྱོད་པའི་སེང་གེའི་སྒྲ་དེ་ལྟ་བུ་བསྒྲགས་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཇི་ལྟར་སྡོན་གང་ག་ཞེས་བྱ་བ་ཉི་མ་ལ་དགའ་བར་གྱུར་པ་དེ་ངས་ བསྐུལ་ནས་ཐོག་མར་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ཏམ། གསོལ་པ། བཙུན་པ་བཅོམ་ལྡན་འདས་བདག་སྔོན་ལན་འགའ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་མ་མཆིས་སོ། །བཙུན་པ་བཅོམ་ལྡན་འདས་བདག་ཐོག་མ་བྱང་ ཆུབ་སེམས་དཔར་གྱུར་པ་ནི་འདི་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་དེ་བཞིན་གཤེགས་པ་ཚངས་པའི་དབང་པོའི་ཐད་དུ་མཆིས་ཏེ། དེའི་ཚེ་ད་ལྟར་ཇི་སྐད་དུ་བརྗོད་པའི་སྨོན་ལམ་དེ་ལྟ་བུ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ བུ་ཁྱོད་གལ་ཏེ་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པར་མ་གྱུར་ན་སྨོན་ལམ་དེ་ལྟ་བུ་སུས་བསླབས། གསོལ་པ། དེ་ན་བདག་དབེན་པ་ཞིག་ཏུ་མཆིས་ཏེ། དོག་ས་ལ་མཆིས་ནས་སྨོན་ལམ་ཞིག་གདབ་པར་སེམས་པ་དེ་ན་བདག་གི་རྨི་ལམ་དུ་དེ་བཞིན་གཤེགས་པ་ཚངས་པའི་དབང་པོས་ སྨོན་ལམ་དེ་དག་བསྒོ་བ་དང་། དེས་དེ་བཞིན་གཤེགས་པ་དེའི་སྤྱན་སྔར་སྨོན་ལམ་བཏབ་བོ། །དེ་ན་བདག་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་ཏེ་འཁོར་བའི་སྐྱོན་རྟོགས་སོ། །དེ་ཕྱིས་རྗེས་སུ་དཔག་པ་དེས་མཆོད་སྦྱིན་སྨྲ་བ་བདག་ཡོངས་སུ་བཏང་བ་བགྱིས་ཏེ། སྨོན་ལམ་དེ་ལྟ་བུ་ བཏབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཁྱོད་ལྟ་བར་སོང་བ་དེ་དག་ཏུ་ཞུགས་སམ། གསོལ་པ། མ་ལགས་སོ། སུ་ཞིག་གི་མཐུས། གསོལ་པ། བཙུན་པ་བཅོམ་ལྡན་འདས་སྨོན་ལམ་གྱི་ཁྱད་པར་གྱིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ དེ་དེ་བཞིན་ཏེ། སྨོན་ལམ་གྱི་ཁྱད་པར་གྱིས་སེམས་ཅན་རྣམས་ལྟ་བར་སོང་བ་ཐམས་ཅད་ལས་ཡོངས་སུ་དགྲོལ་གྱི། གཞན་གང་གི་མཐུས་ཀྱང་སེམས་ཅན་རྣམས་ལྟ་བར་སོང་བ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་མི་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་ཀྱི་ཕྱིར་ལུང་བསྟན་པ་འདི་སུ་ཞིག་གི་ དུས་གསུམ་གྱི་གཟུགས་ཀྱི་ཕུང་པོ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ཡིན་ནམ། འོན་ཏེ་དུས་གསུམ་གྱི་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མེད་སྡུག་བསྔལ་ཡང་མེད་པ་ཚོར་བའི་སྐྱེ་མཆེད་དྲུག་པོ་འདི་དག་གི་ཡིན་ནམ། འོན་ཏེ་ཚོར་བ་མེད་པ་ཡིན་ནམ། བྱང་ཆུབ་ ཀྱི་ཕྱིར་ལུང་བསྟན་པ་ཞེས་བྱ་བ་འདི་སུ་ཞིག་གི་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་འདས་འདི་ལྟ་སྟེ། བདག་ལུང་བསྟན་པར་གསོལ་བའམ་བདག་ལུང་སྟོན་པའམ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་མ་མཆིས་སོ། །དེ་ཅིའི་ སླད་དུ་ཞེ་ན། ཇི་ལྟར་ནམ་མཁའ་འདི་རྫས་མ་མཆིས། དངོས་པོ་མ་མཆིས། རང་བཞིན་མ་མཆིས། ཅུང་ཟད་ཀྱང་མ་མཆིས། ཡི་གེ་མ་མཆིས། ཐོབ་པ་མ་མཆིས། བརྗོད་དུ་མ་མཆིས་པ་དེ་བཞིན་དུ་ཆོས་འདི་དག་ཀྱང་རྫས་མ་མཆིས་ཤིང་དངོས་པོ་མ་མཆིས་པ་ནས། བརྗོད་དུ་ མ་མཆིས་ཤིང་མ་སྐྱེས་པའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་དུས་གསུམ་གྱི་གཟུགས་འབྱུང་བ་མ་མཆིས་ཏེ་ལྟ་བའི་མཚན་ཉིད་དང་ཉེ་བར་བྲལ་བ་ནས་རྣམ་པར་ཤེས་པའི་བར་དུ་ཡང་མ་སྐྱེས་པའོ། །བཙུན་པ་བཅོམ་ལྡན་འདས་དུས་གསུམ་གྱི་མིག་འབྱུང་བ་མ་མཆིས་ཤིང་ལྟ་བའི་ མཚན་ཉིད་དང་ཉེ་བར་བྲལ་བ་ནས་དུས་གསུམ་གྱི་ནང་གི་ཡིད་ཀྱི་བར་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་ཡང་མ་མཆིས་སྡུག་བསྔལ་བ་ཡང་མ་མཆིས་པའི་ཚོར་བ་ཡང་མ་སྐྱེས་པ་ནས་ལྟ་བའི་མཚན་ཉིད་དང་བྲལ་བའི་བར་དུའོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ནི་དུས་ གསུམ་གྱི་གཟུགས་ཀྱི་ཡང་དག་པའི་མཐའ་དང་། ཆོས་ཉིད་ལ་སྐྱེ་བའམ། གནས་པའམ། འཇིག་པ་མི་དམིགས་སོ། །ཆོས་ཀྱི་དབྱིངས་ལ་ཡང་གནས་པར་མི་དམིགས་ཏེ། མིང་དང་གཟུགས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བརྡར་བཏགས་པ་ཙམ་དུ་ཡང་གཟུགས་ཀྱི་ མཚན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། བཙུན་པ་བཅོམ་ལྡན་འདས་བདག་གིས་ནི་དུས་གསུམ་གྱི་རྣམ་པར་ཤེས་པའི་ཡང་དག་པའི་མཐའི་བར་ལ་ཡང་བརྡར་བཏགས་པ་ཙམ་དུ་ཡང་རྣམ་པར་ཤེས་པའི་མཚན་ ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། །བཅོམ་ལྡན་འདས་བདག་གིས་ནི་དུས་གསུམ་གྱི་མིག་གི་ཡང་དག་པའི་མཐའ་ནས་བརྡ་ཙམ་དུ་བཏགས་པའི་མིག་གི་མཚན་ཉིད་ནས་དུས་གསུམ་གྱི་ནང་གི་ཡིད་ཀྱི་འདུས་ཏེ་རེག་པ་བདེ་བ་དང་། སྡུག་བསྔལ་དང་། བདེ་བ་ཡང་མ་མཆིས། སྡུག་ བསྔལ་ཡང་མ་མཆིས་པའི་བར་དུ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཙུན་པ་བཅོམ་ལྡན་འདས་བདག་གིས་ནི་ཡང་དག་པའི་མཐའ་དང་། ཆོས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཀྱི་སྐྱེ་བ་དང་། གནས་པ་དང་། འགོག་པ་མི་དམིགས་སོ། །ཡིད་དང་ཆོས་ཀྱི་ཁམས་ཀྱང་མི་ དམིགས་སོ། །བདག་གིས་ནི་ཡིད་རྣམ་པར་གནས་པའི་མཚན་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་འོང་བ་མེད་ཅིང་འགྲོ་བ་མེད་པ་གང་ལ་གང་གིས་ཀྱང་ མ་བཟུང་བའོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ། སྨིག་རྒྱུ་ལྟ་བུ། རྨི་ལམ་ལྟ་བུ། ཆུ་ཟླ་ལྟ་བུ་སྟེ། ནམ་མཁའ་ལ་བརྟག་པའི་མཚན་ཉིད་ལྟ་བུ་འོང་བ་མེད་ཅིང་འགྲོ་བ་མེད་པ་གང་ལ་གང་གིས་ཀྱང་མ་བཟུང་བའོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཏིང་ངེ་འཛིན་སྤངས་པའི་མཚན་ཉིད་བཟུང་བ་མ་མཆིས་པ་ཞེས་བགྱི་བ་ཞིག་མཆིས་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་མ་ལགས་སོ། །དེ་ལ་གཟུགས་ཀྱི་མཚན་ཉིད་དང་བྲལ་ཞིང་ཡོངས་སུ་གཟུང་དུ་མ་མཆིས་པའི་ཏིང་ངེ་འཛིན་གང་ ཞེ་ན། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། རབ་ཏུ་སྟོང་པ་ཉིད་དང་། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་དང་། མི་འགྱུར་བ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དག་བཟུང་བ་དེ་ནི་མཚན་ཉིད་དང་བྲལ་བ་ཡོངས་སུ་བཟུང་བ་མ་མཆིས་པ་ཞེས་བགྱི་བའི་ཏིང་ངེ་འཛིན་ཏེ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་བ་མ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ནི་རྣམ་གྲངས་འདིས་ཀྱང་དེ་སྐད་བརྗོད་པར་ བགྱི་སྟེ། འདི་ལྟ་སྟེ། དེ་ནི་མ་མཆིས་པའི་ཚིག་བླ་དགས་སོ། །འདི་ལྟ་སྟེ། བདག་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ལུང་སྟོན་པར་འགྱུར་རོ། །ལུང་བསྟན་ཏོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ནི་ལུང་བསྟན་པ་ཡང་ དག་པར་རྗེས་སུ་མི་མཐོང་། བརྗོད་པ་དང་ལུང་བསྟན་པ་དང་འཁོར་བ་ཡང་ཡང་དག་པར་རྗེས་སུ་མི་མཐོང་། མྱ་ངན་ལས་འདའ་བ་དང་། རྣལ་འབྱོར་དང་། རྣལ་འབྱོར་མ་ལགས་པ་དང་། ལམ་དང་། ལམ་མ་ལགས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདི་ལྟ་སྟེ། དཔེར་ན་དེ་བཞིན་ཉིད་ཀྱི་ལམ་མ་མཆིས་ཤིང་ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་ཀྱི་ལམ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་བཞིན་དུ་གཟུགས་སུ་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། རྣམ་པར་ཤེས་པའི་བར་དུ་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །མིག་ཡང་དག་པར་རྗེས་སུ་མི་མཐོང་བ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་བར་གྱི་ལམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུང་བསྟན་པ་བརྗོད་པ་འདིའི་སྐབས་དང་གོ་སྐབས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གང་གཟུགས་ཀྱི་ལུང་ བསྟན་པ་ནས། རྣམ་པར་ཤེས་པའི་བར་དང་། མིག་ནས་ཡིད་ཀྱི་བར་གྱི་ལུང་བསྟན་པ་དང་། གང་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཤིན་ཏུ་བསྟན་པ་འདི་བཤད་པ་ན། ཀུན་ཏུ་རྒྱུ་ཤིན་ཏུ་རྣམ་པར་ ཕྱེ་བའི་སས་ཀྱང་དེ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ནས། ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སེམས་ཅན་གཞན་མུ་སྟེགས་ཅན་ང་རྒྱལ་བཅོམ་པ་སྟོང་ཕྲག་བཅུ་གསུམ་པོ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་རབ་ཏུ་ཐོབ་པར་གྱུར་ཏོ། །ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །ལེའུ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་ འདས་སྒྲ་ཐམས་ཅད་ལ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེས་སེམས་ཅན་གྱི་སྐྱེ་གནས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་དེ་དག་གི་སྒྲ་བརྗོད་པའི་ཚིག་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་ཏིང་ངེ་འཛིན་དེས་སྐྱེ་གནས་དང་སྒྲ་དབྱངས་ཀྱི་ཚིག་བརྗོད་པ་ ཐམས་ཅད་ཚིམ་པར་བྱེད་དོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཡི་གེ་དང་སྨྲས་པ་ཉོན་ཅིག །གྲོགས་པོ་དག་ཉོན་ཅིག །གྲོགས་པོ་དག་ལྷ་དང་མིར་སྐྱེ་བ་ཐོབ་པར་འགྱུར་བ་དང་། ལམ་གང་གིས་ཉན་ཐོས་ཀྱི་ཐེག་པ་རྙེད་དེ་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་ བ་དང་། རང་སངས་རྒྱས་ཀྱི་ཐེག་པ་རྙེད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བ་བདེ་བ་དང་ཞི་བའི་ལམ་སྟོན་ཅིག །བཅོམ་ལྡན་འདས་ཀྱིས་སྒྲ་དབྱངས་བརྗོད་པ་དེ་ཕྱོགས་བཅུ་ཀུན་ཏུ་སྐད་དང་ཚིག་གཅིག་བརྗོད་པས་ཡི་གེ་དང་སྒྲ་དབྱངས་བརྗོད་པ་ སྟོང་ཕྲག་བརྒྱད་ཅུ་རྩ་བཞི་བརྗོད་པའི་གྲངས་སུ་འགྲོའོ། །ཡི་གེ་དང་སྒྲ་དབྱངས་བརྗོད་པ་དེས་སེམས་ཅན་ཐམས་ཅད་རང་རང་གི་ཚིག་ཁོང་དུ་ཆུད་པར་འགྱུར་རོ། །ཕྱོགས་བཅུ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་རྙོག་པ་ལྔ་དང་ལྡན་པ་ཆུ་བོ་གང་གཱའི་བྱེ་མ་སྙེད་སྒྲ་དབྱངས་ཀྱིས་ རྒྱས་པར་བྱེད་དོ། །ཆུ་བོ་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་སྟོང་པ་རྙོག་པ་ལྔ་དང་ལྡན་པ་དེའི་སེམས་ཅན་ངན་པར་སོང་བ་རྣམས་ཀྱི་རྣ་ལམ་དུ་ཡང་གྲག་གོ། །དེ་ནས་སེམས་ཅན་དེ་དག་རང་རང་གི་ཚིག་ཀུན་ཏུ་ཤེས་ནས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཡིད་དུ་འོང་བ་འདི་ ལྟར་སྙན་པ། འདི་ལྟར་དགའ་བར་འགྱུར་བ་འདི་སུའི་ཚིག་བདག་ཅག་ལ་ཞི་བ་དང་བདེ་བའི་ལམ་སྟོན་པའི་སེམས་ཅན་གྱི་སྙིང་པོ་འདི་སུ་ཞིག །ལམ་གང་བསྟན་པས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཐོབ། ཉན་ཐོས་ཀྱིས་ནི་ཅི་འདྲ་བ་ཞིག །རང་ སངས་རྒྱས་ཀྱིསའང་ཅི་འདྲ་བ་ཞིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིསའང་ཅི་འདྲ་བ་ཞིག །ལམ་གང་ཐོབ་ན་བདག་ཅག་ལུས་ཀྱི་བདེ་བའི་ཚོར་བ་ཐམས་ཅད་བྱང་ཞིང་སྡུག་བསྔལ་ཐམས་ཅད་བྱང་སྟེ། ལུས་ཀྱི་གཡེང་བ་ཐམས་ཅད་སྲབ་པར་གྱུར། དེ་བས་ན་ བདག་ཅག་གིས་བསྟི་སྟང་དུ་བྱས་ཏེ་མཉན་པར་བྱ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། གྲོགས་པོ་དག་བཅུ་པོ་འདི་དག་ནི་དགེ་བའི་ལས་ཀྱི་ལམ་སྟེ། དེས་ལྷ་དང་མིར་སྐྱེ་བ་རབ་ཏུ་འཐོབ། སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ་ཉན་ཐོས་ཀྱི་ཐེག་པ་ཡང་ འཐོབ། སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ་འཐོབ་བོ། །དགེ་བའི་ལས་ཀྱི་ལམ་དེས་སེམས་ཅན་ཐམས་ཅད་ཀྱི་མཆོག་དམ་པ་ཁྱད་པར་ཅན་ཕུལ། བྱམས་པ་ཆེན་པོ། སྙིང་རྗེ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་འཐོབ་པར་འགྱུར་རོ། །སེམས་ཅན་ ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་བྱེད་པར་འགྱུར་རོ། །དེ་ལ་དགེ་བའི་ལས་ཀྱི་ལམ་བཅུ་པོ་གང་ཞེ་ན། དགེ་བའི་ལས་ཀྱི་ལམ་གང་དང་ལྡན་ན་སེམས་ཅན་རྣམས་མྱུར་དུ་ལྷ་དང་མིར་སྐྱེ་བ་འཐོབ་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འཐོབ་ པར་འགྱུར་བ་སྟེ། དེ་ལ་གྲོགས་པོ་དག་ལྷ་དང་མི་རྙེད་ནས་དགེ་བའི་ལས་ཀྱི་ལམ་ལ་བརྩོན་པར་བྱའོ། །སྦྱིན་པ་སྦྱིན་ནོ། །ཚུལ་ཁྲིམས་སྲུང་ངོ་། །འདུ་ཤེས་བཅུ་བསྒོམ་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པར་འདུ་ཤེས་བསྒོམ་པར་བྱའོ། ། གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ་པའི་འབྲས་བུའི་བར་དུ་ཐོབ་ཅིང་སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར་བ་དང་། རྣམ་པར་རྣགས་པར་འདུ་ཤེས་པ་དང་། རྣམ་པར་སྔོས་པར་འདུ་ཤེས་པ་དང་། རྣམ་པར་དམར་བར་འདུ་ཤེས་པ་དང་། འབུས་གང་བར་འདུ་ཤེས་ པ་དང་། རྣམ་པར་ཟོས་པར་འདུ་ཤེས་པ་དང་། རྣམ་པར་འཐོར་བར་འདུ་ཤེས་པ་དང་། ཀེང་རུས་སུ་འདུ་ཤེས་པ་དང་། རྣམ་པར་ཚིག་པར་འདུ་ཤེས་པ་དང་། འཆི་བར་འདུ་ཤེས་པ་བསྒོམ་པར་བྱའོ། །གང་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ནས། དགྲ་བཅོམ་པའི་འབྲས་བུའི་ བར་དུ་ཐོབ་ཅིང་སྡུག་བསྔལ་ཐམས་ཅད་ཟད་པ་ཐོབ་སྟེ། མིར་གྱུར་པ་ཐོབ་ནས་ཀྱང་ཡང་གང་གིས་རང་སངས་རྒྱས་ཀྱི་ས་རྗེས་སུ་འཐོབ་པར་འགྱུར་བའི་འདུ་ཤེས་བཅུ་གཉིས་བསྒོམ་པར་བྱ་སྟེ། བཅུ་གཉིས་གང་ཞེ་ན། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། སྐྱོ་བ་རྗེས་སུ་དྲན་པ་དང་། ཞི་གནས་རྗེས་སུ་དྲན་པ་དང་། དབུགས་རྒྱུ་བ་རྗེས་སུ་དྲན་ པ་དང་། ལྷག་མཐོང་རྗེས་སུ་དྲན་པའི་འདུ་ཤེས་འདི་བསྒོམ་པར་བྱའོ། །གང་གིས་རང་སངས་རྒྱས་ཀྱིས་རྗེས་སུ་ཐོབ་ཅིང་མིར་གྱུར་པ་ཐོབ་ནས་ཀྱང་སྦྱིན་པ་དང་། དུལ་བ་དང་། སྡོམ་པས་སེམས་ཅན་ཐམས་ཅད་ལ་བདུད་རྩིའི་རོར་འགྲོན་བྱ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་ དྲུག་ཡོངས་སུ་རྫོགས་པར་བྱའོ། །དྲུག་གང་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས་སུ་རྫོགས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས་རྣམ་པ་དེ་ལྟ་བུའི་སྒྲ་སྐད་ དང་། དབྱངས་བརྗོད་པས་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་འདི་ལྟ་སྟེ། ད་ལྟར་གྱི་བཞིན་དུ་བདེ་བ་སྦྱིན་པར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་རྣམས་ནི་གོར་མ་ཆག་པར་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་བའི་སྤོབས་ པ་མཐོང་ངོ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་གི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཏིང་ངེ་འཛིན་དེས་ཕྱོགས་བཅུའི་ཆུ་ཀླུང་གང་གཱའི་བྱེ་མ་དང་མཉམ་ པ་སྟོང་པར་གྱུར་པའི་རྙོག་པ་ལྔའི་སེམས་ཅན་གྱི་ཁམས་ཇི་སྙེད་པ་དེ་སྙེད་དུ་སྤྲུལ་པའི་ཕྱིར་སེམས་ཅན་ཚངས་པ་ལ་མོས་པ་དེ་དག་གི་མདུན་དུ་ནི་ཚངས་པའི་གཟུགས་སུ་སོ་སོར་གནས་ཤིང་ཆོས་སྟོན་ཏོ། །ལ་ལ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་ ལེན་དུ་འཛུད་ལ་འཇུག་པར་བྱེད་ཅིང་སོ་སོར་འགོད་དོ། །སེམས་ཅན་ལ་ལ་དག་ནི་རང་སངས་རྒྱས་ཀྱི་ཐེག་པ་ལའོ། །ལ་ལ་དག་ནི་ཉན་ཐོས་ཀྱི་ཐེག་པ་ལའོ། །ལ་ལ་དག་ནི་དགེ་བའི་ལས་ཀྱི་ལམ་ལ་སྦྱོར་བས་ལྷ་དང་མི་རྣམས་ཀྱི་ཕྱིར་རོ། །གང་དབང་ཕྱུག་ལ་མོས་པ་ ནས། གླང་པོ་ལ་གླང་པོའི་གཟུགས་ཀྱི་བར་དང་། རྟ་ལ་རྟའི་གཟུགས་དང་། ཡི་དྭགས་ལ་ཡི་དྭགས་ཀྱི་གཟུགས་དང་། སེམས་ཅན་དམྱལ་བ་པ་ལ་སེམས་ཅན་དམྱལ་བ་པའི་གཟུགས་ཀྱིས་དེ་དག་གི་མདུན་དུ་འདུག་སྟེ་ཆོས་སྟོན་ཏོ། །སེམས་ཅན་དམྱལ་བ་པའི་ སེམས་ཅན་ལ་ལ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ནས་ལྷ་དང་མིའི་བར་དག་ལ་ཡང་སྦྱོར་ཏེ། སེམས་ཅན་གང་དག་དེར་སྔོན་དགེ་བའི་རྩ་བ་འདི་དག་བསྐྱེད་པ་དེ་དག་ནི་དེ་བས་ཀྱང་བརྟན་པར་བྱས་སོ། །སེམས་ཅན་གང་དག་སྔོན་ དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི་དེར་བསྐྱེད་དོ། །སེམས་ཅན་གང་དད་པའི་རྒྱུ་དེས་ངན་སོང་གསུམ་པོ་དེ་དག་ལས་ཤི་འཕོས་ནས་ལྷ་དང་མིར་སྐྱེས་པ་དེའི་ཚེ་དེའི་དུས་ན། ཕྱོགས་བཅུའི་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཀྱི་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དག་ན་སངས་རྒྱས་ཀྱི་ཞིང་རེ་རེར་ ཡང་ཚད་མེད་གྲངས་མེད་པའི་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཀྱི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་དགེ་བའི་རྩ་བ་བསྐྲུན་ཏོ། །ལ་ལ་དག་ནི་ཕྱིར་མི་ལྡོག་པའི་ས་རབ་ཏུ་ཐོབ་བོ། །ལ་ལ་དག་ནི་དེ་ལྟ་བུའི་བཟོད་པ་དང་། ཏིང་ངེ་ འཛིན་དང་། གཟུངས་རབ་ཏུ་ཐོབ་སྟེ། བཟོད་པ་དང་། གཟུངས་ཇི་སྙེད་ཐོབ་པའི་སྟོབས་དང་། རྫུ་འཕྲུལ་གྱིས་མི་མཇེད་ཀྱི་སངས་རྒྱས་ཀྱི་ཞིང་འདིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་གན་དུ་ལྷགས་སོ། །གང་རྐྱེན་ལ་འཇུག་པའི་ཐེག་པ་ལ་སེམས་བསྐྱེད་དེ་དགེ་བའི་རྩ་བ་བསྐྲུན་ པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གང་གཱའི་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དག་ལས་ཁ་ཅིག་ནི་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་ཞིང་སྐྱོང་ལ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་གཞན་དུ་དོང་ངོ་། །ཁ་ཅིག་ནི་ ཕྱིར་མི་ལྡོག་པའི་ས་ལ་གནས་སོ། །དེ་བཞིན་དུ་གང་ཉན་ཐོས་ཀྱི་ཐེག་པར་སེམས་བསྐྱེད་ཅིང་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གང་གཱ་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང་། དེ་བཞིན་དུ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཆུ་ཀླུང་གང་གཱ་གྲངས་ མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང་། གང་སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་གང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རྣམ་པར་གནས་པ་ལྷ་དང་མིའི་ལམ་ཐོབ་པར་གྱུར་པ་ཆུ་ཀླུང་གང་གཱ་གྲངས་མེད་དཔག་ཏུ་མེད་པའི་བྱེ་མ་སྙེད་དང་། སངས་རྒྱས་ཀྱི་ཞིང་རེ་རེའི་སེམས་ཅན་བྱེ་བ་ཁྲག་ཁྲིག་ བརྒྱ་སྟོང་སྨོན་ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་འདིར་སྐྱེས་སོ། །ལ་ལ་དག་ནི་སྨོན་ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ནས་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་ཏེ་འཚོ་སྐྱོང་ཞིང་བྱང་ཆུབ་སེམས་དཔའ་ དག་པའི་ཚོགས་ཀྱིས་བསྐོར་ཏེ། ཆོས་ཀྱང་སྟོན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གཞན་དག་ཏུ་སྐྱེས་ནས། སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་དང་། ཀུན་ཏུ་སྤྱོད་པ་དང་། བདེ་བའི་ཡོ་བྱད་སྣ་ཚོགས་ཆོ་མ་ཆོ་དགུ་གྲངས་མེད་དཔག་ཏུ་མེད་པ་ བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས། དེའི་ཚེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །འཇིག་རྟེན་དག་ན་མཁས་པ་གང་། །བློ་དང་ལྡན་ཞིང་འཇིགས་མེད་པ། །བྱང་ཆུབ་ཏུ་ནི་སེམས་བསྔོས་ཤིང་། །བྱ་བར་དཀའ་བ་རྣམས་ཀྱང་སྤྱོད། ། ཕ་ཡི་དངོས་པོ་རྣམ་པར་སྟོན། །སེམས་ཅན་སྡུག་བསྔལ་སྨིན་པར་བྱེད། །བདུད་བཞི་དག་ཀྱང་འདུལ་བར་བྱེད། །མྱ་ངན་འདས་པ་ཞི་བ་ཐོབ། །སྦྱིན་པ་སྡོམ་པ་སྡོམ་པ་ཡིས། །སེམས་ཅན་རྣམས་ལ་ལས་སྟོན་ཅིང་། །ཐེག་པ་གསུམ་ལ་སྦྱོར་བ་ཡིས། །དེ་དག་ཐར་པའི་སྐལ་བ་ ཐོབ། །གང་དག་ངན་འགྲོ་གསུམ་གནས་པ། །སྡུག་བསྔལ་གནོད་ལས་ཐར་བྱེད་ཅིང་། །དེ་དག་སེམས་ནི་དང་བྱས་ནས། །ལྷ་དང་མིར་ནི་རབ་ཏུ་ཁྲིད། །དགེ་བའི་ཆོས་ལ་རབ་སྦྱོར་ཞིང་། །གང་དང་གང་ལ་མོས་པ་དག །ཕ་རོལ་ཕྱིན་དྲུག་རྫོགས་བྱས་ནས། །དེ་དག་ སངས་རྒྱས་འཐུན་པར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ནས། བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་གཉིས་པ་སྟེ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བར་ གྱུར་པ་དང་། ལྷ་རྫས་ཀྱི་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡང་རབ་ཏུ་འཁྲོལ། མེ་ཏོག་གི་ཆར་ཡང་རབ་ཏུ་བབ། ཨ་ག་རུ་དང་། ཏ་ག་ར་དང་། དུས་དང་འཐུན་པའི་ཙན་དན་དང་། སྦྲུལ་གྱི་སྙིང་པོ་ཙན་དན་གྱི་ཕྱེ་མའི་ཆར་དག་ཀྱང་རབ་ཏུ་ཕབ། ལྷ་རྫས་ཀྱི་ན་བཟའ་དང་། ཡིད་ བཞིན་གྱི་ན་བཟའ་དང་། དར་གྱི་ལྡ་ལྡིའི་ཕྲེང་བ་དང་། གསེར་གྱི་ལྕག་པོད་དང་། མུ་ཏིག་གི་སེ་མོ་དོ་དང་། དཔུང་རྒྱན་གྱིས་ནམ་མཁའི་དབྱིངས་ཀྱང་བརྒྱན་ཏོ། །ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བཅོམ་ལྡན་འདས་ལ་མཆོད་པའི་ལས་ལ་བརྩོན་པས་མུ་ཏིག་གི་སེ་མོ་དོ་རྣམ་ པ་སྣ་ཚོགས་ཆོ་མ་ཆོ་དགུའི་ཆར་ཀྱང་རབ་ཏུ་ཕབ་བོ། །བྱམས་པ་དང་འཇམ་དཔལ་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་ཡང་བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་འདུས་པ་ཐམས་ཅད་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ ནས་བཅོམ་ལྡན་འདས་ལ་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འགྲོ་བ་སླད་མ་དག་ལ་ཐུགས་བརྩེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་དེ་སྐད་མ་ཟེར་ཅིག །མ་ འོངས་པའི་དུས་ཐ་མ་ལྔ་བརྒྱའི་དུས་ཀྱི་བར་དག་ཏུ་གང་དག་རིགས་བཞིའི་འཁོར་མི་དད་པ་དག་འབྱུང་སྟེ། སྤྱོད་པ་ངན་པ། ཚུལ་ཁྲིམས་ངན་པ། གཞོགས་སློང་བྱེད་པ། ཐོས་པ་ཉུང་བ། སེར་སྣ་ཅན། སྤྱོད་པ་མ་རུངས་པ། སྡིག་པའི་ལྟ་བར་གནས་པ། རྟག་པ་དང་ཆད་པ་ལ་ལྟ་བ་ཕལ་ ཆེར་འབྱུང་ངོ་། །འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ། རྒྱུ་དང་འབྲས་བུ་ཡོད་པར་མི་འདོད་པ། གཅིག་ལ་གཅིག་ངན་དུ་སེམས་ཤིང་བདག་སྟོང་པ་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དང་ལྡན་པ་དག་འབྱུང་ངོ་། །རྒྱལ་པོ་ཡང་ཆོས་དང་ལྡན་པ་མི་འབྱུང་སྟེ། འདོད་ པ་ཡོངས་སུ་ཚོལ་བས་མི་ངོམས་པ་གཞན་གྱི་འཁྲུལ་པའི་སྐབས་ཚོལ་བ། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་ན་གནས་པ་མཆོད་པར་འོས་པ་དག་ལ་བརྙས་པ་ཤིན་ཏུ་བྱེད་ཅིང་མཆོད་པའི་འོས་མ་ཡིན་པ་ལ་དད་དེ། གཞོགས་སློང་ཅན། གཡོ་སྒྱུ་ཅན། ཚུལ་ཁྲིམས་ངན་པ་ཅན། ཐོས་ པ་ཉུང་བ་བསོད་ནམས་ཆུང་བ། སྙིང་རྗེ་ཆུང་བ། ཡིད་མི་གཞུངས་པ། ལོག་པར་ཞུགས་པའི་དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ལ་རྒྱལ་པོ་གུས་པར་བྱེད་ཅིང་ཞེ་ས་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་ཀུན་ཏུ་འཛིན་ཏོ། །དེ་དག་ཀྱང་ཉིན་དང་མཚན་ དུ་བདེ་བ་འདོར་ཞིང་འཕྲལ་གང་དུ་རྒྱལ་པོའི་དགོས་པ་མ་རུངས་པ་དག་སྤྱོད་དེ། རྒྱལ་པོ་ཡང་འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་བརྫུན་དུ་སྨྲ་བ་མང་བ་འབྱུང་སྟེ། རྒྱལ་པོའི་སྐྱོན་དེ་ལྟ་བུས་བྱང་ཆུབ་སེམས་དཔའ་ལ་ལ་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོའོ། །བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་ནི་དགོན་པ་དང་། ནགས་ཚལ་གྱི་གནས་སུ་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་དང་། བཏང་སྙོམས་ལ་གནས་སོ། །གང་ཡུལ་དེ་ཡོངས་སུ་སྐྱོང་བའི་ལྷ་དེ་དག་ཀྱང་ཡིད་མི་དགའ་བར་གྱུར་ཏེ། ཡུལ་གྱི་ཕན་པ་དང་། དགོས་པ་ ཐམས་ཅད་ཡལ་བར་འདོར་རོ། །ཡུལ་དེ་ཡང་འཁོར་གཉིས་ཀྱིས་འཁྲུག་པར་འགྱུར་རོ། །རྒྱལ་པོའི་ཉེས་པས་དེ་ན་སེམས་ཅན་རྣམས་ནད་མང་བར་འགྱུར་ཏེ། ཚོགས་དང་བྲལ་བ། དྲན་པ་ཉམས་པ། ཆོས་མ་ཡིན་པ་ཚོལ་བ། མྱུར་དུ་རྒ་བ། མྱུར་དུ་འཁོགས་པ། མྱུར་དུ་འཆི་ བར་འགྱུར་རོ། །མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དག་ཏུ་འདི་ལྟ་བུའི་ཡུལ་འཁྲུག་པར་འགྱུར་ན། ཆོས་ཀྱི་རྣམ་གྲངས་འདི་སུ་ལ་ཡོངས་སུ་གཏང་། མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དག་ཏུ་རི་མོར་བྱ་བར་མི་འོས་པ་འཆལ་པའི་ཤེས་རབ་ཅན། བརླང་བ། བརྐམ་པ། ནོར་ལ་ དགའི་ཆོས་ལ་མི་དགའ་བ་ཚིག་ལ་དད་ཀྱི་དགོས་པ་ལ་མ་ཡིན་པ། མི་སེམས་པ། གཞོགས་སློང་ཅན། བརྫུན་ཆེ་ཞིང་གཞན་འདྲིད་པར་སེམས་པ་དག་འབྱུང་ངོ་། །གང་དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་ན་གནས་པ། མཁས་པ་ཆོས་འདོད་པ། ཆོས་སྨྲ་བ་དེ་དག་ལ་རི་ མོར་མི་བྱེད། མི་ལྟའི། བརྫུན་ཟེར་བའི་ཚིག་ལ་དགའ་ཞིང་བརྙས་པ། ཆོས་མ་ཡིན་པའི་ཚིག་ཐོས་ན་བྱ་བར་སེམས་པ་འབྱུང་ངོ་། །གང་བསོད་ནམས་ཆུང་བ་དང་། ཤེས་རབ་ཆུང་བ་དང་། ཚུལ་ཁྲིམས་ངན་པ་ཅན་དང་། གཞོགས་སློང་ཅན་དང་། བརླང་བ་དང་། བདག་སྟོད་ པ་དང་། གཞན་སྨོད་པ་དང་། ལྟ་བ་མ་རུངས་པ་དང་། འཕྲལ་གང་དུ་སེམས་ཀྱི་ལུས་དང་ངག་མི་སྡོམ་པ་དང་། ཆོས་འཛིན་པའི་སེམས་མེད་པ་དང་། སྡིག་པ་ལ་དགའ་བའི་སེམས་དང་ལྡན་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་ན་གནས་པ་དེ་དག་ཀྱང་རི་མོར་བྱ་བ་མ་ཡིན་ པའི་རྒྱལ་པོ་དང་། རྒྱལ་པོའི་ཞམ་རིང་བ་ལ་ནོར་གྱི་ཕུང་པོས་རྗེས་སུ་འཛིན་པར་བྱེད་པར་འགྱུར་རོ། །ནོར་གྱི་སྟོབས་དེ་དང་། བརྫུན་དུ་སྨྲ་བའི་སྟོབས་དེས་རི་མོར་བྱ་བ་མ་ཡིན་པའི་རྒྱལ་པོའི་ཞམ་རིང་བ་རྣམས་ལ་ཡང་མཆོད་ཅིང་རིམ་གྲོ་བྱེད་པར་འགྱུར་རོ། །རི་མོར་བྱ་བ་མ་ཡིན་ པའི་རྒྱལ་བའི་ཞམ་རིང་བའི་ཚིག་ཉན་ཅིང་བྱེད་དེ་མཆོད་པ་ནས་རྒྱལ་པོ་ལ་མཆོད་པར་གནས་པར་འགྱུར་བའི་བར་དུའོ། །རི་མོར་བྱ་བ་མ་ཡིན་པའི་བར་གྱི་ཉེས་པས་ཆོས་ཀྱི་ཕྱོགས་ཚར་གཅོད་པར་འགྱུར་རོ། །ཆོས་མ་ཡིན་པའི་ཕྱོགས་བསླང་བར་འགྱུར་ཏེ། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་འདི་དག་ཀྱང་བཏང་སྙོམས་ཀྱི་བར་ལ་བསམ་གཏན་བྱེད་པར་འགྱུར་ན་ངས་ཆོས་ཀྱི་རྣམ་གྲངས་འདི་སུ་ཞིག་ལ་གཏད་པར་བྱ། གང་ཡང་མ་འོངས་པའི་དུས་ཐ་མ་ལྔ་བརྒྱའི་བར་དམ་པའི་ཆོས་ཀྱི་གཟུགས་བརྙན་གྱི་ཚེ་ན་ཁྱིམ་གྱི་གནས་ནས་བྱུང་སྟེ། བདག་ བརྩོན་པར་སེམས་ཤིང་དེ་དག་མི་དད་པ་དང་། ཚུལ་ཁྲིམས་ངན་པ་དང་། ཤེས་རབ་འཆལ་ཅིང་ཁྱིམ་དང་། རིགས་དང་། གནས་དང་། ཡུལ་དང་། རྙེད་པས་ཆོས་ལ་སེར་སྣ་བྱེད་པར་འགྱུར་རོ། །གཅིག་ལ་གཅིག་གནོད་པར་སེམས་པ་དང་། གཞན་གྱི་འཁྲུལ་པའི་སྐབས་ ཚོལ་བ་དང་། གཞན་ལས་རྙེད་ཅིང་རིམ་གྲོ་བྱས་ན་ཡིད་དགའ་བ་དང་། ཡུལ་དམ་པ་རྙེད་པའི་དགེ་སློང་རྣམས་ལ་དམོད་པ་དང་། གཞན་གྱི་གནས་དང་། གྲོང་ཁྱེར་དང་། མཁན་པོ་དང་། སློབ་དཔོན་ལ་སླུ་བ་འབྱུང་བར་འགྱུར་རོ། །རྣལ་འབྱོར་ཡིད་ལ་བྱེད་པ་དང་། སོ་སོར་ རྟོག་པ་ཞི་བ་དང་བདེ་བའི་རྒྱུན་གཅོད་པ་དང་། ཟས་དང་། སྐོམ་གྱི་རོ་ལ་བརྐམ་པ་དང་། རྙེད་པ་དང་། བཀུར་སྟི་ལ་བརྩོན་པ་འབྱུང་ངོ་། །ཁྱིམ་ན་གནས་པ་རྣམས་ལ་མཆོད་པ་བྱེད་པར་འགྱུར་ཏེ། །ཆོས་འདོད་པ་རྣམས་ལ་བརྙས་པ་ཤིན་ཏུ་བྱེད་པས་ཆོས་སྨྲ་བའི་དགེ་འདུན་ རྣམས་གཙུག་ལག་ཁང་གི་གནས་སྤངས་ཏེ། དགོན་པ་བས་མཐའི་མལ་སྟན་དག་ན་བཏང་སྙོམས་ལ་བསམ་གཏན་འཆའ་བར་འགྱུར་རོ། །དེ་ལྟར་ཆོས་མ་ཡིན་པའི་ཕྱོགས་ཀྱི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་དག་ནི་འཇིག་རྟེན་གྱི་ཁམས་གཞན་ དུ་དོང་ངོ་། །ལ་ལ་དག་ནི་དགོན་པར་བཏང་སྙོམས་ཀྱི་བར་ལ་གནས་སོ། །གང་ཡུལ་དེ་ཡོངས་སུ་སྐྱོང་བའི་ལྷ་དེ་དག་ཀྱང་བཏང་སྙོམས་ལ་གནས་སོ། །ཡུལ་དེར་མུ་གེ་དང་། ནད་དང་། ཐབ་མོ་ཡང་འབྱུང་ངོ་། །དེར་སེམས་ཅན་རྣམས་གཅིག་ལ་གཅིག་འཆིང་ཞིང་གསོད་དེ། དེ་ དག་གཅིག་ལ་གཅིག་འཇིགས་པས་ལོག་པར་ལྟ་བ་གཞན་ལ་སྐྱབས་སུ་འགྲོ་ན། ངས་འདི་ལྟ་བུའི་ཟབ་མོ་ཆོས་ཐམས་ཅད་ཀྱི་ཚུལ་གྱི་བཟོད་པ་འདི་སུ་ཞིག་ལ་ཡོངས་སུ་གཏད་པར་བྱ། དེ་ནས་བྱང་ཆུབ་སེམས་དཔའི་འཁོར་ཐམས་ཅད་དང་ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། དྲི་ཟ་དང་། ལྷ་མ་ཡིན་མཐུ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཟབ་མོའི་ཆོས་ཀྱི་ཚུལ་ལ་བཟོད་པ་འདི་བདག་ཅག་གི་སུག་པར་གཏད་དུ་གསོལ། ཕོ་བྲང་འཁོར་གང་དང་ཡུལ་གང་ན་ཟབ་མོའི་ཆོས་ཀྱི་ཚུལ་ལ་བཟོད་པ་འདི་ རབ་ཏུ་སྤྱོད་པར་འགྱུར་བའི་ཡུལ་དེར་བདག་ཅག་འཐབ་པ་དང་། རྩོད་པ་དང་། མུ་གེ་འབྱུང་བ་དང་། དགུང་ཆར་མི་འབབ་པ་དང་། བྲོ་ནད་དང་། གཞན་གྱི་འཁོར་བཟློག་པ་ལ་སྤྲོ་བར་བགྱིའོ། །ཆོས་སྨྲ་བ་དང་། ཆོས་འཚལ་བ་དང་། ཆོས་དགོད་པའི་གང་ཟག་རྣམས་ བསྲུང་བར་བགྱིའོ། །རྒྱལ་པོ་དང་། བློན་པོ་དང་། ཞམ་རིང་བ་དང་། གྲོང་རྡལ་དང་། ལྗོངས་ན་གནས་པ་རྣམས་ཆོས་དང་ལྡན་པ་ལ་སྦྱར་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་ལེགས་སོ་ལེགས་སོ། །སྤོབས་པ་བཟང་ངོ་། །བརྩོན་པ་བཟང་ངོ་། །འཇིགས་པ་མེད་པ། ཁྲོ་བ་མི་སྙན་པ། བརྙས་མ་ཤིན་བྱེད་པ། བཀྲེས་པ། སྐོམ་པ། དབྱུག་པས་འཚོག་པ། གྲང་བ་དང་། ཚ་བ་དང་། རླུང་གིས་གདུངས་ཀྱང་དམ་པའི་ཆོས་ཀྱི་མིག་གནས་ཀྱི་བར་དུ་ཡུལ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། འོར་གྱི་གྲོང་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཆོས་ཀྱི་ མིག་འདི་ལ་བརྩོན་པར་བྱ་བ་དང་། ཟབ་མོ་ཆོས་ཐམས་ཅད་ཀྱི་སྒོའི་གཞི་དང་། བཟོད་པ་འདི་རབ་ཏུ་བསྟན་པ་དང་། བཟོད་པ་འདི་ལ་སེམས་ཅན་ཡང་རབ་ཏུ་སྦྱོར་བ་དང་། གང་བཟོད་པ་འདི་བསྒོམ་པ་དང་ཀློག་པ་དང་། གཞན་ལའང་ལུང་འབོག་པ་དང་། ཀློག་ཏུ་འཇུག་པ་དང་། གང་ཡང་ཉན་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་དག་ལ་སྤྲོ་བར་བྱ་བ་དང་། ཆོས་དང་ལྡན་པ་དེ་དག་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པ་སྒྲུབ་པར་ཁྱེད་ལས་སུ་དག་སྤྲོ་བར་འགྱུར། དེའི་ཚེ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་ སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་དམ་པའི་ཆོས་ཀྱི་སྦྱིན་གནས་ཀྱི་བར་དུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སེམས་ཅན་རྣམས་སྦྱར་བར་བགྱི་བའི་བར་དང་། གང་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་ལ་འདྲིར་སྩལ་བ་དེ་དག་བདག་ཅག་ ཆོས་དང་ལྡན་པ་ལ་སྦྱོར་བ་བགྱི་བར་སྤྲོའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་སྐྱེས་བུ་ཆེན་པོའི་བྱེད་པ་བྱ་བ་དང་། ཇི་ལྟར་རིགས་ཀྱི་བུ་ཁྱེད་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་ཐོབ་པ་ནི་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཇི་ ཙམ་དུ་བཟོད་པ་འདིའི་སྟོབས་དང་། བརྩོན་པ་ཡང་དག་པར་འཛིན་ཅིང་བརྩོན་པ་ལ་དམིགས་པ་དེ་ཙམ་དུ་སྟོབས་དང་བརྩོན་པ་ཡང་དག་པར་འཛིན་པ་ལ་བརྩོན་པར་དམིགས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། གླིང་བཞི་པ་ཐམས་ཅད་དང་། ཡུལ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་ རྡལ་དང་། ལྗོངས་ཐམས་ཅད་དུ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱོས་ཤིག །རྒྱལ་པོ་ལ་མ་གཡོ་བར་བྱོས་ཤིག །བློན་པོ་དང་། ཞམ་རིང་བ་རྣམས་ཀྱང་ཡལ་བར་མ་གཏང་ཤིག །རིགས་ཀྱི་བུ་གང་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ད་ལྟར་ནས་ཆོས་ཀྱི་རྒྱལ་མཚན་འཕེལ་བར་འགྱུར་གྱི་བར་དུ་ སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བར་སྤྲོ་ཞིང་སྡིག་པ་འདོད་པ་ལོག་པར་ལྟ་བའི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་དང་། རབ་ཏུ་དགོད་པ་དང་། ཉེས་པ་མང་བའི་ཤས་ཆེ་བའི་སེམས་ཅན་རྣམས་ཁྱིམ་གྱི་གནས་ནས་ཕྱུང་སྟེ། ཞི་བ་ཡང་དག་པར་འཛིན་དུ་འཇུག་ཅིང་སྦྱོར་བ་དང་། བསླབ་པའི་གནས་ལ་རབ་ཏུ་འགོད་པ་དང་། ཉེས་པ་མང་པོས་ཉེན་ལ། ལུས་དང་། ངག་དང་། ཡིད་སྡོམ་པའི་ཚུལ་ཅན་གྱི་སེམས་ཅན་རྣམས་བསམ་གཏན་དང་། རྣམ་པར་ཐར་པ་དང་། གཟུངས་དང་། བཟོད་པ་ལ་སྦྱོར་ཞིང་སོ་སོར་འགོད་པ་དང་དགོན་པ་བས་མཐའི་མལ་སྟན་ལ་ མངོན་པར་དགའ་ལ་སེམས་ཅན་ཡང་དེ་ལ་སྦྱོར་ཞིང་དེ་དག་ཕན་པ་ལ་སྦྱོར་བ་དང་། སེར་སྣ་ཅན་རྣམས་སྦྱིན་པ་ལ་སྦྱོར་བ་ནས། འཆལ་པའི་ཤེས་རབ་ཅན་སྡིག་པའི་བས་མཐའི་སྤྱོད་ཡུལ་དང་ལྡན་པ། ལྟ་བའི་ཐིབས་པོ་ལ་གནས་པ་རྣམས་འཕགས་པའི་ཤེས་རབ་ཀྱི་སྟོབས་ལ་སྦྱོར་ཞིང་སོ་སོར་འགོད་དེ། སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀྱིས་ནོན་པ་རྣམས་ཡོངས་སུ་ཐར་བར་བྱེད་པ་ནི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བར་འཕེལ་ལོ། །འདི་ལ་གང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་དམ་པའི་ཆོས་འཇིག་པའི་དུས་ཉིན་མཚན་བདུན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱོ་བ་བཟོད་ ཅིང་བཟོད་པའི་སྟོབས་ཀྱི་མཐུ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ཅིང་ཆུང་ངུ་ན་བཟོད་པ་འདི་ཡང་དག་པར་ལེན་དུ་འཛུད་དེ། སེམས་ཅན་རྣམས་ལ་སྟོན་ཅིང་ཚིག་ཏུ་འདོན་པ་དང་། གླེགས་བམ་ལ་འདྲིར་འཇུག་པ་ནི་བསོད་ནམས་རབ་ཏུ་མང་དུ་འཕེལ་ཏེ། ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ དག་ཏུ་བྱང་ཆུབ་སེམས་དཔའ་གྲངས་མེད་པ་ཆུ་ཀླུང་གང་གཱ་བཅུའི་བྱེ་མ་སྙེད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ནི་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དུ་མི་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ནི་རང་བཞིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་པའོ། །སེམས་ཅན་ཆེན་པོ་ དེ་དག་ནི་དགོས་པ་ཆེན་པོ་ལ་བརྩོན་པ་དང་ལྡན་པའོ། །སེམས་ཅན་ཆེན་པོ་དེ་དག་ནི་བརྩོན་འགྲུས་ཆེ་བ། ཤེས་རབ་ཀྱིས་བརྒྱན་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་རབ་ཏུ་མྱུར་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བའོ། །གང་ཉོན་ མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པའི་སྟོབས་བསྐྱེད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནས། གླེགས་བམ་ལ་འདྲིར་འཇུག་པའི་བར་དུ་སྦྱོར་ཞིང་དམ་པའི་ཆོས་འཇིག་པ་ན་ཆོས་ཀྱི་སྒྲོན་མ་འབར་བར་ བྱེད་པས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་སྟེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ། །བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སངས་རྒྱས་ཀྱི་ཞིང་གི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་བསྔགས་པ་དེའི་ཚེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཆུ་ཀླུང་གང་གཱའི་བྱེ་མ་སྙེད་ཀྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྣམས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་གྲངས་མ་མཆིས་ པ་དག་ཏུ་མཆིས་ཏེ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་བརྩམས་ཏེ། ད་ལྟར་ནས་མ་མཆིས་པའི་དུས་ཀྱི་བར་དུ་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དེ་དག་གི་སེམས་ཅན་དགེ་བའི་རྩ་བ་དང་བྲལ་བ་ཐམས་ཅད་བཏང་སྟེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མཆི་བར་སྡོམ་པ་ བླངས་པ་ལས་ད་ནི་བདག་ཅག་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྡོམ་པ་བླངས་ཏེ་མ་མཆིས་པའི་དུས་ན། སླར་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་མི་བགྱིད་དོ། །སྨོན་ལམ་གྱི་དབང་གིས་བདག་ཅག་རྣམས་ཡོངས་སུ་མ་དག་པ་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ ཞིང་དུ་སྤྱད་པ་སྤྱོད་པར་བགྱིའོ། །དགེ་བའི་རྩ་བ་མ་མཆིས་པའི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་བརྩོན་འགྲུས་ཆེན་པོ་ལ་དམིགས་ཏེ་བྱང་ཆུབ་སེམས་དཔའ་གང་དེ་དག་དགེ་བའི་རྩ་བ་དང་བྲལ་བའི་སེམས་ཅན་ཐམས་ ཅད་ཡོངས་སུ་སྨིན་པར་བྱེད་པ་ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་སྤྱད་དེ་མངོན་པར་ཤེས་པ་དང་། བསྡུ་བའི་དངོས་པོ་ཆེན་པོ་ལ་གཞན་ལ་རག་མ་ལུས་ཤིང་ཡེ་ཤེས་ཆེན་པོའི་འབྱུང་གནས་དང་ལྡན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གང་ཡོངས་སུ་མ་དག་ཅིང་ཉོན་མོངས་པ་རྙོག་པ་ལྔའི་སངས་རྒྱས་ཀྱི་ཞིང་དག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་ཅིང་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཉམས་པའི་སེམས་ཅན་རྣམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་ཉེན་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟ་བས་ན་ཅི་ནས་ཀྱང་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདིས་སེམས་ཅན་ཡོངས་སུ་སྨིན་པར་གྱིས་ཤིག །རིགས་ཀྱི་བུ་ཡུལ་གང་ན་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་ མདོག་གིས་འདུལ་བའི་བཟོད་པ་འདི་རབ་ཏུ་འཆད་པའི་ཡུལ་དེར་ཡོན་ཏན་གྱི་ཁྱད་པར་དང་། དཔལ་ཕུན་སུམ་ཚོགས་པ་སྣ་ཚོགས་འབྱུང་བར་འགྱུར་རོ། །དེའི་རྒྱལ་པོ་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། རྒྱལ་པོ་ནད་མེད་པར་འགྱུར་བ་དང་། གནོད་པ་ཉུང་ ཞིང་ཚེ་རིང་བར་འགྱུར་བ་དང་། རྡུལ་དང་བྲལ་ཞིང་རྒོལ་བ་དང་དགྲ་མེད་པར་འགྱུར་བ་དང་། སྟོབས་དང་རྩལ་ཐགས་ཐོགས་མེད་ཅིང་དགའ་བ་མང་ལ་ཆོས་འདོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཀླུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། གནོད་ སྦྱིན་གྱི་བདག་པོ་རྣམས་ཀྱིས་རབ་ཏུ་སྲུང་བར་འགྱུར་ཏེ། བཞིན་བཟངས་དག་དང་དེ་ལ་དེ་ལྟར་མཉམ་པ་མེད་དོ། །བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། གནོད་སྦྱིན་གྱི་བདག་པོ་རྣམས་ཀྱིས་ཚིག་འཐུན་པར་གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ཏེ། ཡུལ་གང་ དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་རྒྱལ་པོར་འགྱུར་བ་དེའི་སླད་བཞིན་དུ་བདག་ཅག་འབྲང་ཞིང་གནོད་པ་ལས་བསྐྱབ་པར་བགྱིའོ། །བྲོ་ནད་ཞི་བར་བགྱིའོ། །དེའི་ཚེ་བསྐྱང་བར་བགྱིའོ། །དེ་དགྲ་ལས་བསྐྱབ་པར་བགྱིའོ། །དཔལ་དང་སྐལ་བ་བཟང་པོ་དང་ཆོས་ལ་དགའ་བ་ཉེ་ བར་བསྟན་པར་བགྱིའོ། །སྟོབས་དང་རྩལ་ཐགས་ཐོགས་མ་མཆིས་པ་ཕུན་སུམ་ཚོགས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་ལེགས་སོ་ལེགས་སོ། །ཁྱོད་ཇི་སྐད་སྨྲས་པ་བཞིན་དུ་ཉམས་སུ་ལོང་ཤིག །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འོས་དང་ ལྡན་པའི་རྒྱལ་པོ་ཡུལ་གང་དུ་ཆོས་དང་ལྡན་པར་འགྱུར་བར་བདག་ཅག་མདངས་དང་། སྟོབས་དང་། གཟི་བརྗིད་དང་། འཁོར་འཕེལ་བར་འགྱུར་རོ། །དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་དེ་ལྟ་ལགས་ཏེ། ཡུལ་གང་དུ་བཟོད་པ་འདི་རབ་ཏུ་འཆད་པར་འགྱུར་བའི་ཡུལ་དེར་རྒྱལ་ པོའི་ཞ་འབྲིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་། ལེགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དེར་རྒྱལ་པོའི་ཞ་འབྲིང་བ་དང་། བློན་པོ་རྣམས་ཕན་ཚུན་བཟོད་པ་དང་། དེས་པ་དང་། དགའ་བ་དང་། གུས་པའི་སེམས་སུ་འགྱུར་བ་དང་། རྒྱལ་པོ་ཡང་བྱམས་པར་འགྱུར་ བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། གྲོང་རྡལ་གྱི་མི་དང་། ལྗོངས་ཀྱི་མི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་། ཆོས་འདོད་པར་འགྱུར་གྱི་རྙེད་པ་མི་འདོད་དེ། ཕྱོགས་བཅུར་གྲགས་པའི་སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེར་གྲགས་ ཤིང་ཚེ་རིང་བ་དང་། བདེ་བ་དང་། ཡིད་བདེ་བ་མང་བར་འགྱུར་བ་སྟེ། ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེ་ནི་རྒྱལ་པོའི་ཞ་འབྲིང་བ་དང་། བློན་པོ་རྣམས་ཀྱི་ཡོན་ཏན་དང་བསྔགས་པར་འགྱུར་བ་ནི་དེ་དག་གོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་ དགེ་སྦྱོང་དང་། བྲམ་ཟེ་རྣམས་ཀྱི་ཡོན་ཏན་དང་བསྔགས་པ་བཞི་འབྱུང་སྟེ། བཞི་གང་ཞེ་ན། ཡུལ་དེར་དགེ་སྦྱོང་དང་བྲམ་ཟེ་རྣམས་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དག་རྙེད་པར་འགྱུར་བ་དང་། བསམ་གཏན་བྱེད་པ་ལ་བརྩོན་པར་འགྱུར་བ་དང་། རི་ལ་ མངོན་པར་དགའ་ཞིང་རབ་ཏུ་དབེན་པར་འགྱུར་བ་དང་། སེམས་ལས་བྱུང་བའི་བདེ་བ་བཞི་ལ་གནས་པ་རྙེད་པར་འགྱུར་རོ། །ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེའི་གྲོང་རྡལ་དང་ལྗོངས་ཀྱི་མི་རྣམས་ལེགས་པ་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། ཁྲོན་པ་དང་། ཆུ་མིག་ དང་ལྡན་པར་འགྱུར་བ་དང་། གནོད་པ་མེད་པར་འགྱུར་བ་དང་། ལས་ཀྱི་མཐའ་གྲུབ་པར་འགྱུར་བ་དང་། སྦྱིན་པའི་གནས་སྣོད་དུ་གྱུར་པ་རྣམས་དང་མི་འབྲལ་བར་འགྱུར་བའོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བའི་ཡུལ་དེར་བུད་མེད་རྣམས་ཀྱི་ལེགས་པ་བཞི་འབྱུང་བར་ འགྱུར་ཏེ། བཞི་གང་ཞེ་ན། ཡུལ་དེའི་བུད་མེད་ཕྲག་དོག་དང་ཁྲོ་བ་རྣམ་པར་སྤོང་བར་འགྱུར་བ་དང་། སྐྱེ་བོ་ཐམས་ཅད་ལ་བཟོད་པར་འགྱུར་བ་དང་། བུ་རྙེད་པར་འགྱུར་བ་དང་། ནད་ཉུང་བར་འགྱུར་བའོ། །གཞན་ཡང་བུད་མེད་གང་བཟོད་པ་འདི་ཉན་པ་དེ་ལ་དད་པ་རྙེད་ཅིང་ཆོས་སྨྲ་བ་ལ་ ཕན་པར་ཟེར་བ་དེ་ནི་བུད་མེད་དུ་གྱུར་པའི་ཐ་མ་ཡིན་ཏེ། སྙིང་པོ་བྱང་ཆུབ་ཀྱི་བར་དུ་བུད་མེད་ཐོབ་པར་མི་འགྱུར་ཏེ། གཞན་དུ་ན་བདག་ཉིད་ཀྱིས་འདོད་པ་ནི་མ་གཏོགས་སོ། །གཞན་ཡང་ཡུལ་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དག་ན་གཞན་གྱི་འཁོར་དང་། ནང་གི་འཁོར་ གྱིས་ཡུལ་ལ་གནོད་པར་མི་འགྱུར་རོ། །ཆར་མི་འབབ་པ་དང་། མུ་གེ་འབྱུང་བ་དང་། དུས་མ་ཡིན་པའི་རླུང་དང་། ཆར་དང་། གྲང་དྲོ་དང་། ཤ་སྦྲང་དང་། སྦྲང་བུ་མཆུ་སྨྱུང་དང་། སྦྲང་མ་དང་། བྱི་བ་དང་། འགྲོ་བ་ཁྲོ་བོ་དང་། སྦྲུལ་ཁྲོ་བོ་དང་། གཅན་གཟན་ཁྲོ་བོ་དང་། རོ་བྲོ་བ་མེད་པ་དང་། རྩུབ་པ་དང་། སྲེ་མོ་དང་། མི་བདེ་བར་རེག་པ་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། ལྕགས་སྒྲོག་དང་། ཤིང་སྒྲོག་དང་། དབྱིག་པ་དང་། གཤེ་བ་དང་། མི་སྙན་པར་ཟེར་བ་དང་། རྡེག་པ་དང་། དུས་མ་ཡིན་པར་འཆི་བ་དང་། ནད་ཀྱི་གནོད་པ་ཡུལ་དེ་ན་མེད་པར་འགྱུར་རོ། །ལྷ་དང་། ཀླུ་དང་། གནོད་ སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དག་གིས་ཀྱང་ཡུལ་དེ་ཤིན་ཏུ་སྲུང་ཞིང་སྐྱོབ་པར་འགྱུར་རོ། །རིགས་ཀྱི་བུ་དག་ཡུལ་གང་དུ་ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་འཆད་ཅིང་སྟོན་པར་འགྱུར་བའི་ཡུལ་དེར་གནོད་པ་བཅུ་པོ་དེ་དག་གི་ཡུལ་ཐམས་ཅད་མི་གཙེ་བར་ འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བཟོད་པ་འདི་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་མཐའ་དག་ཡོངས་སུ་རྫོགས་པར་བྱེད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནས་སངས་རྒྱས་ཀྱི་དགོངས་པ་མཐའ་དག་ཡོངས་སུ་ཐོབ་པར་བྱེད་པའོ། །བཟོད་པ་འདིའི་མིང་འབའ་ ཞིག་གང་གི་རྣ་ལམ་དུ་ཐོས་པ་ཡང་སྙིང་པོ་བྱང་ཆུབ་ཀྱི་བར་དུ་གང་ཟག་དེ་མི་ཁོམ་པ་བརྒྱད་དང་བྲལ་བར་འགྱུར་རོ། །གང་གིས་བཟོད་པ་བསྒོམ་པ་འདི་ཐོག་ཐག་ཉན་པ་ནི་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། དེ་ལྟར་ མཐུ་ཆེ་བའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བར་བྱེད་པ། རྒྱུན་དུ་བྱེད་པ། ཕྱིར་མི་ལྡོག་པར་བྱེད་པ། རྣམ་པར་རྩེན་པར་བྱེད་པ། འཇུག་པར་བྱེད་པ། གཟུགས་ཞི་བར་བྱེད་པ། ཡོངས་སུ་སྨིན་པར་བྱེད་པ། འབྲལ་བར་བྱེད་པ། བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མྱ་ངན་ལས་ འདའ་བར་བྱེད་པའོ། །བཟོད་པ་འདི་དེ་ལྟར་བསྟན་པ་ན་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་ཡང་དག་པར་སྤྱོད་པའི་ཚུལ་ ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་འདི་སེམས་ཅན་རྣམས་ལ་བཤད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་དགོད་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ད་གང་གི་དུས་ལ་བབ་པར་སེམས་ནའོ། །དེ་ནས་ཕྱོགས་བཅུ་ནས་ འདུས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་ཆེན་པོས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མེ་ཏོག་བན་དུ་འདི་བྱིན་གྱིས་བརླབ་ཏུ་གསོལ། གནས་དང་། གྲོང་དང་གྲོང་ཁྱེར་དང་། ལྗོངས་གང་དུ་བཟོད་པ་འདི་འཆད་པར་འགྱུར་བ་དེ་དང་དེ་དག་ཏུ་མེ་ཏོག་བན་དུ་འདི་རབ་ཏུ་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་དུ་གཉི་ག་བྱིན་གྱིས་བརླབ་པར་བྱའོ། །སངས་རྒྱས་ཀྱི་ཞིང་གང་ན་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དེ་དག་བྱང་ ཆུབ་དོན་དུ་གཉེར་བར་འགྱུར་བ་དང་། གླིང་བཞི་པ་གང་དང་། ཡུལ་དང་གྲོང་ཁྱེར་དང་། གྲོང་དང་ལྗོངས་དང་། འོར་གྱི་གྲོང་དག་ཏུ་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་དག་བྱང་ཆུབ་དོན་དུ་གཉེར་བར་འགྱུར་བ་དེ་དག་ཏུ་བཟོད་པ་འདི་སྒོམ་པ་དང་། འཆད་པ་དང་། སྟོན་པ་དང་འདྲི་བ་དང་། ཀློག་པ་དང་དྲན་པ་དང་སྤྱོད་པར་འགྱུར་རོ། ། བཟོད་པ་འདི་གང་ན་སྤྱོད་པ་དེར་མེ་ཏོག་བན་དུ་འདི་སྤྱོད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཁོར་གྱི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རབ་ཏུ་ དགའ་སྟེ་མངོན་པར་བསྟོད་དོ།། །།ཡང་དག་པར་སྤྱོད་པའི་ཚུལ་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། ༄༅༅། །བོད་སྐད་དུ། འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་ པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱད་ཁྲི་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་སུམ་ཁྲི་དྲུག་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཀུན་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། སྒྲིབ་པ་ཐམས་ཅད་དང་ ཡོངས་སུ་བྲལ་བ། གཟི་བརྗིད་དང་དཔལ་གྱི་དབང་ཕྱུག་དང་ལྡན་པ། དེ་བཞིན་གཤེགས་པ་ལ་གསང་བའི་དོན་ཐབས་ཀྱིས་བསྐུལ་བ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པ། སངས་རྒྱས་ཀྱི་བྱ་བ་ལྷུན་གྱིས་གྲུབ་པ། སངས་རྒྱས་རྣམས་ཀྱི་བྱིན་གྱི་རླབས་ཀྱིས་རྣམ་པར་བཀོད་པ། ཆོས་ཀྱི་སྡེ་སྣོད་སྲུང་ཞིང་སྐྱོབ་པའི་ཕྱིར་ཐེག་པ་ཆེན་པོའི་མདོ་གཟུངས་སུ་འཛིན་ཅིང་སེང་གེའི་སྒྲས་ཕྱོགས་བཅུར་ཆོས་ཀྱི་འབྲུག་སྒྲ་ཆེན་པོ་སྒྲོགས་པ། དེ་དག་གི་ཡོན་ཏན་གྱི་གོ་འཕང་ནི་རི་རབ་དང་འདྲ་ལ། ཤེས་རབ་ཟབ་ཅིང་རྒྱ་ཆེ་བ་ནི་རྒྱ་མཚོ་དང་འདྲ་སྟེ། བདུད་ཀྱི་སྡེ་དཔུང་དང་བཅས་པར་བཏུལ་བ། མུ་སྟེགས་ཐམས་ཅད་སྡུད་ཅིང་སེམས་རྣམ་པར་བྱང་བ་ལ་འཇོག་པ། མཐུ་སྟོབས་དང་ལྡན་པས་རྣམ་པར་གྲོལ་བ་ལ་ཐོགས་པ་མེད་པ། མཉམ་པ་ཉིད་ལ་བདེ་བར་གནས་པ། དྲན་པ་དང་ཏིང་ངེ་འཛིན་ཀུན་ཏུ་བཟུང་བ། བསྟན་པ་ལ་མོས་ཤིང་བློ་གྲོས་དང་ལྡན་པ། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཐབས་ལ་མཁས་པ་དཔག་ཏུ་མེད་པས་ཆོས་ཐམས་ཅད་ཀྱི་དོན་དང་མི་ལྡན་པ་མེད་པ། སྐྱེ་བོ་རྣམས་ཀྱི་ཡིད་བཞིན་དུ་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་བ། ཡོད་པ་དང་མེད་པ་ཤེས་པའི་ཤེས་རབ་དང་ལྡན་པས་ཆོས་ཀྱི་རྣམ་གྲངས་ལ་མཁས་པ། མངོན་པར་ཤེས་པའི་ཏིང་ངེ་འཛིན་ ལ་བཞུགས་ཏེ་སྤྱན་ལྔས་སེམས་ཅན་རྣམས་ཀྱི་དབང་པོ་རྟོགས་པ། གཟི་བརྗིད་དང་དཔལ་དཔག་ཏུ་མེད་པ་སྐྱེ་བོ་མང་པོ་རྣམས་བསམ་གཏན་དང་ཤེས་རབ་ཀྱིས་སེམས་སུ་སྦྱངས་ཏེ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་ཅིང་མཆོག་དང་ལྡན་པར་བྱེད་པ། སེམས་ནམ་མཁའ་དང་འདྲ་བ། འཇིག་རྟེན་གྱི་ གཟུགས་དང་ཁ་དོག་ཡོངས་སུ་བཏང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ལ་མཁས་པ། རང་གི་རིག་པ་དང་ལྡན་པའི་ཤེས་རབ་ཀྱིས་སེམས་ཅན་གང་ནས་གང་དུ་འཁོར་བར་ཤེས་པ། ཏིང་ངེ་འཛིན་ཐམས་ཅད་དང་ལྡན་པས་མཉམ་པ་མེད་པ་ལ་བསྙེན་པ། དགེ་བའི་རྩ་བ་ཡུན་རིང་པོ་ནས་བསྐྱེད་པས་སངས་ རྒྱས་ཀྱི་དབང་ཕྱུག་ཐོབ་པ། ཡེ་ཤེས་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པ། བཟང་འགྲོའི་སྒོ་ནི་ཕྱེ། ངན་འགྲོ་རྣམས་ཀྱི་སྒོ་ནི་བཀག་སྟེ། སེམས་ཅན་ཀུན་ལ་བུ་གཅིག་པ་དང་འདྲ་བར་སྙོམས་པར་བསྟན་པའི་ཕྱིར་ལམ་རྒྱུད་ལྔར་སྐྱེ་ཞིང་ལུས་ སྟོན་པར་བྱེད་པ། སེམས་ཅན་རྣམས་ཉོན་མོངས་པ་ལས་བསྒྲལ་བའི་ཕྱིར་སྨན་པའི་རྒྱལ་པོ་ལྟར་རྫུ་ཞིང་འཁོར་བ་ལ་གནས་ཏེ། ནད་གསོ་བའི་ཆོ་ག་ལ་མཁས་པས་ནད་ཀྱི་རྐྱེན་བཞིན་དུ་སྨན་བྱིན་ནས་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་པ། གང་གིས་ཐོས་ཀྱང་མ་གྲོལ་བ་མེད་པ་དེ་ལྟ་བུའི་ཡོན་ཏན་ ཚད་མེད་པ་དང་ལྡན་པ། སྔོན་འདས་པའི་སངས་རྒྱས་གྲངས་མེད་པ་ལ་མཆོད་པ་མྱོང་བ། སངས་རྒྱས་ཀྱི་ངོ་བོ་ཉིད་ཤིན་ཏུ་རིག་པ། དེ་བཞིན་གཤེགས་པ་ཡུན་དུ་གནས་པར་ཤེས་པ། རྟག་པར་ཡང་སེམས་ཅན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པར་བཤད་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་འོད་མི་གཡོ་དང་། བྱང་ཆུབ་སེམས་དཔའ་ཀླུ་ཤིང་ལྗོན་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་བླ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ་དང་། བྱང་ཆུབ་སེམས་དཔའ་གཟུངས་འཛིན་དང་། བྱང་ཆུབ་སེམས་དཔའ་རིན་ཆེན་མཛོད་དང་། བྱང་ཆུབ་ སེམས་དཔའ་རྟག་འགྲུས་དང་། བྱང་ཆུབ་སེམས་དཔའ་རྒྱུན་མི་གཏོང་དང་། བྱང་ཆུབ་སེམས་དཔའ་མཚན་ཉིད་ལ་དད་པ་དང་། བྱང་ཆུབ་སེམས་དཔའ་ཐུབ་མེད་དང་། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་དྲུག་སྟོང་དང་། མཐུ་ སྟོབས་དང་ལྡན་པའི་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱད་ཅུ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་ཏེ་གྲངས་མེད་དཔག་ཏུ་མེད་པའི་ ལྷ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཁོད་དེ། ལྷའི་རིན་པོ་ཆེའི་མེ་ཏོག་གི་ཆར་ཕབ་ནས་རོལ་མོ་སིལ་སྙན་ཡང་གྲངས་མེད་དཔག་ཏུ་མེད་པ་སྒྲ་རང་འབྱིན་པ་བྱས་ཏེ། ལྷ་ཚངས་པས་སམ་བྷ་རའི་སྤོས་ཀྱི་བདུག་པ་དྲི་ཞིམ་པོས་བདུགས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པའི་སྤྲིན་ཕུང་ཕྱོགས་ བཅུའི་འཇིག་རྟེན་གྲངས་མེད་པའི་ཁམས་ཀུན་ཏུ་ཁྱབ་པར་གྱུར་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། ཕྱོགས་བཅུའི་ཆོས་ཐམས་ཅད་དང་། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་ལ་ཀུན་ཏུ་མཆོད་ཡོན་གསོལ་བར་གྱུར་ཏོ། །དེ་ལྟར་ལྷ་རྣམས་ཀྱིས་ མཆོད་པ་ཕུལ་བ་ཡང་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ཚོལ་བའི་ཕྱིར་རོ། །དེ་ནས་དེའི་ཚེ་དེའི་དུས་ན་བཅོམ་ལྡན་འདས་འཁོར་ཆེན་པོ་གྲངས་མེད་དཔག་ཏུ་མེད་པས་བསྐོར་བ་དེ་དག་དང་ཐབས་ཅིག་ཏུ་ཤིང་སཱ་ལ་ཆེན་པོ་ག་ལ་བ་དེ་ལོགས་སུ་གཤེགས་ནས་དཔྱིད་ཟླ་འབྲིང་པོའི་ཚེས་བཅྭ་ལྔ་ལ་ མྱ་ངན་ལས་འདའ་བའི་ཁར། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་སྡུད་ཅིང་སྐྱོབ་པར་དགོངས་ཏེ། གསུང་དབྱངས་ཆེན་པོ་ཕྱུང་ནས་སྒྲ་དེས་ཕྱོགས་བཅུ་ཀུན་ཏུ་ཁྱབ་པར་སོ་སོའི་སྐད་བཞིན་དུ་སེམས་ཅན་ཐམས་ཅད་ལ་བཀའ་སྩལ་པ། དེང་ནི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ལ་ཐུགས་བརྩེ་བར་དགོངས་སོ། །སེམས་ཅན་ལ་སྲུང་ཞིང་སྐྱོབ་པར་དགོངས་སོ། །སེམས་ཅན་སྡུད་ཅིང་གཞེས་པར་དགོངས་སོ། །སེམས་ཅན་ལ་སྙོམས་པར་གཟིགས་པ་ནི་དཔེར་ན་བུ་གཅིག་ ལ་ལྟ་བ་དང་འདྲ་བར་རྟེན་མེད་པ་ལ་རྟེན་བྱའོ། །སངས་རྒྱས་ཀྱི་བདག་ཉིད་མ་མཐོང་བ་ནི་མཐོང་བར་བྱའོ། །ཉོན་མོངས་པ་དང་མ་བྲལ་བ་ནི་བྲལ་བར་བྱའོ། །བདེ་བ་མེད་པ་ནི་བདེ་བར་བྱའོ། །མ་གྲོལ་བ་ནི་རྣམ་པར་གྲོལ་བར་བྱའོ། །ལོངས་སྤྱོད་མེད་པ་ནི་ལོངས་སྤྱོད་དང་ལྡན་པར་བྱའོ། ། ཐེ་ཙོམ་དང་མ་བྲལ་བ་ནི་ཐེ་ཙོམ་དང་བྲལ་བར་བྱའོ། །འགྱོད་ཚངས་མ་བྱས་པ་ནི་འགྱོད་པ་ཚངས་པར་བྱའོ། །མྱ་ངན་ལས་མ་འདས་པ་ནི་མྱ་ངན་ལས་བཟླ་བར་བྱའོ་ཞེས་བཀའ་སྩལ་པ་དང་། དེའི་ཚེ་དེའི་དུས་ན་ལམ་གྱི་གཡས་གཡོན་དུ་ས་གཞི་མཉམ་པ་ཐང་བཟང་པོ་ཡོངས་སུ་དག་པ། བཀྲ་ཤིས་ཀྱི་ས་ ཆུ་ཞེང་དུ་མཉམ་པར་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་པ་དེ། བཅོམ་ལྡན་འདས་ཀྱིས་གཟིགས་ནས་མོད་ལ་དེར་གཞེས་ཏེ། དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནས་འདི་ནི་ཆོས་བཤད་པའི་སར་འོས་སོ་ཞེས་བཀའ་སྩལ་པ་དང་། དགེ་སློང་ཀུན་དགའ་བོས་བཅོམ་ལྡན་ འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་སྔོན་རྟག་ཏུ་རི་དང་། ཚལ་དང་། ཆབ་གཙང་མ་འབབ་པ་དང་། བཟའ་ཤིང་གི་ར་བ་དང་། མེ་ཏོག་དག་མཆིས་པ་ལ་དགྱེས་ན་དེང་འདིར་ནི་ཆབ་འབབ་པ་ཡང་མ་མཆིས། ཤིང་དང་ཚལ་ཡང་མ་མཆིས། གྲོང་ ཁྱིམ་དང་། བཟའ་ཤིང་གི་ར་བ་དང་། མི་ཕལ་ཡང་མ་མཆིས་པར་བཅོམ་ལྡན་འདས་འདིར་ཅི་ལ་དགྱེས་ཏེ་བཞུགས་ཤིང་ཆོས་བཤད་ཅེས་གསུངས། ཕལ་ཤུལ་རིང་པོ་ནས་མཆི་བ། བཀྲེས་སྐོམ་པའི་སྡུག་བསྔལ་གྱིས་གདུངས་པའི་སེམས་ཅན་རྣམས་སྲོག་ཀྱང་མི་འཚོ་སྟེ། ཟས་མཆིས་ ན་ནི་སྲོག་མཆིས། སྲོག་མཆིས་ན་ནི་ལུས་མཆིས། ལུས་མཆིས་ན་ནི་ཆོས་ལམ་ཡང་མཆིས་སོ། །ཟས་མ་མཆིས་ན་སྲོག་མ་མཆིས། སྲོག་མ་མཆིས་ན་ལུས་མ་མཆིས། ལུས་མ་མཆིས་ན་ཆོས་ལམ་ཡང་མ་མཆིས་པ་ལགས་ནད་འདིའི་ནང་དུ་འདི་ལྟ་བུའི་ཡིད་ལ་བབ་པ་གང་ ཡང་མ་མཆིས་པར་བཅོམ་ལྡན་འདས་ཅིའི་སླད་དུ་འདིར་ཆོས་བཤད་ཅེས་གསུངས། དེ་ནས་ཤེས་རབ་ཆེན་པོ་ཤ་ར་དྭ་ཏིའི་བུས་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཀུན་དགའ་བོ་ལ་སྨྲས་པ། སྔར་ཆོས་ཀྱི་ཕྱིར་ཞུ་བའི་རིགས་ཀྱི་གཞན་ནི་བསམ་མི་དགོས་སོ། །དེ་བཞིན་གཤེགས་པ་ནི་སྟོབས་ བཅུ་དང་། མི་འཇིགས་པ་བཞིར་མ་ཟད་ཀྱི་དེ་བཞིན་གཤེགས་པ་ལ་སྟོབས་དཔག་ཏུ་མེད་པ་དང་། ཅིས་ཀྱང་མི་བསྙེངས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དཔག་ཏུ་མེད་པ་དང་། གཟི་བརྗིད་དང་། རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་སྟེ། གང་རྟེན་མེད་པ་དེའི་ནི་རྟེན་དུ་མཛད། སངས་རྒྱས་ཀྱི་ངོ་བོ་ ཉིད་མ་མཐོང་བ་ནི་མཐོང་བར་མཛད། ཉོན་མོངས་པ་དང་མ་བྲལ་བ་ནི་ཉོན་མོངས་པ་དང་བྲལ་བར་མཛད། བདེ་བ་མེད་པ་ནི་བདེ་བ་ལ་རེག་པར་མཛད། མ་གྲོལ་བ་ནི་རྣམ་པར་གྲོལ་བར་མཛད། ལོངས་སྤྱོད་དང་མི་ལྡན་པ་ནི་ལོངས་སྤྱོད་དང་ལྡན་པར་མཛད། མྱ་ངན་ལས་མ་འདས་པ་ནི་ ཡོངས་སུ་མྱ་ངན་ལས་བཟླ་བར་མཛད་དེ། དེ་བཞིན་གཤེགས་པ་ལ་འདི་ལྟ་བུ་ལ་སོགས་པའི་རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་ན་དེ་བཞིན་གཤེགས་པ་ལ་རང་འབྱུང་མེད་པའི་མྱ་ངན་བྱ་ཅི་དགོས། བདག་དྲན་པ་སྔོན་དྲ་མ་ཆེན་པོ་དྲི་མ་མེད་པར་གྲགས་པས་ཕལ་མང་པོ་ལ་ཆོས་བསྟན་པ་ན་འཇིག་རྟེན་གྱི་ ཁམས་གཞན་ནས་འོངས་པའི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། མཐུ་སྟོབས་དང་ལྡན་པའི་ལྷ་དང་། ཀླུ་ལ་སོགས་པའི་ཕལ་མང་པོ་ཁང་པའི་ནང་དུ་འདུས་ཏེ་འཁོད་པའི་ཚེ་ན་ཟས་དག་མི་སྣང་ནས། བདག་གིས་དེའི་ཚེ་ན་ཕལ་མང་པོ་འདི་རྣམས་ཀྱི་ཟས་ཇི་ལྟར་འབྱོར་ སྙམ་བསམས་པ་ལས་དྲི་མ་མེད་པར་གྲགས་པས་བདག་ལ་སྨྲས་པ། ཉན་ཐོས་ཤེས་རབ་དམན་པ་ཡང་དག་པའི་ཆོས་བསམ་པའི་རིགས་ཀྱི་ཐོག་མ་ནས་ཟས་དང་། གོས་དང་། ཁྲི་སྟན་ལ་སོགས་པ་སྒྱུ་མའི་རྫས་ལ་ཅིའི་ཕྱིར་རྣམ་པར་རྟོག་ཅེས་དྲ་མ་ཆེན་པོ་དྲི་མ་མེད་པར་གྲགས་པས་དེ་ སྐད་སྨྲས་པའི་ཚེ་ལྷ་དང་། མི་རྣམས་ནི་ཆོས་ལམ་ཐོབ་བདག་ནི་སྐྱེངས་ཏེ་ཁྱོད་ད་ལྟར་སྨྲས་པ་ཡང་དེ་དང་འདྲའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་བློ་གྲོས་ཀྱི་མཆོག་ཤ་ར་དྭ་ཏིའི་བུས་སྨྲས་པ་བདེན་ཏེ། ཐེག་པ་ཆེན་པོ་བསམ་པའི་རིགས་ཀྱི་ལུས་བདེ་བའི་ ཕྱིར་བསམ་པ་ནི་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་ཏིང་ངེ་འཛིན་ཏུ་ཞུགས་ནས་བྱིན་གྱི་རླབས་ཀྱི་མོད་ལས་དེར་གསེར་གྱི་མེ་ཏོག་གཅིག་འབུས་ནས་བྱུང་སྟེ། དེའི་འཕང་དུ་དཔག་ཚད་ཁྲི་ཕྲག་བཞི་བཅུ་ཡོད་ལ། དེས་སྟོང་ཁམས་ཀུན་ཀྱང་ཆུབ་པར་གཡོགས་ནས་བཻ་དཱུརྱའི་དྲ་བས་ཀྱང་ གསེར་གྱི་མེ་ཏོག་ཁྱབ་པར་གཡོགས་ཏེ། མེ་ཏོག་དེའི་འོག་ཏུ་རིན་པོ་ཆེའི་ཁྲུས་ཀྱི་རྫིང་བུ་ཡོན་ཏན་བརྒྱད་དང་ལྡན་པའི་ཆུ་གཙང་མས་ཡོངས་སུ་གང་བ། དེའི་ངོས་བཞིར་མེ་ཏོག་སྣ་ཚོགས་རྣམ་པ་མང་པོ་ལ་འདི་ལྟ་སྟེ། མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དང་། པུན་ད་རཱི་ཀ་ལ་སོགས་པ་རྣམ་པ་ མང་པོ་དཔག་ཏུ་མེད་པས་རིན་པོ་ཆེའི་རྫིང་རྣམ་པར་བརྒྱན་པ་བྱུང་ནས། གང་ལ་ལ་ཞིག་གིས་གསེར་གྱི་མེ་ཏོག་དང་། རིན་པོ་ཆེའི་རྫིང་བུ་མཐོང་བ་ཙམ་གྱིས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་ན་ནང་དུ་ཞུགས་ཏེ་ཁྲུས་བྱས་པ་ལྟ་ཅི་སྨོས། གལ་ཏེ་ཞུགས་ཏེ་ཁྲུས་བྱས་པ་ནི་རྣམ་པར་དག་པ་དང་། མི་སྐྱེ་བའི་ཆོས་ ལ་བཟོད་པ་ཐོབ་བོ། །གསེར་གྱི་མེ་ཏོག་དེའི་འོག་ཏུ་སེང་གེའི་ཁྲི་རིན་པོ་ཆེ་ལས་བྱས་པ། འཕང་དུ་དཔག་ཚད་བརྒྱ་པ་བྱུང་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་ཁྲི་དེ་ལ་བཞུགས་ནས་སྐུའི་བ་སྤུའི་བུ་ག་དང་། ཡན་ལག་ཀུན་ནས་འོད་ཟེར་ཆེན་པོ་བཏང་སྟེ། དེ་བཞིན་གཤེགས་པའི་འོད་ཟེར་ཡང་ གསེར་གྱི་མེ་ཏོག་གི་ཁ་དོག་དང་འཐུན་པར་ཕྱོགས་བཞིར་བྱུང་བས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཁྱབ་པར་སྣང་བར་བྱས་པའི་གནས་ཐམས་ཅད་དུ་རི་ལུང་དང་། ཡུལ་ས་ཀུན་ཀྱང་མཉམ་པར་གྱུར་ནས་ཐམས་ཅད་གསེར་གྱི་ཁ་དོག་ཏུ་གྱུར་ཏེ། སྨེ་བཙོགས་པ་ཡང་མེད་ལ་སེམས་ཅན་དམྱལ་ བ་ཡང་ཞི་ནས་ཡི་དྭགས་ཀྱང་རྣམ་པར་གྲོལ་ཏེ། ལོག་སྤྱོད་དང་དམ་པའི་ཆོས་ལ་སྨོད་པ་ནི་མ་གཏོགས་སོ། །དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཇིག་རྟེན་གྱི་ཁམས་གཞན་དང་། དབུས་ཀྱི་ཁམས་འདི་དང་འདྲ་བར་གྱུར་ནས་ཐ་དད་པ་མེད་དོ། །ཕྱོགས་བཅུའི་སངས་རྒྱས་ཀྱིས་ཀྱང་འོད་ཟེར་དེ་གཟིགས་ ནས་སོ་སོ་ནས་ཚིག་འཐུན་པར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་པས་བསྟོད་ནས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་བྱམས་པ་ཆེན་པོས་འོད་ཟེར་བཏང་བ་འདི་ནི་སྔོན་གྱི་འོད་ཟེར་དང་མི་འདྲ་སྟེ། སྔོན་ཆད་ཀྱི་འོད་ནི་ཤར་ཕྱོགས་སུ་སྔར་ཤར་ན། དེང་གི་འོད་ནི་ཕྱོགས་བཞི་ནས་ དུས་གཅིག་ཏུ་ཕྱོགས་བཅུར་ཁྱབ་པར་ཤར་བ་ལས་བལྟས་ན་འོད་དེས་ནི་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཁམས་གསུམ་ནས་བཏོན་ཏེ། མྱ་ངན་ལས་བཟླ་བར་མངོན་ནོ་ཞེས་གསུངས་སོ། །དེ་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སོ་སོའི་འཁོར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་མི་མཇེད་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འོད་ཟེར་ཆེན་པོ་གཏོང་བ་ནི་གདོན་མི་ཟ་བར་དམ་པའི་ཆོས་བསྟན་ཅིང་སེམས་ཅན་རྣམས་སྡུག་བསྔལ་བ་ལས་བསྒྲལ་ གྱི་ཆ་ན། ཁྱེད་རྣམས་འཇིག་རྟེན་གྱི་ཁམས་དེར་སོང་ལ། སངས་རྒྱས་དེ་ལ་མཆོད་པ་ཕུལ་ནས་ཐེ་ཙོམ་རྣམས་ཞུ་ཞིང་ཆོས་ཀྱི་རྣམ་གྲངས་ཉན་ཅིང་གསོལ་བའི་རིགས་སོ། །འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་ཡོངས་ཀྱིས་ངན་ཅིང་ཁྲོ་ལ་རྫུན་སྒྱུ་ཅན་ཏེ། ཐེག་པ་གཅིག་ལ་མ་དད་པས་ དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱམས་པ་ཆེན་པོས་ཐབས་སྣ་ཚོགས་ཀྱིས་ཐེག་པ་གསུམ་དུ་ཕྱེ་སྟེ། སྲིད་པ་གསུམ་ལས་རྣམ་པར་གྲོལ་བར་བྱེད་དོ། །ཐེག་པ་གསུམ་དུ་བསྟན་གྱིས་ཀྱང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་དག་པ་ ཡོངས་སུ་དཀར་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་ནི་བསྐལ་པ་ཁྲི་ཕྲག་བརྒྱ་སྟོང་དུ་ཡང་མཐོང་བར་མི་འགྱུར། ཆོས་ཀྱི་རྣམ་གྲངས་བཤད་དོ་ཅོག་ཀྱང་ཐོས་པར་མི་འགྱུར། འཁོར་དེ་དག་ཀྱང་ཚོགས་འདུས་པར་མི་འགྱུར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གདན་ཁྲི་དང་། གསེར་གྱི་ མེ་ཏོག་ཁྱད་པར་ཅན་ལ་བཞུགས་པ་ཡང་མཐོང་བར་མི་འགྱུར་རོ། །དེ་བས་ན་ཁྱེད་རྣམས་འཇིག་རྟེན་དེར་སོང་ལ། སངས་རྒྱས་དེ་མཐོང་ཞིང་ཐེ་ཙོམ་དག་ཞུ་ན་ཁྱེད་རྣམས་ཀྱང་བསོད་ནམས་ཐོབ་ལ། སྐྱེ་བོ་ཀུན་ལ་ཕན་པ་དང་། བདེ་བར་ཡང་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ་ཕྱོགས་ བཅུའི་སངས་རྒྱས་ཀྱི་ཞིང་རེ་རེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཅུ་བཅུ་རང་རང་གི་གནས་ནས་ལངས་ཏེ། སོ་སོའི་སངས་རྒྱས་ལ་ཕྱག་འཚལ་ནས། ཐབས་ཅིག་ཏུ་དོང་སྟེ། བྱང་ཆུབ་སེམས་དཔའ་རེ་རེ་ཡང་རོལ་མོ་རྣམ་པ་བརྒྱ་སྟོང་ཐོགས་ཏེ། མེ་ཏོག་རིན་པོ་ཆེ་མཆོག་ཏུ་བཟང་པོའི་ཆར་ ཕབ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་སོ་སོ་ནས་ཚིག་གཅིག་དང་། ངག་གཅིག་དང་། སྒྲ་གཅིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་བདག་ཅག་གསོལ་ཞིང་ཞུ་བ་ཞིག་མཆིས་ན་སྐྱེ་བོ་རྣམས་ལ་སྨན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་ཞིང་བཤད་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕས་བྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་ཐེ་ཙོམ་ ཡོད་ན་དེ་ཀུན་དྲིས་ཤིག་དང་། ངས་ཁྱེད་རྣམས་ལ་བྱེ་བྲག་ཕྱེད་པར་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་དེ་བཞིན་གཤེགས་པ་ནི་ཐེག་པ་གཅིག་ལས་མི་བཤད་ན། འདིར་ བཅོམ་ལྡན་འདས་ཀྱིས་ཅིའི་སླད་དུ་ཐེག་པ་གསུམ་དུ་བཤད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་རྣམས་སེམས་ཅན་ལ་ཕན་པ་དང་བདེ་བའི་ཕྱིར་དོན་འདི་ལྟ་བུ་འདྲི་བ་ལེགས་ཀྱིས་ ཉོན་ཅིག་རིགས་ཀྱི་བུ་རྣམས་དཔེར་ན་མི་གཅིག་ལ་མིང་གསུམ་ཡོད་པ་ལྟ་བུ་སྟེ། ཆུང་ངུའི་ཚེ་ན་ནི་བྱིས་པ་ཞེས་བྱ། ལོ་ཉི་ཤུ་ཡན་ཆད་ལ་ནི་སྐྱེས་བུ་ཞེས་བྱ། ལོ་བརྒྱད་ཅུ་ཡན་ཆད་འདས་པ་ནི་རྒན་པོ་ཞེས་བྱའོ། །ངའི་ཐེག་པ་གསུམ་ཡང་དེ་དང་འདྲ་སྟེ། སེམས་རྒྱ་ཆུང་ངུ་ཉན་ཐོས་ལ་ནི་ཐེག་ པ་ཆུང་ངུར་བསྟན། སེམས་རྒྱ་འབྲིང་པོ་རང་སངས་རྒྱས་ལ་ནི་ཐེག་པ་འབྲིང་པོ་བསྟན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཆེན་པོ་ལ་ཞུགས་པ་ལ་ནི་ཐེག་པ་ཆེན་པོ་བསྟན་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་ཡང་ཉོན་ཅིག །མདོར་མཐའ་གཉིས་མེད་པ་དང་ཕྱོགས་གཅིག་ཏུ་འཐུན་ཏེ། ཤེས་པའི་སྒོ་ཐ་དད་ཀྱང་མཐའ་གཅིག་ཏུ་འདུའོ། །མདོ་ནི་ཐེག་པ་གཅིག་སྟེ། ཐབས་སྤྱད་པས་གསུམ་དུ་བགོས་ཀྱིས་ཀྱང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་ཐེག་པ་ཆེན་པོའི་ནང་དུ་འདུ་ལ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་ཐེག་པའོ། །དེ་བས་ན་ཐེག་པ་གསུམ་ཡང་ ཐེག་པ་གཅིག་གོ་ཞེས་ཆོས་འདི་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་སློང་བརྒྱད་བརྒྱས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ། ལྷ་ཉི་ཁྲིས་ནི་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ། མི་ལས་ཁྲི་ཕྲག་བརྒྱ་སྟོང་ནི་མོད་ལ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་ཕྱོགས་བཅུ་ནས་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་དེ་བཞིན་གཤེགས་པའི་ མཐུ་དང་། བྱིན་གྱི་རླབས་ཀྱིས་ཁམས་འདིར་ཕྱིན་ཅིང་བཅོམ་ལྡན་འདས་ཀྱི་ཞལ་མཐོང་བའི་སྟེང་དུ་ཐེག་པ་ཆེན་པོའི་ཆོས་ཀྱང་ཐོས་ན་ཆོས་ཀྱི་རྣམ་གྲངས་འདི་བདག་ཅག་གིས་བླངས་ཏེ་གཟུངས་སུ་འཛིན་པར་གནང་བར་མཛད་དུ་གསོལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་སླད་ན་ འཇིག་རྟེན་གྱི་ཁམས་འདི་དང་། འཇིག་རྟེན་གྱི་ཁམས་གཞན་དུ་རི་དང་། ནགས་དང་། ཚལ་དང་། ཤིང་དྲུང་དང་། རིག་པ་འཛིན་པའི་གནས་དང་། གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། དགོན་པ་དང་། དུར་ཁྲོད་དང་། མཆོད་རྟེན་དང་། གཙུག་ལག་ཁང་དང་། དགེ་འདུན་གྱི་གནས་ ཁང་དང་། ཆོས་སྟོན་པའི་ས་མང་པོ་འདུ་བ་དང་། ཁྱིམ་པའི་གནས་སོ་སོའི་ཁྱིམ་ཁྱིམ་དུ་རྒྱ་ཆེར་སྤེལ་ཞིང་རྒྱུན་མི་འཆད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་ནང་ན་འགྲོ་ཀུན་བཀག་པར་འགྱུར་རོ། །སྔོན་དེ་བཞིན་གཤེགས་པས་བསྟན་པས་སེམས་ ཅན་དམྱལ་བའི་སྒོ་བཅད་ཅེས་ཐོས་ཏེ། གང་གིས་མདོ་སྡེ་འདི་ལས་ཚིག་གཅིག་བཏོན་ན་ལྷ་རྣམས་ཀྱང་རབ་ཏུ་དགའ་བ་དང་ཚིམ་པ་སྐྱེས་ཏེ། རྟག་ཏུ་བསྙེན་བཀུར་བགྱིད་ཅིང་རང་བཞིན་གྱིས་དགེ་བ་སྤྱོད་དོ། །གང་ལ་ལས་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་འདི་ཐོས་ཏེ། དགའ་བ་སྐྱེས་ནས་དད་ པ་དང་གུས་པའི་སེམས་ཀྱིས་ཡི་གེར་འབྲིའམ། ཡི་གེར་འདྲིར་འཇུག་གམ། ཀློག་གམ། ཁ་ཏོན་ཏུ་བྱས་སམ། བླངས་སམ། འཆང་ངམ། ཕྱག་འཚལ་ཞིང་ཆོས་ཀྱི་རྣམ་གྲངས་འདིའི་ནང་གི་སངས་རྒྱས་ཀྱི་མཚན་གཅིག་གམ། བྱང་ཆུབ་སེམས་དཔའི་མིང་གཅིག་བརྗོད་ན་གང་ཟག་དེ་ནི་ཚེ་འདི་ ཉིད་ལ་བདེ་བ་ཐོབ་སྟེ། སྡིག་པ་རྣམས་མི་མཐོང་ཞིང་ཚེ་ཟད་དེ་འཆི་འཕོས་ན་ཡང་བྱང་ཆུབ་སེམས་དཔའ་བདག་ཅག་རྣམས་ཀྱིས་སྔོན་དུ་ལམ་དྲངས་ཏེ། བདག་ཅག་གི་འཇིག་རྟེན་གྱི་ཁམས་རྣམ་པར་དག་པར་གནས་གཅིག་ཏུ་སྐྱེ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། མདོ་སྡེ་འདི་བླངས་པ་དང་། གཟུངས་སུ་འཛིན་པའི་སླད་དུའོ། །མདོ་སྡེ་འདི་བླངས་ཏེ། གཟུངས་སུ་འཛིན་པ་ནི་སངས་རྒྱས་ཀྱི་སྐུ་འཛིན་པའོ། །སངས་རྒྱས་ཀྱི་སྐུ་འཛིན་པ་ནི་བྱང་ཆུབ་སེམས་དཔའ་ལགས་པར་མངོན་ཏེ། དེ་བས་ན་དེ་དག་ནི་བདག་ཅག་དང་བསླབ་པ་གཅིག་གོ། །རྒྱུ་དང་རྐྱེན་དེས་ན་མདོ་སྡེ་འདི་གཟུངས་སུ་འཛིན་པ་ རྣམས་གནས་གཅིག་ཏུ་སྐྱེ་ཞིང་མི་འབྲལ་བར་སྨོན་ཏོ། །དེ་ནས་ཚངས་པ་ཆེན་པོ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། འཇིག་རྟེན་སྐྱོང་བ་རྒྱལ་པོ་ཆེན་པོ་བཞི་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལ་སོགས་པ་དང་། ཀླུའི་རྒྱལ་ པོ་དགའ་བོ་དང་། ཉེ་དགའ་བོ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དབྱངས་ཅན་དང་། འཕྲོག་མ་མོ་དང་། རིའི་ལྷ་དང་། ཤིང་གི་ལྷ་དང་། ཀླུང་གི་ལྷ་དང་། མཚོའི་ལྷ་དང་། སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་ལ་སོགས་པ་གྲངས་མེད་དཔག་ཏུ་མེད་པ་ དག་རང་རང་གི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཅིང་གུས་པས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ནི་བཅོམ་ལྡན་འདས་ཀྱིས་བསྟན་པའི་མདོ་སྡེ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འདི་ལ་རྟག་ཏུ་ བསྲུང་ཞིང་འཛིན་པར་བགྱིའོ། །མདོ་སྡེ་འདི་གང་དུ་གནས་པ་དེར་བདག་ཅག་གིས་རྟག་ཏུ་མདུན་དུ་བདར་ཏེ་ཡོངས་སུ