Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Kinh tạng Tây Tạng (Kangyur Đại Học) — 031_ཁྲི་བརྒྱད།_ག

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
ས། ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་ཟློག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་དག་སྟོན་ཏེ། དེ་དག་རྗེས་སུ་

སྟོན་པར་བྱེད་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་མཁན་པོ་དང་། སློབ་
དཔོན་གྱི་ཆ་བྱད་དུ་བསྒྱུར་ཅིང་འོངས་ནས། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་འབྲལ་བར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་དག་དང་འབྲལ་བར་བྱེད། དྲན་པ་ཉེ་བར་གཞག་པ་དག་དང་འབྲལ་བར་བྱེད་པ་ནས་དེ་བཞིན་དུ་སྦྱར་ཏེ། འཕགས་པའི་
ལམ་ཡན་ལག་བརྒྱད་པའི་བར་དག་དང་འབྲལ་བར་བྱེད་ལ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དག་དང་སྦྱོར་བར་བྱེད། ཡང་དག་པར་འཛིན་དུ་འཇུག་ཅིང་། འདི་སྐད་དུ་ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་འདི་དག་བསྒོམས་ལ། ཉན་ཐོས་ཀྱིས་མངོན་དུ་
གྱིས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་མི་སྣང་བའི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས་འདི་སྐད་དུ་རིགས་ཀྱི་བུ་ཚུར་ཤོག །གང་གི་དོན་དུ་བསྐལ་པ་ཚད་མེད་གྲངས་མེད་པར་འཁོར་བ་ན་
འཁོར་ཞིང་ལག་པ་བཅད་པ་དང་། རྐང་པ་བཅད་པ་དང་། མགོ་བཅད་པ་དཔག་ཏུ་མེད་པ་དག་ཉམས་སུ་མྱོང་བར་འགྱུར་ཞིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པས་ཁྱོད་ལ་ཅི་ཞིག་བྱ། གང་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་
མངོན་སུམ་དུ་བྱ་བར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག །གང་ལ་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་སུམ་དུ་བྱ་བར་ཡོད་པ་དེ་ལ་བརྩོན་པར་གྱིས་ཤིག་ཅེས་ཟེར་བའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་དེ་ལ་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་དེ་ནི། བྱང་ཆུབ་སེམས་

དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བདུད་སྡིག་ཅན་དགེ་སློང་གི་ཆ་བྱད་དུ་བསྒྱུར་ཅིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་འོངས་ནས། དེ་ལ་མིག་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་
ཆོས་སྟོན། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་།
འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན། དེ་བཞིན་དུ་ཇི་ལྟར་མིག་ལ་སྦྱར་བ་དེ་བཞིན་དུ་ཡིད་ཀྱི་བར་ལ་ཡང་རྒྱ་ཆེར་སྦྱར་བར་བྱ་སྟེ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མི་རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་
ཅིང་། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་
པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མི་
རྟག་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པ་དང་། དེ་བཞིན་དུ་སྡུག་བསྔལ་ཞེས་བྱ་བ་དང་། བདག་མེད་ཅེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། མཚན་མ་མེད་ཅེས་བྱ་བ་དང་། སྨོན་པ་མེད་ཅེས་བྱ་བ་དང་། ཞི་ཞེས་བྱ་བ་དང་། དབེན་ཞེས་བྱ་བ་དང་། རྣམ་
པར་བྱང་ཞེས་བྱ་བ་དང་། སྐྱེ་བ་མེད་ཅེས་བྱ་བ་དང་། འགག་པ་མེད་ཅེས་བྱ་བ་དང་། དངོས་པོ་མེད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་ཆོས་སྟོན་པའི་བདུད་ཀྱི་ལས་དེ་ལྟ་བུ་དེ་དག་མི་རྗོད་མི་སྟོན་ཅིང་། ཡང་དག་པར་རྟོགས་པར་མི་བྱེད་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཐབས་ལ་མཁས་པ་གང་དང་ལྡན་ན། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་ལགས་ཤིང་སྡིག་པའི་གྲོགས་པོ་རྣམ་པར་སྤངས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཏུ་ལྟ་བ་སྤང་བའི་
ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སེམས་ཅན་དུ་ལྟ་བ་སྤང་བའི་ཕྱིར་དང་། སྐྱེ་བ་པོར་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གསོ་བར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ཤེད་ལས་སྐྱེས་དང་། ཤེད་བུ་དང་། བྱེད་དུ་འཇུག་པ་པོ་དང་། བྱེད་པ་པོ་དང་།
སློང་བ་པོ་དང་། ཀུན་ནས་སློང་བ་པོ་དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་ཆད་པ་དང་། རྟག་པར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་
བཞིན་དུ་ཡོད་པར་ལྟ་བ་དང་། མེད་པར་ལྟ་བ་དང་། ཕུང་པོར་ལྟ་བ་དང་། ཁམས་སུ་ལྟ་བ་དང་། སྐྱེ་མཆེད་དུ་ལྟ་བ་དང་། བདེན་པར་ལྟ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་
པ་རྣམས་སུ་ལྟ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སྦྱར་ཏེ།
སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། དེ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་ལྟ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་ལྟ་བ་དང་། བྱང་ཆུབ་ཏུ་ལྟ་བ་དང་། སངས་རྒྱས་སུ་ལྟ་བ་

དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པ་ཡིན་ནོ། །ཤ་ར་དྭ་
ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བདག་ཏུ་ལྟ་བ་སྤང་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་ནས་དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་ལྟ་བ་སྤང་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་པ་དེ་ཐམས་ཅད་མི་དམིགས་པའི་ཚུལ་གྱིས་ཆོས་
སྟོན་ན། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པས་ཡོངས་སུ་ཟིན་པ་དང་། སྡིག་པའི་གྲོགས་པོ་རྣམ་པར་སྤངས་པའི་བར་དུ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་
ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བའི་རྣམ་པ་ཐམས་ཅད་སྤང་བའི་སླད་དུ་སེམས་ཅན་རྣམས་ལ་ཆོས་སྟོན་ལགས་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་སུ་ལྟ་བར་འགྱུར་ལགས། དེ་བཞིན་དུ་ཚོར་བར་ལྟ་
བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བ་ལགས། དེ་བཞིན་དུ་མིག་ཏུ་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་གཟུགས་སུ་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་
དུ་ལྟ་བ་ལགས། དེ་བཞིན་དུ་མིག་གི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ལྟ་བ་ལགས། དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ལྟ་བ་ལགས། དེ་
བཞིན་དུ་དྲན་པ་ཉེ་བར་གཞག་པར་ལྟ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ལྟ་བ་ལགས། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བ་ལགས་ཤིང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བ་

ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ལ་མི་མཁས་པས་གཟུགས་དམིགས་ཤིང་དམིགས་
པའི་ཚུལ་གྱིས་གཟུགས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དམིགས་ཤིང་དམིགས་པའི་ཚུལ་གྱིས་རྣམ་པར་ཤེས་པར་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་མིག་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་མིག་ཏུ་ལྟ་བ་
བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཡིད་དུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་གཟུགས་རྣམས་སུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་གཟུགས་རྣམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་དུ་དམིགས་ཤིང་དམིགས་
པའི་ཚུལ་གྱིས་ཆོས་རྣམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་མིག་གི་ཁམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་མིག་གི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཡིད་ཀྱི་རྣམ་པར་ཤེས་པའི་
ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་གཟུགས་ཀྱི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་ཆོས་ཀྱི་ཁམས་སུ་ལྟ་བ་བསྐྱེད་དོ། །དེ་བཞིན་
དུ་དྲན་པ་ཉེ་བར་གཞག་པ་རྣམས་དམིགས་ཤིང་དམིགས་པའི་ཚུལ་གྱིས་དྲན་པ་ཉེ་བར་གཞག་པར་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པར་ལྟ་བ་བསྐྱེད་དོ། །
དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་དེ་དག་ལ་ལྟ་བ་བསྐྱེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དམིགས་ཤིང་དམིགས་པའི་ཚུལ་གྱིས་དེ་དག་ལ་ལྟ་བ་བསྐྱེད་དོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་

རྒྱུ་དེས་ན། བྱང་ཆུབ་སེམས་དཔའ་ཐབས་ལ་མི་མཁས་པ་གཟུགས་སུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་ཚོར་བར་ལྟ་བ་དང་། འདུ་ཤེས་སུ་ལྟ་བ་དང་། འདུ་བྱེད་དུ་ལྟ་བ་དང་། རྣམ་པར་ཤེས་པར་ལྟ་བར་འགྱུར་རོ། །དེ་བཞིན་དུ་མིག་ཏུ་ལྟ་བར་འགྱུར་བ་ནས།
དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་མིག་གི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་
ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་སུ་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པར་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་
བར་དུ་ལྟ་བར་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུར་ལྟ་བར་འགྱུར་བ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ལྟ་བར་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པས་ལྟ་བ་དེ་དག་སྤང་བའི་ཕྱིར། དམིགས་པའི་ཚུལ་གྱིས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དོན་གང་གིས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ལ་བདག་ཀྱང་སྤོབས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཁྱོད་སྤོབས་སམ། བཙུན་པ་བཅོམ་ལྡན་འདས་སྤོབས་ལགས་སོ། །འོ་ན་ཇི་ལྟ་བུ་ཡིན། གསོལ་པ། བཙུན་པ་བཅོམ་ལྡན་
འདས་འདི་ལ་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་ནི་མི་མཉམ་པ་དང་མཉམ་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་སྟེ། དོན་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་

འདས་འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་པ་ཁམས་གསུམ་དུ་མ་གཏོགས་པ་དེ་ནི། དེའི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཟག་པ་མ་མཆིས་པ་ཁམས་གསུམ་དུ་མ་གཏོགས་པ་གང་ལགས་པ་དེ་ལ་ཡང་དེ་ཆགས་པ་མ་མཆིས་པས། དེའི་སླད་དུ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་། རང་སངས་
རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེ་གང་ཡིན། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ།
ཆོས་གང་ཡང་སྐྱེ་བའམ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ཡང་འགྲིབ་པའམ། འཕེལ་བར་ཡང་མི་འགྱུར། ཆོས་གང་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་མ་མཆིས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གང་ལ་མི་སྐྱེ་མི་འགག་ཅིང་།
འགྲིབ་པ་མ་མཆིས། འཕེལ་བ་མ་མཆིས། ཀུན་ནས་ཉོན་མོངས་པ་མ་མཆིས། རྣམ་པར་བྱང་བ་མ་མཆིས། ཉན་ཐོས་ཀྱི་སེམས་དང་། རང་སངས་རྒྱས་ཀྱི་སེམས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སེམས་མ་མཆིས་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པའི་སེམས་ལགས་སོ། །དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུས་གང་སྨྲས་པ་དེ་བཞིན་ཏེ།
ཉན་ཐོས་དང་། རང་སངས་རྒྱས་ཀྱིས་དེ་ལ་ཡང་སེམས་དེ་ཆགས་པ་མེད་དོ། །བཙུན་པ་བཅོམ་ལྡན་འདས་འོ་ན་སེམས་དེ་གཟུགས་ལ་ཡང་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་ཡང་སེམས་དེ་ཆགས་པ་མ་

མཆིས་ལགས་སམ། དེ་བཞིན་དུ་མིག་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་གཟུགས་རྣམས་ལ་ཡང་སེམས་དེ་ཆགས་པ་
མ་མཆིས་ལགས་སམ། སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཆོས་རྣམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་མིག་གི་ཁམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་ཡང་སེམས་
དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་ཡང་སེམས་
དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། སངས་རྒྱས་ཀྱི་ཆོས་
མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་སེམས་དེ་ཆགས་པ་མ་མཆིས་ལགས་སམ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་ལ་ཡང་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་
པར་ཤེས་པ་ལ་ཡང་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་མིག་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་གཟུགས་རྣམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་རྣམས་ཀྱི་བར་ལ་
སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་མིག་གི་ཁམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་

ཁམས་ཀྱི་བར་ལ་སེམས་དེ་ཆགས་པ་མེད་དོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་ལ་སེམས་དེ་ཆགས་པ་མེད་པ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་
བཅུ་ལ་སེམས་དེ་ཆགས་པ་མེད་པ་ནས། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་སེམས་དེ་ཆགས་པ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་
སྐད་ཅེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གང་ཡིན་པ་དེ་ཡང་ཟག་པ་མེད་ཅིང་ཁམས་གསུམ་ཐམས་ཅད་དུ་གཏོགས་པ་མ་ཡིན་ནོ། །ཞེས་བཀའ་སྩལ་ནས། བཙུན་པ་བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་
པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་དེ་ཡང་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ།
ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་
པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་མིག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་
གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་བ། བཙུན་པ་བཅོམ་ལྡན་འདས་

གཟུགས་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་རྣམས་ཀྱི་བར་ཡང་རང་བཞིན་གྱིས་
སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་ཀྱི་བར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་
མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་
ལྡན་འདས་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །དེ་བཞིན་དུ་སྦྱར་ཏེ། ཆོས་ཀྱི་ཁམས་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་
ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་
སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་
དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་གསུམ་དུ་མ་གཏོགས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་སླད་དུ་ཟག་པ་མ་མཆིས་ཤིང་ཁམས་

གསུམ་དུ་མ་གཏོགས་པ་ལགས་སམ། བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཉན་ཐོས་དང་། རང་
སངས་རྒྱས་ཐམས་ཅད་ཀྱི་སེམས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་གཟུགས་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་།
འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་བཞིན་དུ་མིག་ཀྱང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཡིད་ཀྱི་བར་དུ་ཡང་དེ་བཞིན་དུ་
སྦྱར་རོ། །དེ་བཞིན་དུ་མིག་གི་ཁམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། ཆོས་ཀྱི་
ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་
ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་པ་ནས་དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཟག་པ་མེད་ཅིང་ཁམས་གསུམ་དུ་གཏོགས་པ་མ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་
འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་སེམས་མ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སེམས་དེ་ལ་ཆགས་པ་མེད་དོ། །ཞེས་བཀའ་སྩལ་ན། བཙུན་པ་བཅོམ་

ལྡན་འདས་གཟུགས་མ་མཆིས་པ་ཡང་གཟུགས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། རྣམ་པར་ཤེས་པའི་བར་དུ་མ་མཆིས་པ་ཡང་རྣམ་པར་ཤེས་པའི་བར་དུ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་
ལྡན་འདས་མིག་མ་མཆིས་པ་ཡང་མིག་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་བར་དུ་མ་མཆིས་པ་ཡང་ཡིད་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་གཟུགས་རྣམས་མ་མཆིས་པ་ཡང་གཟུགས་རྣམས་
མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་ཆོས་རྣམས་མ་མཆིས་པའི་བར་དག་ཆོས་རྣམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་མིག་གི་ཁམས་མ་མཆིས་པ་མིག་གི་ཁམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་
སམ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་མ་མཆིས་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མ་མཆིས་པ་ལ་
ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་མ་མཆིས་པ་ཡང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། བཙུན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་བཅུ་
མ་མཆིས་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་མཆིས་པ་ལ་ཆགས་པ་མ་མཆིས་ལགས་སམ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་མ་མཆིས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མ་མཆིས་པ་རྣམས་ལ་ཆགས་པ་མ་མཆིས་ལགས་སམ།
བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། གཟུགས་མེད་པ་ཡང་གཟུགས་མེད་པ་ལ་ཆགས་པ་མེད་དོ། །རྣམ་པར་ཤེས་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་བ་ནས། དེ་བཞིན་དུ་མིག་ནས་ཡིད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་

རྣམས་ནས་ཆོས་རྣམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་མིག་གི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་མེད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དྲན་པ་ཉེ་བར་གཞག་
པ་རྣམས་མེད་པ་ཡང་དྲན་པ་ཉེ་བར་གཞག་པ་རྣམས་མེད་པ་ལ་ཆགས་པ་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་པ་ཡང་། དེ་བཞིན་གཤེགས་པའི་སྟོབས་བཅུ་མེད་པ་ལ་ཆགས་པ་
མེད་དོ། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་ལ་ཡང་ཆགས་པ་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་ནི། མི་མཉམ་པ་དང་མཉམ་པའི་སེམས་ཉན་ཐོས་དང་།
རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་སེམས་དེས་ཀྱང་མི་དམིགས་པའི་ཚུལ་གྱིས་རློམ་སེམས་སུ་མི་བྱེད། མངོན་པར་ཞེན་པར་མི་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས་མི་དམིགས་པའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་
ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱི་སར་རབ་ཏུ་ལྟུང་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་
ལ་མི་འཇུག་པ་ལགས། བྱང་ཆུབ་སེམས་དཔའི་སྐྱོན་ནི་གང་ལགས་སྐྱོན་མ་མཆིས་པ་ནི་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་གང་གི་ཚེ། བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སྔར་ངེས་པར་ལྟུང་བར་གྱུར་ལ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་རབ་ཏུ་ལྟུང་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མི་འཇུག་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་སྐྱོན་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་

ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔར་ངེས་པར་ལྟུང་བའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་ན། ཐབས་ལ་མི་མཁས་པ་ཉིད་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་བའི་སྒོ་ལ་བརྟེན་ནས། ཉན་ཐོས་ཀྱིས་འམ། རང་སངས་རྒྱས་ཀྱིས་མངོན་
སུམ་དུ་བྱེད་ཅིང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མི་འཇུག་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔར་ངེས་པར་ལྟུང་བའི་སྐྱོན་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་གང་ལགས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སྐྱོན་ཞེས་བྱ་བ་ནི་འདི་ལྟ་སྟེ། ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། །གསོལ་པ། བཙུན་པ་བཅོམ་ལྡན་འདས་ཆོས་ལ་སྲེད་པའི་སྐྱོན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གཟུགས་ལ་མི་རྟག་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་རྟག་
ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
སྤྱོད་པ་ནི། གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྡུག་བསྔལ་ཞེས་བྱ་བར་གནས་པར་བྱེད་ཅིང་། ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། གཟུགས་ནས་རྣམ་པར་ཤེས་པའི་བར་ལ་བདག་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་།

དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྟོང་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་མཚན་མ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་
གཟུགས་ནས་རྣམ་པར་ཤེས་པའི་བར་ལ་སྨོན་པ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་ཞི་ཞེས་བྱ་བར་གནས་པར་བྱེད་ཅིང་། ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་
ནས་རྣམ་པར་ཤེས་པའི་བར་ལ་དབེན་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་རྣམ་པར་བྱང་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ནས་རྣམ་
པར་ཤེས་པའི་བར་ལ་སྐྱེ་བ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ནས་རྣམ་པར་ཤེས་པའི་བར་ལ་འགག་པ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་གཟུགས་ལ་དངོས་
པོ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། རྣམ་པར་ཤེས་པའི་བར་ལ་དངོས་པོ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འཐུན་པའི་ཆོས་
ལ་སྲེད་པ་སྟེ་སྐྱོན་ཡིན་ནོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་སྔར་ངེས་པར་ལྟུང་བ་ཡིན་ཞིང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་མི་འཇུག་པ་ཡིན་ནོ། །ཤ་ར་དྭ་
ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཐབས་ལ་མཁས་པས་མིག་ནས་ཆོས་རྣམས་ཀྱི་བར་ལ་མི་རྟག་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་

སྡུག་བསྔལ་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་བདག་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་སྟོང་
ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་མཚན་མ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་སྨོན་པ་མེད་ཅེས་བྱ་བར་གནས་པར་བྱེད་
ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་ཞི་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་དབེན་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་
བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་རྣམ་པར་བྱང་ཞེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་བར་ལ་སྐྱེ་བ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ནས་ཆོས་རྣམས་ཀྱི་
བར་ལ་འགག་པ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། དེ་བཞིན་དུ་མིག་ལ་དངོས་པོ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མངོན་པར་ཞེན་པ་དང་། ཆོས་རྣམས་ཀྱི་བར་ལ་དངོས་པོ་མེད་ཅེས་བྱ་བར་གནས་པར་བྱེད་ཅིང་ཀུན་ཏུ་ཤེས་
ལ་མངོན་པར་ཞེན་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་འཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་སྔར་ངེས་པར་ལྟུང་བ་ཡིན་ཞིང་ཉན་ཐོས་དང་།
རང་སངས་རྒྱས་ཀྱི་སར་རབ་ཏུ་ལྟུང་བ་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་མི་འཇུག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ཐབས་ལ་མི་མཁས་པས་ཁམས་རྣམས་དང་། དྲན་པ་

ཉེ་བར་གཞག་པ་དག་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དང་། དེ་བཞིན་དུ་སྦྱར་ཏེ། ཇི་ལྟར་ཕུང་པོ་དག་གི་སྐབས་སུ་སྦྱར་བ་བཞིན་ཐམས་ཅད་དུ་རྒྱ་ཆེར་སྦྱར་བར་
བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པས་སྔར་ངེས་པར་ལྟུང་བ་ཡིན་ཞིང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སར་རབ་ཏུ་ལྟུང་བ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་མི་འཇུག་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་འདི་སྐད་ཅེས་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མ་མཆིས་པ་གང་ལགས་ཞེས་གང་སྨྲས་པ་ཡང་། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་འདི་ལྟར་བསླབ་པར་བྱ་སྟེ། ཅི་ནས་གཟུགས་ཀྱིས་རློམ་སེམས་སུ་མི་བྱའོ། །ཚོར་བ་
དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པས་རློམ་སེམས་སུ་མི་བྱ། མིག་གིས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་ཡིད་ཀྱིས་རློམ་སེམས་སུ་མི་བྱ། གཟུགས་རྣམས་ཀྱིས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་སྒྲ་དང་།
དྲི་དང་རོ་དང་། རེག་བྱ་དང་། ཆོས་རྣམས་ཀྱིས་རློམ་སེམས་སུ་མི་བྱ། མིག་གི་ཁམས་ཀྱིས་རློམ་སེམས་སུ་མི་བྱ། གཟུགས་ཀྱི་ཁམས་ཀྱིས་རློམ་སེམས་སུ་མི་བྱ། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱིས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་ཁམས་ཀྱི་བར་གྱིས་
རློམ་སེམས་སུ་མི་བྱ། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་གྱིས་རློམ་སེམས་སུ་མི་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་
གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་རློམ་སེམས་སུ་མི་བྱ། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་

སྦྱར་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་གྱིས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུས་རློམ་སེམས་སུ་མི་བྱ། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་གྱིས་རློམ་སེམས་སུ་མི་བྱའོ། །ཤ་ར་
དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་ཐུན་མོང་པ་མ་ཡིན་པའི་སེམས། རྒྱ་ཆེན་པོའི་སེམས་དེ་ཉིད་ཀྱིས་ཀྱང་རློམ་སེམས་སུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཀྱི་རང་
བཞིན་འོད་གསལ་བ་ཉིད་ཀྱི་ཕྱིར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་གང་ལགས། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་
དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་སེམས་གང་འདོད་ཆགས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། ཞེ་སྡང་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཏི་མུག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་ཞིང་། དེ་བཞིན་
དུ་ཀུན་ནས་ལྡང་བ་རྣམས་དང་། ཀུན་ཏུ་སྦྱོར་བ་རྣམས་དང་། བག་ལ་ཉལ་རྣམས་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་དང་། དེ་བཞིན་དུ་ལྟ་བའི་ཀུན་ཏུ་སྦྱོར་བ་ཐམས་ཅད་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་
སེམས་དག་དང་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན་པ་འདི་ནི་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་
འདས་ཅི་སེམས་མ་ལགས་པའི་སེམས་གང་ལགས་པ་དེ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་སེམས་ཀྱི་སེམས་ཉིད་གང་ཡིན་པ་དེ་ལ་ཅི་ཡོད་པ་ཉིད་མ། མེད་པ་ཉིད་མ། བདོག་པའམ། མི་བདོག་པའམ། དམིགས་པ་ཉིད་དམིགས་

སུ་ཡོད་མ། གསོལ་པ། བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གལ་ཏེ་སེམས་ཀྱི་སེམས་ཉིད་གང་ལ་ཡོད་པ་ཉིད་དམ། མེད་པ་ཉིད་མེད་ཅིང་མི་དམིགས་ན། ཤ་ར་དྭ་ཏིའི་བུས་གང་འདི་སྐད་ཅེས་སྨྲས་ཏེ། སེམས་མ་ལགས་པའི་སེམས་དེ་
མཆིས་ལགས་སམ། ཞེས་བརྒལ་ཞིང་བརྟག་པ་འདི་ཇི་ག་རིགས་སམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་ཀྱི་སེམས་ཉིད་དེ་གང་ལགས། བཀའ་སྩལ་པ། ཤ་ར་དྭ་
ཏིའི་བུ་ཆོས་ཐམས་ཅད་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་སེམས་ཀྱི་སེམས་ཉིད་ཅེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སེམས་དེ་ཁོ་ན་འགྱུར་
བ་མ་མཆིས་ཤིང་རྣམ་པར་རྟོག་པ་མ་མཆིས་ལ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་དེ་ཁོ་ན་འགྱུར་བ་མ་མཆིས་ཤིང་རྣམ་པར་རྟོག་པ་མ་མཆིས་པ་ལགས་སམ། དེ་བཞིན་དུ་སྦྱར་ཏེ། འདུ་བྱེད་ཐམས་ཅད་ཀྱི་བར་དག་
ཀྱང་འགྱུར་བ་མ་མཆིས་ཤིང་རྣམ་པར་རྟོག་པ་མ་མཆིས་པ་ལགས་སམ། དེ་ལྟར་གྱུར་ན་ནི་བྱང་ཆུབ་ཀྱི་བར་དུ་ཡང་འགྱུར་བ་མ་མཆིས་ཤིང་རྣམ་པར་རྟོག་པ་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། གང་གི་སེམས་
དེ་ལྟར་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ནས། འདུ་བྱེད་ཐམས་ཅད་ཀྱི་བར་དག་དང་། དེ་བཞིན་དུ་བྱང་ཆུབ་ཀྱི་བར་དུ་ཡང་དེ་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་ཆོས་ཐམས་ཅད་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། ཐབས་ཀྱིས་ཡང་དག་པར་ཟིན་པའི་དྲན་པ་ཉེ་བར་གཞག་པ་བཞི་ཡིན་ནོ། །བཞི་གང་ཞེ་ན། འདི་

ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ། ལུས་ལ་བརྟེན་པའི་རྣམ་པར་རིག་པ་
ཡང་མི་སྐྱེད་པ་དང་། དེ་བཞིན་དུ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ། ལུས་ལ་བརྟེན་པའི་རྣམ་པར་རིག་པ་ཡང་མི་སྐྱེད་པ་དང་
དེ་བཞིན་དུ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་དང་ཕྱིའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ། ལུས་ལ་བརྟེན་པའི་རྣམ་པར་རིག་པ་ཡང་མི་སྐྱེད་པ་དང་། དེ་བཞིན་དུ་
རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས། མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ཚོར་བ་རྣམས་དང་། ཕྱིའི་ཚོར་བ་རྣམས་དང་། ཕྱི་ནང་གི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་ལ། ཚོར་བ་ལ་
བརྟེན་པའི་རྣམ་པར་རིག་པ་ཡང་མི་སྐྱེད་པ་དང་། དེ་བཞིན་དུ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་སེམས་རྣམས་དང་། ཕྱིའི་སེམས་རྣམས་དང་། ཕྱི་ནང་གི་སེམས་རྣམས་ལ་
སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ། སེམས་ལ་བརྟེན་པའི་རྣམ་པར་རིག་པ་ཡང་མི་སྐྱེད་པ་དང་། དེ་བཞིན་དུ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ཆོས་རྣམས་དང་། ཕྱིའི་
ཆོས་རྣམས་དང་། ཕྱི་ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ལ། ཆོས་ལ་བརྟེན་པའི་རྣམ་པར་རིག་པ་ཡང་མི་སྐྱེད་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་བརྒྱད་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ན་ནང་གི་

ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཤེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ན་ཡང་སྤྱོད་པར་རབ་ཏུ་ཤེས་སོ། །འགྲེང་ན་ཡང་བདག་འགྲེང་བར་རབ་ཏུ་ཤེས་སོ། །འདུག་ན་ཡང་བདག་འདུག་པར་རབ་ཏུ་ཤེས་སོ། །ཉལ་ན་ཡང་བདག་ཉལ་བར་རབ་ཏུ་ཤེས་སོ། །
དེའི་ལུས་ཇི་ལྟ་ཇི་ལྟ་བུར་གནས་པར་གྱུར་པ་དེ་ལྟ་དེ་ལྟ་བུར་རབ་ཏུ་ཤེས་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་
ཞིང་གནས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོའམ་ལྡོག་ཀྱང་ཤེས་བཞིན་དུ་སྤྱོད་པ་ཡིན། ཀུན་ཏུ་ལྟའམ། རྣམ་པར་ལྟ་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། བསྐུམ་པ་དང་། བརྐྱང་པ་དང་། སྣམ་སྦྱར་དང་། རས་ཡུག་ཆེན་དང་། ལྷུང་
བཟེད་ཐོགས་པ་དང་། ཟ་བ་དང་། འཐུང་བ་དང་། འཆའ་བ་དང་། མྱང་བ་དང་། གཉིད་བསད་པ་དང་། ངལ་བསོ་བ་དང་། འོང་བ་དང་། འགྲོ་བའམ། འདུག་པ་དང་། ཉལ་བ་དང་། མི་ཉལ་བ་དང་། སྨྲ་བ་དང་། མི་སྨྲ་བ་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན། ནང་དུ་ཡང་དག་འཇོག་
དང་། ལྡང་ན་ཡང་ཤེས་བཞིན་དུ་སྤྱོད་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་བཞིན་དུ་དབུགས་རྔུབ་ཅིང་། དྲན་བཞིན་དུ་དབུགས་འབྱིན་ཏེ། དེས་དབུགས་རིང་དུ་བརྔུབས་ན་ཡང་དབུགས་རིང་དུ་བརྔུབས་པ་དང་། དབུགས་རིང་དུ་ཕྱུང་ན་ཡང་དབུགས་རིང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །དབུགས་ཐུང་ངུ་བརྔུབས་ན་
ཡང་དབུགས་ཐུང་ངུ་བརྔུབས་པར་རབ་ཏུ་ཤེས་སོ། །དབུགས་ཐུང་ངུ་ཕྱུང་ན་ཡང་དབུགས་ཐུང་ངུ་ཕྱུང་བར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དཔེར་ན་རྫ་མཁན་ནམ། རྫ་མཁན་གྱི་སློབ་མ་མཁས་པས་འཕང་ལོ་སྐོར་བ་ནི་རིང་དུ་སྲུབ་ན་ཡང་རིང་དུ་སྲུབ་པར་རབ་ཏུ་ཤེས་སོ། །ཐུང་ངུ་སྲུབ་ན་ཡང་ཐུང་

ངུ་སྲུབ་པར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དྲན་བཞིན་དུ་དབུགས་བརྔུབས་ཅིང་། དྲན་བཞིན་དུ་དབུགས་འབྱིན་ཏེ། དེས་དབུགས་རིང་དུ་བརྔུབས་ན་ཡང་དབུགས་རིང་དུ་བརྔུབས་པར་རབ་ཏུ་ཤེས་སོ། །
དབུགས་རིང་དུ་ཕྱུང་ན་ཡང་དབུགས་རིང་དུ་ཕྱུང་བར་རབ་ཏུ་ཤེས་སོ། །དབུགས་ཐུང་ངུ་བརྔུབས་ན་ཡང་དབུགས་ཐུང་ངུ་བརྔུབས་པར་རབ་ཏུ་ཤེས་སོ། །དབུགས་ཐུང་ངུ་ཕྱུང་ན་ཡང་དབུགས་ཐུང་ངུ་ཕྱུང་བར་རབ་ཏུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་
པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་མི་དམིགས་པའི་ཚུལ་གྱིས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསལ་ནས། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་འདི་ཉིད་ལ་
ཁམས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ལུས་འདི་ལ་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཡོད་དོ་སྙམ་དུ་རྟོག་གོ། །ཤ་ར་དྭ་ཏིའི་བུ་དཔེར་ན་བ་ལང་གསོད་པ་ལ་མཁས་པའམ། བ་ལང་གསོད་པའི་སློབ་མ་མཁས་པས་མཚོན་རྣོན་པོས་བ་ལང་
བསད་ནས། བག་བཞིར་གཤགས་ཏེ་གཟུགས་བཞིར་ཕྱེ་ནས་འགྲེང་ངམ་འདུག་སྟེ། སོ་སོར་རྟོག་པ་དེ་བཞིན་དུ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡང་ལུས་འདི་ཉིད་ལ་ཁམས་ཀྱིས་སོ་སོར་རྟོག་པར་བྱེད་དེ། ལུས་
འདི་ལ་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་ཡོད་དོ་སྙམ་དུ་རྟོག་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་
ཡིན་ཏེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་གནས་སོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུས་འདི་ཉིད་རྐང་པའི་མཐིལ་ཡན་ཆད་སྐྲ་དང་མགོ་བོ་མན་ཆད་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་སྟེ། ལུས་འདི་ལ་ནི་སྐྲ་དང་སྤུ་དང་། སེན་མོ་དང་། པགས་

པ་དང་། པགས་ཤུན་དང་། ཤ་དང་རྒྱུས་པ་དང་། རུས་པ་དང་། རྐང་དང་། མཁལ་མ་དང་། སྙིང་དང་། མཚེར་བ་དང་། གློ་བ་དང་། མཆིན་པ་དང་། སུལ་མངས་དང་། རྒྱུ་མ་དང་། གཉེ་མ་དང་། གཞང་དང་། ལྒང་བ་དང་། ཕྱི་ས་དང་། མཆི་མ་དང་། རྔུལ་དང་། ཚིལ་
དང་། མཆིལ་མ་དང་། སྣབས་དང་། རྣག་དང་། ཁྲག་དང་། མཁྲིས་པ་དང་། བད་ཀན་དང་། ཞག་དང་། ཆུ་སེར་དང་། དྲི་མ་དང་། གཅིན་དང་། ཀླད་པ་དང་། ཀླད་རྒྱས་དག་ཡོད་དོ་སྙམ་དུ་སོ་སོར་རྟོག་སྟེ། ཤ་ར་དྭ་ཏིའི་བུ་དཔེར་ན་ཁྱིམ་བདག་ཞིང་པའི་སྤྱང་འབྲུའི་རྣམ་པ་
སྣ་ཚོགས་འདི་ལྟ་སྟེ། ཏིལ་དང་། འབྲས་ཐུག་པོ་ཆེ་དང་། མོན་སྲན་སྡེའུ་དང་། མོན་སྲན་ན་གུ་དང་། ནས་དང་། གྲོ་དང་། སྲན་ཆུང་དང་། འབྲས་སཱ་ལུ་དང་། འབྲུ་དང་། ཡུངས་འབྲུ་དག་གིས་གང་བ་སྒོ་དྲུང་གཉིས་སུ་བཞག་པ་ལ་སྐྱེས་བུ་མིག་དང་ལྡན་པས་མཐོང་ན། འདི་དག་
ནི་ཏིལ་ཡིན་ནོ། །འདི་དག་འབྲས་ཐུག་པོ་ཆེ་ཡིན་ནོ། །འདི་དག་ནི་མོན་སྲན་སྡེའུ་ཡིན་ནོ། །འདི་དག་ནི་མོན་སྲན་ན་གུ་ཡིན་ནོ། །འདི་དག་ནི་ནས་ཡིན་ནོ། །འདི་དག་ནི་གྲོ་ཡིན་ནོ། །འདི་དག་ནི་སྲན་ཆུང་ཡིན་ནོ། །འདི་དག་ནི་འབྲས་སཱ་ལུ་ཡིན་ནོ། །འདི་དག་ནི་འབྲུ་ཡིན་ནོ། །འདི་དག་
ནི་ཡུངས་ཀར་ཡིན་ནོ་སྙམ་དུ་ཤེས་སོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་ལུས་འདི་ཉིད་ལ་རྐང་པའི་མཐིལ་ཡན་ཆད་སྐྲ་དང་མགོ་མན་ཆད་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱིས་གང་སྟེ། ལུས་འདི་ལ་ནི་སྐྲ་དང་། སྤུ་དང་། དེ་བཞིན་དུ་སྦྱར་ཏེ།
ཀླད་པ་དང་། ཀླད་རྒྱས་ཀྱི་བར་དག་ཡོད་དོ་སྙམ་དུ་སོ་སོར་རྟོག་གོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟུན་པ་ཤེས་བཞིན་ཅན་དྲན་པ་དང་ལྡན་པས་འཇིག་རྟེན་ལ་བརྣབ་སེམས་དང་། ཡིད་མི་བདེ་བ་རྣམ་པར་བསྩལ་ནས། ནང་གི་ལུས་ལ་ལུས་
ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། ཡང་དག་པར་སྤོང་བ་བཞིའོ། །བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅིང་རྩོལ་ལ། བརྩོན་
འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད་ཅིང་རྩོལ་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་མ་སྐྱེས་པ་
རྣམས་བསྐྱེད་པའི་ཕྱིར་འདུན་པ་སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་པ་དང་། དགེ་བའི་ཆོས་སྐྱེས་པ་རྣམས་གནས་པ་དང་། མི་བརྗེད་པ་དང་། རྒྱས་པ་དང་། ཕྱིར་ཞིང་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་
སྐྱེད་ཅིང་འབད་ལ་བརྩོན་འགྲུས་རྩོམ་སྟེ། སེམས་རབ་ཏུ་འཛིན་ཅིང་ཡང་དག་པར་རབ་ཏུ་འཇོག་ལ། དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞིའོ། །བཞི་གང་ཞེ་ན། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུན་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་
དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་དང་། དེ་བཞིན་དུ་སེམས་ཀྱི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་
པ་དང་། དཔྱོད་པའི་ཏིང་ངེ་འཛིན་སྤང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་སྟེ་དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། དབང་པོ་ལྔའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་
དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་
སྐྱོན་མེད་པ་ནི་འདི་ལྟ་སྟེ། སྟོབས་ལྔའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་སོ། །དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །བདུན་གང་ཞེ་ན་འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་།
ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་
སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དེ་ཡང་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ། རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བ་བསྒོམ་པ་དང་། དེ་བཞིན་དུ་ཆོས་རྣམ་པར་འབྱེད་པ་
ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་

བསྒྱུར་བ་བསྒོམ་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བསྒོམ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། འཕགས་
པའི་ལམ་ཡན་ལག་བརྒྱད་པ་སྟེ། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་
པའི་ཏིང་ངེ་འཛིན་ཉིད་ནི་བརྒྱད་པ་ཡིན་ཏེ། དེ་ཡང་མི་དམིགས་པའི་ཚུལ་དུ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་ལྟ་སྟེ། ཆོས་ཐམས་
ཅད་གཉིས་སུ་མེད་པར་ཤེས་པ་ལ་འཇུག་པས་རྣམ་པར་ཐར་པའི་སྒོ་གསུམ་ལ་སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང་བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་མེད་པར་བསམ་གཏན་བཞི་ལ་སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་མི་སྐྱེ་བར་བཟོད་པ་ལ་
འཇུག་པས་ཚད་མེད་པ་བཞི་ལ་སྙོམས་པར་འཇུག་པ་དང་། ཁམས་གསུམ་དམིགས་སུ་མེད་པར་ཤེས་པས་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྙོམས་པར་འཇུག་པ་དང་། སེམས་དང་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་བྲལ་བས་རྣམ་པར་ཐར་བ་བརྒྱད་ལ་སྙོམས་པར་
འཇུག་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་ལ་གཉིས་སུ་མེད་པར་མཐོང་བས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུལ་སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུ་ལ་འཇུག་པས་འདུ་ཤེས་དགུ་ལ་སྙོམས་པར་འཇུག་པ་དང་། དྲན་པ་མེད་ཅིང་
ཡིད་ལ་བྱེད་པ་མེད་པར་རྗེས་སུ་དྲན་པ་བཅུ་ལ་སྙོམས་པར་འཇུག་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་འཇུག་པས་འདུ་ཤེས་དྲུག་ལ་སྙོམས་པར་འཇུག་པ་དང་། ཤེས་པ་དང་མི་ཤེས་པའི་ཆོས་མཉམ་པས་ཤེས་པ་བཅུ་ལ་འཇུག་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་

བཞག་པར་རྟོགས་ནས་གསུམ་ལ་སྙོམས་པར་འཇུག་པ་དང་། དུས་གསུམ་དང་བྲལ་བའི་ཤེས་པས་དབང་པོ་གསུམ་བསྒོམ་པ་དང་། ཚུལ་གཅིག་ཅིང་ཐ་དད་པར་མི་བྱེད་པའི་ཤེས་པ་ལ་འཇུག་པས་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་བསྒོམ་པ་དང་། ཆོས་ཟབ་མོ་ལ་བཟོད་པ་ལ་
འཇུག་པས་ཟད་པར་གྱི་སྐྱེ་མཆེད་རྣམས་ལ་སྙོམས་པར་འཇུག་སྟེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་སྙོམས་པར་འཇུག་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོའི་སྐྱོན་མེད་པ་ནི་གང་གི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་མི་མཐོང་། ཕྱི་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་མི་མཐོང་། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ནང་དང་ཕྱི་སྟོང་
པ་ཉིད་མི་མཐོང་། སྟོང་པ་ཉིད་སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་མི་མཐོང་། ཆེན་པོ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་མི་མཐོང་། དོན་དམ་པ་སྟོང་པ་ཉིད་ལ་འདུས་བྱས་སྟོང་པ་ཉིད་མི་མཐོང་། འདུས་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་མི་མཐོང་། འདུས་མ་བྱས་
སྟོང་པ་ཉིད་ལ་མཐའ་ལས་འདས་པ་སྟོང་པ་ཉིད་མི་མཐོང་། མཐའ་ལས་འདས་པ་སྟོང་པ་ཉིད་ལ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་མཐོང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་མི་མཐོང་། དོར་བ་མེད་པ་སྟོང་པ་ཉིད་ལ་རང་བཞིན་གྱིས་
སྟོང་པ་ཉིད་མི་མཐོང་། རང་བཞིན་གྱིས་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་མི་མཐོང་། རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆོས་ཐམས་ཅད་སྟོང་པ་ཉིད་མི་མཐོང་། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མི་དམིགས་པ་སྟོང་པ་ཉིད་མི་མཐོང་། མི་དམིགས་པ་སྟོང་པ་ཉིད་ལ་དངོས་
པོ་མེད་པ་སྟོང་པ་ཉིད་མི་མཐོང་། དངོས་པོ་མེད་པ་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་མཐོང་། ངོ་བོ་ཉིད་སྟོང་པ་ཉིད་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་མཐོང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་མཐོང་བ་སྟེ། ཤ་ར་དྭ་ཏིའི་བུ་བྱང་

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ལ་འཇུག་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མེད་པ་ནི་འདི་
ལྟ་སྟེ། གཞན་གྱི་དྲིང་ལ་མི་འཇོག་ཅིང་གཞན་ལ་བསྟན་པ་ཤེས་པ་ལ་འཇུག་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །བདག་དང་གཞན་ལ་རློམ་སེམས་མེད་པ་ལ་ལྷག་པར་འཇུག་པས་མི་འཇིགས་པ་བཞི་ཡོངས་
སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་སྤངས་པའི་ཤེས་པས་དེ་ལ་ཡང་རློམ་སེམས་སུ་མི་བྱེད་པས་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་
བྱེད་པའོ། །སེམས་ཅན་དང་སེམས་ཅན་མེད་པས་བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །བདག་བདག་མེད་པས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །རིག་པ་གཉིས་ཀྱི་
བསམ་པ་དང་བྲལ་བས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་འཇུག་པས་ཐམས་ཅད་ཤེས་པ་ཉིད་དང་ལམ་གྱི་རྣམ་པ་ཤེས་པ་ཉིད་དང་།
རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །སེར་སྣ་དང་། འཆལ་བའི་ཚུལ་ཁྲིམས་དང་། ཁྲོ་བ་དང་། ལེ་ལོ་དང་། རྣམ་པར་གཡེང་བའི་སེམས་དང་། འཆལ་བའི་ཤེས་རབ་ཀྱི་སེམས་རྣམས་དངོས་
པོ་མེད་པར་མཐོང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །ཆོས་ཐམས་ཅད་འོང་བ་དང་འགྲོ་བ་མེད་ཅེས་བྱ་བར་མོས་ནས་མངོན་པར་ཤེས་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་

བྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་ཅེས་བྱ་བར་མཐོང་ནས། མིག་ལྔ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་
པའི་ཚུལ་གྱིས་བྱེད་པའོ། །ཆོས་ཐམས་ཅད་མི་གནས་པའོ་ཞེས་བྱ་བར་མོས་ནས་མཚན་དང་དཔེ་བྱད་བཟང་པོ་རྣམས་ཡོངས་སུ་རྫོགས་པར་བྱེད་དེ། དེ་ཡང་མི་དམིགས་པའི་ཚུལ་གྱིས་བྱེད་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་
འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཇི་ལྟར་ན་བྱང་ཆུབ་ཀྱི་ལམ་དུ་མཆི་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པ་ལ་ཡང་འཇུག་ལ། སུས་ཀྱང་ཐུལ་བར་རྔོ་མི་ཐོགས་པ་
ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། གཟུགས་ཀྱི་ཕུང་པོར་རློམ་སེམས་སུ་མི་བྱེད་ཅིང་། དེ་བཞིན་དུ་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་རློམ་སེམས་སུ་མི་བྱེད།
མིག་གི་སྐྱེ་མཆེད་དུ་རློམ་སེམས་སུ་མི་བྱེད་ཅིང་། དེ་བཞིན་དུ་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། གཟུགས་ཀྱི་སྐྱེ་མཆེད་དུ་རློམ་སེམས་སུ་མི་བྱེད་པ་ནས། ཆོས་ཀྱི་སྐྱེ་མཆེད་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་མིག་གི་ཁམས་སུ་རློམ་སེམས་སུ་མི་
བྱེད། གཟུགས་ཀྱི་ཁམས་སུ་རློམ་སེམས་སུ་མི་བྱེད། མིག་གི་རྣམ་པར་ཤེས་པའི་ཁམས་སུ་རློམ་སེམས་སུ་མི་བྱེད་པ་ནས། དེ་བཞིན་དུ་སྦྱར་ཏེ། ཡིད་ཀྱི་ཁམས་སུ་རློམ་སེམས་སུ་མི་བྱེད། ཆོས་ཀྱི་ཁམས་ཀྱི་བར་དུ་རློམ་སེམས་སུ་མི་བྱེད། དྲན་པ་ཉེ་བར་གཞག་པ་
རྣམས་སུ་རློམ་སེམས་སུ་མི་བྱེད་པ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་རློམ་སེམས་སུ་མི་བྱེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་རློམ་སེམས་སུ་མི་བྱེད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རློམ་སེམས་སུ་མི་བྱེད། དེ་བཞིན་གཤེགས་པའི་སྟོབས་

བཅུར་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དུ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་རྒྱུན་ཏུ་ཞུགས་པའི་འབྲས་བུའི་
བར་དུ་རློམ་སེམས་སུ་མི་བྱེད་པ་ནས་དགྲ་བཅོམ་པའི་བར་དུ་རློམ་སེམས་སུ་མི་བྱེད། དེ་བཞིན་དུ་རང་བྱང་ཆུབ་ཏུ་རློ་མ་སེམས་སུ་མི་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་རློམ་སེམས་སུ་མི་བྱེད་པ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བ་ན། བྱང་ཆུབ་ཀྱི་ལམ་དུ་འགྲོ་ཞིང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཡང་འཇུག་ལ། སུས་ཀྱང་ཐུལ་བར་མི་ནུས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་གནས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་དེ། ཤེས་པ་གང་དང་ལྡན་ནམ་ཡང་ངན་སོང་རྣམས་སུ་རབ་ཏུ་མི་ལྟུང་ཞིང་མི་རྣམས་ཀྱི་ནང་དུ་ཉམས་པར་མི་འགྱུར་ལ། དབུལ་པོར་མ་ཡིན་པ་དང་། ལུས་གང་དང་ལྡན་ན་ལྷ་དང་མི་དང་
ལྷ་མ་ཡིན་གྱི་འཇིག་རྟེན་གྱིས་སྨད་པར་འགྱུར་བའི་ལུས་དེ་ལྟ་བུ་ཡོངས་སུ་འཛིན་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
ཤེས་པ་གང་དང་ལྡན་ན། ནམ་ཡང་ངན་སོང་རྣམས་སུ་མི་ལྟུང་བ་དང་། ལྷ་དང་མི་དང་ལྷ་མ་ཡིན་གྱི་འཇིག་རྟེན་གྱིས་སྨད་པར་མི་འགྱུར་བར་ཤེས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་པ་
གང་དང་ལྡན་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མཐོང་ཞིང་དེ་དག་ལས་ཆོས་ཀྱང་ཉན་ལ། སངས་རྒྱས་བཅོམ་ལྡན་འདས་དེ་

དག་གི་ཉན་ཐོས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཡང་མཐོང་། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དག་ཀྱང་མཐོང་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་པ་གང་དང་ལྡན་ན། སངས་རྒྱས་སུ་འདུ་ཤེས་མི་འཇུག ། བྱང་ཆུབ་སེམས་དཔར་
འདུ་ཤེས་མི་འཇུག །ཉན་ཐོས་སུ་འདུ་ཤེས་མི་འཇུག །རང་སངས་རྒྱས་སུ་འདུ་ཤེས་པ་མ་ཡིན། བདག་ཏུ་འདུ་ཤེས་པ་མ་ཡིན། བདག་མེད་པར་འདུ་ཤེས་པ་མ་ཡིན། སངས་རྒྱས་ཀྱི་ཞིང་དུ་འདུ་ཤེས་པ་མ་ཡིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་པ་གང་དང་
ལྡན་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་ལ། སྦྱིན་པ་དེ་ཡང་མི་དམིགས་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས་པ་དང་། ཤེས་པ་གང་དང་ལྡན་ན། དྲན་པ་ཉེ་བར་གཞག་པ་རྣམས་མི་དམིགས་པར་དྲན་པ་ཉེ་
བར་གཞག་པ་རྣམས་ལ་སྤྱོད་པ་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས་པར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ལ་སྤྱོད་པ་སྟེ། ཤ་ར་དྭ་ཏིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་པ་གང་དང་ལྡན་ན། ཆོས་ཐམས་ཅད་
ཀྱང་ཡོངས་སུ་རྫོགས་པར་བྱེད་ལ། ཆོས་དེ་དག་ཏུ་ཡང་རློམ་སེམས་སུ་མི་བྱེད་པའི་ཤེས་པ་ཡིན་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བྱང་ཆུབ་ཀྱི་ལམ་རྣམ་པར་སྤྱོད་པར་འདོད་པ། བྱང་ཆུབ་སེམས་
དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པས་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་དག་གི་སྐབས་དབྱེ་བར་མི་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཆེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས། ངག་གི་ལས་གང་ལགས། ཡིད་ཀྱི་ལས་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་

བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འདི་སྙམ་དུ་སེམས་ཏེ། ལུས་གང་གིས་བདག་ལུས་ལ་དམིགས་པར་བྱའོ་སྙམ་པའི་ལུས་དེ་འདི་ཡིན་ནོ་སྙམ་པ་དང་། དེ་བཞིན་དུ་ངག་དེ་འདི་ཡིན་ནོ་སྙམ་པ་དང་། དེ་བཞིན་དུ་ཡིད་དེ་འདི་
ཡིན་ནོ་སྙམ་པ་དང་། ཡིད་གང་གིས་བདག་ཡིད་ལ་དམིགས་པར་བྱའོ་སྙམ་པའི་ཡིད་དེ་འདི་ཡིན་ནོ་སྙམ་པ་སྟེ།།ཤ་ར་དྭ་ཏིའི་བུ་དེ་ནི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ལུས་ཀྱང་མི་དམིགས་པ་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ལུས་དམིགས་ལ། ལུས་སམ། ངག་གམ། ཡིད་གང་གིས་སེར་སྣའི་སེམས་སྐྱེད་པར་བྱེད་ཅིང་།
འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་སམ། འཁྲུག་པའི་སེམས་སམ། ལེ་ལོའི་སེམས་སམ། རྣམ་པར་གཡེངས་པའི་སེམས་སམ། འཆལ་བའི་ཤེས་རབ་ཀྱི་སེམས་སྐྱེད་ན། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཡིན་པར་རིག་པར་བྱའོ། །ཤ་ར་དྭ་ཏིའི་བུ་
གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། ལུས་ཀྱི་གནས་ངན་ལེན་སྦྱོང་བར་བྱེད། ངག་གི་གནས་ངན་ལེན་སྦྱོང་བར་བྱེད། ཡིད་ཀྱི་གནས་ངན་ལེན་སྦྱོང་བར་བྱེད་ན། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་ཀྱི་ལམ་རྣམ