Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Kinh tạng Tây Tạng (Kangyur Đại Học) — 031_ཁྲི་བརྒྱད།_ག
Văn bản gốc(Tây Tạng)
Trang 14 / 19 (50.000 ký tự/trang)
ར་འཇུག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དེ། དེ་དག་ནི་གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་ཞེས་བྱའོ། །དེ་ལ་རྣམ་པར་ཐར་པ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་འདི་ནི་རྣམ་པར་ཐར་པ་གཉིས་པའོ། ། སྡུག་པ་ཉིད་དུ་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་སྙམ་ནས། ནམ་མཁའ་ མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ། ། དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་ འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བརྒྱད་པ་སྟེ། དེ་དག་ནི་རྣམ་ པར་ཐར་པ་བརྒྱད་ཅེས་བྱའོ། །དེ་ལ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་གང་ཞེ་ན། འདི་ལྟ་སྟེ། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་དང་པོའོ། །དེ་རྟོག་པ་དང་དཔྱོད་པ་དང་བྲལ་ཞིང་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་བསམ་གཏན་གཉིས་པ་ བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་གཉིས་པའོ། །དེ་དགའ་བའི་འདོད་ཆགས་དང་བྲལ་བས་བཏང་སྙོམས་ལ་གནས་ཤིང་དྲན་པ་དང་ཤེས་བཞིན་ཅན་ཡིན་ཏེ། བདེ་བ་ལུས་ཀྱིས་མྱོང་ལ། འཕགས་པ་རྣམས་ཀྱིས་གང་དྲན་པ་དང་ལྡན་པ་བདེ་བ་ལ་གནས་པ་བཏང་སྙོམས་པའོ་ཞེས་ བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་གསུམ་པའོ། །དེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་། ཡིད་མི་བདེ་བ་ནུབ་པས་སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་བཏང་སྙོམས་ དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས་ ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་ལྔ་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་བདུན་པའོ། །དེ་རྣམ་པ་ཐམས་ ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་བརྒྱད་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ ཚོར་བ་འགོག་པ་བསྒྲུབས་ཏེ་གནས་པ་འདི་ནི་སྙོམས་པར་འཇུག་པ་དགུ་པ་སྟེ། དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱའོ། །དེ་ལ་འདུ་ཤེས་དགུ་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་ཏེ། དེ་དག་ནི་འདུ་ཤེས་དགུ་ཞེས་བྱའོ། །དེ་ ལ་རྗེས་སུ་དྲན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། ཉེ་བར་ཞི་བ་རྗེས་སུ་དྲན་པ་དང་། དབུགས་འབྱུང་བ་དང་ རྔུབ་པ་རྗེས་སུ་དྲན་པ་དང་། ལུས་སུ་གཏོགས་པ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་པ་སྟེ། དེ་དག་ནི་རྗེས་སུ་དྲན་པ་བཅུ་ཞེས་བྱའོ། །དེ་ལ་འདུ་ཤེས་ཀྱི་རྣམ་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། མི་རྟག་པའི་འདུ་ཤེས་དང་། སྡུག་བསྔལ་བའི་འདུ་ཤེས་དང་། བདག་མེད་པའི་ འདུ་ཤེས་དང་། མི་སྡུག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཏེ། དེ་དག་ནི་འདུ་ཤེས་ཀྱི་རྣམ་པ་དྲུག་ཅེས་བྱའོ། །དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་པོ་རྣམས་ཡོངས་སུ་སྦྱང་བ་བྱ་བ་ལ་ཡོངས་སུ་གཅོད་པའི་ ཤེས་པ་གང་ཡིན་པ་སྟེ། དེ་ནི་ཆོས་ཤེས་པ་ཞེས་བྱའོ། །དེ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། མིག་མི་རྟག་གོ་ཞེས་ཤེས་པ་གང་ཡིན་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་ རྣམས་མི་རྟག་གོ་ཞེས་ཤེས་པ་གང་ཡིན་པ་སྟེ། དེ་ནི་རྗེས་སུ་རྟོགས་པ་ཤེས་པ་ཞེས་བྱའོ། །དེ་ལ་ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། སེམས་ཉིད་ཀྱིས་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་རྣམས་ཀྱི་སེམས་དང་། སེམས་ལས་བྱུང་བའི་ཆོས་རྣམས་ལ་ཐེ་ཙོམ་མེད་པར་ཤེས་ པ་སྟེ། དེ་ནི་ཕ་རོལ་གྱི་སེམས་ཤེས་པ་ཞེས་བྱའོ། །དེ་ལ་ཀུན་རྫོབ་ཤེས་པ་གང་ཞེ་ན། ལམ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཀུན་རྫོབ་ཤེས་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་སྐྱེ་བ་དང་གནས་པ་ཤེས་པ་སྟེ། དེ་ནི་སྡུག་བསྔལ་ཤེས་པ་ཞེས་བྱའོ། ། དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤོང་བ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ། །དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པ་ཤེས་པ་གང་ཡིན་པ་སྟེ། དེ་ནི་འགོག་པ་ཤེས་པ་ཞེས་བྱའོ། །དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པ་གང་ཡིན་པ་སྟེ། དེ་ནི་ལམ་ཤེས་པ་ཞེས་བྱའོ། །དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཟད་པར་ཤེས་པ་གང་ཡིན་པ་སྟེ། དེ་ནི་ཟད་པར་ཤེས་པ་ཞེས་བྱའོ། །དེ་ལ་མི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་འགྲོ་བ་རྣམས་སུ་མི་སྐྱེ་བ་ཤེས་པ་སྟེ། དེ་ནི་མི་སྐྱེ་བ་ཤེས་པ་ཞེས་བྱའོ། །དེ་ལ་ཇི་ལྟ་བ་བཞིན་ཤེས་པ་གང་ཞེ་ན། དེ་བཞིན་གཤེགས་པའི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་གང་ཡིན་པ་སྟེ། དེ་ནི་ཇི་ལྟ་བ་བཞིན་ཤེས་པ་ཞེས་བྱའོ། །དེ་ལ་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་ དབང་པོ་གང་ཞེ་ན། གང་ཟག་སློབ་པ་མངོན་པར་རྟོགས་པར་མ་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། དེ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ཞེས་བྱའོ། ། དེ་ལ་ཀུན་ཤེས་པའི་དབང་པོ་གང་ཞེ་ན། གང་ཟག་སློབ་པ་མངོན་པར་རྟོགས་པར་གྱུར་པ་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་གང་ཡིན་པ་སྟེ། དེ་ནི་ཀུན་ཤེས་པའི་དབང་པོ་ཞེས་ བྱའོ། །དེ་ལ་ཀུན་ཤེས་པ་དང་ལྡན་པའི་དབང་པོ་གང་ཞེ་ན། གང་ཟག་མི་སློབ་པ་འདི་ལྟ་སྟེ། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་གནས་པ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ། དེ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཞེས་བྱའོ། །དེ་ལ་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གང་ཞེ་ན། འདོད་པ་དག་ལས་དབེན་པ། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་དབེན་པ། དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་བསྒྲུབས་ཏེ་གནས་པ་སྟེ། དེ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ལ་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་དང་བསམ་གཏན་གཉིས་པའི་བར་གང་ཡིན་པ་སྟེ་དེ་ནི་རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་གང་ཞེ་ན། བསམ་གཏན་དང་པོ་ནས་བཟུང་སྟེ། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་དུ་སྙོམས་པར་འཇུག་ པ་སྟེ། དེ་ནི་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་གང་ཞེ་ན། འདི་ལྟ་སྟེ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་མནན་ ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་འགྱུར་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོར་གྱུར་པ་ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་རྣམས་ལ་ལྟ་ཞིང་གཟུགས་དེ་དག་ཟིལ་གྱིས་ མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་སྟེ། དེ་ལྟ་བུར་འདུ་ཤེས་པར་གྱུར་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་རྣམས་ལ་འདི་ལྟ་ སྟེ། དཔེར་ན་ཟར་མའི་མེ་ཏོག་གམ། ཡུལ་བཱ་ར་ནཱ་སིའི་རས་ཕུན་སུམ་ཚོགས་པ་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཁ་དོག་སྔོན་པོ་སྔོན་པོ་ལྟ་བུར་སྟོན་པ། འོད་སྔོན་པོ་འབྱུང་བ་ རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་འདི་ལྟ་སྟེ། དཔེར་ན་དོང་ཀའི་མེ་ཏོག་གམ། ཡུལ་བཱ་ར་ནཱ་སིའི་རས་ཕུན་སུམ་ ཚོགས་པ་སེར་པོ། ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་སེར་པོ་ཁ་དོག་སེར་པོ་སེར་པོ་ལྟ་བུར་སྟོན་པ། འོད་སེར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། ། ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་འདི་ལྟ་སྟེ། དཔེར་ན་བན་དུ་ཛི་བའི་མེ་ཏོག་གམ། ཡུལ་བཱ་ར་ནཱ་སིའི་རས་ཕུན་སུམ་ཚོགས་པ་དམར་པོ་ཁ་དོག་དམར་པོ། དམར་པོ་ ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་དམར་པོ་ཁ་དོག་དམར་པོ། དམར་པོ་ལྟ་བུར་སྟོན་པ། འོད་དམར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་ལྔ་པའོ། །ནང་གཟུགས་མེད་པར་ འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་འདི་ལྟ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱི་མདོག་དཀར་པོ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་དེ་བཞིན་དུ་ནང་གཟུགས་ མེད་པར་འདུ་ཤེས་པས། ཕྱི་རོལ་གྱི་གཟུགས་དཀར་པོ་ཁ་དོག་དཀར་པོ། དཀར་པོ་ལྟ་བུར་སྟོན་པ། འོད་དཀར་པོ་འབྱུང་བ་རྣམས་ལ་ལྟ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དྲུག་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་ འདུ་ཤེས་རྣམས་ནུབ་པར་གྱུར་ཅིང་། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་སྙམ་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་ མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་བསྒྲུབས་ཏེ་གནས་པ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་པ་སྟེ། དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་ཅེས་བྱའོ། ། དེ་ལ་ཟད་པར་གྱི་སྐྱེ་མཆེད་བཅུ་གང་ཞེ་ན། འདི་ལྟ་སྟེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་ནམ་མཁའ་དང་། ཟད་པར་སྔོན་པོ་དང་། ཟད་པར་སེར་པོ་དང་། ཟད་པར་དམར་པོ་དང་། ཟད་པར་དཀར་པོ་དང་། ཟད་པར་རྣམ་ པར་ཤེས་པ་སྟེ། དེ་དག་ནི་ཟད་པར་གྱི་སྐྱེ་མཆེད་བཅུ་ཞེས་བྱ་སྟེ། ཁམས་ཐམས་ཅད་སའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་སའི་ཁམས་ཁོ་ནར་ཁམས་གཅིག་ཏུ་འགྱུར་རོ། །ཁམས་ཐམས་ཅད་ཆུའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་ཆུའི་ཁམས་ཁོ་ ནར་ཁམས་གཅིག་ཏུ་འགྱུར་རོ། །ཁམས་ཐམས་ཅད་མེའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་མེའི་ཁམས་ཁོ་ནར་ཁམས་གཅིག་ཏུ་འགྱུར་རོ། །ཁམས་ཐམས་ཅད་རླུང་གི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་རླུང་གི་ཁམས་ཁོ་ནར་ཁམས་གཅིག་ཏུ་འགྱུར་ རོ། །ཁམས་ཐམས་ཅད་ནམ་མཁའི་ཁམས་སུ་མོས་པར་བྱེད་དེ། ཐམས་ཅད་ཀྱང་ནམ་མཁའི་ཁམས་ཁོ་ནར་ཁམས་གཅིག་ཏུ་འགྱུར་རོ། །ཁམས་ཐམས་ཅད་སྔོན་པོར་མོས་པར་བྱེད་དེ། དེ་ཐམས་ཅད་ཀྱང་སྔོན་པོ་ཉིད་དུ་འགྱུར་རོ། ཁམས་ཐམས་ཅད་སེར་པོར་མོས་པར་ བྱེད་དེ། དེ་ཐམས་ཅད་ཀྱང་སེར་པོ་ཁོ་ནར་འགྱུར་རོ། །ཁམས་ཐམས་ཅད་དམར་པོར་མོས་པར་བྱེད་དེ། དེ་ཐམས་ཅད་ཀྱང་དམར་པོ་ཁོ་ནར་འགྱུར་རོ། །ཁམས་ཐམས་ཅད་དཀར་པོར་མོས་པར་བྱེད་དེ། དེ་ཐམས་ཅད་ཀྱང་དཀར་པོ་ཁོ་ནར་འགྱུར་རོ། །ཁམས་ཐམས་ ཅད་རྣམ་པར་ཤེས་པར་མོས་པར་བྱེད་དེ། ཐམས་ཅད་ཀྱང་རྣམ་པར་ཤེས་པ་ཁོ་ནར་ཁམས་གཅིག་ཏུ་འགྱུར་རོ། །ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། རྣམ་པར་ཤེས་པ་ཐམས་ཅད་ཀྱང་གཅིག་ཁོ་ ནར་འགྱུར་ཏེ། དེ་ནི་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །ཟད་པར་དུ་སྐྱེ་བ་རྒྱས་པར་བྱེད་པས་དེ་ནི་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །རེ་རེ་ཡང་སྐྱེ་མཆེད་ཐམས་ཅད་དུ་འགྱུར་ཏེ་དེའི་ཕྱིར་ཟད་པར་གྱི་སྐྱེ་མཆེད་རྣམས་ཞེས་བྱའོ། །དེ་ལ་སྟོང་པ་ཉིད་བཅྭ་བརྒྱད་གང་ཞེ་ན། འདི་ ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། །རང་གི་མཚན་ཉིད་སྟོང་བ་ཉིད་དང་། །མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །དེ་ལ་ནང་སྟོང་པ་ཉིད་གང་ཞེ་ན། ནང་གི་ཆོས་རྣམས་ཞེས་བྱ་བ་ནི་འདི་ལྟ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་མིག་ནི་མིག་གིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་ རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཡིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཕྱི་སྟོང་པ་ ཉིད་གང་ཞེ་ན། ཕྱིའི་ཆོས་རྣམས་ཞེས་བྱ་བ་ནི་འདི་ལྟ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་གཟུགས་རྣམས་ནི་གཟུགས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་ བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། ཆོས་རྣམས་ནི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་སྟོང་པ་ཉིད་ཅེས་བྱའོ། ། དེ་ལ་ཕྱི་ནང་སྟོང་པ་ཉིད་གང་ཞེ་ན། ཕྱི་དང་ནང་གི་ཆོས་རྣམས་ཞེས་བྱ་བ་ནི་ནང་གི་སྐྱེ་མཆེད་དྲུག་དང་ཕྱིའི་སྐྱེ་མཆེད་དྲུག་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ནང་གི་ཆོས་རྣམས་ནི་ནང་གི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ དེ་ཡིན་པའི་ཕྱིར་རོ། །ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་ཕྱིའི་ཆོས་རྣམས་ཀྱང་ཕྱིའི་ཆོས་རྣམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་གང་ཡིན་པའི་སྟོང་པ་ཉིད་དེས་ཀྱང་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆེན་པོ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ཤར་ཕྱོགས་ནི་ཤར་ཕྱོགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ལྷོ་དང་། ནུབ་དང་། བྱང་དང་། ཕྱོགས་མཚམས་བཞི་སྟེ། ཕྱོགས་དེ་བརྒྱད་ཀྱང་དེ་བཞིན་ནོ། །སྟེང་གི་ཕྱོགས་ནི་སྟེང་གི་ཕྱོགས་ཀྱིས་སྟོང་ངོ་། །འོག་གི་ཕྱོགས་ཀྱང་འོག་གི་ཕྱོགས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོན་དམ་པ་སྟོང་པ་ཉིད་གང་ཞེ་ན། དོན་དམ་ པ་སྟོང་པ་ཉིད་ཅེས་བྱ་བ་ལ་དོན་དམ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་ནི་མྱ་ངན་ལས་འདས་པས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་དོན་དམ་པ་སྟོང་པ་ཉིད་ཅེས་ བྱའོ། །དེ་ལ་འདུས་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་འདོད་པའི་ཁམས་ནི་འདོད་པའི་ཁམས་ཀྱིས་སྟོང་ངོ་། །དེ་བཞིན་དུ་ གཟུགས་ཀྱི་ཁམས་ནི་གཟུགས་ཀྱི་ཁམས་ཀྱིས་སྟོང་ངོ་། །གཟུགས་མེད་པའི་ཁམས་ནི་གཟུགས་མེད་པའི་ཁམས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་དེ་ནི་འདུས་བྱས་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་འདུས་མ་བྱས་སྟོང་པ་ཉིད་གང་ཞེ་ན། འདུས་མ་བྱས་ཞེས་བྱ་བ་ནི་ ཆོས་གང་ལ་སྐྱེ་བ་མེད་པ་དང་གནས་པ་མེད་པ་དང་། འཇིག་པ་མེད་པ་དང་གཞན་དུ་འགྱུར་བ་མེད་པ་སྟེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་འདུས་མ་བྱས་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་ བྱའོ། །དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་རྣམ་པར་འཇིག་པ་མེད་པའི་ཕྱིར་ཆོས་གང་ལ་སྐྱེ་བ་ཤིན་ཏུ་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་ཆོས་གང་ལ་འོང་བ་མི་དམིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དོར་བ་མེད་པ་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་གང་ལ་ཆོས་གང་ཡང་དོར་དུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ་དེ་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་རང་བཞིན་གྱིས་སྟོང་པ་ཉིད་གང་ཞེ་ན། ཐེར་ཟུག་ཏུ་གནས་པ་མེད་པ་དང་འཇིག་པ་མེད་པའི་ཕྱིར་འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཐམས་ ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ཉན་ཐོས་རྣམས་ཀྱིས་མ་བྱས་རང་སངས་རྒྱས་རྣམས་ཀྱིས་མ་བྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་བྱས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མ་མཛད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་བཞིན་གྱིས་སྟོང་པ་ཉིད་ ཅེས་བྱའོ། །དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་གང་ཞེ་ན། རང་གི་མཚན་ཉིད་ཅེས་བྱ་བ་ལ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བ། ཚོར་བའི་མཚན་ཉིད་ནི་མྱོང་བ། འདུ་ཤེས་ཀྱི་མཚན་ཉིད་ནི་ཀུན་ཏུ་ཤེས་པར་བྱེད་པ། འདུ་བྱེད་རྣམས་ཀྱི་མཚན་ཉིད་ནི་མངོན་པར་ འདུ་བྱེད་པ། རྣམ་པར་ཤེས་པའི་མཚན་ཉིད་ནི་རྣམ་པར་ཤེས་པར་བྱེད་པ་སྟེ། འདུས་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པའི་བར་དུ་དེ་བཞིན་དུ་སྦྱར་ཏེ། ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ མཚན་ཉིད་དེ་དག་ཐམས་ཅད་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་གང་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་ དང་། ཁམས་བཅྭ་བརྒྱད་དང་། ཆོས་གཟུགས་ཅན་རྣམས་དང་། གཟུགས་མེད་པའི་ཆོས་རྣམས་དང་། འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ཏེ། དེ་ལ་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་ སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་མི་དམིགས་པ་སྟོང་པ་ཉིད་གང་ཞེ་ན། དེ་ཡང་ཐེར་ཟུག་ཏུ་གནས་པ་མེད་པ་དང་། འཇིག་པ་མེད་པའི་ཕྱིར་ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རང་ བཞིན་དེ་ཡིན་པའི་ཕྱིར་ཏེ། དེ་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་གང་ཞེ་ན། གང་ལ་དངོས་པོ་འགའ་ཡང་མི་དམིགས་པ་སྟེ། དེ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། འདུས་པ་ལས་བྱུང་བའི་ངོ་བོ་ཉིད་ གང་ཡང་མེད་པ་སྟེ། དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་གང་ཞེ་ན། འདུས་པ་ལས་བྱུང་བའི་ངོ་བོ་ཉིད་འགའ་ཡང་མེད་པ་སྟེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ་།། དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱིས་སྟོང་ངོ་། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ་། །དེ་ལ་དངོས་པོ་གང་ཞེ་ན། དངོས་པོ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་རྣམས་ཏེ། འདི་ལྟ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་ དང་། རྣམ་པར་ཤེས་པ་སྟེ། དེ་ལ་དངོས་པོ་ནི་དངོས་པོས་སྟོང་ངོ་། །ཇི་ལྟར་ན་དངོས་པོ་མེད་པ་དངོས་པོ་མེད་པས་སྟོང་ཞེ་ན། དངོས་པོ་མེད་པ་ཞེས་བྱ་བ་ནི་འདུས་མ་བྱས་པ་སྟེ། དེ་ལ་འདུས་མ་བྱས་པ་ནི་འདུས་མ་བྱས་ཀྱིས་སྟོང་ངོ་། །དེ་བཞིན་དུ་དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ་། ། ཇི་ལྟར་ན་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་སྟོང་ཞེ་ན། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཤེས་པས་ཀྱང་མ་བྱས། མཐོང་བས་ཀྱང་མ་བྱས། གང་གིས་ཀྱང་མ་བྱས་པ་སྟེ། དེ་ནི་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱའོ། །ཇི་ལྟར་ན་གཞན་གྱི་དངོས་པོ་གཞན་གྱི་དངོས་པོས་སྟོང་ཞེ་ན། གང་ དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་ དང་། ཡང་དག་པའི་མཐའ་ནི་གནས་པ་ཉིད་དེ། ཆོས་འདི་དག་གི་གཞན་གྱི་སྟོང་པ་གང་ཡིན་པ་དེ་ནི་གཞན་གྱི་དངོས་པོ་གཞན་གྱི་དངོས་པོས་སྟོང་པ་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མངོན་པར་ཞེན་པར་མི་བྱ་བའི་ཆོས་ཐམས་ཅད་ ནི་དེ་དག་ཡིན་ནོ། །མངོན་པར་ཞེན་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོན་པ་ཡིན་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། གླེང་གཞིའི་ལེའུ་ཞེས་བྱ་ སྟེ་དང་པོའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ། བམ་པོ་གཉིས་པ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་ གཤེགས་པས་གནས་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས། གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་རྣམས་དང་། ལས་ཡང་དག་པར་ ལེན་པ་རྣམས་ཀྱི་རྣམ་པར་སྨིན་པ་གནས་ཀྱི་སྒོ་དང་། རྒྱུའི་སྒོ་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། འཇིག་རྟེན་གྱི་ཁམས་དུམ་པ། ཁམས་སྣ་ཚོགས་པ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ ཀྱི་མོས་པ་སྣ་ཚོགས་ཉིད་དང་། མོས་པ་དུ་མ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དེས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་དབང་པོ་མཆོག་དང་། མཆོག་མ་ཡིན་པ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཐམས་ཅད་དུ་འགྲོ་ བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། རྣམ་པར་ཐར་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཤེས་པ་ཡང་དག་པ་ ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་དང་། སེམས་ཅན་རྣམས་ཀྱི་འཆི་འཕོ་དང་། སྐྱེ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། ཟག་པ་རྣམས་ཟད་པས་ཟག་པ་མེད་པར་སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བའི་ཚེ་འདི་ ཉིད་ལ་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་བྱས་ནས་བསྒྲུབས་ཏེ་གནས་ཤིང་བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བདག་གི་བྱ་བ་ནི་བྱས་སོ། །སྲིད་པ་ནི་འདི་ལས་གཞན་མི་ཤེས་སོ་ཞེས་བྱ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡིན་ ནོ། །ཤཱ་ར་དྭ་ཏིའི་བུ་དེ་ལ་མི་འཇིགས་པ་བཞི་གང་ཞེ་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་པ་ན། འདིར་ཆོས་འདི་དག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུ་ཡང་རུང་བ་འགའ་ ཞིག་འཇིག་རྟེན་ན་ཆོས་དང་འཐུན་པར་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ངས་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་སྟེ། གནས་ཤིང་བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་མ་བསྐོར་བ་རབ་ཏུ་བསྐོར་རོ་ཞེས་བྱ་བ་དང་། ང་ཟག་པ་ཟད་དོ་ཞེས་དམ་བཅས་ན་འདིར་ཟག་པ་འདི་དག་མ་ཟད་ དོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུ་ཡང་རུང་བ་འགའ་ཞིག་འཇིག་རྟེན་ན་ཆོས་དང་འཐུན་པར་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ངས་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་སྟེ། གནས་ཤིང་བག་ཚ་བ་མེད་པ་ ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་ན་ཆོས་དང་འཐུན་ པར་མ་བསྐོར་བར་བསྐོར་རོ་ཞེས་བྱ་བ་དང་། ངས་བར་དུ་གཅོད་པའི་ཆོས་གང་དག་བཤད་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ནི་གནས་མེད་དོ་ཞེས་དམ་བཅས་ན་འདིར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། །བདུད་དམ། ཚངས་པའམ། སུ་ཡང་རུང་བ་འགའ་ཞིག་ འཇིག་རྟེན་ན་ཆོས་དང་འཐུན་པར་བདག་ལ་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ངས་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་བདེ་བ་ཐོབ་སྟེ། གནས་ཤིང་བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་ཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་ གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བར་བསྐོར་རོ་ཞེས་བྱ་བ་དང་། ངས་ཉན་ཐོས་རྣམས་ལ་འཕགས་པ་ངེས་པར་འབྱིན་པ་ ངེས་པར་འབྱེད་པ་དེ་བྱེད་པ་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བའི་ལམ་གང་བཤད་པ་དེ་བསྒྲུབས་ན། ངེས་པར་འབྱིན་པ་མ་ཡིན་ཞིང་སྡུག་བསྔལ་ཡང་དག་པར་ཟད་པར་མི་འགྱུར་ཏེ། དེ་ནི་གནས་མེད་དོ་ཞེས་འདིར་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ་ཚངས་པའམ། སུ་ཡང་རུང་བ་འགའ་ཞིག་འཇིག་རྟེན་ན་ཆོས་དང་འཐུན་པར་རྒོལ་བའི་རྒྱུ་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ངས་རྒྱུ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས། བདེ་བ་ཐོབ་སྟེ་གནས་ཤིང་བག་ཚ་བ་མེད་པ་ཐོབ་ལ་མི་འཇིགས་པ་འཐོབ་སྟེ། གནས་ཀྱིས་ཁྱུ་མཆོག་ རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་བསྒྲག་གོ། །ཚངས་པའི་འཁོར་ལོ་སྔོན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བ་རབ་ཏུ་བསྐོར་རོ་ཞེས་བྱ་བ་སྟེ། དེ་ དག་ནི་མི་འཇིགས་པ་བཞི་ཞེས་བྱའོ། །དེ་ལ་སོ་སོ་ཡང་དག་པར་རིག་པ་བཞི་གང་ཞེ་ན། འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ། དེ་དག་ནི་ སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱའོ། །དེ་ལ་བྱམས་པ་ཆེན་པོ་གང་ཞེ་ན། དེ་བཞིན་གཤེགས་པ་སེམས་ཅན་ཐམས་ཅད་ལ་དགྲ་བོ་དང་། མཛའ་བཤེས་ལ་འདྲ་བར་མཛད་པ་གང་ཡིན་པ་སྟེ། དེ་ནི་བྱམས་པ་ཆེན་པོ་ཞེས་བྱའོ། །དེ་ལ་སྙིང་རྗེ་ཆེན་པོ་གང་ཞེ་ན། སེམས་ཅན་ཡོད་ པ་མ་ཡིན་པའི་སེམས་ཅན་རྣམས་ལ་བྱམས་པ་མི་གཏོང་བ་གང་ཡིན་པ་སྟེ། དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་འཁྲུལ་བ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་ རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་ འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་བྱུང་བའི་དུས་ལ་ མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་སྟེ། དེ་དག་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཅེས་བྱའོ། །དེ་ལ་ཐམས་ཅད་ཤེས་པ་ཉིད་གང་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་རྣམས་སྐྱེ་མཆེད་བཅུ་གཉིས་པོ་དག་ལ་གང་ཟག་ལ་བདག་མེད་པར་ཕྱོགས་གཅིག་ ཤེས་པ་གང་ཡིན་པ་སྟེ། དེ་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་གང་ཞེ་ན། བྱང་ཆུབ་སེམས་དཔའ་ཐེག་པ་གསུམ་གྱི་ལམ་ཤེས་ཀྱང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པས་དགའ་བར་མི་སེམས་ཀྱི། བྱང་ཆུབ་སེམས་དཔའི་ ལམ་གྱིས་ངེས་པར་འབྱུང་བ་གང་ཡིན་པ་སྟེ། དེ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཞེ་ན། དེ་བཞིན་གཤེགས་པས་དུས་གསུམ་པོ་དག་ཏུ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་མཁྱེན་པ་གང་ཡིན་པ་སྟེ། དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱའོ། །དེ་ལ་མངོན་པར་ཤེས་པ་དྲུག་གང་ཞེ་ན། འདི་ལྟ་སྟེ། བྱ་བ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ལྷའི་མིག་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ ཤེས་པ་དང་། ལྷའི་རྣ་བ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ ཟད་པ་ཤེས་པ་མངོན་སུམ་དུ་བྱ་བ་ཤེས་པའི་མངོན་པར་ཤེས་པ་སྟེ། དེ་དག་ནི་མངོན་པར་ཤེས་པ་དྲུག་ཅེས་བྱའོ། །དེ་ལ་མིག་ལྔ་གང་ཞེ་ན། འདི་ལྟ་སྟེ། ཤའི་མིག་དང་། ལྷའི་མིག་དང་། ཤེས་རབ་ཀྱི་མིག་དང་། ཆོས་ཀྱི་མིག་དང་། སངས་རྒྱས་ཀྱི་མིག་སྟེ། དེ་དག་ནི་མིག་ལྔ་ཞེས་ བྱའོ། །དེ་ལ་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། བཅོམ་ལྡན་འདས་ནི་ཞབས་ཤིན་ཏུ་གནས་པ་དང་ལྡན་པ་ཡིན་ནོ། །དེ་ལ་ཞབས་ཤིན་ཏུ་གནས་པ་ནི་འདི་ཡིན་ཏེ། ཞབས་ཀྱི་འོག་གི་མཐིལ་གཉིས་ཐམས་ཅད་ཀྱིས་ས་ལ་ཀུན་ཏུ་ རེག་པ་སྟེ། དཔེར་ན་ཟ་མ་ཏོག་གི་ཞབས་མཉམ་ཞིང་ཞབས་ཕྱང་ངེ་བ་ས་གཞི་ཤིན་ཏུ་མཉམ་པ་ལ་གཞག་ན། འོག་གི་ཞབས་ཐམས་ཅད་ཀྱིས་ས་ལ་ཀུན་ཏུ་རེག་པར་འགྱུར་བ་དེ་བཞིན་དུ། བཅོམ་ལྡན་འདས་ནི་ཞབས་ཤིན་ཏུ་གནས་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་མུ་ཁྱུད་ ཁོར་ཡུག་དང་ལྡན་པ་ཡིན་ནོ། །དེ་ལ་མུ་ཁྱུད་ཁོར་ཡུག་དང་ལྡན་པ་ནི་འདི་ཡིན་ཏེ། ཞབས་ཀྱི་འོག་གི་མཐིལ་གཉིས་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་མཛེས་པར་སྐྱེས་པ་གང་དག་ཡིན་པའོ། །བཅོམ་ ལྡན་འདས་ནི་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཡིན་ནོ། །དེ་ལ་ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་ནི་འདི་ཡིན་ཏེ་དཔེར་ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བ་ལྟ་བུ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ ནི་སོར་མོ་རིང་བ་ཡིན་ནོ། །དེ་ལ་སོར་མོ་རིང་བ་ཉིད་ནི་འདི་ཡིན་ཏེ། དེའི་ཕྱག་དང་ཞབས་ཀྱི་སོར་མོ་དག་ལྷག་པར་རིང་བ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་ཕྱག་དང་ཞབས་དྲ་བ་དང་ལྡན་པ་ཡིན་ཏེ། དེའི་ཕྱག་དང་ཞབས་ལ་དྲ་བ་ལྷག་པ་དག་སྐྱེས་ཏེ། ཇི་ ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་རྟིང་པ་ཡངས་པ་དང་ལྡན་པ་ཡིན་ནོ། །དེ་ལ་རྟིང་པ་ཡངས་པ་ནི་འདི་ཡིན་ཏེ། དེའི་ཞབས་ཀྱི་རྟིང་པ་གཉིས་ཀྱི་མཐིལ་ནི་ཡངས་པ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་ཞབས་ལོང་མོའི་ ཚིགས་མི་མངོན་པ་ཡིན་ནོ།།དེ་ལ་ཞབས་ལོང་མོའི་ཚིགས་མི་མངོན་པ་ཉིད་ནི་འདི་ཡིན་ཏེ། རྟིང་པ་ཡངས་པ་ལ་ཡང་དག་པར་སྦྱོར་ལ། རྟིང་པ་ཡངས་པ་ཡང་ཞབས་ལོང་མོའི་ཚིགས་མི་མངོན་པ་ལ་སྦྱོར་བ་སྟེ། ཇི་ལྟར་མི་གཞན་དག་ལ་མེད་པ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་བྱིན་པ་ རི་དགས་ཨེ་ནྱ་ཡའི་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་ལ་བྱིན་པ་རི་དགས་ཨེ་ནྱ་ཡའི་ལྟ་བུ་ནི་འདི་ཡིན་ཏེ། དེའི་བྱིན་པ་བྱིན་གྱིས་ཕྲ་བར་སྐྱེས་ཤིང་། བྱིན་གྱིས་ཕྲ་བར་ཡང་དག་པར་བྱུང་བ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་ཨེ་ནྱ་ཡའི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་བཞེངས་བཞིན་དུ་མ་ བཏུད་པར་ཕྱག་པུས་མོར་སླེབ་པ་ཡིན་ནོ།།དེ་ལ་བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོ་ལ་སླེབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་ནི་བཞེངས་ན་སྐྲུ་མ་བཏུད་པར་ཕྱག་གི་མཐིལ་གཉིས་ཀྱིས་རང་གི་པུས་མོའི་ལྷ་ང་ལ་ཡང་དག་པར་རེག་པར་མཛད་ཅིང་ཀུན་ཏུ་ཉུག་པར་མཛད་པ་ཡིན་ ནོ།།བཅོམ་ལྡན་འདས་ནི་འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཡིན་ནོ། །དེ་ལ་འདོམས་ཀྱིསྦ་བ་སྦུབས་སུ་ནུབ་པ་ཉིད་ནི་འདི་ཡིན་ཏེ། དཔེར་ན་རིགས་བཙུན་པའི་གླང་པོ་ཆེ་ཅང་ཤེས་སམ། རྟ་ཅང་ཤེས་ཀྱི་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤུ་རེ་རེ་ནས་མཛེས་པར་སྐྱེས་ཤིང་གཡས་སུ་ འཁྱིལ་པ་ཡིན་ནོ། །དེ་ལ་སྤུ་རེ་རེ་ནས་མཛེས་པར་སྐྱེ་ཤིང་གཡས་སུ་འཁྱིལ་པ་ཉིད་ནི་འདི་ཡིན་ཏེ། དེའི་སྤུའི་ཁུང་བུ་རེ་རེ་ནས་སྤུ་རེ་རེ་མཐོན་ཏིང་ལ་ལྕང་ལོར་འཁྱིལ་བ་འཇམ་ཞིང་སྣུམ་ལ་གཡས་སུ་འཁྱིལ་ཅིང་མཛེས་པར་སྐྱེས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐུའི་སྤུ་གྱེན་དུ་ཕྱོགས་ པ་དང་ལྡན་པ་ཡིན་ནོ། །དེ་ལ་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་ནི་འདི་ཡིན་ཏེ། དེའི་སྐུ་དང་དབུ་ལས་སྐྱེས་པའི་དབུ་སྐྲ་དང་། སྤུ་རྣམས་ནི་ཁ་གྱེན་དུ་བལྟས་ཤིང་མཐོན་ཏིང་ལ་ཀུན་ནས་ལྕང་ལོར་འཁྱིལ་བ་འཇམ་ཞིང་སྣུམ་ལ་གཡས་སུ་འཁྱིལ་བ་མཛེས་པར་སྐྱེས་པ་ཡིན་ནོ། །བཅོམ་ལྡན་འདས་ ནི་པགས་པ་སྲབ་ཅིང་འཇམ་ལ་སྣུམ་པ་ཡིན་ནོ། །དེ་ལ་པགས་པ་སྲབ་ཅིང་འཇམ་ལ་སྣུམ་པ་ནི་འདི་ཡིན་ཏེ། དེའི་སྐུ་ལ་ཆུའམ། རྡུལ་ཀུན་ཏུ་མི་འཆགས་ཤིང་མི་གནས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་མདོག་གསེར་ལྟ་བུ་དང་ལྡན་ཏེ། དཔེར་ན་འཛམ་བུ་ཆུ་ བོའི་གསེར་གྱི་མཆོད་སྡོང་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ལྟར་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཡིན་ཏེ། དེས་ན་གསེར་གྱི་མདོག་ལྟ་བུ་ཞེས་བྱའོ། །བཅོམ་ལྡན་འདས་ནི་བདུན་མཐོ་བ་ཡིན་ནོ། །དེ་ལ་བདུན་མཐོ་བ་ཉིད་ནི་འདི་ཡིན་ཏེ་དེའི་ཞབས་གཉིས་ཀྱི་གོང་མཐོ་བ་ གཉིས་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་དང་། དེ་བཞིན་དུ་ཕྱག་གཉིས་ཀྱི་མ་ཐོ་བ་གཉིས་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་དང་། ཐལ་གོང་གཉིས་སུ་གཉིས་མཐོ་བར་ གྱུར་པ་དང་། གཉའ་གོང་དུ་མཐོ་བ་གཅིག་གཟུགས་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ་ཤ་དང་ཁྲག་གིས་ཡོངས་སུ་རྒྱས་པར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་ནི་དཔུང་མགོ་ཤིན་ཏུ་ཟླུམ་པ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ཐལ་གོང་རྒྱས་པ་དང་ལྡན་པ་ཡིན་ནོ། །བཅོམ་ ལྡན་འདས་ནི་སྐུ་ཤིན་ཏུ་དྲང་པོར་འཁྲུངས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྐུ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཡིན་ནོ། །དེ་ལ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་ནི་འདི་ཡིན་ཏེ། ཆུར་ཇི་སྲིད་པ་ཞེང་དུ་ཡང་དེ་སྲིད་ལ་ཞེང་དུ་ཇི་སྲིད་པ་ཆུར་ཡང་དེ་སྲིད་དེ། དེ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་ བྱའོ། །བཅོམ་ལྡན་འདས་ནི་འགྲམ་པ་སེང་གེའི་དང་འདྲ་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་བཞི་བཅུ་མངའ་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་ཐགས་བཟང་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚེམས་རྩེ་མོ་མཐོ་ཞིང་རྣོ་ལ་དཀར་བ་ཡིན་ནོ། །བཅོམ་ལྡན་འདས་ནི་རོ་བྲོ་བའི་ མཆོག་དང་ལྡན་པ་ཡིན་ཏེ། དེ་ནི་མགུར་དྲང་པོར་མིད་པ་དྲང་ཞིང་མི་ཡོ་ལ་ཐོགས་པ་མེད་པར་མིད་དུ་རུང་བར་གྱུར་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ལྗགས་རིང་ཞིང་སྲབ་པ་ཡིན་ནོ། །དེ་ལ་ལྗགས་རིང་ཞིང་སྲབ་པ་ཉིད་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་བཞེད་ན་ཞལ་ནས་ལྗགས་ཕྱུང་སྟེ། ཤངས་ཀྱི་བུ་ག་གཉིས་དང་། སྤྱན་གྱི་ཁུང་བུ་གཉིས་དང་། སྙན་གྱི་བུ་ག་གཉིས་སུ་རེག་པར་མཛད་ཅིང་ཡོངས་སུ་ཉུག་པར་མཛད་ལ། དབུའི་མཚམས་སུ་ཐུག་པའི་ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱང་འགེབས་པར་མཛད་པ་ཡིན་ནོ། །བཅོམ་ལྡན་འདས་ནི་ཚངས་པའི་དབྱངས་དང་ལྡན་ པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤྱན་ཡངས་ཤིང་བའི་རྫི་མ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤྱན་མཐོན་ཏིང་ལྟ་བུ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་སྤྱན་གྱི་ཚོགས་ཡོངས་སུ་རྫོགས་པ་ཡིན་ནོ། །བཅོམ་ལྡན་འདས་ནི་འོད་འདོམ་གང་བ་ཡིན་ནོ། །བཅོམ་ལྡན་འདས་ནི་ ཞལ་ཟླ་བ་ཉ་བ་ལྟ་བུ་ཡིན་ནོ། །བཅོམ་ལྡན་འདས་ནི་མཛོད་སྤུ་སྨིན་མཚམས་སུ་འཁྲུངས་ལ་ཤིང་བལ་ལྟར་འཇམ་ཞིང་མེ་ཏོག་ཀུན་ད་དང་། ཟླ་བ་དང་། དུང་དང་། པད་མའི་རྩ་ལག་དང་། བའི་འོ་མ་དང་། བ་མོའི་མདོག་ལྟ་བུ་དང་ལྡན་པ་ཡིན་ནོ། །བཅོམ་ལྡན་འདས་ནི་དབུ་གཙུག་ཏོར་ དང་ལྡན་པ་ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱའོ། །དེ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་ལྡན་པ་ཡིན་ནོ། །སྲེད་མེད་ཀྱི་བུའི་ལྟར་ སྐུ་གྲིམས་པ་ཡིན་ནོ། །པུས་མོའི་ལྷ་ང་དག་མཛེས་པར་གྱུར་པ་ཡིན་ནོ། །སྐུ་གཙང་བ་དག་ཡིན་ནོ། །སྐུ་འཇམ་པ་དག་ཡིན་ནོ། །སྐུ་མཉེན་པ་དག་ཡིན་ནོ། །སྐུ་སྣུམ་བག་ཅན་དག་ཡིན་ནོ། །སྐུ་མ་བཏུད་པ་དག་ཡིན་ནོ། །སོར་མོ་རྣམས་རིང་བ་དང་བྱིན་གྱིས་ཕྲ་བ་དག་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སོར་མོ་རྣམས་ཟླུམ་པ་དག་ཡིན་ནོ། །སོར་མོ་རྣམས་བྱིན་གྱིས་ཕྲ་བདག་ཡིན་ནོ། །རྩ་རྣམས་མི་མངོན་པ་དག་ཡིན་ནོ། །ལོང་བུ་རྣམས་མི་མངོན་པ་དག་ཡིན་ནོ། །སྐུ་དབྱིབས་ལེགས་པ་དག་ཡིན་ནོ། །སྐུ་ཤིན་ཏུ་ལེགས་པར་འབྲེལ་པ་དག་ ཡིན་ནོ། །སྐྱེ་མཆེད་རྣམས་ཤིན་ཏུ་ཡོངས་སུ་དག་པ་དག་ཡིན་ནོ། །མཁྱེན་པ་ཡོངས་སུ་དག་པ་དག་ཡིན་ནོ། །སྤྱོད་ལམ་ཕུན་སུམ་ཚོགས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དཔལ་དང་བློ་གྲོས་དང་ལྡན་པ་དག་ཡིན་ནོ། །ལྟ་བར་འོས་པ་དག་ཡིན་ནོ། །ཞལ་ཧ་ ཅང་ཡང་མི་རིང་བ་དག་ཡིན་ནོ།།ཞལ་རྐང་རྐོང་མེད་པ་དག་ཡིན་ནོ།།སྒྲོས་པིམ་པ་ལྟར་དམར་བ་དག་ཡིན་ནོ།།ཞལ་ཡོངས་སུ་རྒྱས་པ་དག་ཡིན་ནོ། །དབྱངས་ཟབ་པ་དག་ཡིན་ནོ།།ལྟེ་བ་ཟབ་པ་དག་ཡིན་ནོ། །ལྟེ་བ་ཤིན་ཏུ་ཟླུམ་པ་དག་ཡིན་ནོ། །ལྟེ་བ་ གཡས་སུ་འཁྱིལ་བ་དག་ཡིན་ནོ། །ཕྱག་དང་ཞབས་ཡོངས་སུ་རྒྱས་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་ཇི་ལྟར་དགོངས་པ་བཞིན་དང་ལྡན་པ་དག་ཡིན་ནོ། །ཕྱག་གི་མཐིལ་མཉམ་པ་དག་ཡིན་ནོ། །ཕྱག་གི་རི་མོ་བར་མ་ཆད་པ་དག་ཡིན་ནོ། ། ཕྱག་གི་རི་མོ་མཐོ་བ་དག་ཡིན་ནོ། །སྐུ་ལ་དྲི་མ་མེད་ཅིང་དྲི་མི་ཞིམ་པ་མེད་པ་དག་ཡིན་ནོ། །མདོག་གསལ་བ་དག་ཡིན་ནོ། །སྐྱེ་མཆེད་ཀྱི་སྒོ་བཟང་བ་དག་ཡིན་ནོ།།ཞལ་ཟླ་བ་ལྟ་བུ་དག་ཡིན་ནོ། །གསོང་པོར་གསུང་བ་དག་ཡིན་ནོ། །ཞལ་ལ་ཁྲོ་གཉེར་གྱི་རིམ་པ་མེད་པ་དག་ཡིན་ ནོ།།སྤུའི་ཁུང་བུ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་འབྱུང་བ་དག་ཡིན་ནོ། །དེ་དག་གི་ཞལ་དྲི་ཞིམ་པ་དག་ཡིན་ནོ། །སེང་གེའི་སྟབས་སུ་གཤེགས་པ་དག་ཡིན་ནོ། །གླང་པོ་ཆེའི་དབང་པོའི་སྟབས་སུ་གཤེགས་པ་དག་ཡིན་ནོ། །ངང་པའི་སྟབས་སུ་གཤེགས་པ་དག་ཡིན་ནོ།།དབུ་ གདུགས་འདྲ་བ་དག་ཡིན་ནོ།།གསུང་སྙན་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དག་ཡིན་ནོ། །ཚེམས་མཆེ་བ་རྣོ་བ་དང་ལྡན་པ་དག་ཡིན་ནོ། །ཤངས་མཐོ་བ་དག་ཡིན་ནོ། །ལྗགས་དམར་བ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ལྗགས་སྲབ་ཅིང་ཆེ་བ་དག་ཡིན་ ནོ། །སྤུ་མཐོན་ཏིང་ཅན་དག་ཡིན་ནོ། །སྤུ་གཙང་བ་དག་ཡིན་ནོ། །སྤྱན་ཡངས་པ་དག་ཡིན་ནོ། །བུ་གའི་སྒོ་རྣམས་ཡོངས་སུ་མཉམས་པ་དག་ཡིན་ནོ། །ཕྱག་དང་ཞབས་ཀྱི་མཐིལ་དམར་བ་དག་ཡིན་ནོ། །ལྟེ་བ་མ་བྱེ་བ་དག་ཡིན་ནོ།།དཀུ་མ་རྙོངས་པ་དག་ཡིན་ནོ།།ཕྱལ་ཕྱང་ངེ་བ་ དག་ཡིན་ནོ།།སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྐུ་ལ་གཉེར་མ་མེད་པ་དག་ཡིན་ནོ།།ཚིགས་མཛེས་པ་དག་ཡིན་ནོ།།ཚིགས་རིང་བ་དག་ཡིན་ནོ། །ཕྱག་དང་ཞབས་ཡོངས་སུ་དག་པ་དག་ཡིན་ནོ། །འོད་འདོམ་གང་མཉམ་པ་དག་ཡིན་ནོ། །འོད་ཀྱིས་གསལ་བར་མཛད་ཅིང་། གཤེགས་པ་དག་ཡིན་ནོ། །ལྷ་དང་མི་གང་དག་དེ་དག་གི་སྐུ་མཐོང་བ་དེ་དག་ཚིམ་པར་འགྱུར་རོ། །སྲོག་ཆགས་ཐམས་ཅད་ཀྱིས་མཐོང་ཡང་བརྙས་པར་མི་བྱེད་དོ། །སེམས་ཅན་རྣམས་ལ་རྗེས་སུ་སྟོན་པར་མཛད་དོ། །དེ་དག་གི་གསུང་ནི་འཁོར་དང་འཐུན་པར་ཁྱབ་པར་མཛད་ཀྱི་འཁོར་གྱི་ཕྱི་རོལ་དུ་ གསུང་མི་འགྲོའོ། །རོ་སྟོད་སེང་གེ་ལྟ་བུ་དག་ཡིན་ནོ། །སྐུའི་ཚིགས་ལེགས་པར་འབྲེལ་པ་དག་ཡིན་ནོ། །སྤྱི་གཙུག་བ་ལྟར་མི་མངོན་པ་དག་ཡིན་ནོ། །དབུ་སྐྲ་མཐོན་ཏིང་ལ་འཇམ་ཞིང་རིང་བ་དག་ཡིན་ནོ། །དབུ་སྐྲ་མ་འཁྲུགས་པ་དག་ཡིན་ནོ། །དབུ་སྐྲ་གྱེན་དུ་ཕྱོགས་ཤིང་བཟང་ལ་ལྕང་ ལོར་འཁྱིལ་བ་དག་ཡིན་ནོ། །དབུ་སྐྲ་མ་འཛིངས་པ་དག་ཡིན་ནོ། །ཐུགས་ཀར་དཔལ་གྱི་བེའུས་ལེགས་པར་བརྒྱན་པ་དང་ལྡན་པ་དག་ཡིན་ནོ། །ཕྱག་དང་ཞབས་ཀྱི་མཚན་དཔལ་གྱིས་འབར་བ་དང་ལྡན་པ་དག་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཚལ་དང་ལྡོང་རོས་ དང་། ཙི་ན་བིཥྚ་དང་། མཐིང་ཤུན་དང་། ཟངས་གཡའི་ཁ་དོག་གིས་བྲིས་པ་ལྟ་བུའི་མཚན་རྣམས་དང་ལྡན་པ་ཡིན་ཏེ། དེ་དག་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པར་མི་བགྱི་ན། དེས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་ལགས་ཏེ། འདི་ལྟ་སྟེ་འདི་དག་ནི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་མི་ དགེ་བའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་བསྟན་པའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་རྣམས་མོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །འདི་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་སོ། ། འདི་དག་ནི་ཟག་པ་མ་མཆིས་པའི་ཆོས་རྣམས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་ཐུན་མོང་གི་ཆོས་རྣམས་སོ། །འདི་དག་ནི་ཐུན་མོང་མ་ལགས་པའི་ཆོས་རྣམས་སོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་ མཐོང་ན་བྱང་ཆུབ་ཀྱི་ལམ་ཇི་ལྟར་བསྒྲུབ་པར་བགྱིད་ལགས། མ་བསྒྲུབས་ན་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི། དེ་ནི་ཀུན་རྫོབ་ཏུ་ཡིན་གྱི་དོན་དམ་པར་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཀུན་རྫོབ་ཏུ་ལགས་ཀྱི་དོན་དམ་པར་ནི་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། ཤ་ར་དྭ་ཏིའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་དེ་ལ་འཇིག་རྟེན་པའི་ཆོས་དགེ་བ་རྣམས་གང་ཡིན་སྙམ་དུ་སེམས་པ་ལས་དེ་འདི་སྙམ་དུ་འདི་ལྟ་སྟེ། ཕར་འཛིན་པ་དང་། མར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་ གྲོ་བྱེད་པ་དང་། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཞལ་ཏ་བྱེད་པ་དང་ལྡན་པའི་བསོད་ནམས་དང་། ཐབས་ལ་མཁས་པ་དང་ལྡན་པའི་བསོད་ནམས་དང་། དགེ་བ་ བཅུའི་ལས་ཀྱི་ལམ་རྣམས་དང་། འཇིག་རྟེན་པའི་རྣམ་པར་བམ་པའི་འདུ་ཤེས་དང་། རྣམ་པར་འབུས་གཞིགས་པའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་རྣགས་པའི་འདུ་ཤེས་དང་། རྣམ་པར་སྔོས་པའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་ དང་། རྣམ་པར་འཐོར་བའི་འདུ་ཤེས་དང་། རུས་གོང་གི་འདུ་ཤེས་དང་། རྣམ་པར་ཚིག་པའི་འདུ་ཤེས་དང་། དེ་བཞིན་དུ་བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་ དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། ཉེ་བར་ཞི་བ་རྗེས་སུ་དྲན་པ་དང་། དབུགས་རྔུབ་པ་དང་། འབྱུང་བ་རྗེས་སུ་དྲན་པ་དང་། ལུས་སུ་རྟོགས་པ་རྗེས་སུ་དྲན་པ་དང་། འཆི་བ་རྗེས་སུ་དྲན་ པ་སྟེ། དེ་དག་ནི་འཇིག་རྟེན་པའི་དགེ་བའི་ཆོས་རྣམས་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་མི་དགེ་བའི་ཆོས་རྣམས་གང་ཡིན་སྙམ་པ་ལས་དེ་འདི་སྙམ་དུ་འདི་ལྟ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ངག་འཁྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་། ཁྲོ་བ་དང་། ཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། རྣམ་པར་འཚེ་བ་དང་། ཕྲག་དོག་དང་། སེར་སྣ་དང་། ང་རྒྱལ་ཏེ། དེ་དག་ནི་མི་དགེ་བའི་ཆོས་རྣམས་ཡིན་ ནོ་སྙམ་དུ་སེམས་སོ། །དེ་ལ་ལུང་དུ་མ་བསྟན་པའི་ཆོས་རྣམས་གང་ཡིན་སྙམ་པ་ལས། དེ་འདི་སྙམ་དུ་འདི་ལྟ་སྟེ། ལུས་ཀྱི་ལས་ལུང་དུ་མ་བསྟན་པ་དང་། ངག་གི་ལས་ལུང་དུ་མ་བསྟན་པ་དང་། ཡིད་ཀྱི་ལས་ལུང་དུ་མ་བསྟན་པ་དང་། འབྱུང་བ་ཆེན་པོ་བཞི་ལུང་དུ་མ་བསྟན་པ་དང་། དབང་པོ་ལྔ་ལུང་དུ་མ་བསྟན་པ་དང་། ཕུང་པོ་ལྔ་ལུང་དུ་མ་བསྟན་པ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། རྣམ་པར་སྨིན་པ་སྟེ། དེ་དག་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་གང་ཡིན་ སྙམ་པ་ལས། དེ་འདི་སྙམ་དུ་འདི་ལྟ་སྟེ། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པའི་ སྒོ་གསུམ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་དང་། ཀུན་ཤེས་པའི་དབང་པོ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་དང་། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་དང་། རྟོག་པ་མེད་ལ་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་དང་། མི་རྟོག་མི་དཔྱོད་པའི་ ཏིང་ངེ་འཛིན་དང་། ནང་སྟོང་པ་ཉིད་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅྭ་བརྒྱད་དེ། དེ་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་ཟག་པ་དང་བཅས་པའི་ཆོས་རྣམས་གང་ཞེ་ན། ཁམས་གསུམ་དུ་གཏོགས་པའི་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅྭ་བརྒྱད་དང་། བསམ་གཏན་ བཞི་དང་། ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་སྟེ། དེ་དག་ནི་ཟག་པ་དང་བཅས་པའི་ཆོས་རྣམས་ཞེས་བྱའོ། །དེ་ལ་ཟག་པ་མེད་པའི་ཆོས་རྣམས་གང་ཞེ་ན། དྲན་པ་ཉེ་བར་གཞག་པ་བཞི་དང་། དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅྭ་བརྒྱད་ཀྱི་བར་དུ་སྟེ། དེ་དག་ནི་ཟག་པ་མེད་པའི་ཆོས་རྣམས་ཡིན་ནོ། །དེ་ལ་འདུས་བྱས་ཀྱི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། དེ་བཞིན་དུ་ཕུང་པོ་ལྔ་དང་། བསམ་གཏན་བཞི་དང་། ཚད་ མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དུ་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེ་དག་ནི་འདུས་བྱས་ཀྱི་ཆོས་རྣམས་ཡིན་ནོ། །དེ་ལ་འདུས་མ་བྱས་ཀྱི་ཆོས་རྣམས་གང་ཞེ་ན། ཆོས་ གང་དག་ལ་སྐྱེ་བ་མེད་པ་དང་། གནས་པ་མེད་པ་དང་། འཇིག་པ་མེད་པ་དང་། གཞན་དུ་འགྱུར་བ་མེད་པ་དང་། དེ་བཞིན་དུ་འདོད་ཆགས་ཟད་པ་དང་། ཞེ་སྡང་ཟད་པ་དང་། གཏི་མུག་ཟད་པ་དང་། དེ་བཞིན་དུ་ཆོས་གནས་པ་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་སྐྱོན་ མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་སྟེ། དེ་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་ཞེས་བྱའོ། །དེ་ལ་ཐུན་མོང་བའི་ཆོས་རྣམས་གང་ཞེ་ན། འདི་ལྟ་སྟེ། བསམ་གཏན་བཞི་དང་། ཚད་མེད་པ་བཞི་ དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་སྟེ། དེ་དག་ནི་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་གི་ཆོས་རྣམས་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་དང་། ཐུན་མོང་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱི་བར་དག་སྟེ། དེ་དག་ནི་ཐུན་མོང་མ་ཡིན་པའི་ཆོས་རྣམས་ཞེས་བྱ་སྟེ། ཤ་ར་དྭ་ཏིའི་བུ་དེ་ལྟར་ན་ཀུན་རྫོབ་ཏུ་ བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི། དོན་དམ་པར་ནི་མངོན་པར་ཞེན་པར་མི་བྱེད་དོ། །ཇི་ལྟར་མངོན་པར་ཞེན་པར་མི་བྱེད་ཅེ་ན། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་སྤྲུལ་པའི་དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ ཆེའི་ཚོགས་དང་། རྟ་བའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཤིག་མཐོང་ན། དེ་ལ་དཔུང་གི་ཚོགས་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མཐོང་ མོད་ཀྱི། མངོན་པར་ཞེན་པར་ནི་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཚ་བས་གདུངས་པ་ཞིག་གིས་སྨིག་རྒྱུ་རྣམ་པ་སྣ་ཚོགས་དབའ་རླབས་འདྲ་བར་གཡོ་བ་མཐོང་ན། འདི་ནི་ཆུ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་རྨི་ལམ་ན་གཟུགས་རྣམ་པ་སྣ་ཚོགས་པ་དག་མཐོང་ཡང་སད་ནས་དེ་དག་གི་གཟུགས་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་ བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་ཆུའི་ནང་ན་ཟླ་བ་མཐོང་ན་དེ་དེ་ལ་ཟླ་བ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་ཆོས་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་མིག་ཡོར་མཐོང་ན་དེ་དེ་ལ་དངོས་པོར་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་ དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཐ་དད་པར་མཐོང་མོད་ཀྱི། ཆོས་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཡང་དེ་ལ་ནམ་མཁའོ་སྙམ་དུ་མངོན་ པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་རྣམ་པར་དཔྱད་ན། ཆོས་དེ་དག་ཐམས་ཅད་ཉིད་ལ་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་བྲག་ཅའི་སྒྲ་ཐོས་ན་སྒྲ་ཡིན་ནོ་སྙམ་དུ་མངོན་པར་ ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་དྲི་ཟའི་གྲོང་ཁྱེར་མཐོང་ན་དེ་དེ་ལ་གྲོང་ཁྱེར་ཡིན་ནོ་སྙམ་དུ་མངོན་པར་ཞེན་པར་མི་ བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལ་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དཔེར་ན་མི་ལ་ལ་ཞིག་གིས་མེ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་མཐོང་ན་འདི་བཞིན་ཡིན་ནོ་སྙམ་དུ་མངོན་པར་ཞེན་ པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མོད་ཀྱི་མངོན་པར་ཞེན་པར་མི་བྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཐ་དད་པར་མཐོང་མཐོང་མོད་ཀྱི། ཆོས་དེ་དག་ ལ་མངོན་པར་ཞེན་པར་མི་བྱེད་དོ། །ཆོས་རྣམས་ལ་མངོན་པར་མ་ཞེན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕ་རོལ་ཏུ་སོན་པ་ཡིན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་པ་ལས། ཆོས་ཐམས་ཅད་ཀྱི་ལེའུ་ ཞེས་བྱ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་མངོན་པར་ཞེན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ཆོས་ ཐམས་ཅད་ལ་ལྟ་བ་ཡོངས་སུ་འཛིན་པ་དང་། སེམས་རྣམ་པར་རྨོངས་པ་གང་ཡིན་པ་དེ་ནི་མངོན་པར་ཞེན་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་ལྟ་བ་ཡོངས་སུ་འཛིན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། འཕགས་པའི་བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བར་ལྟ་བ་གང་ཡིན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་ དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པར་ལྟ་བ་དང་། བསམ་གཏན་དང་། ཚད་མེད་པ་དང་། གཟུགས་མེད་པའི་སྙོམས་པར་འཇུག་པར་ལྟ་བ་དང་། དེ་བཞིན་དུ་འདུ་ཤེས་སུ་ལྟ་བ་དང་། རྗེས་སུ་ དྲན་པར་ལྟ་བ་དང་། འདུ་ཤེས་ཀྱི་རྣམ་པར་ལྟ་བ་དང་། ཤེས་པར་ལྟ་བ་དང་། ཏིང་ངེ་འཛིན་དུ་ལྟ་བ་དང་། དབང་པོར་ལྟ་བ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དུ་ལྟ་བ་དང་། ཟད་པར་གྱི་སྐྱེ་མཆེད་དུ་ལྟ་བ་དང་། སྟོང་པ་ཉིད་དུ་ལྟ་བ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་བཅུ་ དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་ལྟ་བ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པར་ལྟ་བ་དང་། མངོན་པར་ ཤེས་པར་ལྟ་བ་དང་། མིང་དུ་ལྟ་བ་དང་། མཚན་དུ་ལྟ་བ་དང་། དཔེ་བྱད་བཟང་པོར་ལྟ་བ་སྟེ། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་ལྟ་བ་ཡོངས་སུ་འཛིན་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་སེམས་རྣམ་པར་རྨོངས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕུང་པོ་ལྔ་ནས་རྒ་ཤིའི་བར་དུ་དེ་བཞིན་དུ་སྦྱར་བ་དང་། དྲན་པ་ཉེ་བར་གཞག་པ་བཞི་ནས་འཕགས་པའི་ལམ་ ཡན་ལག་བརྒྱད་པའི་བར་དུ་དེ་བཞིན་དུ་སྦྱར་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་ནས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་སྦྱར་བ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་བཞིན་དུ་སྦྱར་བ་དང་། དེ་བཞིན་དུ་སྦྱར་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དག་རྟག་པའམ་མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ་བདག་མེད་པའམ། སྟོང་པའམ་མི་སྟོང་པའམ། མཚན་མ་ཡོད་པའམ། མཚན་མ་མེད་པའམ། སྨོན་པ་ཡོད་ པ་ཡོད་པའམ། སྨོན་པ་མེད་པའམ། ཞི་བའམ་མ་ཞི་བའམ། དབེན་པའམ་མི་དབེན་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། སྐྱེ་བའམ་མི་སྐྱེ་བའམ། འགག་པའམ་མི་འགག་པའམ། དངོས་པོའམ་དངོས་པོ་མེད་པར་ལྟ་ཞིང་དམིགས་ལ་འཛིན་ཅིང་མཚན་ མར་བྱེད་པ་དང་། རྟོག་པ་དང་ཡོངས་སུ་དཔྱོད་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་སེམས་རྣམ་པར་རྨོངས་པ་ཞེས་བྱའོ། །ཤ་ར་དྭ་ཏིའི་བུ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་འདི་དག་ནི་དགེ་བའི་ཆོས་ རྣམས་སོ། །འདི་དག་ནི་མི་དགེ་བའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་བསྟན་པའི་ཆོས་རྣམས་སོ། །འདི་དག་ནི་ལུང་དུ་མ་བསྟན་པའི་ཆོས་རྣམས་སོ། །འདི་དག་ནི་འཇིག་རྟེན་པའི་ཆོས་རྣམས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཆོས་རྣམས་སོ། །འདི་དག་ནི་ཟག་པ་དང་ བཅས་པའི་ཆོས་རྣམས་སོ། །འདི་དག་ནི་ཟག་པ་མེད་པའི་ཆོས་རྣམས་སོ། །འདི་དག་ནི་འདུས་བྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་འདུས་མ་བྱས་ཀྱི་ཆོས་རྣམས་སོ། །འདི་དག་ནི་ཐུན་མོང་གི་ཆོས་རྣམས་སོ། །འདི་དག་ནི་ཐུན་མོང་མ་ཡིན་པའི་ཆོས་རྣམས་སོ་ཞེས་བྱ་བར་ལྟ་ཞིང་དམིགས་ལ་འཛིན་ ཅིང་མཚན་མར་བྱེད་པ་དང་། རྟོག་པ་དང་ཡོངས་སུ་དཔྱོད་པར་བྱེད་ན། ཤ་ར་དྭ་ཏིའི་བུ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་ཐམས་ཅད་ལ་སེམས་རྣམ་པར་རྨོངས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་མེད་པའི་ཕྱིར་དང་། སེམས་ཅན་མི་དམིགས་པ་ཉིད་ཀྱི་ཕྱིར་དང་། སེམས་ ཅན་སྐྱེ་བ་མེད་པའི་ཕྱིར་དང་། སེམས་ཅན་འགག་པ་མེད་པའི་ཕྱིར་དང་། སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བྱེད་པ་པོ་དང་། བྱེད་པ་པོ་ཉིད་དང་། སློང་བ་པོ་དང་། ཀུན་ནས་སློང་བ་པོ་ དང་། ཚོར་བ་པོ་དང་། ཚོར་བར་བྱེད་པ་པོ་དང་། ཤེས་པ་པོ་དང་། མཐོང་བ་པོ་མེད་པའི་ཕྱིར་དང་། མི་དམིགས་པའི་ཕྱིར་དང་། སྐྱེ་བ་མེད་པའི་ཕྱིར་དང་། འགག་པ་མེད་པའི་ཕྱིར་དང་། སྟོང་པ་ཉིད་ཀྱི་ཕྱིར་རོ། །ཆོས་རྣམས་ཀྱང་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སྟོང་པ་དང་། གཡོ་བ་མེད་པ་དང་། གསོ་བ་དང་། ཡ་མ་བརླ་དང་། བདག་པོ་མེད་པ་དང་། བྱུང་བ་མེད་པ་དང་། མ་བྱས་པ་དང་། མངོན་པར་འདུས་མ་བྱས་པ་དང་། བྱེད་པ་པོ་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་དེ་ནི་འདི་ལྟ་སྟེ། མིང་ཙམ་མོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ རྣམས་དང་། རྣམ་པར་ཤེས་པ་ཡང་དེ་བཞིན་ནོ། །རྒ་བ་དང་། འཆི་བའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་འདི་དག་ནི་འདི་ལྟ་སྟེ། མིང་ཙམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །རྣམ་པར་ཐར་པའི་སྒོ་ གསུམ་པོ་འདི་དག་ནི་འདི་ལྟ་སྟེ་མིང་ཙམ་མོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ནི་འདི་ལྟ་སྟེ། མིང་ཙམ་མོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ པོ་འདི་དག་ནི་འདི་ལྟ་སྟེ། མིང་ཙམ་མོ། །དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་ཡང་དེ་བཞིན་དུ་སྦྱར་རོ། །ཤ་ར་དྭ་ཏིའི་བུ་མིང་ཙམ་པོ་གང་དག་ཡིན་པ་དེ་དེ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་འགའ་ཞིག་ཡོད་དམ། གསོལ་པ་བཙུན་པ་བཅོམ་ལྡན་འདས་མ་མཆིས་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ཇི་སྙམ་དུ་སེམས། གལ་ཏེ་ཡོངས་སུ་གྲུབ་པར་ལྟ་ཞིང་དམིགས་ལ་འཛིན་ཅིང་མཚན་མར་བྱེད། རྟོག་པ་དང་དཔྱོད་པར་བྱེད་ན། དེ་ལྟ་བ་ཡོངས་སུ་འཛིན་པ་དང་། སེམས་རྣམ་པར་རྨོངས་པ་ཡིན་ནམ་གསོལ་པ། བཅོམ་ལྡན་འདས་ དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། འདི་ལྟར་ལྟ་བ་ཡོངས་སུ་འཛིན་པ་དང་། སེམས་རྣམ་པར་རྨོངས་པ་གཉིས་ནི་འདི་ལྟ་སྟེ། མངོན་པར་ཞེན་པ་ཞེས་བྱ་བ་འདིའི་ཚིག་བླ་དགས་ཡིན་པར་རིག་པར་བྱའོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྣམ་གྲངས་གང་གིས་ན་ཕུང་པོ་ལྔ་ནས་དེ་བཞིན་དུ་སྦྱར་ཏེ། དཔེ་བྱད་བཟང་པོ་བརྒྱད་ཅུའི་བར་དུ་མིང་ཙམ་དུ་བས་པ་ལགས་སམ། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཕུང་པོ་ལྔ་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད། འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། ཕུང་པོའི་ མིང་དེ་དག་ཀྱང་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ནང་གི་སྐྱེ་མཆེད་དྲུག་ཅེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད། འགག་པ་མེད་དེ་ མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ་ནང་གི་སྐྱེ་མཆེད་དྲུག་གི་མིང་དེ་དག་ཀྱང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཕྱིའི་སྐྱེ་མཆེད་དྲུག་ཅེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ ཙམ་དུ་ཟད་དོ། །ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད། འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། ཕྱིའི་སྐྱེ་མཆེད་དྲུག་གི་མིང་དེ་དག་ཀྱང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉི་གའི་བར་ན་ཡང་མི་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཁམས་བཅྭ་བརྒྱད་ཅེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད། འགག་པ་མེད་དེ། མིང་གི་བརྡས་ཐ་སྙད་དུ་འདོགས་པ་ཁོ་ནར་ཟད་ལ། ཁམས་ཀྱི་མིང་དེ་དག་ཀྱང་ནང་ན་ཡང་མེད། ཕྱི་རོལ་ན་ཡང་ མེད། གཉིས་ཀའི་བར་ན་ཡང་མི་གནས་སོ། །ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་གང་དག་ཡིན་པ་དེ་དག་ནི་འདི་ལྟ་སྟེ། ཆོས་སུ་བཏགས་པ་ཙམ་དུ་ཟད་དོ། །ཆོས་སུ་བཏགས་པ་དེ་ལ་ནི་སྐྱེ་བ་མེད་འགག་པ་མེད་དེ། མིང་གི་བརྡས་ཐ་སྙ